ཀྲུང་གོ་བོད་ཀྱི་དྲ་བ།

བོད་རང་སྐྱོང་ལྗོངས་ཀྱི2020ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་ཕྱོགས་ཀྱི་འཆར་གཞི་ལག་བསྟར་བྱས་ཚུལ་དང2021ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་ཕྱོགས་ཀྱི་འཆར་གཞིའི་འཆར་ཟིན་སྐོར་གྱི་སྙན་སྒྲོན།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2021-02-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

—— 2021ལོའི་ཟླ་དང་པོའི་ཚེས་20ཉིན་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་བཞི་པའི་ཐོག བོད་རང་སྐྱོང་ལྗོངས་གོང་འཕེལ་དང་བསྒྱུར་བཅོས་ཨུ་ཡོན་ལྷན་ཁང་ནས།

འཐུས་མི་རྣམ་པ།

རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་བཀའ་མངགས་ལྟར་ད་ལྟ་2020ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་ཕྱོགས་ཀྱི་འཆར་གཞི་ལག་བསྟར་བྱས་ཚུལ་དང་2021ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་ཕྱོགས་ཀྱི་འཆར་གཞིའི་འཆར་ཟིན་སྙན་སྒྲོན་འདི་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་བཞི་པའི་ཐོག་གྲོས་ཞིབ་གནང་རོགས་ཞུ་རྒྱུ་མ་ཟད། རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཨུ་ཡོན་རྣམ་པ་དང་ཟུར་ཞུགས་པ་རྣམ་པས་དགོངས་འཆར་འདོན་རོགས་གནང་།

གཅིག 2020ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་ཕྱོགས་ཀྱི་འཆར་གཞི་ལག་བསྟར་བྱས་ཚུལ།

2020ལོ་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པ་བྱེད་རྒྱུ་དང“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་མཇུག་བསྡུ་བའི་ལོ་ཞིག་ཡིན་ལ། སྤྱིར་བཏང་གཏན་ནས་མིན་པའི་ལོ་ཞིག་ཀྱང་ཡིན་པས་ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་རྒྱུ་མཐའ་འཁྱོངས་བྱས་ཏེ། ཕྱོགས་ཡོངས་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་། གསུམ་པ། བཞི་པ། ལྔ་པ་བཅས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ་དང་། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་དང་། དེ་བཞིན་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་དང་བདུན་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ། ནད་ཡམས་སྔོན་འགོག་དང་ཚོད་འཛིན་བྱེད་རྒྱུ་དང་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་གཏོང་རྒྱུར་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་སྤེལ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གལ་ཆེའི་གསུང་བཤད་ཀྱི་དགོངས་དོན་རབ་དང་རིམ་པ་ལག་བསྟར་དོན་འཁྱོལ་བྱེད་པ་བཅས་བྱས་ཐོག རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་བཀོད་སྒྲིག་གཞིར་བཟུང་། “འབྲེལ་བ་ཆ་བཅུ་གསུམ”ཐག་གཅོད་ཡང་དག་བྱེད་པ་དང་། “བརྟན་པོ་དྲུག”གི་ལས་དོན་ཏན་ཏིག་ངང་ཡག་པོ་སྒྲུབ་པ། “འགན་ལེན་དྲུག”གི་ལས་འགན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ་བཅས་བྱས་ཁར། བརྟན་ལྷིང་དང་། གོང་འཕེལ། སྐྱེ་ཁམས། མཐའ་མཚམས་སྟོབས་ལྡན་བཅས་ཀྱི་དོན་ཆེན་བཞི་ལ་དམིགས་ཏེ། ནུས་ཤུགས་ཡོད་རྒུས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་། ནུས་ཤུགས་གཅིག་སྒྲིལ་གྱིས“ཐོན་ལས་ཆེན་པོ་བདུན”གོང་འཕེལ་བཏང་ཞིང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་བསྐྱར་གསོ་བྱེད་རྒྱུར་ཤུགས་སྣོན་རྒྱག་པ་དང་དམངས་འཚོ་དང་བདེ་རྩ་ལེགས་བཅོས་བྱེད་ཤུགས་ཆེ་རུ་བཏང་བར་བརྟེན་ལོ་ཧྲིལ་པོའི་དམིགས་ཚད་ལས་འགན་གཙོ་བོ་ཁག་བདེ་བླག་ངང་ལེགས་འགྲུབ་ཐུབ་པ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མི་མི་རེའི་ཆ་སྙོམས་ལག་ཐོག་ཡོང་འབབ་བརྟན་པོའི་ངང་འཕར་སྣོན་བྱུང་སྟེ། བཟོ་ལས་དཔལ་འབྱོར་དང་། ལས་ཞུགས་ཀྱི་གནས་བབ། ཟོག་གོང་གི་ཆུ་ཚད་བཅས་སྤྱིའི་ཆ་ནས་ཡག་པོ་བྱུང་ཞིང་། “ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་ཐུགས་གྲ་ལེགས་འགྲིག་ངང་མཇུག་བསྡུས་ཐུབ་པ་བྱུང་སྟེ་མགྱོགས་པོ་རྒྱལ་ཡོངས་དང་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་བསྐྲུན་ཐུབ་རྒྱུ་རེད།

2020ལོར་ནད་ཡམས་ཀྱི་རྡབ་རྡིག་ཕོག་པ་དང་རྙོག་འཛིང་ཆེ་བའི་དཀའ་ངལ་དང་འགྲན་སློང་གི་མདུན་དུ་ང་ཚོས་སྔར་བཞིན་ཏང་ཀྲུང་དབྱང་ཐུགས་བློ་བདེ་པོ་ཡོང་བ་དང་། མི་དམངས་བློ་ཡིད་ཚིམ་པོ་ཡོང་བ། བོད་ཀྱི་ལོ་རྒྱུས་དེབ་ཐེར་ཐོག་འཁོད་ཆོག་པ་བཅས་ཀྱི་རྒྱུགས་ཤོག་ཡག་པོ་ཞིག་ཕུལ་ཡོད། དེ་ཡང་གཅིག་ནས་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་རྒྱུའི་ཐད་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཞིང་། ཉིན་15ཡི་ནང་གཏན་འཁེལ་ནད་དཔེ་མྱུར་དུ་གཙང་བཅོས་དྲག་སྐྱེད་བྱུང་བ་དང་། 2020ལོའི་ཟླ་དང་པོའི་ཚེས་29ཉིན་ནས་བཟུང་བསྟུན་མར་ཟླ་བ་11རིང་དོགས་ཡོད་ནད་པ་དང་གཏན་འཁེལ་ནད་པ་གཅིག་རྐྱང་མི་ཐོན་པ་བརྟན་འཁྱོངས་ཐུབ་ཡོད། གཉིས་ནས་ལོ་རྒྱུས་རང་བཞིན་གྱི་ཐོག་ནས་དབུལ་པོ་དབུལ་རྐྱང་གི་གནད་དོན་གཙང་སེལ་བྱས་ཐུབ་ཡོད་ཅིང་། ལྗོངས་ཡོངས་ཀྱི་ཡིག་ཚགས་དང་གཱ་བཟོས་པའི་དབུལ་པོ་མི་གྲངས་ཁྲི་62.8ཚང་མ་དབུལ་སྒྲོལ་ཐུབ་པ་དང་། རྫོང་དང་ཆུས་དབུལ་པོ་ཁག་74ཚང་མ་དབུལ་ཞྭ་ཕུད་ཐུབ་པ། “སེམས་ཁྲལ་མེད་པ་གཉིས་དང་འགན་སྲུང་གསུམ”ཕྱོགས་ཡོངས་ནས་མངོན་འགྱུར་ཡོང་བ་བཅས་བྱུང་བས་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་བསྐྲུན་ཐུབ་རྒྱུར་ཐག་གཅོད་རང་བཞིན་གྱི་རྒྱལ་ཁ་ཐོབ་ཡོད། གསུམ་ནས་དཔལ་འབྱོར་གྱི་དམིགས་ཚད་གཙོ་བོ་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཤིང་། ས་གནས་ཀྱི་ཐོན་སྐྱེད་སྤྱིའི་རིན་ཐང་གི་འཕར་ཤུགས་དེ་ལོ་ཧྲིལ་པོར་རྒྱལ་ཡོངས་སུ་དངོས་འཕར་བརྟན་འཁྱོངས་ཐུབ་པའི་ཞིང་ཆེན་དང་རང་སྐྱོང་ལྗོངས་གཅིག་པུ་དེ་ཡིན། ས་གནས་ཀྱི་ཐོན་སྐྱེད་སྤྱིའི་རིན་ཐང་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མི་མི་རེའི་ཆ་སྙོམས་ལག་ཐོག་ཡོང་འབབ། གཞི་ཁྱོན་ཡན་གྱི་བཟོ་ལས་འཕར་ཐང་སོགས་དཔལ་འབྱོར་དམིགས་ཚད་གཙོ་བོའི་འཕར་ཤུགས་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད། བཞི་ནས་མ་འཇོག་དོན་འཁྱོལ་བྱེད་རྒྱུ་སྔོན་དཔག་ལས་བརྒལ་ཞིང་། 2020ལོར་ཀྲུང་དབྱང་སྲིད་གཞུང་གི་མ་འཇོག་དང་ཚོང་འགུག་མ་འདྲེན་གྱི་མ་འཇོག་ཁག་སོ་སོར་སྒོར་དུང་ཕྱུར་601དང་སྒོར་དུང་ཕྱུར་576དོན་འཁྱོལ་བྱས་པས་ལོ་འཁོར་གྱི་དམིགས་ཚད་ལས་འགན་ཚང་མ་ཚད་ལས་བརྒལ་ནས་ལེགས་འགྲུབ་བྱུང་ཡོད། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་ཀྲུང་དབྱང་སྲིད་གཞུང་གི་མ་འཇོག་སྒོར་དུང་ཕྱུར་3139གནས་འབྱོར་བྱུང་བ་དེ་འཆར་འགོད་དམིགས་ཚད་ལས་17.4%བརྒལ་ཡོད་པ་དང་། དེའི་ནང་ཀྲུང་དབྱང་སྔོན་རྩིས་ནང་གི་མ་འཇོག་སྒོར་དུང་ཕྱུར་1544ཡིན་པ་དེ་འཆར་འགོད་དམིགས་ཚད་ལས་25.0%བརྒལ་ཡོད། ལྔ་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་པའི་གོམ་སྟབས་ཇེ་མགྱོགས་སུ་སོང་ཞིང་། ལྷ་ས་དང་། ཉིང་ཁྲི། ལྷོ་ཁ། ཆབ་མདོ། མངའ་རིས་སོགས་ས་གནས་དང་གྲོང་ཁྱེར་ལྔ་དང་། དེ་བཞིན་གྲོ་མོ་དང་། འདམ་གཞུང་། བྲག་ཡིབ་སོགས་རྫོང་དང་ཆུས་གསུམ་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་གཏོད་དཔེ་སྟོན་གྲོང་ཁྱེར་དང་རྫོང་དུ་བདམས་ཡོད། དྲུག་ནས་གཙོ་གནད་ལས་གྲྭར་རིམ་ལྡན་ངང་སྐུལ་སྤེལ་བཏང་ཞིང་། མངའ་རིས་དང་བོད་དབུས་རྒྱུད་ཀྱི་གློག་དྲ་སྦྲེལ་མཐུད་བྱེད་པའི་ལས་གྲྭ་བསྐྲུན་ཟིན་ནས་གློག་གཏོང་འགོ་ཚུགས་པ་དང་། རྫོང་དང་ཆུས་ཁག་74ལ་གློག་དྲ་ཨ་མ་ཡོངས་སུ་ཁྱབ་ཐུབ་པ་བྱུང་ཡོད། ཁྲོན་བོད་ལྕགས་ལམ་གཡག་རྔ་ནས་ཉིང་ཁྲིའི་བར་གྱི་དུམ་མཚམས་དངོས་སུ་སྐྲུན་འགོ་བཙུགས་པ་དང་ཡར་ཀླུང་གཙང་པོ་རྒྱུག་ཁུལ་སྨད་རྒྱུད་དུ་ཆུ་ཤུགས་གློག་ཁང་གསར་སྤེལ་བྱེད་རྒྱུ་དེ་ཉིན་རེའི་གྲོས་ཁོངས་སུ་བཅུག་ཟིན།

2020ལོའི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་བའི་དམིགས་ཚད་ལེགས་འགྲུབ་བྱུང་ཚུལ། ས་གནས་ཀྱི་ཐོན་སྐྱེད་སྤྱིའི་རིན་ཐང་སྒོར་དུང་ཕྱུར་1900ལས་བརྒལ་ཡོད་པ་དེ་དུས་མཚུངས་དང་བསྡུར་ན་7.8%འཕར་ཡོད་པ་དང་། གཞི་ཁྱོན་ཡན་གྱི་བཟོ་ལས་འཕར་ཐང་དུས་མཚུངས་དང་བསྡུར་ན་9.6%འཕར་ཡོད་པ། སྤྱི་ཚོགས་ཁྱོན་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་ཐད་ཀྱི་མ་འཇོག་དེ་དུས་མཚུངས་དང་བསྡུར་ན་5.4%འཕར་ཡོད་པ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མི་མི་རེའི་ཆ་སྙོམས་ལག་ཐོག་ཡོང་འབབ་སྒོར་41156དང་སྒོར་14598ཟིན་ཡོད་པས་ཁག་སོ་སོར་དུས་མཚུངས་དང་བསྡུར་ན་10%དང་12.7%འཕར་ཡོད་པ། དངུལ་རྩའི་ལས་ཁུངས་ལ་རང་དངུལ་དང་ཕྱི་དངུལ་གྱི་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར་4957ཡོད་པ་དེ་དུས་མཚུངས་དང་བསྡུར་ན་5.6%འཕར་ཡོད་པ། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཤོར་ཐོ་འགོད་བྱེད་ཚད་4%ཡི་ནང་ཚུན་དང་གྲོང་ཁྱེར་དང་གྲོང་རྡལ་གྱི་བརྟག་དཔྱད་ལས་ཤོར་བསྡུར་ཚད་5.5%ཡི་ནང་ཚུན་དུ་ཚོད་འཛིན་ཐུབ་ཡོད་པ། ཡུལ་མིའི་འཛད་སྤྱོད་ཀྱི་རིན་གོང་སྟོན་གྲངས་འཕར་ཚད་2.2%འཕར་ཡོད་པ་བཅས་རེད། དཔལ་འབྱོར་འཁོར་སྐྱོད་བྱེད་རྒྱུ་དེ་ལུགས་མཐུན་གྱི་བར་མཚམས་སུ་བརྟན་འཁྱོངས་ཐུབ་ནས་སྤྱིའི་ཆ་ནས་བརྟན་པོ་དང་བརྟན་ཐོག་ཡར་འཕེལ་གྱི་འཕེལ་ངོ་ཐོན་ཡོད།

