ཀྲུང་གོ་བོད་ཀྱི་དྲ་བ།

གཏན་འཁེལ་གསར་པ་འདི་དག་ཟླ3པའི་ཚེས1ཉིན་ནས་བཟུང་ལག་བསྟར་བྱས་པ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2021-03-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཟླ་གསུམ་པར་སྐྱེ་དངོས་ཡོད་ཚད་སླར་གསོ་འབྱུང་མགོ་བརྩམས་པ་དང་བསྟུན་ནས།ཉེས་དོན་འགན་འཁྲིའི་ལོ་ཚོད་དང་འབྲེལ་བའི་གཏན་འཁེལ་ལེགས་སྒྲིག་བྱས་པ་དང་།དྲ་ཐོག་ནས་ལས་མི་བསྡུ་སྐབས་མཐོང་ཆུང་རང་བཞིན་གྱི་ནང་དོན་ཡོད་མི་ཆོག་པ་སོགས་རྒྱལ་ཇུས་དམངས་འཚོ་དང་འབྲེལ་བ་ཡོད་པའི་གཏན་འཁེལ་གསར་པ་འགའ་ཡང་ལག་བསྟར་བྱས་པས།ཁྲིམས་སྐྱོང་ལ་དྲོད་ཁོལ་འཛོམས་ན་སྤྱི་ཚོགས་ཡར་ཐོན་མི་འབྱུང་ག་ལ་སྲིད།

ཉེས་དོན་འགན་འཁྲིའི་ལོ་ཚོད་དང་འབྲེལ་བའི་གཏན་འཁེལ་ལེགས་སྒྲིག་བྱས་པ།

ཉེས་དོན་བཟོ་བཅོས་འཆར་ཟིན(བཅུ་གཅིག་པ)ཟླ3པའི་ཚེས1ཉིན་ནས་བཟུང་ལག་བསྟར་བྱས་པ་དང་།དེ་ནི་ནར་མ་སོན་པའི་མིའི་ཉེས་བསགས་དང་།རིམས་ནད་སྔོན་འགོག་ཚོད་འཛིན།དངུལ་རྩའི་ཚོང་རའི་སྣང་ཚུལ་མི་ལེགས་པ་སོགས་སྤྱི་ཚོགས་ཀྱི་ཚ་གནད་དང་འབྲེལ་ཡོད།

བཟོ་བཅོས་འཆར་ཟིན་ནང་ཉེས་དོན་འགན་འཁྲིའི་ལོ་ཚོད་དང་འབྲེལ་བའི་གཏན་འཁེལ་ལེགས་སྒྲིག་བྱས་པ་སྟེ།ལོ12ཡན་དང་ལོ14མན་གྱི་མིས་བསམ་བཞིན་དུ་མི་བསད་པ་དང་།བསམ་བཞིན་དུ་གཞན་ལ་གནོད་འཚེ་བཏང་བ།མི་ལ་ཤི་རྨས་བཟོས་པའམ་ཡང་ན་གདུག་རྩུབ་ཆེ་བའི་བྱེད་ཐབས་ཀྱིས་མི་ལ་རྨས་སྐྱོན་ལྗིད་མོ་བཟོས་ཏེ་དབང་བོ་སྐྱོན་ཅན་དུ་བཏང་བ་སོགས།གནས་ཚུལ་ཚབས་ཆེན་ཡིན་པ་དང་།ཆེས་མཐོ་མི་དམངས་ཞིབ་དཔྱོད་ཁང་གིས་ཁྲིམས་སྦྱོར་བདའ་འདེད་ཀྱི་ཆོག་མཆན་བཀོད་ན།ངེས་པར་དུ་ཉེས་དོན་འགན་འཁྲི་འཁུར་དགོས།

