ཀྲུང་གོ་གུང་ཁྲན་ཏང་གི་ཏང་ཡོན་གྱི་ཁེ་དབང་འགན་སྲུང་སྲོལ་ཡིག

ལེའུ་དང་པོ། སྤྱིའི་དོན་ཚན།

དོན་ཚན་དང་པོ། ཏང་གི་མགོ་ཁྲིད་རྒྱུན་འཁྱོངས་དང་ཏང་གི་འཛུགས་སྐྲུན་ལ་ཤུགས་སྣོན་པ། ཏང་ནང་ཁུལ་གྱི་དམངས་གཙོ་དར་སྤེལ་གཏོང་བ། ཏང་ཡོན་གྱི་ཁེ་དབང་ལ་འགན་སྲུང་བྱེད་པ། ཏང་གི་གསོན་ཤུགས་ཇེ་ཆེར་གཏོང་བ་བཅས་བྱེད་ཆེད། ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་སྲོལ་གཞིར་བཟུང་། སྲོལ་ཡིག་འདི་གཏན་འབེབས་བྱས་པ་ཡིན།

དོན་ཚན་གཉིས་པ། ཏང་ཡོན་གྱི་ཁེ་དབང་འགན་སྲུང་བྱེད་པར་མར་ཁེ་སི་ལེ་ཉིན་རིང་ལུགས་དང་མའོ་ཙེ་ཏུང་གི་དགོངས་པ། ཏིན་ཞའོ་ཕིང་གི་གཞུང་ལུགས། མཚོན་བྱེད་གསུམ་གྱི་དགོངས་པ་གལ་ཆེན། ཚན་རིག་གི་འཕེལ་རྒྱས་ལྟ་བ། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་དོན་བཅས་མཛུབ་སྟོན་དུ་བཟུང་སྟེ། འདུ་ཤེས་བཞི་ཇེ་ཆེར་གཏོང་བ་དང་ཡིད་ཆེས་བཞི་བརྟན་པོར་གཏོང་བ། སྲུང་སྐྱོང་གཉིས་སྒྲུབ་ཐུབ་པར་བྱས་ནས། ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་བཅིངས་ནས་བློ་བརྟན་འགྱུར་མེད་ཀྱིས་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པ་དང་། རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་ཏང་ཡོན་གྱི་ཁེ་དབང་དངོས་འབེབས་དང་འགན་སྲུང་ལ་སྐུལ་འདེད་གཏོང་བ་དང་། རྒྱ་ཆེའི་ཏང་ཡོན་གྱི་ཧུར་བརྩོན་རང་བཞིན་དང་རང་འགུལ་རང་བཞིན།གསར་གཏོད་རང་བཞིན་ལ་སྐུལ་སློང་བྱེད་པ། ཏང་གི་གསར་སྐྲུན་ནུས་ཤུགས་དང་འདུས་གྲིལ་ནུས་ཤུགས། འཐབ་རྩོད་ནུས་ཤུགས་ཇེ་ཆེར་གཏོང་བ། ཏང་གི་སྔོན་ཐོན་རང་བཞིན་དང་དྭངས་གཙང་རང་བཞིན་སྲུང་འཛིན་བྱས་ཏེ། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེ་བའི་བསྐྱར་དར་མངོན་འགྱུར་བྱེད་པར་བྱས་རྗེས་འཇོག་དགོས།

དོན་ཚན་གསུམ་པ། ཏང་ཡོན་གྱི་ཁེ་དབང་འགན་སྲུང་བྱེད་པར་ངེས་པར་ཏུ་གཤམ་གྱི་རྩ་དོན་དག་བརྩི་སྲུང་བྱེད་དགོས་ཏེ།

(གཅིག)དམངས་གཙོ་དང་གཅིག་བསྡུ་ཕན་ཚུན་ཟུང་འབྲེལ་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། ཏང་ཡོན་ཏང་ནང་ཁུལ་གྱི་ལས་དོན་ནང་ཞུགས་པར་སྐུལ་སློང་བྱེད་དགོས་པ་མ་ཟད། ཏང་ཡོན་གྱིས་ཏང་གཤིས་རྩ་དོན་ལྟར་ཁེ་དབང་ལག་བསྟར་བྱེད་དགོས་པའི་བླང་བྱ་བཏོན་ཡོད།

(གཉིས)འོས་འགན་དང་ཁེ་དབང་ཕན་ཚུན་ཟུང་སྦྲེལ་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། ཏང་གི་སྲོལ་ཡིག་ལས་གཏན་འབེབས་བྱས་པའི་འོས་འགན་དངོས་གནས་ལག་བསྟར་དང་། ཡང་དག་པའི་སྒོ་ནས་ཁེ་དབང་སོ་སོ་ལག་བསྟར་བྱེད་དགོས་ལ། རྩ་ཁྲིམས་དང་ཁྲིམས་ལུགས་ཀྱི་ཁྱབ་ཁོངས་སུ་འགུལ་སྐྱོད་བྱེད་དགོས།

(གསུམ)ཏང་གི་སྒྲིག་ཁྲིམས་ནང་མི་རེ་རེ་འདྲ་མཉམ་ཡིན་པ་རྒྱུན་འཁྱོངས་བྱས་ཏེ། ཏང་ཡོན་སུ་དང་གང་ལ་ཡང་དམིགས་བསལ་གྱི་ཁེ་དབང་ཅི་ཡང་ཡོད་མི་ཆོག

(བཞི) ཕྱོགས་ཡོངས་ནས་ཏང་ཡོན་གྱི་ཁེ་དབང་ལ་འགན་སྲུང་གང་ལེགས་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། ཁེ་དབང་འགན་སྲུང་བྱེད་ཐབས་འཐུས་ཚང་དང་ཁེ་དབང་ལག་བསྟར་ཐབས་ལམ་བདེ་བགྲོད་ཡོང་བར་བྱས་ནས་བྱ་བའི་ཕན་འབྲས་ཇེ་ཆེར་གཏོང་དགོས།

དོན་ཚན་བཞི་པ། ཏང་རྩ་འཛུགས་ཀྱིས་ངེས་པར་དུ་ཏང་ཡོན་གྱི་གཙོ་གཞིའི་གོ་གནས་ལ་བརྩི་སྲུང་བྱེད་དགོས་པ་དང་། ཏང་དོ་དམ་དང་ཏང་བཅོས་སྐྱོང་གི་ཆབ་སྲིད་འགན་འཁྲི་ལ་ཤུགས་བསྣན་ནས་ཏང་ཡོན་གྱི་ཁེ་དབང་ལ་འགན་སྲུང་བྱེད་པ་དེ་དུས་རབས་གསར་བའི་ཏང་གི་འཛུགས་སྐྲུན་ནང་འདྲེས་བར་བྱས་ཏེ། ནན་ཏན་སྒོས་ཏང་གི་སྲོལ་ཡིག་དང་ཏང་ནང་ཁུལ་གྱི་གཞན་པའི་སྒྲིག་ཁྲིམས་ལ་གཞིགས་ཏེ་ཏང་ཡོན་གྱི་ཁེ་དབང་སོ་སོར་འགན་སྲུང་བྱེད་པ་དང་། ཏང་ཡོན་གྱི་ཁེ་དབང་འགན་སྲུང་ལམ་ལུགས་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས།

ཏང་ཡོན་གྱིས་ངེས་པར་དུ་ཏང་གི་འདུ་ཤེས་དང་གཙོ་གཞི་འདུ་ཤེས་ཇེ་ཆེར་བཏང་སྟེ། ཏང་སྲོལ་ལས་གཏན་འབེབས་བྱས་པའི་ཁེ་དབང་ལག་བསྟར་བྱེད་པ་དེ་ཏང་ལ་འགན་འཁུར་དགོས་པའི་འགན་འཁྲི་བརྩིས་ནས། ཏང་རྩ་འཛུགས་ལ་དྲང་གཏམ་བཤད་པ་དང་བདེན་གཏམ་བཤད་པ། སེམས་གཏམ་བཤད་པ་དང་། འགན་འཁུར་ཕོད་པ་དང་འགན་ལེན་ཕོད་པའི་སྒོ་ནས་སྒྲིག་ལམ་ལུགས་སྲོལ་བརྩིས་ཏེ་ཡང་དག་ངང་ཁེ་དབང་ལག་བསྟར་བྱེད་དགོས།

དོན་ཚན་ལྔ་པ། ཏང་ཡོན་གྱི་ཁེ་དབང་ལ་གནོད་སྐྱོན་ཐེབས་པའི་བྱ་སྤྱོད་གང་ཡིན་ཡང་ངེས་པར་དུ་རྩད་ཞིབ་བྱེད་དགོས། ཏང་རྩ་འཛུགས་ཀྱིས་དོན་དངོས་ལ་གཞིགས་ཏེ། ཏང་སྲོལ་དང་ཏང་གི་སྒྲིག་ལམ། ཏང་གི་ལུགས་སྲོལ་དེ་གཞི་འཛིན་ས་བྱས་ནས། ཏང་ཡོན་གྱི་ཁེ་དབང་ལ་གནོད་པའི་བྱ་སྤྱོད་ལ་ངོས་འཛིན་དང་ཐག་གཅོད་བྱེད་དགོས།

ལེའུ་གཉིས་པ། ཏང་ཡོན་གྱི་ཁེ་དབང་ལག་བསྟར།

དོན་ཚན་དྲུག་པ། ཏང་སྲོལ་ནང་གཏན་འབེབས་བྱས་པའི་ཏང་ཡོན་གྱི་ཁེ་དབང་སྣ་ཚོགས་ལ་བརྩི་བཀུར་དང་སྲུང་སྐྱོབ་བྱེད་དགོས་པ་དང་། ཏང་གི་རྩ་འཛུགས་རིམ་པ་གང་དང་ཏང་ཡོན་སུ་ཡིན་ཡང་མེད་པར་བཟོ་བའི་དབང་ཆ་མེད། གྲ་སྒྲིག་ཏང་ཡོན་ལ་བརྡས་ཐག་གཅོད་པའི་དབང་ཆ་དང་བདེམས་བསྐོ་དབང་ཆ། གདམ་བྱའི་དབང་ཆ་བཅས་མེད་པ་ལས་གཞན། ཏང་ཡོན་དངོས་མ་དང་འདྲ་བའི་ཁེ་དབང་ཡོད།