2020ལོར་གཙོ་བོ་གཤམ་གསལ་ཕྱོགས་ལྔའི་ཐད་ཀྱི་ལས་དོན་སྤེལ་ཡོད།

(གཅིག) ནད་ཡམས་སྔོན་འགོག་དང་ཚོད་འཛིན་བྱེད་རྒྱུ་དང་། དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་རྒྱུར་གཅིག་གྱུར་འཆར་འགོད་བྱས་པས་དཔལ་འབྱོར་བརྟན་པོའི་ངང་འཁོར་སྐྱོད་ཐུབ་ཡོད།

གཅིག་ནི་ནད་ཡམས་སྔོན་འགོག་དང་ཚོད་འཛིན་བྱེད་རྒྱུར་ཕན་འབྲས་མངོན་གསལ་དོད་པོ་ཐོན་པ། ཏོག་གསར་གློ་ཚད་རིམས་ནད་ལ་མཉམ་འགོག་མཉམ་སྡོམ་བྱེད་པའི་ལས་ཀའི་ཇུས་གཞི་དང་། ལས་ཀ་དང་ཐོན་སྐྱེད་སླར་གསོ་བྱེད་པའི་ལས་ཀའི་ཞིབ་ཕྲའི་བྱ་ཐབས་བསམ་འཆར། སློབ་གྲྭའི་དཔྱིད་དུས་ཀྱི་སློབ་འགོ་ཚུགས་པའི་དུས་ཚོད་ནར་འགྱངས་བྱེད་པའི་ལས་ཀའི་ཇུས་གཞི་སོགས་ཀྱི་སྲིད་ཇུས་ཡིག་ཆ་བཟོ་འདོན་བྱས་ཡོད། རིམས་ནད་འགོག་བཅོས་བྱེད་པའི་དམིགས་བསལ་རྒྱལ་བུན་སྒོར་དུང་ཕྱུར་63རག་ཐབས་བྱས་ཤིང་། ནད་ཡམས་འགོག་བཅོས་ཐད་གྲོན་དངུལ་སྒོར་དུང་ཕྱུར་8.77བཀོད་སྒྲིག་བྱས་ཏེ་ནད་ཡམས་སྔོན་འགོག་དང་ཚོད་འཛིན་གྱི་གྲོན་དངུལ་གྱི་དགོས་མཁོ་ཕྱོགས་ཡོངས་ནས་འགན་སྲུང་བྱས་པར་བརྟེན་ནད་ཡམས་སྔོན་འགོག་དང་ཚོད་འཛིན་གྱི་རྨང་གཞིའི་སྒྲིག་བཀོད་ཀྱི་ཞན་ཆ་སེལ་ཐུབ་ཡོད། རྒྱ་གར་དང་ནེ་པ་ལ་སོགས་མཐའ་འཁོར་རྒྱལ་ཁབ་ཀྱི་ནད་ཡམས་གནས་ཚུལ་ལ་དོ་སྣང་ཆེན་པོ་བྱས་ཏེ་རང་འགུལ་ངང་ནེ་པ་ལའི་འབྲེལ་ཡོད་ཕྱོགས་དང་སྦྲེལ་མཐུད་བྱས་ནས་ཁོང་ཚོར་སྒོར་ཁྲི་3200ཡི་ནད་ཡམས་འགོག་བཅོས་ཀྱི་དངོས་ཟོག་དང་འཚོ་བའི་ཉེར་མཁོའི་དངོས་ཟོག་འདོན་སྤྲོད་བྱས་ཡོད། སྐམ་སའི་འགག་སྒོའི་ཏོག་གསར་གློ་ཚད་རིམས་ནད་འགོག་བཅོས་བྱེད་རྒྱུའི་ལས་ཀའི་ཇུས་གཞི་ཞིབ་འཇུག་དང་བཟོ་འབེབས་བྱས་ནས“གནས་དང་གནས་སྦྲེལ་བ”དང“ཐུག་འཕྲད་མི་བྱེད་པ”སོགས་ཀྱི་བྱ་ཐབས་སྤྱད་དེ་ནད་ཡམས་བརྟག་བཤེར་བྱས་པས་འགག་སྒོའི་ནད་ཡམས་སྔོན་འགོག་དང་ཚོད་འཛིན་གྱི་བདེ་འཇགས་འགན་ལེན་ཐུབ་ཡོད། གཉིས་ནི་དཔལ་འབྱོར་འཁོར་སྐྱོད་བརྟན་ཐོག་ཡར་འཕེལ་བྱུང་བ། དཔལ་འབྱོར་འཁོར་སྐྱོད་ལ་ལྟ་དཔྱད་མཐའ་དཔྱོད་བྱེད་ཤུགས་ཆེ་རུ་བཏང་ཞིང་། “གཟའ་འཁོར་རེར་ལྟ་ཞིབ་ཚད་ལེན་བྱེད་པ་དང་། ཟླ་རེར་བཀོད་གཏོང་བྱེད་པ། དུས་ཚིགས་རེར་བརྡ་ཁྱབ་གཏོང་བ་བཅས་ཀྱི་ལས་ཀའི་ལམ་སྲོལ་གཞིར་བཟུང་། འཐབ་ཇུས་ཀྱི་དངོས་ཟོག་གཙོ་བོ་དང་། གཙོ་གནད་ཀྱི་མ་འཇོག་རྣམ་གྲངས། གལ་ཆེའི་དཔལ་འབྱོར་གྱི་རྒྱུ་གཙོ་བཅས་བཀོད་གཏོང་བྱས་ནས་ལས་ཀ་དང་། ཐོན་སྐྱེད། ཚོང་ལས། ཁྲོམ་ར་བཅས་སླར་གསོ་བྱེད་རྒྱུར་རིགས་དབྱེའི་སྐུལ་སྤེལ་བཏང་བ་དང་། ཁེ་ལས་ཀྱི་དཀའ་ངལ་སེལ་རྒྱུ་དང་སྲིད་ཇུས་གནད་འཕིགས་ལག་བསྟར་བྱེད་རྒྱུར་རོགས་རམ་བྱས་ཤིང་། ནུས་ཤུགས་ཡོད་རྒུས“བརྟན་པོ་དྲུག”གི་ལས་དོན་ལ་དམ་འཛིན་ཡག་པོ་དང“འགན་ལེན་དྲུག”གི་ལས་འགན་དོན་འཁྱོལ་བྱས་པས་ལྗོངས་ཡོངས་ཀྱི་དཔལ་འབྱོར་རྒྱུན་མཐུད་སླར་གསོ་བྱེད་རྒྱུར་འགན་ལེན་ཐུབ་ཡོད། ས་གནས་ཀྱི་ཐོན་སྐྱེད་སྤྱིའི་རིན་ཐང་འཕར་ཤུགས་དེ་དུས་ཚིགས་དང་པོའི་1.0%ནས་དུས་ཚིགས་གསུམ་པའི་7.8%ལ་འཕར་བས་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད། འཛད་སྤྱོད་བརྟན་པོའི་ངང་འཕར་ཞིང་། ལོ་ཧྲིལ་པོར་སྤྱི་ཚོགས་ཀྱི་འཛད་སྤྱོད་དངོས་ཟོག་སིལ་ཚོང་སྤྱི་འབོར་3.6%ཆག་པ་དེ་དུས་ཚིགས་དང་པོ་དང་བསྡུར་ན་བརྒྱ་ཆའི་གྲངས་16.2བསྡུ་ཉུང་དུ་སོང་ཡོད། གསུམ་ནི་དབུལ་སྒྲོལ་གྱི་གྲུབ་འབྲས་རྒྱུན་མཐུད་ངང་བརྟན་དུ་སོང་བ། དབུལ་སྒྲོལ་འགག་སྒྲོལ་བྱེད་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་ཆེ་ཤོས་དང་དམངས་འཚོའི་ལས་གཞི་ཨང་དང་པོར་བརྩི་རྒྱུ་མཐའ་འཁྱོངས་བྱས་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་ལག་བསྟར་ཇུས་གཞི་དང་ལོ་གསུམ་ལས་འགུལ་གྱི་འཆར་གཞི་དོན་འཁྱོལ་བྱས་ཤིང་། ཁྱོན་བསྡོམས་རྣམ་གྲངས་ཁག་2634ལས་མཇུག་བསྒྲིལ་བར་མ་འཇོག་སྒོར་དུང་ཕྱུར་407བྱས་ཡོད། དབུལ་སྐྱོར་ཐོན་རྫས་ཁག་659ལ་ཁྱོན་བསྡོམས་ཕྱིར་འཚོང་མ་དངུལ་སྒོར་དུང་ཕྱུར་6.06བྱུང་ཞིང་། རང་བྱུང་འཐུང་ཆུ་དང་། ནས། འབྲི་གཡག དཀར་ཆུའི་ཐོན་རྫས་སོགས་ཁྱད་ལྡན་ཐོན་རྫས་སྣ་ཁ་316རྒྱལ་ཡོངས་ཀྱི་དབུལ་སྐྱོར་འཛད་སྤྱོད་དཀར་ཆག་ནང་བཅུག་ཡོད། ཡུལ་སྤོས་དབུལ་སྐྱོར་གྱི་བཀོད་སྒྲིག་བྱེད་ཁུལ(གནས)964ཚང་མ་བསྐྲུན་ཟིན་པ་དང་། རྒྱལ་ཁབ་ཀྱི་ཞིབ་དཔྱད་གཏན་འཁེལ་མི་གྲངས་ཁྲི་26.6ཚང་མ་གནས་སྡོད་བྱས་ཟིན། ས་ཁད་ཤིན་ཏུ་མཐོ་བའི་སྐྱེ་ཁམས་ཀྱི་གནས་སྤོ་བརྟན་པོའི་ངང་སྐུལ་སྤེལ་བཏང་ཞིང་། སྲིན་བུ་རིའི་དུས་ཁག་གཉིས་པའི་བཅའ་སྒྲིག་སྡོད་ཁང་70%ལས་མཇུག་བསྒྲིལ་ཟིན་ཡོད། དབུལ་སྒྲོལ་འགག་སྒྲོལ་གྱི་ཡོངས་བཤེར་ལས་འགན་ཁག་ཁྱོན་ཡོངས་ནས་ལེགས་འགྲུབ་ཟིན་ཞིང་། ཡུལ་སྤོས་དབུལ་སྐྱོར་གྱི་རྗེས་མཐུད་རོགས་སྐྱོར་ལས་ཀའི་ལག་བསྟར་བསམ་འཆར་དང་། དབུལ་པོ་བསྐྱར་ལོག་སྔོན་འགོག་བྱེད་པའི་ཞིབ་དཔྱད་དང་རོགས་སྐྱོར་ལམ་སྲོལ་གྱི་ལག་བསྟར་བྱ་ཐབས་བཟོ་འདོན་བྱེད་ཤུགས་སྔར་བས་ཆེ་རུ་བཏང་ནས་དབུལ་པོ་ཆགས་ཚད་བབ་བསྟུན་ངང་མེད་པ་བཟོས་ཡོད། བཞི་ནི་ལས་ཞུགས་ཀྱི་གནས་བབ་རྒྱུན་མཐུད་ངང་བརྟན་པོ་བྱུང་བ། ལས་ཞུགས་བརྟན་པོ་ཡོང་བ་བྱེད་རྒྱུ་དེ“བརྟན་པོ་དྲུག”གི་ལས་དོན་ཡག་པོ་བསྒྲུབ་རྒྱུ་དང“འགན་ལེན་དྲུག”གི་ལས་འགན་དོན་འཁྱོལ་བྱེད་རྒྱུའི་གལ་ཆེའི་ནང་གི་དོན་ཆེན་ལ་བརྩིས་ཏེ་མཐའ་འཁྱོངས་བྱས་ཡོད། ཐེམ་ཁོངས་བོད་ནས་ཡིན་པའི་གྲངས་ཉུང་མི་རིགས་ཀྱི་མཐོ་སློབ་ཐོན་པའི་སློབ་མ་དང་ནང་སའི་མཐོ་སློབ་ཐོན་པའི་སློབ་མ་ཕྱོགས་གཉིས་ནས་ལས་ཞུགས་བྱེད་པར་རྒྱབ་སྐྱོར་བྱས་ཤིང་། ཁྱོན་བསྡོམས་མཐོ་སློབ་ཐོན་པའི་སློབ་མའི་ལས་ཞུགས་ལས་གནས་ཁྲི་6.5འཚོལ་བསྡུ་བྱས་པས་མཐོ་སློབ་ཐོན་པའི་སློབ་མའི་སྤྱིའི་ལས་ཞུགས་ཐུབ་ཚད་99%ཟིན་པ་དང་། དེའི་ནང་70%ཡན་ཁྲོམ་ར་བརྒྱུད་དེ་ལས་ཞུགས་ལས་གཏོད་ཐུབ་ཡོད། རིགས་འདྲ་མིན་གྱི“གཉིས་གཏོད”གཞི་རྟེན་ཁག་138བསྐྲུན་ཟིན་ཞིང་། དེའི་ནང་ཞུགས་སྡོད་བྱེད་མཁན་ཁེ་ལས་ཁག་2691ཡོད་པར་ལས་ཞུགས་མི་གྲངས་ཁྲི་2.42བསྡུས་ཡོད་ཅིང་། དེའི་ནང་སློབ་ཆེན་གྱི་སློབ་མ་6353བསྡུས་ཡོད། ཞིང་འབྲོག་པའི་གནས་སྒྱུར་ལས་ཞུགས་ཀྱི་རྟེན་གཞི་652དང་རིགས་འདྲ་མིན་གྱི་ངལ་ལས་ཕྱིར་གཏོང་རྩ་འཛུགས་བདུན་སྟོང་ལྷག་ཙམ་བཙུགས་པས་ཞིང་འབྲོག་པ་ཁྲི་6.9ཐག་ཉེ་ས་དང་སྟབས་བདེ་སར་ལས་ཞུགས་ཐུབ་ཡོད། མི་ཐེངས་ཁྲི་13.2ལ་ཁ་གསབ་རང་བཞིན་གྱི་སྦྱོང་བརྡར་འདྲ་མིན་སྤྲད་པ་དང་། སྲིད་གཞུང་གི་མ་འཇོག་རྣམ་གྲངས་ནང་ལས་ཞུགས་པ་བསྡུ་ལེན་བྱེད་པའི་སྦྲེལ་མཐུད་ལམ་སྲོལ་འཛུགས་པ་དང་ཚགས་ཚུད་དུ་བཏང་ནས་སྒོར་ཁྲི་400མན་གྱི་སྲིད་གཞུང་གི་མ་འཇོག་རྣམ་གྲངས་དེ་འོས་བབ་ཡོད་པའི་ཞིང་འབྲོག་པའི་ཨར་སྐྲུན་ཁེ་ལས་ལ་གཉེར་དུ་བཅུག་ཡོད། གྲོང་ཁྱེར་དང་གྲོང་རྡལ་དུ་ལས་ཞུགས་མི་གྲངས་ཁྲི་4.8མང་དུ་སོང་བ་དང་། ཞིང་འབྲོག་ཁུལ་གྱི་ངལ་རྩོལ་ནུས་ཤུགས་ལྷག་མ་མི་ཁྲི་60.1གནས་སྒྱུར་ཐུབ་པས། གནས་སྒྱུར་ལས་ཞུགས་ཀྱི་ཡོང་འབབ་སྒོར་དུང་ཕྱུར་43.4ཟིན་པ་ཚང་མ་ལོ་འཁོར་གྱི་དམིགས་ཚད་ལས་འགན་ལས་ཚད་བརྒལ་ལེགས་འགྲུབ་བྱུང་ཡོད།