དེ་ལས་གཞན་ད་རུང་།བཟོ་བཅོས་འཆར་ཟིན་ནང་མགོ་སྐོར་བཏང་ནས་རྐང་དངུལ་འཛིན་ལོར་དང་བུན་འཛིན་འགྲེམ་སྤེལ་བྱས་པའི་ནག་ཉེས་དང་།ཁྲིམས་འགལ་སྒོས་ཆ་འཕྲིན་གཙོ་བོ་ཕྱི་རུ་བསྒྲགས་པ་དང་ཕྱི་རུ་མ་བསྒྲགས་པ་སོགས་ཀྱི་མ་རྩའི་ཚོང་རའི་ཁྲིམས་འགལ་ཉེས་བསགས་ལ་ཆད་པ་གཅོད་ཤུགས་ཆེ་རུ་གཏོང་བ་དང་།ཁྲིམས་འགལ་སྒོས་བུ་ལོན་འདེད་པའི་བྱ་སྤྱོད་ལ་ཁྲིམས་ཐག་ནན་མོ་གཅོད་པ།དྲག་ཤུགས་དང“འཇམ་པའི་དྲག་ཤུགས”སོགས་ཀྱི་བྱེད་ཐབས་སྤྱད་དེ་སྐྱེད་མཐོ་དངུལ་བུན་སྡུད་འདེད་བྱེད་པ་སོགས་ལས་བྱུང་བའི་ཁྲིམས་འགལ་བུ་ལོན་གྱི་བྱ་སྤྱོད་དག་ཉེས་བསགས་ཀྱི་ཁོངས་སུ་བཞག་པ།ནར་མ་སོན་པའི་མི་ལ་འཁྲིག་སྤྱོད་བཙན་གནོན་བྱེད་པའི་ཉེས་བསགས་ལ་ཆད་པ་གཅོད་ཤུགས་ཆེ་རུ་གཏོང་བ།སྨན་རྫས་རྫུན་མ་བཟོ་བར་རྡུང་རྡེག་ནན་མོ་གཏོང་བ་དང་།མཐོ་ས་ནས་དངོས་པོ་མར་འཕེན་པ་དང་སྤྱི་སྤྱོད་རླངས་འཁོར་གྱི་ཁ་སྒྱུར་འཁོར་ལོ་འཕྲོག་པ།མི་གཞན་གྱི་མིང་བརྫུས་ཏེ་སློབ་གྲྭ་ཆེན་མོར་འགྲིམས་པ་སོགས་ཉེས་དོན་བཅའ་ཁྲིམས་ཀྱི་ནང་དུ་བཅུག་ཡོད།

དྲ་ཐོག་ནས་ལས་མི་བསྡུ་སྐབས་མཐོང་ཆུང་རང་བཞིན་གྱི་ནང་དོན་ཡོད་མི་ཆོག་པ།

《དྲ་ཐོག་ནས་ལས་མི་བསྡུ་བའི་ཞབས་ཞུའི་དོ་དམ་གཏན་འཁེལ》ཟླ3པའི་ཚེས1ཉིན་ནས་བཟུང་ལག་བསྟར་བྱས་པ་དང་།དེའི་ནང་དུ“མི་བཀོལ་སྡེ་ཁག་གིས་མི་ཤུགས་ཐོན་ཁུངས་ཞབས་ཞུའི་ལས་ཁུངས་ལ་འདོན་སྤྲོད་བྱས་པའི་སྡེ་ཁག་གི་གཞི་རྩའི་གནས་ཚུལ་དང་བསྡུ་ལེན་མི་གྲངས།བསྡུ་ལེན་ཆ་རྐྱེན།ལས་མི་བཀོལ་སྤྱོད་བྱེད་པའི་རིགས།བྱ་བའི་ནང་དོན།བྱ་བའི་ཆ་རྐྱེན།བྱ་བའི་ལས་ཡུལ།གཞི་རྩའི་ངལ་རྩོལ་གླ་ཆ་སོགས་དྲ་ཐོག་ནས་ལས་མི་བསྡུ་བའི་ཆ་འཕྲིན་དག ངེས་པར་དུ་ཁྲིམས་མཐུན་དང་དོན་དངོས་ཡིན་དགོས་པ་ལས།མི་རིགས་དང་རིགས་རྒྱུད།ཕོ་མོའི་དབྱེ་བ།ཆོས་ལུགས་དད་མོས་སོགས་ཕྱོགས་ཀྱི་མཐོང་ཆུང་རང་བཞིན་གྱི་ནང་དོན་ཡོད་མི་ཆོག་པ་དང་།དེའི་ལས་མི་བསྡུ་བའི་ཆ་འཕྲིན་དེ་རྒྱལ་ཁབ་ཀྱིས་གཏན་འཁེལ་བྱས་ཡོད་པའི་དུད་ཐོ་དང་ས་ཁོངས།ཐོབ་ཐང་སོགས་ཕྱོགས་ཀྱི་མི་ཤུགས་ཐོན་ཁུངས་ཀྱིས་ཚད་བཀག་བྱས་ཡོད་པའི་རྒྱུན་འཁོར་ཆ་རྐྱེན་དང་འགལ་མི་ཆོག”པ་གཏན་འཁེལ་གསལ་པོ་བྱས་ཡོད།

