ཀྲུང་གོ་བོད་ཀྱི་དྲ་བ།

དམངས་དོན་ཁྲིམས་གཞུང་གི་ས་བཅད་གསུམ་པ། གར་སོང་ཆ་མེད་དུ་གྱུར་པ་ཁྱབ་སྒྲོག་དང་ཤི་བ་ཁྱབ་སྒྲོག

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀྲུང་གོ་བོད་ཀྱི་དྲ་བའི་ལོ་ཙཱ་ཚན་ཆུང་གིས་བསྒྱུར།   སྤེལ་དུས། : 2021-04-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

དོན་ཚན་བཞི་བཅུ་པ། 【གར་སོང་ཆ་མེད་དུ་གྱུར་པ་ཁྱབ་སྒྲོག་བྱེད་པའི་ཆ་རྐྱེན】རང་བྱུང་མི་གར་སོང་ཆ་མེད་དུ་གྱུར་ནས་ལོ་གཉིས་ལོན་ན་ཕན་གནོད་འབྲེལ་མིས་མི་དམངས་ཁྲིམས་ཁང་ལ་སྤྱི་དམངས་དེ་གར་སོང་ཆ་མེད་དུ་གྱུར་པ་ཁྱབ་སྒྲོག་བྱ་རྒྱུའི་རེ་འདུན་ཞུས་ཆོག 

དོན་ཚན་ཞེ་གཅིག་པ། 【གར་སོང་ཆ་མེད་དུ་གྱུར་པའི་དུས་ཚོད་བརྩི་ཚུལ】རང་བྱུང་སྐྱེ་བོ་གར་སོང་ཆ་མེད་དུ་གྱུར་པའི་དུས་ཚོད་དེ་བརྡ་འཕྲིན་བོར་བའི་ཉིན་ནས་བརྩི་དགོས་ལ། དམག་འཁྲུག་སྐབས་སུ་གར་སོང་ཆ་མེད་དུ་གྱུར་པའི་དུས་ཚོད་དེ་དམག་འཁྲུག་མཚམས་བཞག་པའམ་འབྲེལ་ཡོད་ལས་ཁུངས་ཀྱིས་གཏན་འཁེལ་བྱས་པའི་ཉིན་ནས་བཟུང་བརྩི་དགོས། 

དོན་ཚན་ཞེ་གཉིས་པ། 【གར་སོང་ཆ་མེད་དུ་གྱུར་པའི་མིའི་རྒྱུ་ནོར་ཚབ་གཉེར་བྱེད་མཁན】གར་སོང་ཆ་མེད་དུ་གྱུར་པའི་མིའི་རྒྱུ་ནོར་ནི་དེའི་བཟའ་ཟླ་དང་བུ་ཕྲུག་དར་མ། ཕ་མའམ་ཡང་ན་རྒྱུ་ནོར་ཚབ་གཉེར་བྱེད་འདོད་ཡོད་པའི་ལས་ཚབ་པས་ཚབ་གཉེར་བྱ་དགོས།

ཚབ་གཉེར་ལ་རྩོད་གླེང་ཡོད་ཅིང་གོང་གསལ་ནང་གསེས་དོན་ཚན་ནང་གཏན་འཁེལ་བྱས་པའི་མི་མེད་པའམ་ཡང་ན་གོང་གསལ་ནང་གསེས་དོན་ཚན་ནང་གཏན་འཁེལ་ཀྱི་མི་ལ་ཚབ་གཉེར་བྱེད་ནུས་མེད་ན། མི་དམངས་ཁྲིམས་ཁང་གིས་ཚབ་གཉེར་པ་གཏན་འཁེལ་བྱ་དགོས།

དོན་ཚན་ཞེ་གསུམ་པ། 【རྒྱུ་ནོར་ཚབ་གཉེར་པའི་འགན་འཁྲི】རྒྱུ་ནོར་གྱི་ཚབ་གཉེར་པས་གར་སོང་ཆ་མེད་དུ་གྱུར་པའི་མིའི་རྒྱུ་ནོར་ཚབ་གཉེར་འོས་འཚམ་བྱས་ཏེ་དེའི་རྒྱུ་ནོར་ཁེ་དབང་སྲུང་སྐྱོང་བྱ་དགོས། 