(གཉིས)ཐོན་ལས་གོང་འཕེལ་དང་རྣམ་གྲངས་འཛུགས་སྐྲུན་བྱེད་རྒྱུར་གཅིག་གྱུར་འཆར་འགོད་བྱས་པས་རང་ངོས་གོང་འཕེལ་གཏོང་ནུས་ཟམ་མི་ཆད་པར་ཤུགས་ཆེར་སོང་ཡོད།

གཅིག་ནི་ཐོན་ལས་སྐྱོང་སྤེལ་བྱེད་རྒྱུ་རིམ་པས་ཇེ་མགྱོགས་སུ་སོང་བ། ས་མཐོའི་སྐྱེ་དངོས་ཐོན་ལས་བརྟན་པོའི་ངང་གོང་འཕེལ་བྱུང་ཞིང་། འབྲུ་རིགས་ཐོན་འབོར་ཀྲོན་ཁྲི་100ཡན་བརྟན་གནས་ཐུབ་པ་དང་། ནས་ཀྱི་ཐོན་འབོར་ཀྲོན་ཁྲི་80ཡན་བརྟན་གནས་ཐུབ་ཡོད། ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་འདྲ་མིན་རིགས་ཁྲི་1.35ཟིན་ཡོད་ཅིང་། རང་སྐྱོང་ལྗོངས་རིམ་པའི་ཞིང་འབྲོག་ལས་ཐོན་ལས་ཅན་གྱི་སྣེ་འདྲེན་ཁེ་ལས་ཀྱི་སྤྱིའི་ཐོན་སྐྱེད་རིན་ཐང་སྒོར་དུང་ཕྱུར་51.2ཟིན་པ་དང་། ཞིང་ཕྱུགས་ཐོན་རྫས་བཟོ་སྣོན་ཁེ་ལས་ཀྱི་སྤྱིའི་ཐོན་སྐྱེད་རིན་ཐང་སྒོར་དུང་ཕྱུར་56.98ཟིན་ཡོད། འབྱུང་འཕྲོད་བཟོ་ལས་གོང་འཕེལ་ཇེ་མགྱོགས་སོང་ཞིང་། ཨར་འདམ་ཐོན་འབོར་ཀྲོན་ཁྲི་1085ཟིན་པ་དང་། གཞི་ཁྱོན་ཡན་གྱི་ཨར་རྒྱུའི་ལས་རིགས་ཀྱི་སྤྱིའི་ཐོན་སྐྱེད་རིན་ཐང་སྒོར་དུང་ཕྱུར་85ཟིན་ཡོད། ནུས་རྒྱུ་གཙང་མའི་ཐོན་ལས་གོང་འཕེལ་མྱུར་པོ་བྱུང་ཞིང་། གློག་འདོན་འཕྲུལ་ཤུགས་ཀྱི་སྤྱི་འབོར་སྟོང་ཝ་ཁྲི་419ཟིན་པ་དེ་དུས་མཚུངས་དང་བསྡུར་ན་16.8%འཕར་ཡོད་པ་དང་། གློག་གཏོང་ཚད་སྟོང་ཝ་ཆུ་ཚོད་དུང་ཕྱུར་90ལས་བརྒལ་ཡོད་ཅིང་། དེའི་ནང་གློག་ཕྱིར་ཁྲིད་བྱས་འབོར་སྟོང་ཝ་ཆུ་ཚོད་དུང་ཕྱུར་18ལས་བརྒལ་ཡོད་པས་ལོ་འཁོར་གྱི་དམིགས་ཚད་ལས་འགན་ལས་ཚད་བརྒལ་ལེགས་འགྲུབ་བྱུང་ཡོད། ཡུལ་སྐོར་རིག་གནས་ཐོན་ལས་རིམ་པས་སླར་གསོ་ཐུབ་ཅིང་། རྒྱལ་ཕྱི་རྒྱལ་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་3505ལ་སྣེ་ལེན་བྱས་པར་ཁྱོན་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་366.42བྱུང་བ་དང་། ཡར་ཀླུང་གཙང་པོའི་གྲོག་རོང་ཆེ་མོའི་ཡུལ་སྐོར་གནས་ལྗོངས་ཁུལ་དེ་རྒྱལ་ཁབ་ཀྱི་5Aརིམ་པའི་ཡུལ་སྐོར་གནས་ལྗོངས་ཁུལ་དུ་འཛུགས་གཏོད་བྱེད་ཐུབ་ཡོད། རིམ་ཁག་རིག་གནས་ཐོན་ལས་ཀྱི་དཔེ་སྟོན་རྟེན་གཞི(སྡེ་གླིང)ཁག་234ཡོད་པ་དང་ལོ་འཁོར་གྱི་ཐོན་སྐྱེད་རིན་ཐང་སྒོར་དུང་ཕྱུར་60ལས་བརྒལ་ཡོད། དེང་རབས་ཀྱི་ཞབས་ཞུའི་ལས་རིགས་མཉམ་དུ་གོང་འཕེལ་བྱུང་ཞིང་། ལྗོངས་ཡོངས་སུ་གློག་འཕྲིན་ལས་སྒོའི་སྤྱི་འབོར་སྒོར་དུང་ཕྱུར་398ཟིན་པ་དེ་དུས་མཚུངས་དང་བསྡུར་ན་32.7%འཕར་ཡོད་པ་དང་། སྦྲག་སྲིད་ལས་སྒོའི་སྤྱི་འབོར་སྒོར་དུང་ཕྱུར་6.87ཟིན་པ་དེ་དུས་མཚུངས་དང་བསྡུར་ན་9%འཕར་ཡོད་ཅིང་། དེའི་ནང་མྱུར་སྐྱེལ་ལས་སྒོ་སྤེལ་འབོར་ཁྲི་1000ལས་བརྒལ་བ་དེ་དུས་མཚུངས་དང་བསྡུར་ན་30.3%འཕར་ཡོད། མཐོ་གསར་གྲངས་འཛིན་ཐོན་ལས་རིམ་ལྡན་ངང་གོང་འཕེལ་སོང་བ་དང་། མཐོ་གསར་ལག་རྩལ་ཁེ་ལས་ཁག་80ལས་བརྒལ་ཞིང་། ཉིང་རྩིས་གྲངས་གཞི་ཆེ་མོའི་ལྟེ་གནས(དུས་ཁག་དང་པོ)ལས་གཉེར་བྱས་ཏེ་ཉིང་སྤྲིན་རྩིས་དངོས་སུ་ལས་སྒོ་སྤེལ་ཐུབ་ཡོད། མཐའ་མཚམས་ཟོག་འགྲུལ་ཐོན་ལས་སྐྱོན་བྲལ་ངང་གོང་འཕེལ་བྱུང་ཞིང་། འགྲམ་འགག་སྒོ་ནས་ནེ་པ་ལ་ཕྱོགས་གཅིག་རང་ལ་དངོས་ཟོག་ཕྱིར་གཏོང་བྱེད་རྒྱུ་སླར་གསོ་ཐུབ་པས་ལོ་ཧྲིལ་པོར་ཕྱི་ཕྱོགས་ཚོང་དོན་གྱི་ཕྱིར་གཏོང་ནང་འདྲེན་སྤྱི་འབོར་སྒོར་དུང་ཕྱུར་20བྱུང་བ་དང་། ཕྱི་རྒྱལ་གྱི་མ་རྩ་དངོས་སུ་སྤྱད་པ་དུས་མཚུངས་དང་བསྡུར་ན་11%འཕར་ཡོད། གཉིས་ནི་རྣམ་གྲངས་ཀྱི་འདེགས་སྐྱོར་ཕན་འབྲས་མངོན་གསལ་དོད་དུ་སོང་བ། ལོ་ཧྲིལ་པོར་གཙོ་གནད་རྣམ་གྲངས་ལ་མ་འཇོག་སྒོར་དུང་ཕྱུར་1678བྱས་ཤིང་། G6ཅིན་བོད་མྱུར་བགྲོད་གཞུང་ལམ་ཡངས་པ་ཅན་ནས་ལྷ་སའི་བར་གྱི་དུམ་མཚམས་བསྐྲུན་ཟིན་ནས་འཁོར་རིགས་གཏོང་རྒྱུའི་ཚོད་ལྟ་བྱས་པ་དང་། ཁྲོན་བོད་ལྕགས་ལམ་ལྷ་ཉིང་དུམ་མཚམས་ཀྱི་ལྕགས་ལམ་ཨ་མ་ཡོངས་སུ་བཏིང་ཟིན་པ། དེ་བཞིན་དིང་རི་དང་། སྤུ་ཧྲེང་། ལྷུན་རྩེ་བཅས་ཀྱི་ཡན་ལག་གནམ་ཐང་གི་ཚོད་ལྟ་བྱེད་མཚམས་སྐྲུན་འགོ་བཙུགས་པ། གོང་དཀར་གནམ་ཐང་འབབ་ཚུགས་བསྒྱུར་བཟོ་རྒྱས་སྐྲུན་བྱེད་རྒྱུ་དང་ཉིང་ཁྲི་གནམ་ཐང་གི་གནམ་གྲུ་འཕུར་ཁུལ་གྱི་མཉམ་གཤིབ་བཤུད་ལམ་བསྐྲུན་རྒྱུ་སོགས་ཀྱི་རྣམ་གྲངས་ལ་སྐུལ་སྤེལ་ཇེ་མགྱོགས་སུ་བཏང་ཡོད། ལྗོངས་ཡོངས་སུ་གཞུང་ལམ་ཤར་གཏོང་ཐུབ་པའི་སྤྱིའི་ལམ་ཐག་གི་རིང་ཚད་སྤྱི་ལེ་ཁྲི་11ལས་བརྒལ་ཡོད་པ་དང་། ཤང་གྲོང་དང་སྒྲིག་ཁོངས་གྲོང་ཚོར་རླངས་འཁོར་ཤར་གཏོང་ཐུབ་ཚད་ཁག་སོ་སོར་95%དང་75%ཟིན་ཡོད། མཁའ་འགྲུལ་གྱི་འགྲུལ་པ་སྐྱེལ་འདྲེན་བྱས་འབོར་ཉིན་རྐྱང་དང་། གཟའ་འཁོར་རྐྱང་པ། ཟླ་རྐྱང་བཅས་ཐད་ལོ་རྒྱུས་ཀྱི་ཟིན་ཐོ་མཐོ་ཤོས་བཏོད་ཅིང་། ལོ་ཧྲིལ་པོར་ཡུལ་སྐོར་འགྲུལ་པ་གཏོང་འདྲེན་བྱེད་ཚད་མི་ཐེངས་ཁྲི་517.8ཟིན་པ་དང་རྒྱལ་སྤྱི་རྒྱལ་ནང་གི་མཁའ་འགྲུལ་ལམ་ཐིག་130ཟིན་ཡོད། རྒྱ་ཚའི་ཆུ་ཤུགས་གློག་ཁང་བསྐྲུན་ནས་གློག་གཏོང་འགོ་ཚུགས་པ་དང་། “ཁུལ་གསུམ་དང་ཀྲོའུ་གསུམ”གྱི་གྲོང་གསེབ་གློག་དྲ་བསྒྱུར་བཟོ་རིམ་སྤོར་བྱེད་རྒྱུ་ཡོངས་སུ་ལེགས་གྲུབ་ཟིན་ཡོད། ཤངས་ཆུའི་ཆུ་བེད་ལྟེ་གནས་དང་དེའི་ལེ་ལག་ཚང་སྒྲིག་གི་ཆུ་འདྲེན་ཁུལ་གྱི་ལས་གྲྭའི་ཆུ་བཀག་ཐུབ་པ་བྱུང་བ་དང་། ལ་ལྷོའི་ཆུ་བེད་ལྟེ་གནས་དང་དེའི་ལེ་ལག་ཚང་སྒྲིག་གི་ཆུ་འདྲེན་ཁུལ་གྱི་ལས་གྲྭ་བསྐྲུན་ཟིན་པ་མ་ཟད་ཕན་འབྲས་ཀྱང་ཐོན་ཡོད། བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་གྱི་སློབ་ཁུལ་གསར་པ་བསྐྲུན་མགྱོགས་སུ་བཏང་བ་དང་། བོད་ལྗོངས་ལག་རྩལ་པའི་སློབ་གླིང་གི་ཕྱི་ནང་མཛེས་བཟོ་བྱས་ཟིན་པ། བོད་རང་སྐྱོང་ལྗོངས་སྨན་ཁང་གི་གཙོ་རྐང་ལས་གྲྭའི་ཐོག་བཀབ་ཟིན། སྡོད་ཁང་སྐྱོ་ཁུལ་གྱི་ཚང་སྒྲིག་ཁང་པ15961དང་བོགས་གཏོང་ཚང་སྒྲིག་གཞུང་ཁང་8966བསྒྱུར་བཟོ་བྱས་ཟིན། 5Gསྦྲེལ་ཚུགས་2890བསྐྲུན་ཟིན་ཞིང་། ས་གནས་དང་གྲོང་ཁྱེར་7གནས་སར་5Gཡི་དྲ་རྒྱ་ཁེབས་ཐུབ་པ་བྱས་ཡོད།