ཏང་ཡོན་གྱིས་ཁེ་དབང་ལག་བསྟར་བྱེད་སྐབས་ཏང་ཡོན་གཞན་པའི་ཁེ་དབང་ལ་གནོད་སྐྱོན་བཟོས་མི་ཆོག

དོན་ཚན་བདུན་པ། ཏང་ཡོན་ལ་ཏང་ནང་ཁུལ་གྱི་གནས་ཚུལ་ཤེས་བའི་དབང་ཆ་ཡོད་ལ། གཏན་འཁེལ་ལྟར་ཏང་གི་འབྲེལ་ཡོད་ཚོགས་འདུར་ཞུགས་པ་དང་ཏང་གི་འབྲེལ་ཡོད་ཡིག་ཆ་ཀློག་པ། ཏང་གི་ལམ་ཕྱོགས་སྲིད་ཇུས་དང་ཐག་གཅོད་ལ་རྒྱུས་ལོན་བྱེད་པའི་དབང་ཆ་ཡོད་པ་དང་། རང་ཉིད་ཡོད་པའི་ཏང་རྩ་འཛུགས་ཀྱིས་ཏང་ཀྲུང་དབྱང་གི་ཐག་གཅོད་བཀོད་སྒྲིག་དང་རིམ་པ་གོང་མའི་ཏང་རྩ་འཛུགས་ཀྱི་ཐག་གཅོད་ལག་བསྟར་བྱེད་པ། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་གཙོ་གཞིའི་འགན་འཁྲི་དང་གཙོ་གནད་བྱ་བ་སྤེལ་བའམ་གཞན་པའི་ཏང་ནང་ཁུལ་གྱི་ལས་དོན་སྤེལ་བ་བཅས་ཀྱི་དབང་ཆ་ཡོད།

དོན་ཚན་བརྒྱད་པ། ཏང་ཡོན་ལ་ཏང་གི་སློབ་གསོ་དང་ལེན་བྱེད་པའི་གསོ་སྦྱོང་དབང་ཆ་ཡོད་པ་དང་། སློབ་གསོའི་གསོ་སྦྱོང་རེ་འདུན་འདོན་པའི་དབང་ཆ་ཡོད། ཏང་རྩ་འཛུགས་ཀྱིས་བཀོད་སྒྲིག་བྱས་པའི་གཅིག་གྱུར་སློབ་སྦྱོང་སློབ་གསོ་དང་། ཆེད་སྒྲིག་སློབ་སྦྱོང་སློབ་གསོ། གཅིག་བསྡུས་རེས་སྐོར་སྦྱོང་བརྡར། ལས་བྲལ་སློབ་སྦྱོང་། དྲ་རྒྱའི་གསོ་སྦྱོང་བཅས་ལ་ཞུགས་དགོས།

དོན་ཚན་དགུ་པ། ཏང་ཡོན་ལ་ཏང་ནང་ཁུལ་དུ་ཞུགས་པའི་གྲོས་བསྡུར་དབང་ཆ་ཡོད། ཏང་གི་ཚོགས་འདུ་དང་ཏང་གི་ཚགས་པར་ཏང་གི་དུས་དེབ་སྟེང་ཏང་གི་གཞུང་ལུགས་དང་སྲིད་ཇུས་སློབ་སྦྱོང་ལ་སློབ་སྦྱོང་དང་གྲོས་བསྡུར་བྱས་ཏེ་བསམ་འཆར་འདོན་པའི་དབང་ཆ་ཡོད། གཏན་འབེབས་ལྟར་ཏང་ནང་ཁུལ་གྱི་འབྲེལ་ཡོད་ཐབས་ཇུས་གལ་ཆེན་དང་གནད་དོན་གཙོ་བོའི་གྲོས་བསྡུར་ལ་ཞུགས་པའི་དབང་ཆ་ཡོད། ཏང་རྩ་འཛུགས་ཀྱིས་སྤེལ་བའི་བསམ་འཆར་བསྡུ་ལེན་སོགས་ཀྱི་བྱ་འགུལ་ཁྲོད་ཞུགས་ཏེ། གནས་ཚུལ་དངོས་ཕྱིར་མཚོན་བྱ་རྒྱུ་དང་ཧུར་ཐག་གིས་བློ་འདོན་ཇུས་འབུལ་བྱེད་དགོས།

ཏང་ཡོན་གྱིས་ཏང་གི་གཞི་རྩའི་གཞུང་ལུགས་དང་གཞི་རྩའི་ལམ་ཕྱོགས། གཞི་རྩའི་ཇུས་གཞི་གྲོས་བསྡུར་བྱེད་པའི་གོ་རིམ་ཁྲོད། རང་འགུལ་ངང་ཏང་ཀྲུང་དབྱང་དང་ཚད་མཐོན་པོར་གཅིག་གྱུར་ཡོང་བར་རྒྱུན་འཁྱོངས་བྱེད་དགོས།

དོན་ཚན་བཅུ་པ། ཏང་ཡོན་ལ་ཏང་ནང་ཁུལ་གྱི་བསམ་འཆར་དང་གྲོས་གཞི་འདོན་པའི་དབང་ཆ་ཡོད། ངག་ཐོག་གམ་ཡིག་ངོས་ཀྱི་རྣམ་པས་རང་ཉིད་ཡོད་སའི་ཏང་རྩ་འཛུགས་དང་གོང་རིམ་ཏང་རྩ་འཛུགས། ཡང་ན་ཀྲུང་དབྱང་གི་ཕྱོགས་སོ་སོའི་བྱ་བར་བསམ་འཆར་དང་གྲོས་གཞི་འདོན་པའི་དབང་ཆ་ཡོད། གཏན་འབེབས་ལྟར་ལས་བྱེད་པ་འདེམས་སྒུག་བསྐོ་སྤྱོད་གོ་རིམ་ཁྲོད་ལས་བྱེད་པ་ཕུལ་བྱུང་འོས་སྦྱོར་བྱེད་པའི་དབང་ཆ་ཡོད་ལ། ཏང་རྩ་འཛུགས་ཀྱི་སྐོར་གཟིགས་སྐོར་ཞིབ་དང་ཞིབ་བཤེར་ལྟ་སྐུལ་གོ་རིམ་ཁྲོད་ཏང་གི་བྱ་བར་བསམ་འཆར་འདོན་པའི་དབང་ཆ་ཡོད།

དོན་ཚན་བཅུ་གཅིག་པ། ཏང་ཡོན་ལ་ཏང་ནང་ཁུལ་གྱི་ལྟ་སྐུལ་དབང་ཆ་ཡོད། ཏང་གི་ཚོགས་འདུའི་སྟེང་ངག་ཐོག་གམ་ཡིག་ངོས་ཀྱི་རྣམ་པས་གཞི་འཛིན་ས་ཡོད་པའི་སྒོ་ནས་ཏང་གི་རྩ་འཛུགས་གང་རུང་དང་ཏང་ཡོན་གང་རུང་ལ་སྐྱོན་བརྗོད་བྱས་ཆོག བྱ་བའི་ཁྲོད་ཀྱི་སྐྱོན་ཆ་དང་གནད་དོན་ལ་ཐེར་འདོན་དང་དག་བཅོས་བྱས་ཏེ། དམངས་གཙོའི་དཔྱད་བསྡུར་ཁྲོད་མགོ་ཁྲིད་ལས་བྱེད་པ་དང་ཏང་ཡོན་གཞན་དག་གི་སྐྱོན་ཆ་དང་ནོར་འཁྲུལ་སྟོན་དགོས། ཏང་རྩ་འཛུགས་ལ་རང་ཉིད་ཡོད་སའི་ཏང་རྩ་འཛུགས་དང་། མགོ་ཁྲིད་ལས་བྱེད་པ། ཏང་ཡོན་གཞན་དག་ལ་བསམ་འཆར་འདོན་པའི་དབང་ཆ་ཡོད། ཏང་ཡོན་གྱིས་ཡིག་ངོས་ཀྱི་རྣམ་པས་བཏོན་པའི་སྐྱོན་བརྗོད་བསམ་འཆར་དེ་གཏན་འབེབས་ལྟར་སྐྱོན་བརྗོད་བྱེད་མཁན་དང་ཡང་ན་འབྲེལ་ཡོད་ཏང་རྩ་འཛུགས་ལ་སྐྱེལ་དགོས།

ཏང་ཡོན་གྱིས་ཏང་རྩ་འཛུགས་ལ་འགན་ལེན་ཡོད་པའི་སྒོ་ནས་ཏང་གི་རྩ་འཛུགས་གང་རུང་དང་ཏང་ཡོན་གང་རུང་སྒྲིལ་འགལ་ཁྲིམས་འགལ་དོན་དངོས་ཉེས་མཚང་ཐེར་འདོན་དབང་ཆ་ཡོད་ཅིང་། སྒྲིག་འགལ་ཁྲིམས་འགལ་བྱ་སྤྱོད་ཡོད་པའི་ཏང་རྩ་འཛུགས་དང་ཏང་ཡོན་ལ་ཐག་གཅོད་དང་ཉེས་ཆད་ཀྱི་རེ་འདུན་འདོན་པའི་དབང་ཆ་ཡོད།

ཏང་ཡོན་གྱིས་སྐྱོན་བརྗོད་དང་ཐེར་འདོན། ཉེས་འདོན་བྱེད་པ་དང་ཡང་ན་ཐག་གཅོད་དང་ཉེས་ཆད་ཀྱི་རེ་འདུན་འདོན་གོ་རིམ་ཁྲོད། རྩ་འཛུགས་ཀྱི་ཐབས་ལམ་བརྒྱུད་དགོས་ཤིང་། གང་འདོད་ལྟར་ཁྱབ་སྤེལ་དང་དྲ་རྒྱའི་སྟེང་འགྲེམ་སྤེལ་བྱེད་མི་རུང་ལ། དོན་དངོས་སྒྲོ་འདོགས་དང་འཁྱོག་བཤད་བྱེད་མི་རུང་བ་མ་ཟད། དོན་དངོས་རྫུན་བཟོ་དང་སྙོན་འཛུགས་ཞུ་གཏུག་དང་མ་ཉེས་ཁག་གཡོགས་བྱེད་མི་རུང་།