གཏན་འཁེལ་ནང་ད་རུང་དྲ་ཐོག་ནས་ལས་མི་བསྡུ་ལེན་ཞབས་ཞུ་སྒྲུབ་པའི་མི་ཤུགས་ཐོན་ཁུངས་ཞབས་ཞུ་ལས་ཁུངས་ཀྱིས་དྲ་ཐོག་གི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པའི་འོས་འགན་ལག་ཏུ་བསྟར་ཏེ།སྤྱོད་མཁན་གྱི་ཆ་འཕྲིན་བདེ་འཇགས་ཡོང་བར་ཁག་ཐེག་བྱེད་དགོས་པའི་བླང་བྱ་བཏོན་ཡོད་ལ།མི་ཤུགས་ཐོན་ཁུངས་ཞབས་ཞུ་ལས་ཁུངས་ཀྱིས་དྲ་ཐོག་ནས་ལས་མི་བསྡུ་བའི་ཞབས་ཞུ་སྤྱོད་མཁན་གྱི་ཆ་འཕྲིན་སྲུང་སྐྱོབ་ལམ་ལུགས་འཛུགས་པ་དང་འཐུས་ཚང་དུ་བཏང་སྟེ།སྤྱོད་མཁན་གྱི་ལག་ནས་བསྡུས་པའི་སྒེར་གྱི་ཐོབ་ཐང་ལག་འཁྱེར་གྱི་ཨང་གྲངས་དང་ལོ་ཚོད།ཕོ་མོའི་དབྱེ་བ།སྡོད་གནས།འབྲེལ་གཏུག་བྱེད་ཐབས་སོགས་དང་མི་བཀོལ་སྡེ་ཁག་གི་ཚོང་གཉེར་གནས་བབ་སོགས་ཀྱི་ཆ་འཕྲིན་ཕྱི་རུ་བསྒྲགས་པ་དང་གསུབ་བཅོས་བྱེད་པ།མེད་པར་བཟོ་བ་བཅས་དང་།ཡང་ན་ཁྲིམས་འགལ་སྒོས་ཕྱིར་འཚོང་དང་ཁྲིམས་འགལ་སྒོས་མི་གཞན་ལ་སྟེར་བ་སོགས་བྱེད་མི་ཆོག་པ་གཏན་འཁེལ་བྱས་ཡོད།