(གསུམ)སྤྱི་ཚོགས་བྱ་གཞག་གོང་འཕེལ་གཏོང་རྒྱུར་གཅིག་གྱུར་འཆར་འགོད་བྱས་པས་མི་དམངས་ཀྱི་འཚོ་བའི་སྤུས་ཚད་ལེགས་སུ་སོང་ཡོད།

གཅིག་ནི་སློབ་གསོའི་བྱ་གཞག་སྔོན་དུ་གོང་འཕེལ་བཏང་བ། བུ་བཅོལ་ཁང་65དང་། འགན་བབས་སློབ་གསོའི་དུས་མཚམས་ཀྱི་སློབ་གྲྭ་29 མཐོ་རིམ་སློབ་འབྲིང་3 ལས་རིགས་སློབ་གྲྭ་3བཅས་གསར་སྐྲུན་དང་རྒྱས་སྐྲུན་བྱས་པ་དང་། རྒྱལ་ཡོངས་ཀྱི་སློབ་རའི་རྐང་རྩེད་སྤོ་ལོའི་ཁྱད་ལྡན་སློབ་གྲྭ་ཁག་114དང་“རྣམ་བཀྲའི་སྐར་ཚོགས”སྦྱོང་བརྡར་སྤྲོད་སྒར་2གསར་སྐྲུན་བྱས་ཡོད། ཆད་འགོག་སློབ་འཁྱོངས་ལ་འགྱུར་ལྡན་གྱིས་འགན་ལེན་ཐུབ་ཡོད། རྫོང་དང་ཆུས་ཁག་74ཡི་འགན་བབས་སློབ་གསོ་དོ་སྙོམས་གོང་འཕེལ་གཏོང་བར་རང་སྐྱོང་ལྗོངས་ཀྱིས་ཞིབ་བཤེར་རྩིས་ལེན་བྱས་ཟིན་ཡོད། མཐོ་རིམ་སློབ་འབྲིང་དུས་མཚམས་ཀྱི་སློབ་གསོ་ཁྱབ་གདལ་གཏོང་རྒྱུའི་འགག་སྒྲོལ་ལས་འགན་དུས་བཀག་ལྟར་ལེགས་འགྲུབ་བྱུང་ཡོད། ལས་རིགས་སློབ་གསོ་གཉེར་ཤུགས་ཆེ་རུ་བཏང་ནས་ལྗོངས་ནང་ཁུལ་གྱི་འབྲིང་རིམ་དང་མཐོ་རིམ་ལས་རིགས་སློབ་གྲྭ་ཁག་གི་ནང་སློབ་མ་13919བསྡུས་ཡོད། བོད་ལྗོངས་མི་རིགས་སློབ་ཆེན་གྱི་སློབ་ཁུལ་གསར་པ་སྤྱོད་འགོ་ཚུགས་པ་དང་། བོད་ལྗོངས་སློབ་ཆེན་གྱི་པུའུ་དང་ལྗོངས་མཉམ་བསྐྲུན་ལས་དོན་ལ་སྐུལ་སྤེལ་ཏན་ཏིག་བཏང་ཡོད། “ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཟབ་ཏུ་གཏོང་རྒྱུའི་དཔེ་སྟོན་སློབ་གྲྭ”སྐྲུན་མགྱོགས་སུ་བཏང་ཡོད། 《མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ཤེས་བྱ་ཀུན་བཏུས་ཆེ་མོ(བོད་ལྗོངས་བམ་པོ)》རྩོམ་སྒྲིག་བྱེད་འགོ་བཙུགས་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཟབ་ཏུ་གཏོང་རྒྱུའི་ཐད་ཀྱི་ལྟ་དེབ་ཁག་3དང་བསླབ་གཞི་ཁག་3རྩོམ་འབྲི་བྱས་ཡོད། གཉིས་ནི་བདེ་ཐང་བོད་ལྗོངས་ལ་སྐུལ་སྤེལ་ཧུར་ཐག་བཏང་བ། རིམས་ནད་ཆེ་རིགས་སྔོན་འགོག་ཚོད་འཛིན་དང་། “མཉམ་སྦྲེལ་དྲ་རྒྱ་+སྨན་བཅོས་བདེ་ཐང” བོད་ལུགས་གསོ་རིག་སྨན་རྫས་རྒྱུན་འཛིན་དང་། གསར་གཏོད། གོང་འཕེལ་སོགས་ཀྱི་གཙོ་གནད་ལས་དོན་ལ་སྐུལ་སྤེལ་ཇེ་མགྱོགས་སུ་བཏང་བ་དང་། ལྗོངས་ཡོངས་ཀྱི་རྫོང་རིམ་པ་ཡན་གྱི་ཕྱོགས་བསྡུས་སྨན་ཁང་ལ་བློ་རིག་སྨན་བཅོས་ཁྱབ་ཐུབ་པ་བྱས་ཡོད། “བདེ་འཕྲོད་འཐུང་ཇའི”ལས་དོན་སྔར་བས་ཡག་པོ་བསྒྲུབ་རྒྱུའི་ལས་ཀའི་ལག་བསྟར་ཇུས་གཞི་བཟོ་འདོན་བྱས་ཤིང་།མུའུ་ཁྲི་2.5ཡི་བདེ་འཕྲོད་འཐུང་ཇའི་འདེབས་འཛུགས་རྟེན་གཞི་བསྐྲུན་ཟིན་པ། རྫོང་དང་ཆུས་74ཡི་གཞི་རྩའི་སྨན་བཅོས་འགན་བཅོལ་དང་། ནད་ཆེན་འགན་བཅོལ། སྨན་བཅོས་རོགས་སྐྱོབ་བཅས་གཅིག་འཐུས་རྣམ་པའི་ཞབས་ཞུ་བསྒྲུབས་ཁར། འཛིན་གཅིག་ལམ་ལུགས་ཀྱི་དུས་རྩིས་རྒྱག་སྟངས་ལག་བསྟར་བྱས་པས། གཞི་རྩའི་ཆར་ཞིང་ཆེན་བརྒལ་ཏེ་ས་ཆ་གཞན་དུ་སྨན་བཅོས་དང་ནད་སྡོད་བྱས་པའི་སྨན་རིན་དུས་ཐོག་ཏུ་དུས་རྩིས་བརྒྱབ་ཐུབ་པ་བྱུང་ཡོད། གསུམ་ནི་རིག་གནས་ཞབས་ཞུ་གསར་གཏོད་དང་གོང་འཕེལ་བཏང་བ། ལྗོངས་ཡོངས་ཀྱི་སྲིད་འཛིན་གྲོང་ཚོར་རིག་རྩལ་འཁྲབ་སྟོན་རུ་ཁག་5492བཙུགས་ཟིན་ཞིང་། རིམ་ཁག་རིག་རྩལ་རུ་ཁག་གིས་གཞི་རིམ་དུ་བསྐྱོད་དེ་འཁྲབ་སྟོན་ཐེངས་15952བྱས་པ་དང་། རང་སྐྱོང་ལྗོངས་དང་། གྲོང་ཁྱེར། རྫོང་བཅས་ཀྱིས་སྲིད་འཛིན་གྲོང་ཚོའི་རིག་རྩལ་འཁྲབ་སྟོན་གྱི་རྐང་འཛིན་པའི་སྦྱོང་བརྡར་དུས་ཐེངས་4031གཉེར་ཡོད། “ཕྱོགས་ཡོངས་ནས་འབྱོར་འབྲིང་གི་མཐའ་མའི་རྒྱལ་ཁ་ལེན་རྒྱུ་དང་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་ལ་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་རྒྱུ”དང་། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་དྲིལ་བསྒྲགས་ལག་བསྟར་བྱེད་རྒྱུ། དེ་བཞིན་ཆོས་ལུགས་ཀྱི་ཕན་མེད་ཤུགས་རྐྱེན་ཆུང་དུ་གཏོང་རྒྱུ་བཅས་བརྗོད་དོན་གཙོ་བོར་བྱས་པའི《སྐུ་ཉིད་ཀྱི་བཀའ་དྲིན》དང《འོད་ཟེར་སྟོང་ལྡན་གྱི་ལམ་བུའི་ཐོག་སྐྱོད་པ》ཞེས་པ་སོགས་ཀྱི་ཕུལ་བྱུང་རིག་རྩལ་བརྩམས་ཆོས་བཏོན་པ་དང་། དངོས་ཡོད་བརྗོད་བྱའི་བོད་ཀྱི་ལྷ་མོ《སྒྲོལ་དཀར་དང་གཡང་འཛོམས》ཞེས་པ་གསར་རྩོམ་བྱས་ཡོད། གྲོང་སྡེ་ཁག་16ཀྲུང་གོའི་སྲོལ་རྒྱུན་གྲོང་སྡེའི་མིང་གཞུང་ནང་ཚུད་པ་དང་། “མཛེས་སྡུག་ལྡན་པའི་བོད་ལྗོངས། གཅེས་པར་འོས་པའི་ཕ་ཡུལ”ཞེས་པའི་ཕུལ་བྱུང་རིག་གནས་ཐོན་རྫས་གྲོང་གསེབ་ལ་མཁོ་འདོན་བྱེད་པའི་ལས་གཞི་བདེ་བླག་ངང་ལག་བསྟར་བྱས་ཡོད། ལྗོངས་ཡོངས་སུ་རླུང་འཕྲིན་དང་བརྙན་འཕྲིན་ཕྱོགས་བསྡུས་མི་མགོར་ཁྱབ་ཚད་ཚང་མ་99%ལས་བརྒལ་ཡོད། ཧི་མ་ལ་ཡ་བརྒལ་བའི་རྐང་འཁོར་གྱི་མཐར་ཟད་འགྲན་བསྡུར་སྐབས་གསུམ་པ་དང་། ཀྲུང་གོའི་བོད་ལྗོངས་རི་འཛེགས་ཚོགས་ཆེན་སྐབས་བཅོ་བརྒྱད་པ། གནམ་ལྕགས་འབར་བའི་རི་ཁུལ་གྱི་མ་ལ་སུང་རྒྱང་རྒྱུག་འགྲན་བསྡུར་སོགས་བདེ་བླག་ངང་གཉེར་ཡོད། བཞི་ནི་སྤྱི་ཚོགས་ཀྱི་འགན་སྲུང་བྱེད་ཐབས་ཚགས་ཚུད་བཟོས་ནས་བརྟན་དུ་བཏང་བ། རིགས་འདྲ་མིན་གྱི་སྤྱི་ཚོགས་འགན་བཅོལ་ནང་ཞུགས་ཚད་མི་ཐེངས་ཁྲི་672.57ཟིན་ཡོད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་སྲུང་གི་ཚད་གཞི་ཁག་སོ་སོར་མི་རེར་ཟླ་རེར་སྒོར་847དང་མི་རེར་ལོ་རེར་སྒོར་4713ལ་སྤར་ཡོད། གྲོང་གསེབ་ཀྱི་དམིགས་བསལ་དཀའ་ངལ་ཡོད་མཁན་ལ་གཅིག་སྡུད་འཚོ་སྐྱོང་དང་གྲོང་ཁྱེར་དང་གྲོང་རྡལ་གྱི་དམིགས་བསལ་དཀའ་ངལ་ཡོད་མཁན་འཚོ་སྐྱོང་བྱེད་པའི་ཚད་གཞི་མི་རེར་ལོ་རེར་སྒོར་13213ལ་སྤར་བ་དང་། གྲོང་གསེབ་ཀྱི་དམིགས་བསལ་དཀའ་ངལ་ཡོད་མཁན་ལ་ཁ་ཐོར་འཚོ་སྐྱོང་བྱེད་པའི་ཚད་གཞི་མི་རེར་ལོ་རེར་སྒོར་7070ལ་སྤར་ཡོད། དབུལ་པོའི་མི་འབོར་གྱི“སྔོན་ལ་ནད་བརྟག་སྨན་བཅོས་དང་རྗེས་སུ་སྨན་རིན་དུས་རྩིས་རྒྱག་པའི”སྲིད་ཇུས་དེ་རྫོང་དང་ཆུས་74ལ་ཡོངས་སུ་ཁྱབ་པ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་ཐེབས་རྩར་ཐོག་མར་གཏོང་ཡོང་དོ་སྙོམས་བྱུང་ཞིང་། ནད་ཆེན་འགན་བཅོལ་གྱི་འགོ་འཛུགས་དངུལ་ཚད་དེ་མི་སྒེར་ནས་སྤྲོད་པའི་ཚད་གཞི་སྒོར་5000ལ་ཆག་པ་དང་། ཚད་བཀག་མཐོ་ཤོས་ལ་སྒོར་ཁྲི་14ལ་སྤར་ཡོད། རིམ་རྩིས་བྱས་ན་རིན་གོང་གི་སྐབས་ཐོག་ཁ་གསབ་སྒོར་དུང་ཕྱུར་1.25སྤྲད་ཡོད་པས་མང་ཚོགས་མི་ཐེངས་ཁྲི་158ལ་ཕན་པ་ཐོབ་ཡོད།