དོན་ཚན་བཅུ་གཉིས་པ། ཏང་ཡོན་ལ་ཏང་ནང་ཁུལ་གྱི་གོ་གནས་འབེབས་པ་དང་བརྗེ་འཐེན་རེ་འདུན་འདོན་པའི་དབང་ཆ་ཡོད་ལ། རང་གི་ཏང་རྩ་འཛུགས་དང་གོང་རིམ་ཏང་རྩ་འཛུགས་ལ་མགོ་ཁྲིད་ལས་བྱེད་པ་འགན་མི་ཐེག་པའི་གནས་ཚུལ་བཤད་པའི་དབང་ཆ་ཡོད་ཅིང་། འགན་ལེན་ཡོད་པའི་སྒོ་ནས་མགོ་ཁྲིད་ལས་བྱེད་པར་གོ་གནས་འབེབས་པ་དང་བརྗེ་འཐེན་བྱེད་དགོས་པའི་རེ་འདུན་བཏོན་ཆོག

ཏང་ཡོན་གྱིས་གོ་གནས་འབེབས་པ་དང་བརྗེ་འཐེན་རེ་འདུན་ངེས་པར་དུ་གཟབ་ནན་དང་འགན་འཁུར་དགོས། རྩ་འཛུགས་རྩ་དོན་ལྟར་འབྲེལ་ཡོད་གོ་རིམ་དང་བསྟུན་དགོས།

དོན་ཚན་བཅུ་གསུམ་པ། ཏང་ཡོན་ལ་ཏང་ནང་ཁུལ་གྱི་བརྡས་ཐག་གཅོད་དབང་ཡོད། གཏན་འབེབས་ལྟར་ཏང་རྩ་འཛུགས་ཀྱིས་གནད་དོན་གྲོས་བསྡུར་དང་ཐག་གཅོད་བྱེད་སྐབས་བརྡས་ཐག་གཅོད་པའི་གོ་རིམ་ཁྲོད་ཞུགས་དབང་ཆ་ཡོད་ཅིང་། བརྡས་ཐག་གཅོད་པའི་སྔོན་དུ་གནས་ཚུལ་རྒྱས་ལོན་དང་། གྲོས་བསྡུར་ཁྲོད་བསམ་འཆར་གང་ལེགས་འདོན་དགོས། བརྡས་ཐག་གཅོད་སྐབས་འཐད་པ་དང་མི་འཐད་པ་ཡང་ན་དབང་འདོར་ཀྱང་ཆོག

དོན་ཚན་བཅུ་བཞི་པ། ཏང་ཡོན་ལ་ཏང་ནང་ཁུལ་གྱི་འདེམས་བསྐོ་དབང་ཆ་ཡོད་པ་དང་། ཏང་ནང་ཁུལ་གྱི་འདེམས་བསྐོ་ལ་ཞུགས་པའི་དབང་ཆ་ཡོད། བདམ་བྱའི་འོས་མིའི་གནས་ཚུལ་རྒྱུས་ལོན་དང་། བདམ་བྱའི་འོས་མི་སྒྱུར་བ་དང་བདམ་བྱའི་འོས་མི་གང་ཞིག་ཀྱང་མི་འདེམས་པ། ཡང་ན་མི་སྣ་གཞན་དག་འདེམས་པའི་དབང་ཆ་ཡོད།

ཏང་ཡོན་ལ་ཏང་ནང་ཁུལ་གྱི་གདམ་བྱའི་དབང་ཆ་ཡོད་ལ། གཏན་འབེབས་གོ་རིམ་ལྟར་བདམ་བྱའི་འོས་མི་དང་བདམས་ཐོན་བྱུང་བའི་དབང་ཆ་ཡོད།

དོན་ཚན་བཅོ་ལྔ་པ། ཏང་ཡོན་ལ་ཏང་ནང་ཁུལ་གྱི་དག་འབུད་དབང་ཆ་ཡོད། དོན་དངོས་དང་བསྟུན་པའི་སྒོ་ནས་ཕྱིར་མཚོན་བྱེད་དགོས་པའི་མི་སྒེར་གྱི་གནད་དོན་དེ་ཏང་རྩ་འཛུགས་ལ་གསལ་བཤད་དང་འགྲེལ་བཤད་བྱེད་པའི་དབང་ཆ་ཡོད། གཞི་རིམ་གྱི་ཏང་རྩ་འཛུགས་ཀྱིས་རང་ཉིད་ཀྱི་ཉེས་ཆད་གྲོས་བསྡུས་ཐག་གཅོད་དང་ཡང་ན་གསལ་འབྱེད་བྱེད་སྐབས། དེའི་ཁྲོད་དུ་ཞུགས་པ་དང་དག་འབུད་བྱེད་པའི་དབང་ཆ་ཡོད། ཏང་ཡོན་གཞན་དག་གིས་དེར་བདེན་དཔང་དང་དག་འབུད་བྱས་ཆོག

དོན་ཚན་བཅུ་དྲུག་པ། ཏང་ཡོན་ལ་ཏང་ནང་ཁུལ་དུ་བསམ་འཆར་མི་འདྲ་བ་འདོན་པའི་དབང་ཆ་ཡོད། ཏང་གི་གྲོས་ཆོད་དང་སྲིད་ཇུས་ལ་བསམ་འཆར་མི་འདྲ་བ་ཡོད་ཚེ། མཐའ་གཅིག་ཏུ་ལག་བསྟར་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག ཏང་རྩ་འཛུགས་ལ་སོར་ཉར་བྱེད་པའི་དབང་ཆ་ཡོད་པ་མ་ཟད། རང་གི་བསམ་འཆར་ཏང་གི་གོང་རིམ་རྩ་འཛུགས་དང་ཡང་ན་ཀྲུང་དབྱང་ལ་ཡར་ཞུ་བྱས་ཏེ། གཏན་འབེབས་ལྟར་ཏང་རྩ་འཛུགས་ཀྱི“འགངས་ཆེན་གསུམ་དང་འབོར་ཆེན་གཅིག”གི་དོན་ཚན་དང་ཡང་ན་བསྡུ་ལེན་བསམ་འཆར། ལས་བྱེད་པ་འདེམས་སྒུག་དང་བསྐོ་སྤྱོད། དེ་མིན་སྤྱི་བསྒྲགས་སོགས་གྲོས་བསྡུས་དང་ཐག་གཅོད་བྱེད་པའི་གོ་རིམ་ཁྲོད་བསམ་འཆར་མི་འདྲ་བ་བཏོན་ཆོག

ཏང་ཡོན་གྱིས་ཏང་ཀྲུང་དབྱང་གི་གཏན་འབེབས་དང་གཅིག་མཐུན་མིན་པའི་བསམ་འཆར་ཡོངས་གྲགས་སུ་བཏོན་མི་ཆོག

དོན་ཚན་བཅུ་བདུན་པ། ཏང་ཡོན་ལ་ཏང་ནང་ཁུལ་དུ་རེ་འདུན་ཞུ་དབང་ཡོད་ཅིང་། གནད་དོན་གལ་ཆེན་ལ་ཐུག་ཚེ་ཏང་གི་རྩ་འཛུགས་ཀྱིས་ཐག་གཅོད་རོགས་བྱེད་དགོས་ན། གཏན་འབེབས་ཀྱི་གོ་རིམ་ལྟར་རང་ཉིད་གནས་སའི་ཏང་གི་རྩ་འཛུགས་དང་དེའི་གོང་རིམ་གྱི་ཏང་གི་རྩ་འཛུགས། ཐ་ན་ཀྲུང་དབྱང་ལའང་རིམ་པ་ལྟར་རེ་འདུན་ཞུ་དབང་ཡོད་པར་མ་ཟད། འབྲེལ་ཡོད་ཏང་གི་རྩ་འཛུགས་ཀྱིས་འགན་ཁུར་ཡོད་པའི་སྒོ་ནས་ལན་འདེབས་དགོས་པའི་བླང་བྱའང་འདོན་རྒྱུ།

དོན་ཚན་བཅོ་བརྒྱད་པ། ཏང་ཡོན་ལ་ཏང་ནང་ཁུལ་དུ་རྒྱུ་མཚན་ཞུ་འབུལ་བྱེད་དབང་ཡོད། ཏང་གི་རྩ་འཛུགས་ཀྱིས་རང་ཉིད་ལ་ཐག་གཅོད་དང་ཆད་པ་བཅད་པའམ་ཡང་ན་གསལ་འབྱེད་དང་ཞིབ་བཤེར་བྱས་པའི་མཐའ་འབྲས་བློར་མི་འབབ་ན། གཏན་འབེབས་ཀྱི་གོ་རིམ་ལྟར་རིམ་པ་བཞིན་རང་ཉིད་གནས་སའི་ཏང་གི་རྩ་འཛུགས་དང་། གོང་རིམ་ཏང་གི་རྩ་འཛུགས་དང་ཐ་ན་ཀྲུང་དབྱང་ལའང་རྒྱུ་མཚན་ཞུ་འབུལ་བྱེད་དབང་ཡོད།

ཏང་ཡོན་གྱིས་ཏང་གི་རྩ་འཛུགས་ཀྱིས་ཏང་ཡོན་གཞན་དག་ལ་ཐག་གཅོད་དང་ཆད་པ་བཅད་པའམ་ཡང་ན་གསལ་འབྱེད་དང་ཞིབ་བཤེར་བྱས་པའི་མཐའ་འབྲས་འོས་འཚམ་མིན་ན། གཏན་འབེབས་ཀྱི་གོ་རིམ་ལྟར་རང་ཉིད་གནས་སའི་ཏང་གི་རྩ་འཛུགས་དང་ཐ་ན་ཀྲུང་དབྱང་ཏང་གི་རྩ་འཛུགས་ལ་བསམ་འཆར་འདོན་དབང་ཡོད།