གར་སོང་ཆ་མེད་དུ་གྱུར་པའི་མིས་ཁྲལ་དངུལ་དང་བུ་ལོན། སྤྲོད་འཇལ་བྱ་དགོས་པའི་གྲོན་དངུལ་གཞན་དག་ནི་རྒྱུ་ནོར་ཚབ་གཉེར་པས་གར་སོང་ཆ་མེད་དུ་གྱུར་པའི་མིའི་རྒྱུ་ནོར་ཁྲོད་ནས་སྤྲོད་དགོས། རྒྱུ་ནོར་ཚབ་གཉེར་པས་བསམ་བཞིན་ནམ་ཡང་ན་ལས་འཛོལ་ཚབས་ཆེན་བྱུང་བའི་དབང་གིས་གར་སོང་ཆ་མེད་དུ་གྱུར་པའི་མིའི་རྒྱུ་ནོར་ལ་གྱོང་གུད་བཟོས་ན་སྐྱིན་ཚབ་འགན་འཁྲི་འཁུར་དགོས། 

དོན་ཚན་ཞེ་བཞི་པ། 【རྒྱུ་ནོར་ཚབ་གཉེར་པའི་བཟོ་བཅོས】རྒྱུ་ནོར་ཚབ་གཉེར་པས་ཚབ་གཉེར་གྱི་འགན་འཁྲི་མི་སྒྲུབ་པ་དང་གར་སོང་ཆ་མེད་དུ་གྱུར་པའི་མིའི་རྒྱུ་ནོར་ཁེ་དབང་ལ་གནོད་འཚེ་བཏང་བ། ཡང་ན་ཚབ་གཉེར་དོ་དམ་བྱེད་ནུས་ཤོར་བ་སོགས་ཀྱི་གནས་ཚུལ་ཡོད་ན་གར་སོང་ཆ་མེད་དུ་གྱུར་པའི་མིའི་ཕན་གནོད་འབྲེལ་མིས་མི་དམངས་ཁྲིམས་ཁང་ལ་རྒྱུ་ནོར་ཚབ་གཉེར་པ་བསྐྱུར་བའི་རེ་འདུན་ཞུས་ཆོག

རྒྱུ་ནོར་ཚབ་གཉེར་པ་ལ་རྒྱུ་མཚན་ལུགས་མཐུན་ཡོད་ན་མི་དམངས་ཁྲིམས་ཁང་ལ་རྒྱུ་ནོར་གྱི་ཚབ་གཉེར་པ་བརྗེ་བའི་རེ་འདུག་བྱས་ཆོག མི་དམངས་ཁྲིམས་ཁང་གིས་རྒྱུ་ནོར་ཚབ་གཉེར་པ་བརྗེས་ན། བརྗེས་པའི་རྗེས་ཀྱི་རྒྱུ་ནོར་ཚབ་གཉེར་པས་སྔ་མའི་རྒྱུ་ནོར་ཚབ་གཉེར་པ་ལ་དུས་ཐོག་ཏུ་འབྲེལ་ཡོད་རྒྱུ་ནོར་རྩིས་སྤྲོད་དང་དོ་དམ་གྱི་གནས་ཚུལ་སྙན་སེང་ཞུ་དགོས་པའི་རེ་འདུན་ཞུ་དབང་ཡོད། 

དོན་ཚན་ཞེ་ལྔ་པ། 【གར་སོང་ཆ་མེད་དུ་གྱུར་པའི་ཁྱབ་སྒྲོག་ཕྱིར་འཐེན】གར་སོང་ཆ་མེད་དུ་གྱུར་པའི་མི་དེ་བསྐྱར་དུ་བྱུང་ན་རང་ཉིད་དམ་ཡང་ན་ཕན་གནོད་འབྲེལ་མིས་རེ་ཞུ་བརྒྱུད་མི་དམངས་ཁྲིམས་ཁང་གིས་གར་སོང་ཆ་མེད་དུ་གྱུར་པའི་ཁྱབ་སྒྲོག་ཕྱིར་འཐེན་བྱ་དགོས། གར་སོང་ཆ་མེད་དུ་གྱུར་པའི་མི་དེ་བསྐྱར་དུ་བྱུང་ན་རྒྱུ་ནོར་གྱི་ཚབ་གཉེར་པ་ལ་དུས་ཐོག་ཏུ་འབྲེལ་ཡོད་རྒྱུ་ནོར་རྩིས་སྤྲོད་དང་དོ་དམ་གྱི་གནས་ཚུལ་སྙན་སེང་ཞུ་བའི་དབང་ཆ་ཡོད།