(བཞི)བསྒྱུར་བཅོས་གཏིང་ཟབ་དང་སྒོ་མོ་དབྱེ་རྒྱ་ཆེ་རུ་གཏོང་རྒྱུར་གཅིག་གྱུར་འཆར་འགོད་བྱས་པས་གོང་འཕེལ་གྱི་གསོན་ཤུགས་བརྟན་པོའི་ངང་འཕེལ་ཐུབ་པ་བྱུང་ཡོད།

གཅིག་ནི་བསྒྱུར་བཅོས་ཀྱི་ལས་དོན་རྒྱུན་མཐུད་ངང་གཏིང་ཟབ་སྤེལ་བ། 《ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་རྒྱུའི་སྲོལ་ཡིག》ལག་བསྟར་མཐའ་གཅིག་ཏུ་བྱས་ཏེ། དུས་ཚད་ཐུང་དུ་གཏོང་བ་དང་། ལྷུ་ཚིགས་ཉུང་དུ་གཏོང་བ། མ་གནས་དམའ་རུ་གཏོང་བ་བཅས་ཀྱི་ཐོག་ནས“གློད་སྡོམ་ཞབས་གསུམ”གྱི་བསྒྱུར་བཅོས་ལ་སྐུལ་སྤེལ་གཏིང་ཟབ་བཏང་ཞིང་། “མཉམ་སྦྲེལ་དྲ་རྒྱ་+སྲིད་དོན་ཞབས་ཞུའི”“9070”ཡི་དམིགས་ཚད་ལས་ཚད་བརྒལ་ལེགས་འགྲུབ་བྱུང་ཡོད། གྲོང་གསེབ་ཀྱི་གློག་དྲའི་སྒྲིག་སྲོལ་བསྒྱུར་བཅོས་ལ་བརྟན་པོའི་ངང་སྐུལ་སྤེལ་བཏང་སྟེ་རྫོང་དང་ཆུས་74ཡི་གློག་དྲའི་ཁེ་ལས་ཚང་མར“ཐད་སྡོམ”བྱས་ཡོད། གྲོང་གསེབ་ཀྱི་མཉམ་སྡེབ་རྒྱུ་ནོར་བདག་དབང་གི་ལམ་ལུགས་བསྒྱུར་བཅོས་དང“1+6”གི་གྲོང་གསེབ་བསྒྱུར་བཅོས་ཚོད་ལྟའི་ཁུལ་གྱི་ལས་དོན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ཡོད། གཞུང་ཁོངས་ཁེ་ལས་བསྒྱུར་བཅོས་དང་གོང་འཕེལ་གཏོང་རྒྱུར་སྐུལ་སྤེལ་ཇེ་མགྱོགས་སུ་བཏང་ནས་གཞུང་ཁོངས་ཁེ་ལས་སྤུས་ལེགས་དང་རྒྱ་སྟོབས་ཆེ་རུ་གཏོང་རྒྱུའི་ལག་བསྟར་བསམ་འཆར་པར་འགྲེམས་བྱས་ཡོད། ཁྲལ་རིན་གཉིས་གཅོག་གི་སྲིད་ཇུས་མུ་མཐུད་ལག་བསྟར་བྱས་ཤིང་། ལོ་ཧྲིལ་པོར་ཁྲལ་རིན་གཉིས་གཅོག་བྱས་པ་སྒོར་དུང་ཕྱུར་50ལས་བརྒལ་བ་དང་། ཁེ་ལས་ཀྱི་སྤྱི་ཚོགས་འགན་བཅོལ་མ་དངུལ་སྒོར་དུང་ཕྱུར་10.35ཆག་ཡང་དང་རྩ་ཆག་གཏོང་བ། གཞི་རྩའི་སྨན་བཅོས་འགན་བཅོལ་ལ་སྒོར་དུང་ཕྱུར་6.4ཉུང་བསྡུ་བྱེད་པ། བོགས་གླ་སྒོར་ཁྲི་6892ཆག་ཡང་དང་རྩ་ཆག་གཏོང་བ་བཅས་བྱས་ཡོད། དམངས་སྤྱོད་མཁའ་འགྲུལ་གྱི་འགྲུལ་སྐྱེལ་སྤ་སེའི་རིན་གོང་བསྒྱུར་བཅོས་བྱས་ནས་མང་ཚོགས་ལ་ཁེ་བཟང་སྒོར་ཁྲི་1558.69སྤྲད་ཡོད། མཐུན་ཚོགས་དང་ཚོང་ཚོགས་117ལ་འབྲེལ་བཅད་ཀྱི་བསྒྱུར་བཅོས་བྱས་ཟིན་ཡོད། འཆར་འགོད་བྱེད་རྒྱུའི་ས་ཆར“ཞིབ་བཤེར་གཅིག་སྒྲིལ་དང་ལག་ཁྱེར་གཅིག་སྒྲིལ”བྱེད་པའི་བསྒྱུར་བཅོས་ལ་སྐུལ་སྤེལ་གཏིང་ཟབ་བཏང་ཡོད། སྐྱེ་ཁམས་ཤེས་དཔལ་ཐད་ཀྱི་སྒྲིག་སྲོལ་རྒྱུན་མཐུད་ངང་བསྒྱུར་བཅོས་གཏིང་ཟབ་བྱེད་པ་དང་། སྐྱེ་ཁམས་ཁོར་ཡུག་ལ་གཏོར་སྐྱོན་ཐེབས་པའི་གུན་གསབ་ལམ་སྲོལ་བསྒྱུར་བཅོས་བྱེད་རྒྱུར་སྐུལ་སྤེལ་ཇེ་མགྱོགས་སུ་གཏོང་བ། ཁོར་ཡུག་ལ་གནོད་གཞི་ཇི་ཡོང་ཞིབ་དཔྱད་བྱེད་པའི་ཆོག་འཐུས་གསལ་ཐོ་དང་ལྟ་སྡོམ་ཁྲིམས་སྒྱུར་གྱི་ཆོག་འཐུས་གསལ་ཐོ་བཟོ་བ་བཅས་བྱས་ཡོད། གཉིས་ནི་སྒོ་དབྱེའི་གོམ་སྟབས་རྒྱུན་མཐུད་ངང་མགྱོགས་སུ་སོང་བ། “རྒྱུད་གཅིག་ལམ་གཅིག”ནང་ཧུར་ཐག་ཞུགས་ཤིང་། ལྷ་སའི་ཕྱོགས་བསྡུས་སྒོ་ཁྲལ་མེད་ཁུལ་ལ་ཆོག་མཆན་ཐོབ་པ་དང་། སྐྱིད་རོང་དེ་ཉིད་རྒྱལ་ཁབ་ཀྱི་གཙོ་གནད་གསར་སྤེལ་སྒོ་དབྱེའི་ཚོད་ལྟ་ཁུལ་དུ་རེ་ཞུ་བྱེད་རྒྱུའི་ལས་དོན་ལ་སྐུལ་སྤེལ་ཇེ་མགྱོགས་སུ་བཏང་ཡོད། འགག་སྒོའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་བས་འགག་སྒོའི་ཤར་བགྲོད་བྱེད་ནུས་ཟམ་མི་ཆད་པར་ཆེ་རུ་སོང་ཡོད། ཀྲུང་ནེའི་མཛའ་མཐུན་བཟོ་ལས་གླིང་འཛུགས་སྐྲུན་བྱེད་རྒྱུར་སྐུལ་སྤེལ་ཇེ་མགྱོགས་སུ་བཏང་ཞིང་། རིག་གནས་དང་། དཔལ་འབྱོར། སློབ་གསོ་སོགས་ཀྱི་ཁྱབ་ཁོངས་སུ་ལྷོ་ཨེ་ཤེ་ཡའི་རྒྱལ་ཁབ་དང་སྤེལ་རེས་མཉམ་ལས་བྱེད་ཤུགས་ཆེ་རུ་བཏང་བ་དང་། ཀྲུང་གོའི་བོད་ལྗོངས་ཀླུ་ནང་གི“ཧི་མ་ལ་ཡ་བརྒལ་བའི”རྒྱལ་སྤྱིའི་མཉམ་ལས་གླེང་སྟེགས་ཀྱི་བག་ཆགས་འཇོག་ཤུགས་མུ་མཐུད་ཆེ་རུ་སོང་ཡོད། བོད་མཚོ་བཟོ་ལས་གླིང་གི་སྤེལ་རེས་མཉམ་ལས་ལས་སྟེགས་བརྟན་པོའི་ངང་གོང་འཕེལ་བཏང་ཡོད། བོད་སྐྱོར་བྱེད་སྟངས་གསར་གཏོད་དང་རྒྱ་སྐྱེད་བཏང་ནས་བོད་སྐྱོར་རྣམ་གྲངས་660ལག་བསྟར་བྱས་པ་དང་། བོད་སྐྱོར་རྣམ་གྲངས་ལ་མ་འཇོག་སྒོར་དུང་ཕྱུར་60.1བྱས་ཡོད།

(ལྔ)སྐྱེ་ཁམས་སྲུང་སྐྱོབ་དང་མཐའ་མཚམས་འཛུགས་སྐྲུན་ལ་གཅིག་གྱུར་འཆར་འགོད་བྱས་པས་བདེ་འཇགས་སྲུང་བཅད་རྒྱུན་ཆད་མེད་པར་བརྟན་དུ་སོང་ཡོད།