དོན་ཚན་བཅུ་དགུ་པ། ཏང་ཡོན་ལ་ཏང་ནང་ཁུལ་དུ་ཞུ་གཏུག་བྱེད་དབང་ཡོད། རང་ཉིད་ཀྱི་ཁྲིམས་མཐུན་ཁེ་དབང་ལ་ཏང་གི་རྩ་འཛུགས་སམ་ཏང་ཡོན་གཞན་དག་གིས་གནོད་འཚེ་བཏང་ན། རང་ཉིད་གནས་སའི་ཏང་གི་རྩ་འཛུགས་དང་གོང་རིམ་གྱི་ཏང་གི་རྩ་འཛུགས། ཐ་ན་ཀྲུང་དབྱང་ལ་ཞུ་གཏུག་བྱས་ཆོག་པ་དང་། རང་ཉིད་ཀྱི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་གཏོང་བའི་བྱ་སྤྱོད་དེར་སྒྲིག་སྲོལ་ལྟར་ཐག་གཅོད་བྱ་དགོས་པའི་བླང་བྱ་བཏོན་ཆོག

ལེའུ་གསུམ་པ། འགན་སྲུང་བྱེད་ཐབས།

དོན་ཚན་ཉི་ཤུ་པ། ཏང་རྩ་འཛུགས་ཀྱིས་གཏན་འབེབས་ལྟར་ཏང་གི་ལས་དོན་གསལ་བསྒྲགས་བྱ་རྒྱུའི་ནང་དོན་དང་བྱེད་སྟངས། ཁྱབ་ཁོངས་བཅས་གཏན་འཁེལ་བྱས་ནས་ཏང་ཡོན་གྱིས་དུས་ཐོག་ཏུ་ཏང་ནང་གི་ལས་དོན་ཤེས་རྟོགས་ཡོང་བར་འགན་སྲུང་བྱ་དགོས།

ཏང་གི་འཐུས་མིའི་ཚོགས་ཆེན་དང་འཐུས་མིའི་གྲོས་ཚོགས། ཏང་གི་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་བཅས་དང་དེ་བཞིན་གྲོས་ཚོགས་གལ་ཆེན་གཞན་དག་ཚོགས་རྗེས། ཏང་རྩ་འཛུགས་ཀྱིས་གཏན་འབེབས་ལྟར་ཚོགས་འདུའི་ནང་དོན་དང་དགོངས་དོན་ཏང་ཡོན་ལ་བརྒྱུད་བསྒྲགས་བྱེད་དགོས། ཏང་རྩ་འཛུགས་ཀྱིས་གྲོས་ཆོད་བཞག་པའི་ཆོད་དོན་དེ་གཏན་འབེབས་ལྟར་དུས་ཐོག་ཏུ་ཏང་ཡོན་ལ་བརྡ་ཁྱབ་གཏོང་དགོས།

ཏང་རྩ་འཛུགས་ཀྱིས་གཏན་འབེབས་ལྟར་ཏང་ཡོན་ལ་ཏང་ནང་གི་འབྲེལ་ཡོད་ཡིག་ཆ་ཀློག་པའི་དགོས་ངེས་ཀྱི་ཆ་རྐྱེན་མཁོ་འདོན་བྱ་དགོས། ཏང་ཡོན་ལ་ཡིག་ཆ་ལྟ་ཀློག་བྱེད་པའི་ནུས་ཞན་པའམ་ཡང་ན་རྒྱུ་རྐྱེན་གཞན་དག་གིས་ཐད་ཀར་ཡིག་ཆ་ལྟ་ཀློག་བྱེད་ཐབས་མེད་ན། ཏང་རྩ་འཛུགས་ཀྱིས་གཏན་འབེབས་ལྟར་དེར་ཡིག་ཆའི་དགོངས་དོན་བརྒྱུད་བསྒྲགས་བྱེད་དགོས།

དོན་ཚན་ཉེར་གཅིག་པ།  ཏང་གི་རྩ་འཛུགས་ཀྱིས་གཏན་འབེབས་ལྟར་ཏང་ཡོན་གྱི་ཚོགས་ཆེན་དང་ཏང་གི་ཚོ་ཆུང་གི་གྲོས་ཚོགས། ཀྲི་པུའུ་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས། རྩ་འཛུགས་ཀྱི་འཚོ་བའི་ཚོགས་འདུ་བཅས་ཚོགས་ཏེ་སྙིང་གཏམ་བཤད་རེས་དང་དམངས་གཙོའི་དཔྱད་བསྡུར་ལ་རྩ་འཛུགས་བྱས་ཏེ། ཏང་ཡོན་ལ་སློབ་སྦྱོང་བགྲོ་གླེང་དང་གྲོས་བསྡུར་ཇུས་འགོད། གཞན་སྐྱོན་བརྗོད་་པ་དང་རང་སྐྱོན་རང་བརྗོད་བཅས་བྱེད་པར་འགན་སྲུང་བྱ་དགོས།

དོན་ཚན་ཉེར་གཉིས་པ། ཏང་རྩ་འཛུགས་ཀྱིས་གཏན་འབེབས་ལྟར་འཆར་གཞི་ལྡན་པའི་སྒོ་ནས་ཏང་ཡོན་ལ་སློབ་གསོ་དང་གསབ་སྦྱོང་སྤྲད་དེ། ཏང་གི་རིག་པའི་གཞུང་ལུགས་གསར་གཏོད་ཀྱི་སློབ་གསོ་གཏིང་ཟབ་ཏུ་སྤེལ་བ། ཤུགས་ཆེན་སྒོས་ཏང་གཤིས་ཀྱི་སློབ་གསོ་དང་ཕུགས་བསམ་དང་དད་སེམས་ཀྱི་སློབ་གསོ་བརྒྱག་པ། ཏང་ཡོན་གྱི་སློབ་སྦྱོང་གི་དགོས་མཁོར་རྒྱུས་ལོན་དང་ཁོང་དུ་ཆུད་པར་དོ་སྣང་བྱེད་པ། སློབ་གསོ་དང་གསོ་སྦྱོང་བྱེད་སྟངས་གསར་གཏོད་བྱེད་པ། དམིགས་གཏད་རང་བཞིན་གྱིས་སྲིད་ཇུས་དང་ཚན་རྩལ། དོ་དམ། ཁྲིམས་སྲོལ་སོགས་ཀྱི་གསབ་སྦྱོང་སྤྲད་དེ། ཏང་ཡོན་གྱིས་སློབ་གསོ་དང་གསོ་སྐྱོང་སྦྱོང་བརྡར་བྱེད་པའི་སློབ་ཡུན་དང་སྤུས་ཚད་ལ་འགན་སྲུང་བྱ་དགོས།

དོན་ཚན་ཉེར་གསུམ་པ། ཏང་རྩ་འཛུགས་ཀྱིས་གྲོས་ཆོད་གལ་ཆེན་ཐག་གཅོད་མ་བྱས་གོང་ལ། བརྟག་དཔྱད་ཞིབ་འཇུག་དང་རིགས་པས་ཁུངས་སྐྱེལ། བློ་འདྲི་སོགས་ཀྱི་བྱེད་ཐབས་སྤྱད་དེ་ཏང་ཡོན་གྱི་བསམ་འཆར་བསྡུ་ལེན་གང་ཐུབ་ཀྱིས་ཏང་ནང་དུ་ངོས་འཛིན་གཅིག་མཐུན་དང་བློ་གྲོས་གཅིག་བསྡུས་ཡོང་བ་བྱ་དགོས། ཏང་གི་ལམ་ཕྱོགས་དང་བྱེད་ཕྱོགས་སྲིད་ཇུས། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་གྱི་སྐོར་དང་ཏང་ནང་གི་ཁྲིམས་སྲོལ་གལ་ཆེན་ཞིབ་འཇུག་དང་གཏན་འབེབས་བཅས་བྱེད་སྐབས་ཁྱབ་ཁོངས་ངེས་ཅན་ནང་ཏང་ཡོན་གྱི་བསམ་འཆར་བསྡུ་ལེན་བྱ་དགོས། ཏང་གི་ས་གནས་རང་བཞིན་གྱི་རྩ་འཛུགས་དང་གཞི་རིམ་རྩ་འཛུགས་ཀྱིས་ཞིབ་འཇུག་བྱས་པ་བརྒྱུད་གྲོས་ཆོད་གལ་ཆེན་བཞག་རྗེས། རིམ་པ་དེ་གའི་རྩ་འཛུགས་ཀྱི་ཁོངས་གཏོགས་ཀྱི་ཁྱབ་ཁོངས་ངེས་ཅན་ནང་ཏང་ཡོན་གྱི་བསམ་འཆར་བསྡུ་ལེན་བྱ་དགོས། སྤྱིར་བཏང་གི་གནས་ཚུལ་འོག་མི་མཐུན་པ་ཆེན་པོ་གནས་པའི་གནད་དོན་གྱི་རིགས་ལ་བརྟག་དཔྱད་ཞིབ་འཇུག་དང་བསམ་འཆར་བརྗེ་རེས་སྔར་ལས་ལྷག་པར་བྱས་རྗེས་ཇུས་ཐག་གཅོད་པའི་གོ་རིམ་ཡང་འགོ་རྩོམ་དགོས།

དོན་ཚན་ཉེར་བཞི་པ། ཏང་རྩ་འཛུགས་ཀྱིས་ཏང་གི་གྲོས་ཚོགས་དང་ཚགས་པར། དུས་དེབ་དང་དྲ་ཚིགས་བཅས་བེད་སྤྱོད་ཧུར་ཐག་བྱས་ཏེ། ཏང་ཡོན་རྣམས་ཏང་གི་རིག་པའི་གཞུང་ལུགས་དང་སྲིད་ཇུས་གྲོས་བསྡུར་བྱེད་པར་ཞུགས་པ་དང་། ངོས་འཛིན་གྱི་མྱོང་ཚོར་སྤེལ་བ། བསམ་འཆར་དང་གྲོས་འགོ་འདོན་པ་བཅས་བྱེད་པར་ཆ་རྐྱེན་བསྐྲུན་དགོས། ཏང་ཡོན་གྱི་བསམ་འཆར་ཕྱོགས་བསྡོམས་དང་ཞིབ་འཇུག་བྱེད་པར་དོ་སྣང་ཆེན་པོ་བྱས་ཏེ་ཏང་གི་ལས་ཀར་ཤུགས་སྣོན་དང་ལེགས་བཅོས་བྱ་དགོས། འོག་རིམ་ཏང་གི་རྩ་འཛུགས་ཀྱིས་གོང་རིམ་ཏང་གི་རྩ་འཛུགས་ཀྱི་བཀོད་བསྒྲིག་ལྟར་ཏང་ཡོན་རྣམས་བགྲོ་གླེང་ལ་ཞུགས་པར་རྩ་འཛུགས་བྱ་དགོས།