དོན་ཚན་ཞེ་དྲུག་པ། 【ཤི་བ་ཁྱབ་སྒྲོག་གི་ཆ་རྐྱེན】རང་བྱུང་མི་ལ་གཤམ་གསལ་གྱི་གནས་ཚུལ་ལས་རིགས་གཅིག་ཡོད་ཚེ། ཕན་གནོད་འབྲེལ་མིས་མི་དམངས་ཁྲིམས་ཁང་ལ་སྤྱི་དམངས་དེ་ཤི་བ་ཁྱབ་སྒྲོག་བྱ་རྒྱུའི་རེ་འདུན་ཞུས་ཆོག་སྟེ།

(གཅིག)གར་སོང་ཆ་མེད་དུ་གྱུར་ནས་ལོ་བཞི་འགོར་བ།

(གཉིས)བློ་ཡུལ་ལས་འདས་པའི་དོན་རྐྱེན་བྱུང་སྟེ་གར་སོང་ཆ་མེད་དུ་གྱུར་ནས་ལོ་གཉིས་འགོར་བ།

བློ་ཡུལ་ལས་འདས་པའི་དོན་རྐྱེན་བྱུང་ནས་འབྲེལ་ཡོད་ལས་ཁུངས་ཀྱིས་རང་བྱུང་མི་དེ་གསོན་ཐབས་མེད་པ་བདེན་དཔང་བྱས་ཚེ། ཤི་བ་ཁྱབ་སྒྲོག་བྱ་རྒྱུའི་རེ་ཞུ་དེར་ལོ་གཉིས་ཀྱི་དུས་ཡུན་ཀྱི་ཚད་བཀག་མེད།

དོན་ཚན་ཞེ་བདུན་པ། 【ཤི་བ་ཁྱབ་སྒྲོག་གི་འོས་འཚམ་གྱི་སྒྲུབ་སྟངས】རང་བྱུང་མི་གཅིག་ལ་ཕན་གནོད་འབྲེལ་མི་ལ་ལས་ཤི་བ་ཁྱབ་སྒྲོག་བྱ་རྒྱུའི་རེ་འདུན་ཞུས་པ་དང་། ལ་ལས་གར་སོང་ཆ་མེད་དུ་གྱུར་པ་ཁྱབ་སྒྲོག་བྱ་རྒྱུའི་རེ་འདུན་ཞུས་ན། མི་དམངས་ཁྲིམས་ཁང་གིས་བཅའ་ཁྲིམས་འདི་གཞིར་བཟུང་ནས་ཤི་ཟིན་པའི་ཆ་རྐྱེན་དང་མཐུན་ན་ཤི་བ་ཁྱབ་སྒྲོག་བྱ་དགོས། 

དོན་ཚན་ཞེ་བརྒྱད་པ། 【ཤི་བ་ཁྱབ་སྒྲོག་བྱས་པའི་མིའི་ཟླ་ཚེས་ཀྱི་གཏན་འཁེལ】ཤི་བ་ཁྱབ་སྒྲོག་བྱས་པའི་མི་དེའི་ཤི་དུས་ནི་མི་དམངས་ཁྲིམས་ཁང་གི་བཅད་ཁྲ་ཡི་གེ་ཐོན་པའི་ཉིན་ནས་བརྩི་དགོས་ལ། བློ་ཡུལ་ལས་འདས་པའི་དོན་རྐྱེན་བྱུང་བའི་རྐྱེན་གྱིས་ཤི་བ་ཁྱབ་སྒྲོག་བྱས་པ་དག་བློ་ཡུལ་ལས་འདས་པའི་དོན་རྐྱེན་བྱུང་བའི་ཉིན་ནས་བརྩི་དགོས།

དོན་ཚན་ཞེ་དགུ་པ། 【ཤི་བ་ཁྱབ་སྒྲོག་བྱས་པའི་དུས་ཡུན་གྱི་དམངས་དོན་བཅའ་ཁྲིམས་བྱ་སྤྱོད་ཀྱི་ནུས་པ】རང་བྱུང་མི་ཤི་བ་ཁྱབ་སྒྲོག་བྱས་རྗེས་ཤི་མེད་ན། རང་བྱུང་མི་དེས་ཤི་བ་ཁྱབ་སྒྲོག་བྱས་པའི་དུས་ཚོད་ནང་ལག་བསྟར་བྱས་པའི་དམངས་དོན་བཅའ་ཁྲིམས་ཀྱི་ནུས་པར་ཤུགས་རྐྱེན་མི་ཐེབས། 