གཅིག་ནི་སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་ངང་བཟང་འཁྱོངས་ཐུབ་པ། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་གཏོད་ཀྱི་དཔེ་སྟོན་ཁུལ་བསྐྲུན་རྒྱུའི་གཏན་འབེབས་དང་ལག་བསྟར་བསམ་འཆར་བཟོ་འདོན་བྱས་པ་དང་། སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་བསྐྲུན་རྒྱུའི་ཁྲིམས་བཟོའི་ལས་དོན་ལ་སྐུལ་སྤེལ་ཇེ་མགྱོགས་སུ་བཏང་ཞིང་། ལྷ་ས་དང་། ལྷོ་ཁ། མངའ་རིས་བཅས་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་གཏོད་ཀྱི་དཔེ་སྟོན་གྲོང་ཁྱེར་དུ་གསར་སྣོན་བྱས་ཡོད། ཁོར་ཡུག་སྲུང་སྐྱོབ་ཀྱི་ལྟ་ཞིབ་བཅོས་སྒྲིག་ལས་དོན་དོན་འཁྱོལ་བྱེད་རྒྱུར་སྐུལ་སྤེལ་ཇེ་མགྱོགས་སུ་བཏང་ཡོད། གནམ་སྔོན་སྲུང་བའི་དམག་འཐབ་ལ་རྒྱལ་ཁ་ལེན་པའི་ལོ་གསུམ་ལས་འགུལ་གྱི་འཆར་གཞི་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཐོག འཐུང་ཆུའི་ཆུ་རྩ་ཁུལ་སྲུང་སྐྱོབ་དང་། ཞིང་ལས་དང་གྲོང་གསེབ་ཀྱི་བཙོག་སྐྱོན་བཅོས་སྒྲིག དེ་བཞིན“འགྱིག་སྙིགས་ཀྱི་བཙོག་སྐྱོན”གཙང་སེལ་སོགས་བྱེད་པའི་དམིགས་ཚད་ལས་འགན་གཞི་རྩའི་ཆར་ལེགས་འགྲུབ་བྱུང་བ་དང་། “གཙང་གཉིས་ཆུ་བཞི”རྒྱུག་ཁུལ་གྱི་རྒྱལ་ཁོངས་ས་ཆ་སྔོ་སྒྱུར་དང་སྐྱེ་ཁམས་སླར་གསོའི་ལས་གཞི་རྒྱུན་མཐུད་ངང་སྐུལ་སྤེལ་བཏང་ཡོད། ཉང་ཆུ་དང་ལྷ་སའི་སྐྱིད་ཆུ་སོགས་ཆུ་བོ་རྒྱུག་ཁུལ་ལ་བཅོས་སྒྲིག་ནུས་ལྡན་ཐུབ་ཡོད། སྐྱེ་ཁམས་བདེ་འཇགས་སྲུང་བཅད་སྲུང་སྐྱོབ་དང་འཛུགས་སྐྱོང་བྱེད་པའི་འཆར་འགོད་ལ་ཁྱོན་བསྡོམས་མ་དངུལ་སྒོར་དུང་ཕྱུར་122དོན་འཁྱོལ་བྱས་པ་དང་། “ཚད་གསུམ་ཐོ་གཅིག”བཟོ་འགོད་དང་གནས་འབྱོར་ཐུབ་རྒྱུར་རིམ་ལྡན་ངང་སྐུལ་སྤེལ་བཏང་ཡོད། མཚོ་བོད་ས་མཐོའི་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་ཐེངས་གཉིས་པའི་གྲུབ་འབྲས་དངོས་སྒྱུར་ཡོང་བར་སྐུལ་སྤེལ་ཇེ་མགྱོགས་སུ་བཏང་ཡོད། ས་གནས་རིམ་པ་དང་དེ་ཡན་གྲོང་ཁྱེར་གྱི་མཁའ་རླུང་སྤུས་ཚད་བཟང་འཁྱོངས་ཐུབ་པའི་ཉིན་གྲངས་ཀྱི་བསྡུར་ཚད་99.4%ཟིན་པ་དང་། གཙང་པོ་དང་མཚེའུ་གཙོ་བོའི་ཆུ་སྤུས་རིགསIIIགྱི་ཚད་གཞི་ལོན་པའམ་ཡང་ན་དེ་ལས་ཡག་པ་བྱུང་ཡོད་པ། འཐུང་ཆུའི་ཆུ་རྩ་ཁུལ་གྱི་ཆུ་སྤུས་ཚད་གཞི་ལོན་ཚད་100%ཟིན་པ། ས་རྒྱུའི་ཁོར་ཡུག་སྤྱིའི་ཆ་ནས་བརྟན་འཁྱོངས་ཐུབ་པ་བཅས་ལྗོངས་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་རྒྱུན་མཐུད་བཟང་འཁྱོངས་ཐུབ་ཡོད། གཉིས་ནི་མཐའ་མཚམས་འཛུཌ་སྐྲུན་བྱེད་རྒྱུར་རྒྱུན་མཐུད་སྐུལ་སྤེལ་བཏང་བ། དམག་དཔུང་འདུས་སྡོད་དང་མི་དམངས་བདེ་འཁོད་མཉམ་འཛིན་བྱེད་རྒྱུ་དང་། མཐའ་བརྟན་དང་མཐའ་དར་གལ་ཆེ་མཉམ་འཛིན་བྱེད་རྒྱུ་མཐའ་འཁྱོངས་བྱས་ཏེ། “བླ་ན་མེད་པའི་རྒྱལ་ཁོངས་སྲུང་མཁན་ཞིག་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན་ཞིག”བྱེད་རྒྱུ་བརྗོད་དོན་གཙོ་བོར་བྱས་ནས་གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ལག་བསྟར་ཤུགས་ཆེ་བྱས་ཡོད། 2020ལོར་མཐའ་མཚམས་ས་ཁུལ་ལ་མ་དངུལ་སྒྱུར་སྤྲོད་བྱས་པ་ནི་2015ལོའི་ལྡབ་2.3ཡིན། ཡུལ་སྨད་དེ་ཉིད་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་མཐའ་མཚམས་འབྱོར་འབྲིང་ཤང་དུ་འཛུགས་སྐྲུན་བྱས་ཟིན་ཞིང་། མཐའ་མཚམས་ཀྱི་སྐོར་སྲུང་ལམ་ལུགས་བཟོས་པ་དང་། མཐའ་མིའི་ཁ་གསབ་རོགས་དངུལ་གྱི་ཚད་གཞི་མཐོ་རུ་ཤུགས་ཆེ་བཏང་བ། མཐའ་མཚམས་རྫོང་ཁག་21ལ་མི་འབོར་10.5%འཕར་སྣོན་བྱུང་བ་བཅས་ལས་ས་སྲུང་མཐའ་བརྟན་གྱི་ནུས་པ་སྔར་བས་ཆེ་རུ་སོང་ཡོད། མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་624ནང་ནས་གྲོང་ཚོ་604བསྐྲུན་ཟིན་པ་དང་། སྡོད་ཁང་འཛུགས་སྐྲུན་བྱེད་པའི་ལས་འགན་ཕྱོགས་ཡོངས་ནས་ལེགས་འགྲུབ་ཟིན་པ། གནོད་མེད་འཐུང་ཆུ་ཁྱབ་ཚད་99%ཟིན་པ། སྒྲིག་ཚུད་གྲོང་ཚོར་འོད་སྐུད་འཁྲིད་ཚད་དང་4Gབརྡ་རྟགས་ཁྱབ་ཚད་99%ཟིན་ཞིང་། གྲོང་ཚོའི་འཕྲོད་བསྟེན་ཁང་དང་། སྦྲག་སྲིད་ལས་ཚུགས། “ཞིང་གསུམ”གྱི་དངུལ་རྩའི་ཞབས་ཞུའི་ལས་ཚུགས་བཅས་ཡོངས་སུ་ཁྱབ་ཐུབ་ཡོད། གསུམ་ནི་བདེ་འཇགས་ཐོན་སྐྱེད་རྒྱུན་མཐུད་ངང་བརྟན་པོ་བྱུང་བ། ནད་ཡམས་འགོག་བཅོས་དང་། ལས་ཀ་དང་ཐོན་སྐྱེད་སླར་གསོ། འཚུབ་ཆེའི་དུས་མཚམས། གལ་ཆེའི་དུས་ཆེན་བཅས་ལ་དམ་པོར་དམིགས་ནས་རང་སྐྱོང་ལྗོངས་ཀྱི་འཕྲལ་སྡོམ་སྤྱི་ཁྱབ་བཀོད་འདོམས་པུའུ་དང་འཕྲལ་སྡོམ་ཆེད་དོན་བཀོད་འདོམས་པུའུ་22བཙུགས་ནས་ལྗོངས་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་ཀྱི་ལས་དོན་ལ་གཅིག་གྱུར་ཇུས་འགོད་བྱེད་རྒྱུར་སྐུལ་སྤེལ་བཏང་ཡོད། གཏེར་རིའི་ཐོན་སྐྱེད་དང་། ཉེན་ཆེའི་རྫས་འགྱུར་ཐོན་རྫས་གསོག་འཇོག ཞོད་ཐན་འགོག་སེལ། ཡོམ་འགོག་རྒུད་སྐྱོབ་སོགས་ཀྱི་ལྷུ་ཚིགས་གཙོ་བོར་དམིགས་ཏེ་མངོན་མེད་རྐྱེན་རྩ་ལེབ་བཤེར་བྱས་པ་དང་། ལྗོངས་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་ཀྱི་ལོ་གསུམ་ཆེད་དོན་བཅོས་སྒྲིག་ལས་འགུལ་སྤེལ་འགོ་བཙུགས་ཡོད། ལྗོངས་ཡོངས་སུ་རིགས་འདྲ་མིན་གྱི་བདེ་འཇགས་ཐོན་སྐྱེད་ཀྱི་བྱུར་རྐྱེན་ནང་སྲོག་ཤོར་བའི་མི་གྲངས་དུས་མཚུངས་དང་བསྡུར་ན་16.3%ཆག་པ་དང་། དཔལ་འབྱོར་གྱི་གྱོང་གུན་དུས་མཚུངས་དང་བསྡུར་ན་40.3%ཆག་པ། དམིགས་བསལ་ཚབས་ཆེའི་བྱུར་རྐྱེན་ཐོན་མེད་པ་བཅས་ལོ་4བསྟུད་མར་རྒྱལ་ཁབ་ནས་ལེགས་གྲས་སུ་དཔྱད་གདེང་བྱས་ཡོད།

གྲུབ་འབྲས་དེ་དག་ཐོབ་པ་ནི་ལས་སླ་པོ་ཞིག་མིན་ཞིང་། དེའི་རྩ་བ་ཐུག་ས་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཞུམ་མེད་སྟོབས་ལྡན་གྱི་འགོ་ཁྲིད་གནང་བ་ཞིག་དང་། རྩ་བ་ཐུག་ས་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ཚན་རིག་དང་མཐུན་པའི་ཁྲིད་སྟོན་གནང་བ་ཞིག རྩ་བ་ཐུག་ས་ནི་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གལ་ཆེའི་རྒྱས་བཤད་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་མཐའ་གཅིག་ཏུ་བྱས་པ་ཞིག་བཅས་ཡིན་པ་མ་ཟད། དེ་ནི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བྱམས་བརྩེའི་ཐུགས་ཁུར་གནང་བ་དང་རྒྱལ་ཡོངས་མི་དམངས་ཀྱིས་སྒེར་སེམས་མེད་པའི་རོགས་སྐྱོར་གནང་བ་དང་ཁ་བྲལ་ཐབས་མེད་པ་ཞིག་དང་། ལྗོངས་ཏང་ཨུད་ཀྱིས་ཞུམ་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་། མི་དམངས་འཐུས་ཚོགས་ཀྱིས་ལྟ་སྐུལ་ནུས་ལྡན། སྲིད་གཞུང་གིས་སྐུལ་སྤེལ་ཤུགས་ཆེ། སྲིད་གྲོས་ཀྱིས་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བཅས་གནང་བ་དང་ཁ་བྲལ་ཐབས་མེད་པ་ཞིག རིམ་ཁག་སྡེ་ཚན་ཁག་གིས་འབད་འབུངས་འགག་སྒྲོལ་དང་རང་རྟོགས་ངང་བྱས་རྗེས་བཞག་པ་དང་ཁ་བྲལ་ཐབས་མེད་པ་ཞིག་བཅས་ཡིན་ལ། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་མཐུན་སྒྲིལ་འབད་འཐབ་དང་འབད་འབུངས་ཡར་བརྩོན་བྱས་པ་དང་ཡང་ཁ་བྲལ་ཐབས་མེད་པ་ཞིག་ཡིན། 2020ལོའི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་དམིགས་ཚད་ལས་འགན་ལེགས་འགྲུབ་བྱུང་བ་དང“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་བདེ་བླག་ངང་མཇུག་བསྡུས་པ་དེས“ལོ་ལྔ་ཚན་བཅུ་བཞི་པའི”རྒྱང་སྐྱོད་ཀྱི་ལམ་བུར་སྐྱོད་འགོ་འཛུགས་རྒྱུ་དང་། མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་རྒྱུར་སྲ་ཞིང་བརྟན་ལ་ཕན་ནུས་ལྡན་པའི་རྨང་གཞི་བཏིང་ཡོད།

གཉིས། 2021ལོའི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་བའི་དུས་བབ།

(གཅིག) མིག་སྔར་འཕྲད་པའི་གོང་འཕེལ་གྱི་དུས་བབ།

2021ལོ་ནི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་100འཁོར་བ་དང་ལོ་བརྒྱ་དང་པོའི་འབད་འཐབ་དམིགས་ཚད་མངོན་གྱུར་བྱུང་རྗེས། བབ་བསྟུན་འཕྲལ་སྒྲུབ་ཀྱིས་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་སྐྱོད་འགོ་ཚུགས་ནས་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་ཀྱི་ཕྱོགས་སུ་སྐྱོད་འགོ་འཛུགས་པའི་ལོ་ཞིག་དང་། “ལོ་ལྔ་ཚན་བཅུ་བཞི་པ”འགོ་འཛུགས་པའི་ལོ་ཞིག་ཡིན་ལ། བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་70འཁོར་བའི་ལོ་ཞིག་ཀྱང་ཡིན་པས་རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་རྒྱུར་གོ་སྐབས་འཕྲད་ཡོད་ལ་འགྲན་སློང་ཡང་འཕྲད་ཡོད། སྤྱིའི་ཆ་ནས་གོ་སྐབས་དེ་འགྲན་སློང་ལས་ཆེ་བ་ཡོད།