སློབ་མར་སྐྱོན་བརྗོད་བྱེད་པ་ལས་གནོད་འཚེ་གཏོང་བ་དང་བརྙས་བཅོས་བྱེད་མི་ཆོག་པ།

《སློབ་གྲྭ་ཆུང་འབྲིང་གི་ཆད་གཅོད་བསླབ་འདོམས་སྒྲིག་སྲོལ(ཚོད་སྤྱོད)》ཟླ3པའི་ཚེས1ཉིན་ནས་བཟུང་ལག་ཏུ་བསྟར་བ་དང་།སྒྲིག་སྲོལ་ལྟར་ན།དངོས་གནས་དགོས་ངེས་ཆེ་བའི་གནས་ཚུལ་འོག སློབ་མས་སྐད་ཆར་མི་ཉན་པ་དང་སྒྲིག་ལམ་མི་བརྩི་བ།བྱ་སྤྱོད་མི་ལེགས་པ།ཉེན་ཁ་ཆེ་བའི་བྱ་སྤྱོད་ལྡན་པ།གཞན་གྱི་ཁེ་དབང་ལ་གནོད་འཚེ་གཏོང་བ་སོགས་ཀྱི་སྐབས་སུ་སློབ་གྲྭ་དང་དགེ་རྒན་གྱིས་སློབ་གསོ་གཏོང་བའི་ཆད་པ་བཅད་ཆོག

གནས་ཚུལ་གྱི་ཚབས་ཆེ་ཆུང་ལ་བལྟས་ནས།སྒྲིག་སྲོལ་ནང་སློབ་གསོ་གཏོང་བའི་ཆད་པ་ལ།སྤྱིར་བཏང་གི་སློབ་གསོ་གཏོང་བའི་ཆད་པ་དང་ཅུང་ལྕི་བའི་སློབ་གསོ་གཏོང་བའི་ཆད་པ།སློབ་གསོ་གཏོང་བའི་ཆད་པ་ལྕི་མོ་གཅོད་པ་བཅས་ཀྱི་རིགས་གསུམ་དུ་དབྱེ་ཡོད་ལ།དེའི་ནང་གི་སློབ་གསོ་ཆད་གཅོད་ལྕི་མོ་དེ་ནི་སྒྲིག་འགལ་སྲོལ་འགལ་གྱི་གནས་ཚུལ་ཚབས་ཆེན་དང་ཡང་ན་ཤུགས་རྐྱེན་ཚབས་ཆེན་ཐེབས་པར་མ་ཟད།ངེས་པར་དུ་སློབ་ཆུང་ལོ་རིམ་མཐོན་པོ་དང་།དམའ་འབྲིང་དང་མཐོ་འབྲིང་དུས་རིམ་གྱི་སློབ་མར་སྤྱོད་པར་འཚམ་ལ།དེའི་ནང་དུ་སློབ་མཚམས་འཇོག་ཏུ་འཇུག་པ་དང་།ཁྲིམས་སྐྱོང་སློབ་གཙོ་གཞོན་པ་དང་ཡང་ན་ཁྲིམས་སྐྱོང་རོགས་ཁྲིད་པ།ཆེད་དམིགས་མི་སྣས་ཡོ་བསྲང་བྱེད་དུ་འཇུག་པ་བཅས་འདུས།

ལུས་ཆད་གཅོད་པ་དང་ངོ་བོ་བསྒྱུར་བའི་སྒོ་ནས་ལུས་ཆད་གཅོད་པ་དེ་སློབ་གསོའི་ཆད་པ་གཅོད་སྟངས་སུ་འགྱུར་བ་སྔོན་འགོག་བྱེད་ཆེད།སྒྲིག་སྲོལ་ནང་སློབ་གསོ་གཏོང་སྟངས་མི་ལེགས་པ་སྟེ།གཅར་རྡུང་སོགས་ཀྱི་བྱེད་ཐབས་ཀྱིས་ལུས་པོར་གནོད་འཚེ་གཏོང་བའི་ལུས་ཆད་གཅོད་པ་དང་།རྒྱུན་ལྡན་གྱི་ཚད་བཀག་ལས་བརྒལ་བའི་ལུས་ཆད་གཅོད་པ་དང་།ཡང་ནས་བསྐྱར་དུ་བཤུ་འབྲི་བྱེད་དུ་འཇུག་པ།མཐོང་ཆུང་རང་བཞིན་གྱིས་སྡིག་དམོད་བྱེད་པ་སོགས་ཀྱིས་སློབ་མའི་མི་གཤིས་ཐོབ་ཐང་ལ་གནོད་འཚེ་གཏོང་བ་སོགས་གཏན་འགོག་བྱེད་དགོས་པ་གསལ་པོར་བསྟན་ཡོད།