དོན་ཚན་ཉེར་ལྔ་པ། ཏང་རྩ་འཛུགས་ཀྱིས་དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་བྱ་བའི་ཁྱད་ཆོས་དང་ཏང་ཡོན་གྱི་དབང་ཆ་འགན་སྲུང་བླང་བྱ་དང་སྦྲེལ་ཏེ། ཏང་ཡོན་གྱི་དབང་ཆ་འགན་སྲུང་བྱེད་པའི་ཐབས་ལམ་བྱེད་ཐབས་གསར་སྐྲུན་བྱེད་པ་དང་། ཏང་ཡོན་གྱི་དབང་ཆ་སྤྱོད་པར་སྟབས་བདེ་བརྒྱུད་ལམ་འདོན་སྤྲོད་བྱེད་འོས། 

དོན་ཚན་ཉེར་དྲུག་པ། ཏང་རྩ་འཛུགས་ཀྱིས་བགྲོ་གླེང་ཐག་གཅོད་ཀྱི་གནད་དོན་ངེས་པར་དུ་དམངས་གཙོ་གཅིག་བསྡུ་ལམ་ལུགས་རྒྱུན་འཁྱོངས་བྱེད་པ་དང། མང་ཁ་ཉུང་ཉན་གྱི་རྩ་དོན་ལག་བསྟར་བྱེད་པ། གཙོ་གནད་གནད་དོན་ཐག་གཅོད་པར་གཏན་འབེབས་ལྟར་བརྡས་ཐག་གཅོད་འོས། བརྡས་ཐག་མ་བཅད་སྔོན་དུ་བགྲོ་གླེང་ཕུན་སུམ་ཚོགས་པ་བྱེད་འོས་ཤིང་། བརྡས་ཐག་བཅད་པའི་གནས་ཚུལ་དང་། བསམ་འཆར་དང་རྒྱུ་མཚན་མི་མཐུན་པ་ཇི་མ་ཇི་བཞིན་དུ་ཟིན་བྲིས་འདེབས་འོས། 

དོན་ཚན་ཉེར་བདུན་པ། ཏང་རྩ་འཛུགས་ཀྱིས་ཏང་ཡོན་གྱིས་ཏང་གི་བྱ་བར་བསམ་འཆར་དང་འབོད་སྐུལ་བྱེད་པར་རྒྱབ་སྐྱོར་དང་སྐུལ་སློང་བྱེད་འོས། ཏང་ཡོན་གྱི་བསམ་འཆར་དང་འབོད་སྐུལ་ལ་ཏང་རྩ་འཛུགས་ཀྱིས་ནན་ཏན་སྒོས་མཉན་ཏེ་ཞིབ་འཇུག་བྱེད་པ་དང་། ལུགས་དང་མཐུན་ན་དང་ལེན་བྱེད་འོས། བྱ་བ་ལེགས་བཅོས་བྱེད་པར་རོགས་འདེགས་ཆེ་རིགས་ལ། བསམ་འཆར་དང་འབོད་སྐུལ་བྱེད་མཁན་གྱི་ཏང་ཡོན་ལ་བསྟོད་པ་བྱེད་འོས། 

ཏང་རྩ་འཛུགས་ཀྱིས་རྩ་འཛུགས་ལ་གཏམ་དྲང་མོ་བརྗོད་པ་དང་གནས་ཚུལ་དངོས་ཞུ་མཁན་གྱི་ཏང་ཡོན་ལ་རྒྱབ་སྐྱོར་དང་སྲུང་སྐྱོང་བྱས་ཏེ། བསམ་འཆར་མི་འདྲ་བ་ནན་ཏན་གྱིས་ཉན་འོས། བསམ་འཆར་མི་མཐུན་པ་འཛིན་པའི་ཏང་ཡོན་ལ། གལ་ཏེ་བློ་ཐག་རྦད་ཆོད་ཀྱིས་ཏང་གི་ཆོད་དོན་དང་སྲིད་ཇུས་ལག་བསྟར་བྱེད་ན། དེར་དམའ་འབེབས་སམ་རྩད་ཞིབ་བྱས་མི་ཆོག བསམ་འཆར་འཁྲུལ་ཅན་འཛིན་པའི་ཏང་ཡིན་ལ། སྐྱོན་བརྗོད་དང་། རོགས་རམ། སློབ་གསོ་བཅས་གཏོང་འོས། 

དོན་ཚན་ཉེར་བརྒྱད་པ། ཏང་རྩ་འཛུགས་ཀྱིས་ཏང་གི་འཐུས་མི་ཚོགས་ཆེན་གྱི་འཐུས་མིས་ཏང་ཡོན་ལ་འབྲེལ་གཏུག་བྱེད་པའི་ལམ་ལུགས་འཐུས་ཚང་དུ་གཏོང་འོས་ཤིང་། ཏང་གི་འཐུས་མི་ཚོགས་ཆེན་གྱི་འཐུས་མིས་གཞི་རིམ་ཏང་ཡོན་དང་འབྲེལ་གཏུག་ཤུགས་སྣོན་པར་རྒྱབ་སྐྱོར་དང་འགན་སྲུང་བྱེད་པ་དང་། ཏང་ཡོན་གྱི་བསམ་འཆར་དང་གྲོས་གཞི་རྒྱུས་ལོན་དང་ཚུར་སྣང་བྱས་ཏེ། ཏང་ཡོན་གྱིས་འགན་སྒྲུབ་བསམ་འཆར་ལ་ཉན་འོས། མགོ་ཁྲིད་ལས་བྱེད་ཀྱིས་ཐད་ཀར་ཏང་ཡོན་ལ་འབྲེལ་གཏུག་བྱེད་པའི་ལམ་ལུགས་ནན་ཏན་སྒོས་ལག་བསྟར་བྱེད་འོས་ཤིང་། དངོས་ཡོད་དང་གཞི་རིམ་ལ་ཟབ་ཞུགས་བྱས་ཏེ། རང་འགུལ་གྱིས་ཏང་ཡོན་གྱི་བསམ་འཆར་དང་རེ་འདུན་ལ་ཉན་པ། དུས་ལྟར་ཏང་ཡོན་གྱི་སེམས་ཁུར་ལ་ལན་སློག་འོས། 

དོན་ཚན་ཉེར་དགུ་པ། ཏང་རྩ་འཛུགས་ཀྱིས་འདེམ་བསྐོ་བྱེད་སྐབས། གཟབ་ནན་གྱིས་འདེམ་བསྐོ་ལམ་ལུགས་ཀྱི་སྒྲིག་སྲོལ་ལག་བསྟར་བྱེད་འོས་ཤིང་། འདེམ་མཁན་གྱི་བསམ་འདུན་ཡོངས་སུ་མཚོན་པར་བྱེད་འོས། 

ཏང་གི་རྩ་འཛུགས་གང་རུང་དང་ཏང་ཡོན་གང་རུང་གིས་བྱེད་ཐབས་གང་རུང་ཞིག་བརྒྱུད་ནས་ཏང་ཡོན་གྱི་ཏང་ནང་གི་རང་བདག་གིས་འདེམ་དབང་དང་གདམ་བྱའི་དབང་ཆར་བཀག་འགོག་བྱས་མི་ཆོག འདེམ་དབང་དང་གདམ་བྱའི་དབང་ཆ་ཡོད་པའི་མི་ཡུལ་དངོས་སུ་ཡོང་བར་བར་ཆད་བྱས་མི་ཆོག བྱེད་ཐབས་གང་རུང་བརྒྱུད་དེ་འདེམ་མཁན་གྱི་འདེམ་ཤོག་འཕེན་པའི་འདོད་བློར་རྩད་བཅད་མི་ཆོག 

དོན་ཚན་སུམ་ཅུ་པ། ཁྲིམས་ལྟར་ཏང་ཡོན་ཟུར་འཇོག་དང་འཛིན་བཟུང་བྱས་རིགས་ལ། ཏང་རྩ་འཛུགས་ཀྱིས་དོ་དམ་དབང་ཚད་ལྟར་བརྡས་ཐག་གཅོད་པའི་དབང་ཆ་དང་། འདེམ་དབང་། གདམ་བྱའི་དབང་ཆ་སོགས་ཏང་ཡོན་གྱི་དབང་ཆ་མཚམས་འཇོག་ཏུ་འཇུག་འོས། ཉེན་རྟོག་ལས་ཁུངས་དང་སྲིད་འཛིན་ལས་ཁུངས་ཀྱི་ཐག་གཅོད་མཇུག་འབྲས་ལ་བརྟེན་ནས། ཏང་ཡོན་གྱིི་དབང་ཆ་སླར་གསོ་བྱས་ཆོག་རིགས་ལ། དུས་ལྟར་སླར་གསོ་བྱེད་འོས། 

ཏང་ཡོན་ཏང་ནང་དུ་ལྟ་རྟོག་གི་ཐག་གཅོད་དུས་སྐབས་སུ། བརྡས་ཐག་གཅོད་པ་དང་། འདེམ་དབང་། གདམ་བྱའི་དབང་ཆ་བཅས་མེད། ཏང་ནང་དུ་ལྟ་རྟོག་གི་དུས་སྐབས་སུ་འགྱོད་བཤགས་བཅོས་སྒྱུར་གྱི་རྣམ་འགྱུར་བཟང་རིགས་ལ། དུས་ཡུན་ལོངས་རྗེས་ཏང་ཡོན་གྱི་དབང་ཆ་སླར་གསོ་བྱེད་འོས། 

ཏང་ཡོན་ཏང་ཁོངས་ནས་ཕུད་རིགས་ལ། ཏང་ཡོན་གྱི་དབང་ཆ་དེ་བསྟུན་གྱིས་མཚམས་འཇོག་འོས། ཏང་ཁོངས་སུ་མི་གཏོགས་པར་བྱས་ཀྱང་། ཆ་རྐྱེན་འཛོམས་རིགས་ལ། གཏན་འབེབས་ཀྱི་གོ་རིམ་ལྟར་ཏང་ཁོངས་སུ་སླར་འཇུག་པ་དང་ཏང་ཡོན་དབང་ཆ་སླར་གསོ་བྱས་ཆོག