དོན་ཚན་ལྔ་བཅུ་པ། 【ཤི་བའི་ཁྱབ་སྒྲོག་ཕྱིར་འཐེན】ཤི་བ་ཁྱབ་སྒྲོག་བྱས་པའི་མི་བསྐྱར་དུ་བྱུང་ན་རང་ཉིད་དམ་ཡང་ན་ཕན་གནོད་འབྲེལ་མིས་རེ་ཞུ་བྱས་པ་བརྒྱུད་མི་དམངས་ཁྲིམས་ཁང་གིས་ཤི་བའི་ཁྱབ་སྒྲོག་ཕྱིར་འཐེན་བྱ་དགོས། 

དོན་ཚན་ང་གཅིག་པ། 【ཤི་བ་ཁྱབ་སྒྲོག་དང་ཤི་བའི་ཁྱབ་སྒྲོག་ཕྱིར་འཐེན་གྱིས་གཉེན་སྒྲིག་གི་འབྲེལ་བར་བཟོས་པའི་ཤུགས་རྐྱེན】ཤི་བ་ཁྱབ་སྒྲོག་བྱས་པའི་མིའི་གཉེན་སྒྲིག་གི་འབྲེལ་བ་ནི་ཁྱབ་སྒྲོག་བྱས་ཉིན་ནས་མེད་པར་འགྲོ། ཤི་བའི་ཁྱབ་སྒྲོག་ཕྱིར་འཐེན་བྱས་པ་དག་གི་གཉེན་སྒྲིག་གི་འབྲེལ་བ་ནི་ཕྱིར་འཐེན་བྱས་ཉིན་ནས་བཟུང་སླར་གསོ་བྱུང་བ་ཡིན། འོན་ཀྱང་བཟའ་ཟླ་ཡང་བསྐྱར་གཉེན་སྒྲིག་པའམ་ཡང་ན་གཉེན་སྒྲིག་ཐོ་འགོད་ལས་ཁུངས་ལ་ཡིག་ཐོག་ནས་གསལ་བཤད་བྱས་ཏེ་སླར་གསོ་བྱེད་མི་འདོད་པ་ཕུད། 

དོན་ཚན་ང་གཉིས་པ། 【ཤི་བའི་ཁྱབ་སྒྲོག་ཕྱིར་འཐེན་གྱིས་ཉར་གསོའི་འབྲེལ་བར་བཟོས་པའི་ཤུགས་རྐྱེན】ཤི་བ་ཁྱབ་སྒྲོག་བྱས་པའི་མི་དེ་ཤི་བའི་དུས་ཚོད་ནང་རང་ཉིད་ཀྱི་ཕྲུ་གུ་མི་གཞན་པས་ཁྲིམས་ལྟར་ཉར་གསོ་བྱས་ན། ཤི་བའི་ཁྱབ་སྒྲོག་ཕྱིར་འཐེན་བྱས་རྗེས་རང་ཉིད་མོས་འཐུན་མ་བྱུང་ཞེས་ཉར་གསོ་ལ་ནུས་པ་མེད་པའི་འདོད་ཚུལ་བཏོན་མི་ཆོག 

དོན་ཚན་ང་གསུམ་པ། 【ཤི་བའི་ཁྱབ་སྒྲོག་ཕྱིར་འཐེན་བྱས་རྗེས་ཀྱི་རྒྱུ་ནོར་ཕྱིར་སྤྲོད】ཤི་བ་ཁྱབ་སྒྲོག་བྱས་པའི་མིར་བཅའ་ཁྲིམས་འདིའི་ལེ་ཚན་དྲུག་པ་ལྟར་རང་གི་རྒྱུ་ནོར་ཕྱིར་སྤྲོད་བྱེད་པའི་རེ་འདུན་ཞུ་དབང་ཡོད། ཕྱིར་སྤྲོད་བྱེད་ཐབས་མེད་ན་འོས་འཚམ་གྱི་ཁ་གསབ་སྟེར་དགོས།

ཕན་གནོད་འབྲེལ་མིས་གནས་ཚུལ་ངོ་མ་སྦ་གསང་བྱས་ཏེ་མི་གཞན་ཤི་བ་ཁྱབ་སྒྲོག་བྱས་ནས་དེའི་རྒྱུ་ནོར་ཐོབ་པའི་རིགས་ལ་རྒྱུ་ནོར་ཕྱིར་སྤྲོད་བྱ་དགོས་པ་ཕུད། ད་དུང་དེར་གྱོང་གུད་བཟོས་པར་སྐྱིན་ཚབ་འཇལ་པའི་འགན་ཡང་འཁུར་དགོས།  

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།