ས་ཞིང་བདག་གཉེར་དབང་ཆ་རྒྱུན་འཁོར་བྱེད་སྐབས“འབྲུ་ཞིང་གི་ནང་དུ་འབྲུ་རིགས་མི་འདེབས་པ”སྔོན་འགོག་བྱེད་དགོས།

《ཞིང་སྡེའི་ས་ཞིང་བདག་གཉེར་དབང་ཆ་རྒྱུན་འཁོར་བྱེད་ཐབས》ཟླ3པའི་ཚེས1ཉིན་ནས་བཟུང་ལག་བསྟར་བྱས་པ་དང་།བྱེད་ཐབས་ནང་རྨོ་ཞིང་དང་འབྲུ་རིགས་བདེ་འཇགས་སྲུང་སྐྱོབ་བྱེད་ཤུགས་ཆེ་རུ་གཏོང་བར་དམིགས་ནས།ཞིང་སྡེའི་ས་ཞིང་བདག་གཉེར་དབང་ཆ་རྒྱུན་འཁོར་ལ་ལྟ་སྐུལ་དོ་དམ་བྱེད་ཤུགས་སྔར་ལས་ཆེ་རུ་བཏང་ཡོད།

བྱེད་ཐབས་ནང་ས་ཞིང་བདག་གཉེར་དབང་ཆ་རྒྱུན་འཁོར་བྱེད་སྐབས།ཞིང་སྡེའི་ཐུན་མོང་དཔལ་འབྱོར་རྩ་འཛུགས་དང་ཁེ་གྱོང་གི་འབྲེལ་བ་ཡོད་པའི་མིའི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་བཏང་མི་ཆོག་པ་དང་།ཞིང་ལས་ཕྱོགས་བསྡུས་ཐོན་སྐྱེད་ནུས་པ་དང་ཞིང་ལས་སྐྱེ་ཁམས་ཁོར་ཡུག་ལ་གཏོར་བརླག་བཏང་མི་ཆོག་ལ།འགན་གཙང་ལེན་ས་ཞིང་གི་བདག་དབང་རྣམ་པ་དང་དེའི་ཞིང་ལས་སྤྱོད་ཡུལ་བསྒྱུར་མི་ཆོག་པ་དང་།ཞིང་ས་རྨོ་འདེབས་ཐད་བཀོལ་བ་དང་།གཙོ་བོ་འབྲུ་རིགས་ཐོན་སྐྱེད་ཐད་བཀོལ་བ་ལས།རྨོ་ཞིང་དེ“ཞིང་ལས་མ་ཡིན་པར་བསྒྱུར་བ”གཏན་འགོག་བྱེད་དགོས་པ་གསལ་པོར་བསྟན་ཡོད།

བཤུག་ལེན་བྱེད་མཁན་གྱིས་ས་ཞིང་སྲུང་སྐྱོབ་ཐད་ཀྱི་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་ལྟར།ས་ཞིང་གི་ཞིང་ལས་སྤྱོད་ཡུལ་བསྒྱུར་བ་འགོག་དགོས་པ་དང་།ས་ཞིང་རང་དགར་འཇོག་པ་དང་གང་འདོད་དུ་ཞིང་ནང་དུ་ཁང་བ་ལས་པ།བྱེ་མ་དང་ས་བརྐོ་བ་སོགས་གཏན་འགོག་བྱེད་པ།གཏན་འཇགས་གཞི་རྩའི་ཞིང་སར་སིལ་སྡོང་འཛུགས་པ་དང་རྫིང་བུ་བརྐོས་ནས་ཉ་གསོ་བ་གཏན་འགོག་བྱེད་དགོས། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།