དོན་ཚན་སོ་གཅིག་པ། ཏང་རྩ་འཛུགས་ཀྱིས་སྐོར་ཞིབ་ལྟ་ཞིབ་དང་ཞིབ་བཤེར་ལྟ་རྟོག་ཁྲོད།  རེ་འགར་གཏམ་གླེང་དང་བཞུགས་མོལ་ཚོགས་འདུ་བསྡུས་པ། བརྟག་དཔྱད་ཞིབ་འཇུག འཕྲིན་གཏོང་འདྲི་རྟོག་དང་ལེན་ཐག་གཅོད་སོགས་ཀྱི་བྱེད་ཐབས་བརྒྱུད་དེ། ཏང་ཡོན་གྱི་བསམ་འཆར་གྲོས་གཞི་རྒྱ་ཁྱབ་ཏུ་བསྡུ་ཉར་བྱས་ཆོག 

སྐོར་ཞིབ་ལྟ་ཞིབ་དང་ཞིབ་བཤེར་ལྟ་རྟོག་བྱ་ཡུལ་གྱི་ཏང་རྩ་འཛུགས་ཀྱིས་ཏང་ཡོན་གྱི་བསམ་འཆར་འདོན་པའི་དབང་ཆར་འགན་སྲུང་བྱེད་འོས་ཤིང་། ཏང་ཡོན་གྱིས་གནད་དོན་དང་གྲོས་གཞི་འདོན་པར་བཀག་འགོག་བྱེད་མི་རིགས། 

དོན་ཚན་སོ་གཉིས་པ། ཏང་རྩ་འཛུགས་ཀྱིས་གཟབ་ནན་གྱིས་ཏང་ནང་གི་དམངས་གཙོ་ལྟ་རྟོག་གི་ལམ་ལུགས་ཁག་དངོས་འབེབས་བྱེད་འོས་ཤིང་། ལྟ་རྟོག་བརྒྱུད་ལམ་བདེ་བར་བཟོ་བ། ཏང་ཡོན་གྱི་འཐབ་རྩོད་སྙིང་སྟོབས་དར་སྤེལ་བྱེད་པར་རྒྱབ་སྐྱོར་དང་སྐུལ་མ་བྱས་ཏེ། སྒྲིག་འགལ་ཁྲིམས་འགལ་གྱི་སྤྱོད་པ་དང་སྲོལ་ངན་སྣ་ཚོགས་ལ་འཐབ་རྩོད་བྱེད་འོས། ཏང་ཡོན་གྱི་སྐྱོན་བརྗོད་དང་ཐེར་འདོན། ཉེས་འདོན། ཞུ་གཏུག གཞན་ཡང་འབྲེལ་ཡོད་ཐག་གཅོད་དང་ཆད་པ། གནས་དབྱུང་། བརྗེ་འཐེན་གྱི་བླང་བྱ་བཏོན་རིགས་ལ། ཏང་རྩ་འཛུགས་ཀྱིས་གཏན་འབེབས་ལྟར་དུས་ལྟར་ཐག་གཅོད་འོས་འཚམ་དང་། འགན་ཁུར་ལྡན་པའི་ལན་སྟེར་འོས། 

དོན་ཚན་སོ་བརྒྱད་པ། ཁེ་ལས་དང་གྲོང་གསེབ། སྲང་ལམ། སྡེ་ཁུལ་སོགས་ཏང་གི་གཞི་རིམ་རྩ་འཛུགས་ཀྱིས་འཁོར་སྐྱོད་ཏང་ཡོན་གྱི་ཁེ་དབང་སྲུང་སྐྱོང་བྱེད་པར་མཐོང་ཆེན་དང་། འཁོར་སྐྱོད་ཏང་ཡོན་དོ་དམ་དང་ཞབས་ཞུའི་བྱ་བར་ཤུགས་སྣོན་དང་ལེགས་བཅོས། སྔར་གྱི་སྡོད་གནས་ཀྱི་ཏང་རྩ་འཛུགས་ཀྱི་འབྲེལ་གཏུག་མཐུན་སྦྱོར་ལམ་སྲོལ་འཐུས་ཚང་དུ་གཏོང་བ་བཅས་བྱས་ཏེ། འཁོར་སྐྱོད་ཏང་ཡོན་རྒྱུན་ལྡན་གྱི་སྒོ་ནས་རྩ་འཛུགས་ཀྱི་འཚོ་བར་ཞུགས་པ་དང་ཏང་ཡོན་གྱི་ཁེ་དབང་སྤྱོད་པར་འགན་སྲུང་བྱེད་དགོས།

དོན་ཚན་སོ་དགུ་པ། ཏང་རྩ་འཛུགས་ཀྱིས་ཏང་ཡོན་གྱི་བསམ་བློ་དང་བྱ་བ། སློབ་སྦྱོང་། འཚོ་བ་བཅས་ལ་སེམས་ཁུར་བྱས་ཏེ་ཏང་ནང་གི་ཐུགས་ཁུར་དང་རོགས་སྐྱོར་བྱ་བ་ལེགས་པར་བསྒྲུབ་དགོས། ཏང་ཡོན་གྱིས་བཏོན་པའི་རེ་འདུན་དུས་ཐོག་ཏུ་བདག་སྤྲོད་བྱེད་པ་དང་། ལུགས་མཐུན་རིགས་དུས་ཐོག་ཏུ་ཐག་གཅོད་བྱེད་དགོས་ལ། སྐབས་དེར་ཐག་གཅོད་བྱེད་དཀའ་བའི་རིགས་ལ་གནས་ཚུལ་གསལ་བཤད་བྱེད་པ་དང་། ཏང་རྩ་འཛུགས་ཀྱི་འགན་འཁྲིའི་ཁྱབ་ཁོངས་སུ་མི་གཏོགས་པའི་རིགས་འབྲེལ་ཡོད་སྡེ་ཁག་ལ་ཞུས་ཆོག

ལེའུ་བཞི་པ། འགན་འཁྲི་དང་འགན་འཁུར། ལས་འགན་བདའ་འདེད་གཏོང་བ།

དོན་ཚན་བཞི་བཅུ་པ། ཏང་ཨུ་(ཏང་ཙུའུ་)ཡིས་ངེས་པར་དུ་ཁྱོན་ཡོངས་ནས་ཏང་ནན་གྱིས་སྐྱོང་བའི་གཙོ་གཞིའི་འགན་འཁྲི་དོན་འཁྱོལ་དང་། ཏང་ཡོན་གྱི་ཁེ་དབང་འགན་སྲུང་བྱ་བར་མགོ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་བ། ཏང་ཡོན་གྱི་ཁེ་དབང་འགན་ལེན་བྱེད་པའི་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་དང་ལམ་ལུགས་བྱེད་ཐབས་ལག་བསྟར་ནན་མོ་བྱེད་པ། རིམ་པ་གཅིག་མཚུངས་ཀྱི་སྒྲིག་ཨུ་དང་ཏང་གི་བྱ་བའི་ལས་ཁུངས་དང་། ཐད་གཏོགས་སྡེ་ཁག རིམ་པ་འདི་དང་མཚུངས་པའི་ཏང་ཙུའུ(ཏང་ཨུ)ཡི་འབྲེལ་ཡོད་ལས་འགན་དང་བླང་བྱ་ཁ་གསལ་བཟོ་བ། འོག་རིམ་ཏང་རྩ་འཛུགས་དང་མགོ་ཁྲིད་ལས་བྱེད་པས་འབྲེལ་ཡོད་འགན་འཁྲི་སྒྲུབ་པར་སྐུལ་འདེད་གཏོང་བ། ཏང་ཡོན་གྱི་ཁེ་དབང་འགན་སྲུང་ལས་དོན་ཁྲོད་གནས་པའི་གནད་དོན་དུས་ཐོག་ཏུ་ཤེས་རྟོགས་དང་ཡོ་བསྲང་བྱེད་པ་དང་། ཏང་ཡོན་གྱི་ཁེ་དབང་འགན་སྲུང་བྱེད་ཕྱོགས་སྐོར་གྱི་ཏང་ནང་གི་ཁྲིམས་སྲོལ་དང་སྲིད་ཇུས་ཀྱི་བླང་བྱ་དྲིལ་བསྒྲགས་བྱེད་པ། ཏང་ཡོན་གྱི་འོས་འགན་དང་ཁེ་དབང་སྐོར་གྱི་སློབ་གསོ་རྒྱུད་དུ་སྤེལ་བ། རྒྱ་ཆེའི་ཏང་ཡོན་གྱི་འགན་འཁྲིའི་འདུ་ཤེས་མཐོ་རུ་གཏོང་བ་དང་དབང་ཆ་ཡང་དག་པར་སྤྱོད་པར་ཁྲིད་སྟོན་བྱེད་དགོས།

དོན་ཚན་ཞེ་གཅིག་པ། ཏང་གི་སྒྲིག་ཁྲིམས་ཞིབ་བཤེར་ལས་ཁུངས་ཀྱིས་ཏང་ཡོན་གྱི་ཁེ་དབང་འགན་སྲུང་བྱེད་པའི་འགན་འཁྲི་འཁུར་བ་དང་། ཏང་གི་རྩ་འཛུགས་དང་མགོ་ཁྲིད་ལས་བྱེད་པས་ཏང་ཡོན་གྱི་ཁེ་དབང་འགན་སྲུང་བྱེད་པའི་བྱ་བའི་འགན་འཁྲི་བསྒྲུབས་ཚུལ་ལ་ལྟ་སྐུལ་དང་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་བ། ཏང་ཡོན་གྱི་ཁེ་དབང་འགན་སྲུང་བྱེད་ཕྱོགས་སྐོར་གྱི་ཉེས་འདོན་དང་ཞུ་གཏུག་ཞུ་འབུལ་བཅས་བདག་སྤྲོད་དང་ཐག་གཅོད། ཏང་ཡོན་གྱི་ཁེ་དབང་ལ་བཙན་གནོད་བཏང་བའི་གྱོད་གཞི་ཞིབ་བཤེར་དང་ཐག་གཅོད། ཏང་ཡོན་གྱི་ཁེ་དབང་ལ་གནོད་འཚེ་བཏང་བའི་ཏང་གི་རྩ་འཛུགས་དང་ཏང་ཡོན་ལ་ཐག་གཅོད་དང་ཆད་པ་གཅོད་པའམ་ཐག་གཅོད་བྱ་རྒྱུའི་གྲོས་གཞི་འདོན་དགོས།