གོ་སྐབས་ཐད། མིག་སྔར། བོད་ལྗོངས་ཀྱི་དཔལ་འབྱོར་དར་རྒྱས་བྱུང་བ་དང་། སྤྱི་ཚོགས་ཞི་མཐུན་ཡིན་པ། སྐྱེ་ཁམས་བཟང་བ། མི་རིགས་ཁག་དབར་མཐུན་སྒྲིལ་ལྡན་པ། ཆོས་ལུགས་འཆམ་མཐུན་ཡིན་པ། མཐའ་མཚམས་སྲ་བརྟན་ཡིན་པ། ཏང་ལེགས་སྐྱོང་ལ་ཤུགས་སྣོན་ཐེབས་པ། མི་དམངས་བདེ་སྐྱིད་ལྡན་པ་བཅས་ལོ་རྒྱུས་ཐོག་གི་དུས་སྐབས་ཡག་ཤོས་ཤིག་ཏུ་གནས་ཡོད། རང་ལྗོངས་འདི་ཉིད་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་སྐྱོད་འགོ་འཛུགས་རྒྱུ་ཡིན་པས་གོང་འཕེལ་གཏོང་བའི་གོ་སྐབས་མང་པོ་ཞིག་འཕྲད་བཞིན་ཡོད། དེ་ཡང་གཅིག་ནི་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པ་ལས་བྱུང་བའི་གོ་སྐབས་གསར་པ་ཡིན། ཀྲུང་དབྱང་གིས་བོད་ཀྱི་ལས་དོན་དེ་ཏང་དང་རྒྱལ་ཁབ་ཀྱི་སྤྱི་ཡོངས་ལས་དོན་ཁྲོད་ཀྱི་འཐབ་ཇུས་གནས་བབ་སྔར་ན་བྱུང་མྱོང་མེད་པའི་མཐོ་ཚད་ཐོག་བཞག་སྟེ། དམིགས་བསལ་གྱི་གཟིགས་སྐྱོང་སྲིད་ཇུས་རབ་དང་རིམ་པ་བཟོ་འབེབས་གནང་ཡོད་པས། རང་ལྗོངས་འདི་ཉིད་སྤུས་ཚད་མཐོ་བའི་གོང་འཕེལ་གཏོང་བར་སྐུལ་འདེད་ནུས་ལྡན་ཐེབས་རྒྱུ་རེད། གཉིས་ནི་ནུབ་རྒྱུད་ཐོན་འབྱེད་ཆེ་མོའི་རྣམ་པ་གསར་པ་བཏོད་པ་ལས་བྱུང་བའི་གོ་སྐབས་གསར་པ་ཡིན། རང་ལྗོངས་ནི་རྒྱལ་ཁབ་ཀྱིས་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་ཡག་པོ་སྒྲུབ་པ་དང་གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ལ་རྒྱུན་མཐུད་སྐུལ་སྤེལ་གཏོང་བའི་གཡུལ་ས་གཙོ་བོ་ཞིག་ཡིན་ཞིང་། ནུབ་རྒྱུད་ཐོན་འབྱེད་ཆེ་མོའི་རྣམ་པ་གསར་པ་གཏོད་པའི་སྲིད་ཇུས་བྱ་ཐབས་རབ་དང་རིམ་པ་བཟོ་འདོན་བྱས་པ་དེས་རང་ལྗོངས་འདི་ཉིད་གོང་འཕེལ་གཏོང་ལམ་གསར་པའི་ནང་མཉམ་འདྲེས་ཡོང་བར་སྐུལ་འདེད་ནུས་ལྡན་ཐེབས་རྒྱུ་རེད། གསུམ་ནི་རྒྱལ་ཁབ་ཀྱི་བདེ་འཇགས་ནུས་པ་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་བ་ལས་བྱུང་པའི་གོ་སྐབས་གསར་པ་ཡིན། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཁབ་ཀྱི་བདེ་འཇགས་ནུས་པ་འཛུགས་སྐྱོང་བྱེད་རྒྱུར་ཚད་མཐོའི་མཐོང་ཆེན་གནང་སྟེ་མཐའ་མཚམས་ཀྱི་བདེ་འཇགས་ནུས་པ་འཛུགས་སྐྱོང་བྱེད་རྒྱུའི་ཐད་གལ་ཆེའི་བཀོད་སྒྲིག་རབ་དང་རིམ་པ་གནང་ཡོད་པས་རང་ལྗོངས་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་རྒྱུ་དང་། མཐའ་མཚམས་གོང་འཕེལ་གཏོང་བའི་ཆ་རྐྱེན་ལེགས་སུ་གཏོང་རྒྱུ། མཐའ་མིའི་འཚོ་བའི་ཆུ་ཚད་ལེགས་སུ་གཏོང་རྒྱུ་བཅས་ལ་སྐུལ་སྤེལ་ནུས་ལྡན་ཐེབས་རྒྱུ་རེད། བཞི་ནི་ལྷོ་ཨེ་ཤེ་ཡར་ཕྱོགས་པའི་ཆུ་ཚད་དེ་བས་མཐོ་བའི་སྒོ་མོ་ཕྱེ་བ་ལས་བྱུང་བའི་གོ་སྐབས་གསར་པ་ཡིན། “ལོ་ལྔ་ཚན་བཅུ་བཞི་པའི”རིང་རྒྱལ་ཁབ་ཀྱི་སྒོ་དབྱེ་རྣམ་པའི་དཔལ་འབྱོར་གྱི་སྒྲིག་སྲོལ་གསར་པ་དེ་ཆུ་ཚད་སྔར་ལས་མཐོ་བའི་ཐོག་སླེབས་རྒྱུ་ཡིན་པས་རང་ལྗོངས་ཀྱི་རྨང་གཞིའི་སྒྲིག་བཀོད་མཉམ་སྦྲེལ་མཉམ་མཐུད་ཡོང་བར་སྐུལ་འདེད་ཐེབས་ནས་ལྷོ་ཨེ་ཤེ་ཡར་ཕྱོགས་པའི་སྒོ་དབྱེའི་བགྲོད་ལམ་གལ་ཆེན་ཞིག་གཏོད་རྒྱུར་ཕན་ཐོགས་ཡོད་པ་རེད།

འགྲན་སློང་ཐད། དུས་རབས་གསར་པར་སླེབས་པས། གོང་འཕེལ་གཏོང་བའི་ཕྱི་ཕྱོགས་ཁོར་ཡུག་དང་ནང་ངོས་ཆ་རྐྱེན་ལ་རྙོག་འཛིང་ཆེ་ཞིང་གཏིང་ཟབ་པའི་འགྱུར་ལྡོག་ཆེན་པོ་ཡོང་རྒྱུ་དང་། མི་དམངས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་ཉིན་རེ་བཞིན་ཆེ་རུ་འགྲོ་བ་དང་གོང་འཕེལ་དོ་མི་མཉམ་ཞིང་གང་ལེགས་མ་བྱུང་བའི་དབར་གྱི་འགལ་བ་སྔར་བཞིན་མངོན་གསལ་དོད་དུ་འགྲོ་རྒྱུ་རེད། དེའང་གཅིག་ནི་འཕར་སྣོན་བརྟན་པོ་ཡོང་བའི་གནོན་ཤུགས་ཆེ་ཙམ་ཡོད་པ། རང་ལྗོངས་ཀྱི་དཔལ་འབྱོར་དུས་ཡུན་རིང་པོའི་ནང་མ་འཇོག་དང་སྐུལ་ཁྲིད་ལ་བརྟེན་པའི་རྣམ་པར་འགྱུར་ལྡོག་མཐར་ཕྱིན་པ་བྱུང་མེད་པ་དང་། མ་དངུལ་གཙོ་བོ་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གྱི་རྣམ་གྲངས་ཐད་གཏོང་དགོས་པས་མ་འཇོག་གི་ཁྱད་འབབ་རིམ་པས་ཉུང་དུ་འགྲོ་བའི་རྣམ་པ་རིམ་བཞིན་མངོན་ཡོང་གི་ཡོད་པ་དང་། དཔལ་འབྱོར་གོང་འཕེལ་གྱི་རྒྱུན་རྣམ་གསར་པའི་ཐོག་སླེབས་པས་དེང་གི་འཛམ་གླིང་ལ་འཕྲད་པའི་ལོ་བརྒྱའི་ནང་བྱུང་མྱོང་མེད་པའི་རྣམ་པར་འགྱུར་ལྡོག་ཆེན་པོ་འགྲོ་རྒྱུ་ཡིན་ལ། རང་ལྗོངས་ཀྱང“དུས་ལྔ་མཉམ་འཁེལ”གྱི་འགག་རྩའི་དུས་སུ་གནས་པས་གཞི་ཆེའི་ཁོར་ཡུག་རྙོག་འཛིང་ཆེ་ལ་འགྱུར་ལྡོག་འགྲོ་མང་ཞིང་། ཁེ་ལས་ཀྱིས་མ་འཇོག་བྱེད་རྒྱུར་གཟབ་ནན་བྱེད་པ་དང་། རྒྱལ་ཁབ་ཀྱི་མ་དངུལ་འཇོག་འཕར་ཤུགས་ཆེན་པོ་ཡོང་བར་དཀའ་ངལ་ཆེ་ཙམ་ཡོད་པ་རེད། གཉིས་ནི་མི་རེའི་ཆ་སྙོམས་དམིགས་ཚད་གཙོ་བོར་སྔར་བཞིན་ཧེ་བག་ཡོད་པ། ཡུན་རིང་འབད་བརྩོན་བྱས་པ་བརྒྱུད། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་འགྲོ་བའི་ཕྱོགས་གང་ཅིའི་ཐད་ཡར་རྒྱས་ཆེ་ཙམ་བྱུང་ཡོད། ཡིན་ཡང་འཕྲེད་བསྡུར་བྱས་ན་སྔར་བཞིན་ཧེ་བག་ངེས་ཅན་ཡོད། བོད་ཀྱི་མི་རེའི་ཆ་སྙོམས་ས་གནས་ཀྱི་ཐོན་སྐྱེད་སྤྱིའི་རིན་ཐང་དེ་ནུབ་རྒྱུད་ས་ཁུལ་གྱི་ཆ་སྙོམས་ཆུ་ཚད་ཀྱི་90%ཡས་མས་ཙམ་དང་། རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ཀྱི་70%ཡས་མས་ཙམ་ལས་ཟིན་མེད་པ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མི་མི་རེའི་ཆ་སྙོམས་ལག་ཐོག་ཡོང་འབབ་དེ་ཁག་སོ་སོར་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ཀྱི་94%དང་85%ཡིན། མི་སྟོང་རེར་འཕྲོད་བསྟེན་ལག་རྩལ་པའི་གྲངས་དང་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་ཀྱི་ཉལ་ཁྲིའི་གྲངས་དེ་ནུབ་རྒྱུད་ས་ཁུལ་གྱི་ཆ་སྙོམས་ཆུ་ཚད་དང་བསྡུར་ན་བར་ཁྱད་མི་1.51དང་ཉལ་ཁྲི་གྲངས་1.97ཡོད། གསུམ་ནི་མི་ཤུགས་ཐོན་ཁུངས་སྔར་བཞིན་འདང་གི་མེད་པ། རང་ལྗོངས་ཀྱི་ཤེས་ལྡན་པའི་ཐོན་ཁུངས་ཀྱི་རྨང་གཞི་ཞན་ཙམ་ཡིན་པ་དང་། ལྷག་པར་དུ་སློབ་གསོ་དང་སྨན་བཅོས་སོགས་སྤྱི་པའི་བྱ་གཞག་ཁྱབ་ཁོངས་ཀྱི་ཆེད་ལས་ལག་རྩལ་གྱི་ཤེས་ལྡན་པ་དཀོན་པའི་གནད་དོན་མངོན་གསལ་དོད་ཙམ་ཡོད་ཅིང་། ལས་གྲྭའི་རྣམ་གྲངས་མི་ཉུང་བ་ཞིག་གི་དུས་འགོའི་ལས་ཀ་གཙོ་བོ་ནང་སའི་ལག་རྩལ་པར་བརྟེན་དགོས་ཀྱི་ཡོད། ཚན་རྩལ་ཞིབ་འཇུག་དང་གསར་སྤེལ་ཐད་མ་འཇོག་བྱེད་རྒྱུ་དེ་ཙམ་འདང་གི་མེད་པ་དང་། གསར་གཏོད་བྱེད་ནུས་དེ་མིག་སྔའི་སྤུས་ཚད་མཐོ་བའི་གོང་འཕེལ་གྱི་རེ་བ་དང་འཚམ་ཐུབ་ཀྱི་མེད། བཞི་ནི་ཐོན་ལས་གོང་འཕེལ་གཏོང་རྒྱུ་སྔར་བཞིན་རྗེས་སུ་ལུས་ཡོད་པ། རང་ལྗོངས་སུ་ཤ་དང་དཀར་ཆུ་སོགས་ཞིང་ཕྱུགས་ཐོན་རྫས་ཀྱི་ཐོན་འབོར་འདང་གི་མེད་པས་ས་ཆ་དེ་གའི་ཁྲོམ་རའི་དགོས་མཁོ་སྐོང་ཐུབ་ཀྱི་མེད་ཅིང་། ཕག་ཤ་དང་། ནོར་ཤ ལུག་ཤ་སོགས་ད་དུང་ཉེ་འཁོར་གྱི་ཞིང་ཆེན་དང་རང་སྐྱོང་ལྗོངས་ནས་འཐེན་དགོས་ཀྱི་ཡོད་པ་དང་། སྐྱ་དུས་སྔོ་ཚལ་རང་མཁོ་རང་འདོན་བྱེད་ཚད་65%ཡས་མས་ཙམ་ལས་མེད། བཟོ་ལས་འཕར་ཐང་གིས་ས་གནས་ཀྱི་ཐོན་སྐྱེད་སྤྱིའི་རིན་ཐང་ནང་བཟུང་བའི་བསྡུར་ཚད་8%ཡས་མས་ཙམ་ལས་མེད་ཁར། རྒྱུ་ཆ་མང་པོ་ཞིག་ནང་ས་ནས་ཉོ་སྒྲུབ་བྱེད་དགོས་པ་དང་། ཐོན་ལས་འཁོར་འབྲེལ་འཐུས་སྒོ་ཚང་པོ་མེད་པ། སྤྱི་ཡོངས་ཀྱི་བང་རིམ་མཐོ་པོ་མེད་པ། སྦྲེལ་མཐུད་བྱེད་ཚད་དམའ་ཙམ་ཡིན་པར་བརྟེན་ཁྲོམ་རའི་མཁོ་འདོན་གྱི་འགན་སྲུང་བྱེད་ནུས་སྔར་བས་ཆེ་རུ་གཏོང་དགོས་ཀྱི་ཡོད།