དོན་ཚན་ཞེ་གཉིས་པ། ཏང་ཨུ་གཞུང་དོན་ཐིང་(ཁང་)དང་རྩ་འཛུགས་པུའུ། དྲིལ་བསྒྲགས་པུའུ། འཐབ་ཕྱོགས་གཅིག་གྱུར་པུའུ། སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་། ཏང་གི་ལས་ཁུངས་ལས་དོན་ཨུ་ཡོན་ལྷན་ཁང་སོགས་ཏང་གི་ལས་དོན་ལས་ཁུངས་ཀྱིས་རང་ངོས་ཀྱི་འགན་ནུས་དང་བྱ་བའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། ཏང་ཡོན་གྱི་ཁེ་དབང་འགན་ལེན་ལས་དོན་དོན་འཁྱོལ་བྱེད་པར་དམ་འཛིན་བཟང་པོ་བྱེད་པ་དང་། འགན་འཁྲིའི་ཁྱབ་ཁོངས་ཀྱི་ཏང་ཡོན་གྱི་ཁེ་དབང་འགན་ལེན་ལས་དོན་གྱི་གནད་དོན་གལ་ཆེན་ཞིབ་འཇུག་ཐག་གཅོད་བྱེད་པ་དང་། རིམ་པ་དེ་གའི་ཏང་ཨུ་དང་སྒྲིག་ཨུ་ལ་བསམ་འཆར་དང་གྲོས་གཞི་བཏོན་ནས་ཏང་ཡོན་གྱི་ཁེ་དབང་རྒྱུན་གཏན་ངང་སྤྱོད་པར་ཆ་རྐྱེན་བསྐྲུན་པར་འགན་ལེན་དང་ཞབས་འདེགས་ཞུ་དགོས།

དོན་ཚན་ཞེ་གསུམ་པ། ཏང་གི་གཞི་རིམ་རྩ་འཛུགས་ཀྱིས་འཐབ་འཛིང་བཙན་རྫོང་གི་ནུས་པ་འདོན་སྤེལ་དང་། ཏང་ཡོན་གྱི་ཁེ་དབང་འགན་སྲུང་སྐོར་གྱི་ཁྲིམས་སྲོལ་ལམ་ལུགས་དོན་འཁྱོལ་ནན་མོ་བྱས་ཏེ། ཏང་ཡོན་གྱིས་དབང་ཆ་དག་ལག་བསྟར་གང་ལེགས་བྱེད་པར་འགན་སྲུང་བྱེད་པ་དང་། རྒྱུན་པར་ཏང་ཡོན་གྱི་བསམ་འཆར་དང་རེ་ཞུར་རྒྱུས་ལོན་བྱས་ཏེ། དུས་ཐོག་ཏུ་ཞིབ་འཇུག་ཐག་གཅོད་དང་། ཏང་ཡོན་གྱི་ཁེ་དབང་ལ་བཙན་གནོད་ཐེབས་པ་ཤེས་རྟོགས་བྱུང་ཚེ་དུས་ཐོག་ཏུ་ཐག་གཅོད་བྱེད་པའམ་ཡང་ན་གོང་རིམ་ཏང་རྩ་འཛུགས་ལ་སྙན་སེང་ཞུ་དགོས།

དོན་ཚན་ཞེ་བཞི་པ། མགོ་ཁྲིད་ལས་བྱེད་པ་སྤྱི་དང་ལྷག་པར་མཐོ་རིམ་ལས་བྱེད་པས་རང་དཔེ་གཞན་སྟོན་གྱིས་སྣེ་ཁྲིད་དེ་ཏང་ཡོན་གྱི་འོས་འགན་སྒྲུབ་པ་དང་ཏང་ཡོན་གྱི་ཁེ་དབང་བེད་སྤྱོད་ཡང་དག་བྱེད་པ། དམངས་གཙོའི་བྱང་ཚད་མཐོ་རུ་གཏོང་བ། བློ་མཐུན་ལ་ལྟ་སྟངས་འདྲ་མཉམ་འཛིན་པ། རང་རྟོགས་ཀྱིས་ཁྱད་དབང་གི་བསམ་བློ་དང་དམིགས་བསལ་དབང་ཆའི་སྣང་ཚུལ་ལ་འཐབ་རྩོད་བྱེད་པ་བཅས་བྱས་ནས། ཏང་ཡོན་གྱིས་ཧར་ཐག་གིས་ཁེ་དབང་བེད་སྤྱོད་བྱེད་པའི་རྣམ་པ་བཟང་པོ་ཆགས་སུ་འཇུག་དགོས།

འགོ་ཁྲིད་ལས་བྱེད་པས་ཏང་ཡོན་གྱི་ཁེ་དབང་འགན་སྲུང་བྱེད་པའི་ཐད་ཀྱི་ཁྲིམས་སྲོལ་ལམ་ལུགས་ལ་མིག་དཔེ་ལྡན་པའི་སྒོ་ནས་བརྩི་སྲུང་དང་ལག་བསྟར་ནན་མོ་བྱས་ཏེ། ཏང་ཡོན་གྱིས་ཁེ་དབང་རྒྱུན་ལྡན་ངང་སྤྱོད་པར་རྒྱབ་སྐྱོར་དང་བསྔགས་སྐུལ་བྱེད་པ། ཏང་རྩ་འཛུགས་རིམ་པ་ཁག་གི་འགན་འཁུར་བློ་མཐུན་གཙོ་བོས་འགན་འཁྲི་འཁུར་མཁན་དང་པོའི་འགན་འཁྲི་འཁུར་བ་དང་། ཏང་ཡོན་གྱི་ཁེ་དབང་འགན་སྲུང་ལས་དོན་སྐོར་གྱི་བརྟག་དཔྱད་ཞིབ་འཇུག་དང་འབྲེལ་ཡོད་སྒྲིག་གཞི་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། གནད་དོན་མངོན་གསལ་གྱིས་ཐག་གཅོད་བྱེད་པར་སྐུལ་འདེད་དང་། ས་ཁུལ་དེ་ག་དང་སྡེ་ཁག་འདི་ག སྡེ་ཚན་འདི་བཅས་ཀྱི་ཏང་ཡོན་ཁེ་དབང་འགན་སྲུང་བྱ་བ་དོན་འཁྱོལ་བྱེད་པར་དམ་འཛིན་ལེགས་པོ་བྱེད་དགོས།

དོན་ཚན་ཞེ་ལྔ་པ། ཏང་རྩ་འཛུགས་དང་མགོ་ཁྲིད་ལས་བྱེད་པར་གཤམ་གྱི་ཏན་ཡོན་ཁེ་དབང་ལ་གནོད་འཚེ་གཏོང་བའི་གྲས་ཀྱི་གནས་ཚུལ་གཅིག་ཡོད་ཚེ། སྒྲིག་ཁྲིམས་ལྟར་འགན་འཁྲི་བདའ་འདེད་གཏོང་དགོས།

(གཅིག)ཏང་ནང་གི་ལས་དོན་གཏན་འབེབས་ལྟར་ཡོངས་བསྒྲགས་མི་བྱས་པར་ཏང་ཡོན་གྱི་གནས་ཚུལ་ཤེས་དབང་ལ་གནོད་འཚེ་བཏང་བ། 

(གཉིས།)དམངས་གཙོ་གཅིག་སྡུད་ལམ་ལུགས་ཀྱི་རྩ་དོན་དང་འགལ་ནས་ཏང་ནང་གི་དམངས་གཙོར་འགོག་གནོན་དང་གཏོར་བཤིག་བཏང་བ་དང་། སྒྲིག་སྲོལ་ལས་འགལ་ཏེ་གནད་དོན་ཚབ་ཆེན་ཐག་གཅོད་བྱས་པ།  

(གསུམ།)དམངས་གཙོས་འོས་སྦྱོར་དང་། དམངས་གཙོས་ཚད་ལེན། དམངས་གཙོས་དཔྱད་གླེང་། དཔྱད་ཞིབ་རྟོག་ཞིབ། ཏང་ནང་གི་འདེམས་བསྐོ་སོགས་ཀྱི་ལས་དོན་ཁྲོད། རྩ་འཛུགས་ཀྱི་རྩ་དོན་དང་འགལ་ནས་བཙན་ཤེད་དང་འཇིགས་སྐུལ། མགོ་སྐོར། སླུ་ཁྲིད་སོགས་ཀྱི་བྱེད་ཐབས་སྤྱད་དེ་ཏང་ཡོན་གྱིས་རང་ཐག་རང་གཅོད་ཀྱིས་བརྡས་ཐག་གཅོད་པའི་དབང་ཆ་དང་། འདེམས་བྱེད་ཀྱི་དབང་ཆ། གདམ་བྱའི་དབང་ཆ་སོགས་ཀྱི་ཁེ་དབང་སྤྱོད་པར་འགོག་རྐྱེན་བཟོས་པ། 

(བཞི།)ཏང་ཡོན་ལ་སྐྱོན་བརྗོད་དང་མཚང་འབྱིན། ཐེར་འདོན།  ཞུ་གཏུག དག་སེལ། དཔང་འདོན། དག་འབུད། རྒྱུ་མཚན་ཞུ་འབུལ་སོགས་རྒྱུན་ལྡན་ཁེ་དབང་ལག་ལེན་བསྟར་བའི་བྱ་སྤྱོད་ལ་རྩད་གཅོད་བྱེད་པའམ་ཡང་ན་བཀག་འགོག་དང་འགོག་གནོན། རྡུང་རྡེག་འཁོན་སློག་སོགས་ཀྱི་བྱེད་ཐབས་སྤྱད་དེ་ཏང་ཡོན་གྱིས་རྒྱུན་ལྡན་ཁེ་དབང་སྤྱོད་པར་འགོག་རྐྱེན་བཟོས་པ། 

(ལྔ།)མཚང་འབྱིན་དང་ཐེར་འདོན། ཞུ་གཏུག་སོགས་ཀྱི་གསང་དགོས་པའི་ཆ་འཕྲིན་ཕྱིར་བསྒྲགས་བྱས་པ། 

(དྲུག)སྒྲིག་འགལ་ཁྲིམས་འགལ་གྱིས་ཞིབ་བཤེར་བརྟག་དཔྱད་བྱེད་ཐབས་སྤྱད་དེ་ཏང་ཡོན་གྱི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་བཏང་བ། 

(བདུན།)ཏང་ཡོན་གྱིས་རྒྱུན་ལྡན་ཁེ་དབང་ལག་བསྟར་བྱེད་པའི་རེ་ཞུ་ལ་དང་ལེན་བྱེད་སྐབས་འཕྲལ་སེལ་སླ་བཅོས་དང་། རང་འགན་གཞན་དཀྲི་བྱས་ནས། སྲིད་ཇུས་སམ་འབྲེལ་ཡོད་གཏན་འབེབས་ལྟར་ཐག་གཅོད་བྱེད་ཐུབ་ཀྱང་དུས་ཐོག་ཏུ་ཐག་གཅོད་མ་བྱས་པ། 

(བརྒྱད།)ཏང་ཡོན་གྱི་ཁེ་དབང་ལ་གནོད་འཚེ་གཏོང་བའི་གནས་ཚུལ་གཞན་དག 

དོན་ཚན་ཞེ་དྲུག་པ། ཏང་ཡོན་གྱིས་ཁེ་དབང་ཡང་དག་པར་མ་སྤྱད་པར། ཏང་དང་རྒྱལ་ཁབ། མི་དམངས་བཅས་ཀྱི་ཁེ་ཕན་ལ་གནོད་འཚེ་བཏང་བར། གཤམ་གསལ་བྱ་སྤྱོད་ལས་རིགས་གཅིག་ཡོད་ན། སྒྲིག་སྲོལ་དང་སྒྲིག་ཁྲིམས་ལྟར་འགན་འཁྲི་བདའ་འདེད་གཏོང་དགོས་ཏེ། 

(གཅིག)ཏང་གི་རིག་གཞུང་ལམ་ཕྱོགས་དང་བྱེད་ཕྱོགས། སྲིད་ཇུས་བཅས་དང་འགལ་བ་དང་། ཏང་ཀྲུང་དབྱང་གི་ཐབས་ཇུས་དང་བཀོད་སྒྲིག་གལ་ཆེན་དང་འགལ་བའི་ལྟ་ཚུལ་དང་བསམ་འཆར་ཡོངས་བསྒྲགས་སྒོས་སྤེལ་བ། 

(གཉིས།)རྩ་འཛུགས་ཀྱི་རྩ་དོན་དང་གོ་རིམ་ལྟར་སྐྱོན་བརྗོད་དང་མཚང་འབྱིན། ཐེར་འདོན། ཞུ་གཏུག་བཅས་མ་བྱས་པའམ། ཐག་གཅོད་དང་ཆད་གཅོད། གོ་གནས་འཐེན་པ། བརྗེ་འཐེན་བཅས་ཀྱི་བླང་བྱ་མ་བཏོན་པ། ཡང་ན་རང་སྣང་གང་ཤར་གྱིས་ཁྱབ་སྤེལ་དང་ཁྱབ་བསྒྲགས་བྱས་པ། 

(གསུམ།)ཏང་གི་སྒྲིག་ཁྲིམས་སམ་ཡང་ན་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་གཏན་འབེབས་དང་འགལ་བའི་དྲ་རྒྱའི་ཆ་འཕྲིན་ནམ་ཆ་འཕྲིན་གཞན་དག་བཟོས་པ་དང་འགྲེམས་བསྒྲགས། བརྒྱུད་བསྒྲགས་བཅས་བྱས་པ། 

(བཞི།)དོན་དངོས་རྫུན་བཟོ་དང་རྒྱུ་ཆ་རྫུན་བཟོ་བྱས་ནས་སྙོན་འཛུགས་ཞུ་གཏུག་བྱས་པ།  

(ལྔ།)ཏང་ཡོན་གྱི་ཁེ་དབང་ཡང་དག་པར་མ་སྤྱད་པའི་བྱ་སྤྱོད་གཞན་དག 

དོན་ཚན་ཞེ་བདུན་པ། ཏང་ཡོན་གྱི་ཁེ་དབང་ལ་གནོད་འཚེ་གཏོང་བའི་བྱ་སྤྱོད་ཡོད་པའི་ཏང་གི་རྩ་འཛུགས་ལ། གོང་རིམ་ཏང་གི་རྩ་འཛུགས་ཀྱིས་དེར་ཡོ་བསྲང་བྱེད་དུ་འཇུག་དགོས་པ་དང་། གནས་ཚུལ་ཅུང་ཚབས་ཆེ་ན། གཏན་འབེབས་ལྟར་སྒྲིག་ཁྲིམས་ཀྱི་འགན་འཁྲི་བདའ་འདེད་གཏོང་དགོས། 

ཏང་ཡོན་གྱི་ཁེ་དབང་ལ་གནོད་འཚེ་གཏོང་བའི་བྱ་སྤྱོད་ཡོད་པའི་ཏང་ཡོན་ལ། དེ་ཉིད་གནས་སའི་ཏང་གི་རྩ་འཛུགས་སམ་ཡང་ན་གོང་རིམ་ཏང་གི་རྩ་འཛུགས་ཀྱིས་དབང་གནོད་བྱ་སྤྱོད་སྤེལ་མཚམས་འཇོག་ཏུ་འཇུག་པ་དང་། དགོངས་དག་ཐུགས་བདེན་ཞུ་རུ་འཇུག་པ་མ་ཟད། སྐྱོན་བརྗོད་སློབ་གསོ་དང་ཞིབ་བཤེར་བྱེད་འགན་དཀྲི་བ། བསླབ་འདོམས་སྐུལ་ལྕག་སོགས་ཀྱི་བྱེད་ཐབས་སྤྱད་ནས་ཐག་གཅོད་བྱས་ཆོག གནས་ཚུལ་ཅུང་ཚབས་ཆེ་ན།  གཏན་འབེབས་ལྟར་རྩ་འཛུགས་ཀྱིས་ལེགས་སྒྲིག་བྱེད་པའམ་ཡང་ན་རྩ་འཛུགས་ཀྱིས་ཐག་གཅོད་བྱེད་པ་དང་། ཏང་གི་སྒྲིག་ཁྲིམས་ཀྱི་ཆད་པ་གཅོད་དགོས། 

དོན་ཚན་ཞེ་བརྒྱད་པ། ཏང་རྩ་འཛུགས་དང་འགོ་ཁྲིད་ལས་བྱེད་པས་ཏང་གི་སྒྲིག་ཡིག་དང་ཏང་ནང་གི་ཁྲིམས་སྲོལ་གཞན་དག་གི་གཏན་འབེབས་དང་འགལ་ཏེ། ཏང་ཡོན་གྱི་ཁེ་དབང་འགན་སྲུང་བྱེད་པའི་འགན་འཁྲི་མི་སྒྲུབ་པའམ་ཡང་ན་ཡང་དག་པར་མ་སྒྲུབ་པའི་རྐྱེན་གྱིས་མཇུག་འབྲས་ཚབས་ཆེན་བཟོས་པའམ་ཡང་ན་ཤུགས་རྐྱེན་ངན་པ་བཟོས་ན། དོ་དམ་གྱི་དབང་ཚད་ལྟར་འབྲེལ་ཡོད་ཏང་ཨུད(ཏང་ཙུའུ)དང་ཏང་གི་སྒྲིག་ཁྲིམས་ཞིབ་བཤེར་ལས་ཁུངས་སམ་ཡང་ན་ཏང་གི་ལས་དོན་ལས་ཁུངས་ཀྱིས་འགན་འཁྲི་རྩད་གཅོད་བྱེད་དགོས། 

དོན་ཚན་ཞེ་དགུ་པ། ཏང་ཡོན་གྱི་ཁེ་དབང་ལ་གནོད་འཚེ་བཏང་བའི་རྐྱེན་གྱིས་ཏང་གི་སྒྲིག་ཁྲིམས་ཀྱིས་བདའ་འདེད་ཕོག་པའམ་ཡང་ན་ཏང་ཡོན་གྱི་ཁེ་དབང་འགན་སྲུང་བྱེད་པའི་ཐད་ལས་འཛོལ་འགན་ཤོར་རིགས་ཀྱི་རྐྱེན་གྱིས་འགན་འཁྲི་བདའ་འདེད་བཏང་བའི་ཏང་ཡོན་ལ། སྲིད་དོན་ཆད་པ་གཅོད་པའམ་ཡང་ན་ཐག་གཅོད་གཞན་དག་བྱེད་པར་ཏང་གི་སྒྲིག་ཁྲིམས་ཀྱི་ཆད་པ་གཅོད་རྒྱུའི་གཏན་འབེབས་དང་འགན་འཁྲི་བདའ་འདེད་གཏོང་རྒྱུའི་གཏན་འབེབས་བྱེད་མཁན་ཏང་རྩ་འཛུགས་ཀྱིས་འབྲེལ་ཡོད་སྡེ་ཁག་ལ་བརྡ་ཁྱབ་བཏང་ནས། འབྲེལ་ཡོད་འབྲེལ་ཡོད་སྡེ་ཁག་གིས་ཁྲིམས་ལྟར་སྲིད་དོན་ཆད་པ་གཅོད་པའམ་ཡང་ན་ཐག་གཅོད་གཞན་དག་བྱེད་དགོས། ནག་ཉེས་ཚད་ལོན་མཁན་ལ་བཅའ་ཁྲིམས་ལྟར་ཉེས་འགན་བདའ་འདེད་བྱེད་དགོས། 

ལེའུ་ལྔ་པ། ཞར་བྱུང་དོན་ཚན། 

དོན་ཚན་ལྔ་བཅུ་པ། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གིས་སྲོལ་ཡིག་འདིར་གཞིགས་ནས་འབྲེལ་ཡོད་གཏན་འབེབས་བཟོས་ཆོག 

དོན་ཚན་ང་གཅིག་པ། སྲོལ་ཡིག་འདི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་ཀྲུང་དབྱང་རྩ་འཛུགས་པུའུ་དང་གྲོས་མོལ་བྱས་ནས་གསལ་འགྲེལ་བྱ་རྒྱུ། 

དོན་ཚན་ང་གཉིས་པ། སྲོལ་ཡིག་འདི་ཁྱབ་བསྒྲགས་བྱས་ཉིན་ནས་ལག་ལེན་བསྟར་རྒྱུ།

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།