(གཉིས)སྤྱིའི་བླང་བྱ་དང་གོང་འཕེལ་གྱི་དམིགས་ཚད།

2021ལོའི་སྤྱི་ཚོགས་དང་དཔལ་འབྱོར་གོང་འཕེལ་གཏོང་བའི་སྤྱིའི་བླང་བྱ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་རྒྱུ་མཐའ་འཁྱོངས་བྱས་ཏེ། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་། གསུམ་པ། བཞི་པ། ལྔ་པ། དེ་བཞིན་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུ་དང་། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པ། ལྗོངས་ཏང་ཨུད་ཀྱི་སྐབས་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པ་དང་ལྗོངས་ཏང་ཨུད་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུ་བཅས་ཀྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བོད་ཀྱི་ལས་དོན་སྐོར་གྱི་གལ་ཆེན་རྒྱས་བཤད་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཐོག ཆབ་སྲིད་ལ་སྣང་ཆེན་བྱེད་པའི་མཐོ་ཚད་ནས་དཔལ་འབྱོར་གྱི་ལས་དོན་སྒྲུབ་དགོས་པ་དང་། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་སྤྱིའི་དགོངས་གཞི་མཐའ་འཁྱོངས་ཀྱིས“ཚང་དགོས་པ་གསུམ་དང་ཕན་འདོགས་པ་གཅིག”གི་བླང་བྱ་དེ་འགོ་ནས་མཇུག་བར་ཁྱབ་པ་བྱས་ཐོག གོང་འཕེལ་གྱི་དུས་མཚམས་གསར་པར་གཞི་ཚུགས་ཤིང་གོང་འཕེལ་གྱི་བསམ་གཞི་གསར་པ་ལག་བསྟར་བྱེད་པ་དང་། གོང་འཕེལ་གཏོང་ལམ་གསར་པ་གཏོད་པ། གོང་འཕེལ་དོ་མི་མཉམ་ཞིང་གང་ལེགས་མ་བྱུང་བའི་གནད་དོན་ལ་དམིགས་པ་བཅས་བྱས་ཏེ་རྒྱུད་ཁོངས་ཀྱི་ལྟ་བ་མཐའ་འཁྱོངས་བྱེད་པ་དང་། “འབྲེལ་བ་ཆ་བཅུ་གསུམ”ཐག་གཅོད་ཡང་དག་བྱས་ནས་སྤུས་ཚད་མཐོ་བའི་གོང་འཕེལ་ལ་སྐུལ་འདེད་གཏོང་རྒྱུ་བརྗོད་དོན་གཙོ་བོར་བྱེད་པ། མཁོ་འདོན་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་བསྒྱུར་བཅོས་གཏིང་ཟབ་བྱེད་རྒྱུ་གཙོ་ཐིག་ཏུ་བྱེད་པ་བཅས་བྱས་ཐོག ནུས་ཤུགས་ཡོད་རྒུས་བརྟན་ལྷིང་དང་། གོང་འཕེལ། སྐྱེ་ཁམས། མཐའ་མཚམས་སྟོབས་ལྡན་བཅས་ཀྱི་དོན་ཆེན་བཞིར་དམ་འཛིན་ཡག་པོ་བྱེད་པ་དང་། ནད་ཡམས་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་གཏོང་བའི་འབྲས་བུ་སྲ་བརྟན་དང་རྒྱ་སྐྱེད་དུ་གཏོང་བ་དང་སྦྲགས། གོང་འཕེལ་དང་བདེ་འཇགས་ཐད་ལ་དེ་བས་གཅིག་གྱུར་འཆར་འགོད་ཡག་པོ་བྱས་ནས་མུ་མཐུད“བརྟན་པོ་དྲུག”གི་ལས་དོན་ཡག་པོ་སྒྲུབ་པ་དང་“འགན་ལེན་དྲུག”གི་ལས་འགན་དོན་འཁྱོལ་བྱས་ཤིང་། ཚན་རིག་དང་མཐུན་ཞིང་གནད་ལ་འཕིགས་པའི་སྒོ་ནས་གཞི་ཆེའི་སྲིད་ཇུས་ལག་བསྟར་བྱེད་པ་དང། དཔལ་འབྱོར་འཁོར་སྐྱོད་བྱེད་རྒྱུ་དེ་ལུགས་མཐུན་གྱི་བར་མཚམས་སུ་བརྟན་འཁྱོངས་གང་ཐུབ་བྱས་ནས། ནང་མཁོ་རྒྱ་སྐྱེད་གཏོང་བའི་འཐབ་ཇུས་མཐའ་འཁྱོངས་བྱེད་པ་དང་། ཚན་རྩལ་འཐབ་ཇུས་ཀྱི་འདེགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སུ་སྒོ་མོ་དབྱེ་རྒྱ་ཆེ་རུ་གཏོང་བ་བཅས་བྱས་ཏེ་རྒྱལ་ཁབ་བདེ་འཇགས་དང་ཡུན་རིང་བདེ་འཁོད་ཡོང་རྒྱུར་འགན་ལེན་དང་། མི་དམངས་ཀྱི་འཚོ་བའི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་འགྲོ་རྒྱུར་འགན་ལེན། སྐྱེ་ཁམས་ཁོར་ཡུག་བཟང་པོ་ཡོང་རྒྱུར་འགན་ལེན། མཐའ་སྲུང་སྲ་བརྟན་དང་མཐའ་མཚམས་བདེ་འཇགས་ཡོང་རྒྱུར་འགན་ལེན་བཅས་བྱས་ནས“ལོ་ལྔ་ཚན་བཅུ་བཞི་པ”འགོ་ཡག་པོ་འཛུགས་པའི་གཡུར་ཟའི་གྲུབ་འབྲས་ཐོག་ནས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་100འཁོར་བ་དང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་70འཁོར་བར་བརྟེན་འབྲེལ་ཞུ་རྒྱུ་ཡིན།

2021ལོའི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་རྒྱུའི་སྔོན་དཔག་དམིགས་ཚད་གཙོ་བོ། ལྗོངས་ཡོངས་ཀྱི་ས་གནས་ཀྱི་ཐོན་སྐྱེད་སྤྱིའི་རིན་ཐང་9%ཡན་འཕར་བ་བྱེད་རྒྱུ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མི་མི་རེའི་ཆ་སྙོམས་ལག་ཐོག་ཡོང་འབབ་ཁག་སོ་སོར་10%དང་13%ཡན་འཕར་བ་བྱེད་རྒྱུ། སྤྱི་ཚོགས་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་ལ་མ་འཇོག་བྱེད་ཚད་5%ཡན་འཕར་བ་བྱེད་རྒྱུ། གཞི་ཁྱོན་ཡན་གྱི་བཟོ་ལས་འཕར་ཐང་12%ཡན་འཕར་བ་བྱེད་རྒྱུ། སྤྱི་ཚོགས་འཛད་སྤྱོད་དངོས་ཟོག་སིལ་འཚོང་གི་སྤྱི་འབོར་10%ཡས་མས་འཕར་བ་བྱེད་རྒྱུ། སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་3%འཕར་བ་བྱེད་རྒྱུ། གྲོང་མིའི་འཛད་སྤྱོད་རིན་གོང་སྟོན་གྲངས་འཕར་ཚད་3%ཡས་མས་སུ་ཚོད་འཛིན་ཐུབ་པ་བྱེད་རྒྱུ། གྲོང་ཁྱེར་དང་གྲོང་རྡལ་གྱི་བརྟག་དཔྱད་ལས་ཤོར་བསྡུར་ཚད་5.5%ཡས་མས་སུ་ཚོད་འཛིན་ཐུབ་པ་བྱེད་རྒྱུ། ནུས་རྒྱུ་ཟད་གྲོན་དང་། ཐཱན་འབུད་ཤུགས་ཚད། བཙོག་འབུད་ཉུང་གཏོང་བཅས་བྱེད་པའི་དམིགས་ཚད་དེ་རྒྱལ་ཁབ་ཀྱིས་ཞིབ་གཏན་བྱས་ཁོངས་སུ་ཚོད་འཛིན་ཐུབ་པ་བྱེད་རྒྱུ། ས་གནས་རིམ་པ་དང་དེ་ཡན་གྱི་གྲོང་ཁྱེར་གྱི་མཁའ་རླུང་སྤུས་ཚད་བཟང་འཁྱོངས་ཐུབ་པའི་ཉིན་གྲངས་ཀྱི་བསྡུར་ཚད་99%ཡན་བརྟན་འཁྱོངས་ཐུབ་པ་བྱེད་རྒྱུ་བཅས་ཡིན། གོང་གསལ་དམིགས་ཚད་དེ་དག་ཐོག་ནས་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དང་གོང་འཕེལ་གྱི་བསམ་གཞི་གསར་པ་ལག་བསྟར་བྱས་ཏེ“ཚང་དགོས་པ་གསུམ་དང་ཕན་འདོགས་པ་གཅིག”གི་སྤུས་ཚད་མཐོ་བའི་གོང་འཕེལ་གྱི་བླང་བྱ་མཚོན་པ་བྱས་ཡོད། དུས་མཚུངས། མིག་སྔའི་རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་རྒྱུའི་ལེགས་ཆ་ལྡན་པའི་ཆ་རྐྱེན་དང་དཀའ་གནད། ལྷག་པར་དུ་རྒྱུན་རྣམ་ཅན་གྱི་ནད་ཡམས་སྔོན་འགོག་དང་ཚོད་འཛིན་བྱེད་རྒྱུ་དང་དཔལ་འབྱོར་འཕར་ཚད་ཆག་པའི་གནོན་ཤུགས་སོགས་ཀྱི་གནས་ཚུལ་ལ་བསམ་གཞིག་གང་ལེགས་བྱས་ཏེ་སྐབས་བསྟུན་གྱིས་སྔོན་སྒྲིག་ཕྲ་སྙོམས་བྱེད་རྒྱུ་དང་། དཔལ་འབྱོར་འཁོར་སྐྱོད་བྱེད་རྒྱུ་དེ་ལུགས་མཐུན་གྱི་བར་མཚམས་སུ་བརྟན་འཁྱོངས་ཐུབ་པ་བྱེད་རྒྱུའི་འགོ་འཛུགས་སར་དམིགས་པའི་ཁར། དཔལ་འབྱོར་གོང་འཕེལ་ཡོང་རེ་དང་མངོན་གྱུར་ཐུབ་རེ་བྱེད་རྒྱུར་གཅིག་གྱུར་ལྟ་རྟོག་བྱས་ཡོད་ལ། འབད་འབུངས་དོན་གཉེར་དང་ལས་རྗེས་ཧུར་ཐག་འཇོག་རྒྱུ་ཡང་ནན་བཤད་བྱས་ནས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་གོང་འཕེལ་འགྲོ་རྒྱུར་མུ་མཐུད་སྐུལ་སྤེལ་བཏང་སྟེ་གོང་འཕེལ་དོ་མི་མཉམ་པ་དང་གང་ལེགས་མ་བྱུང་བའི་གནད་དོན་ཐག་གཅོད་ནུས་ལྡན་བྱས་ནས་རང་ལྗོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་ཉིན་རེ་བཞིན་ཇེ་ཆེར་འགྲོ་བའི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་སྔར་བས་ཡག་པོ་སྐོང་ཐུབ་པ་བྱེད་རྒྱུ་ཡིན།

གསུམ། 2021ལོའི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་རྒྱུའི་ལས་འགན་དང་བྱ་ཐབས་གཙོ་བོ།

2021ལོ་ནི“ལོ་ལྔ་ཚན་བཅུ་བཞི་པ”འགོ་འཛུགས་པའི་ལོ་ཞིག་ཡིན་པས། ལྗོངས་ཏང་ཨུད་ཀྱི་སྐབས་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པ་དང་ལྗོངས་ཏང་ཨུད་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུའི་བཀོད་སྒྲིག་གཞིར་བཟུང་། མེས་རྒྱལ་གོང་བུ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་རྒྱུ་དེ་བོད་ཀྱི་ལས་དོན་གྱི་དམིགས་ས་དང་ཤུགས་རྒྱག་སར་བརྩི་རྒྱུ་མཐའ་འཁྱོངས་བྱེད་པ་དང་། དམངས་འཚོ་ལེགས་བཅོས་དང་མི་སེམས་གཅིག་སྒྲིལ་ཡོང་བ་བྱེད་རྒྱུ་དེ་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་བའི་འགོ་འཛུགས་ས་དང་དོན་ལ་བབས་སར་བརྩི་རྒྱུ་མཐའ་འཁྱོངས་བྱས་ཏེ། བརྟན་ལྷིང་དང་། གོང་འཕེལ། སྐྱེ་ཁམས། མཐའ་མཚམས་སྟོབས་ལྡན་བཅས་ཀྱི་དོན་ཆེན་བཞིར་གཅིག་གྱུར་འཆར་འགོད་བྱས་ཐོག འགྱུར་ལྡོག་ལ་ངོས་འཛིན་གནད་འཕིགས་བྱེད་པ་དང་། འགྱུར་ལྡོག་ལ་ཚན་རིག་དང་མཐུན་པའི་ངང་ཁ་གཏད་གཅོག་པ། རང་འགུལ་ངང་འགྱུར་ལྡོག་ཡོང་བ་བྱེད་པ་བཅས་ཀྱི་ཐོག་ནས་ཉེན་ཁའི་ཁྲོད་གོ་སྐབས་འཚོལ་མཁས་པ་དང་འགྱུར་ལྡོག་ཁྲོད་འགོ་གསར་པ་འཛུགས་ཐུབ་པ་བྱེད་པ་དང་སྦྲགས། དེ་བས་དམ་པ་དོན་གཉེར་གྱི་སྤྱོད་ཚུལ་ཐོག་ནས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་བའི་ལས་དོན་ཁག་ལ་དམ་འཛིན་གང་ཐུབ་བྱས་ཏེ“ལོ་ལྔ་ཚན་བཅུ་བཞི་པ”འགོ་ཡག་པོ་འཛུགས་ཐུབ་པ་དང་གོམ་པ་ཡག་པོ་སྤོ་ཐུབ་པ་བྱེད་རྒྱུ་ཡིན། གཤམ་གསལ་ཕྱོགས་དགུའི་ཐད་ཀྱི་ལས་དོན་གཙོ་གནད་དུ་ཡག་པོ་བསྒྲུབ་རྒྱུ་ཡིན།   

(གཅིག) འཆར་འགོད་རྩ་གནད་ཀྱིས་ཁྲིད་སྟོན་བྱས་ཏེ་དཔལ་འབྱོར་སྤུས་ཚད་མཐོ་བའི་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་རྒྱུ། 

གཅིག་ནི་ཀྲུང་དབྱང་གི་དམིགས་བསལ་གཟིགས་སྐྱོང་སྲིད་ཇུས་དོན་འཁྱོལ་ནན་ཏན་བྱེད་རྒྱུ། སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ་དང་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་ཐོག་གཏན་འཁེལ་གནང་བའི་སྲིད་ཇུས་ཁག་རེ་རེ་བཞིན་དུ་དབྱེ་གསེད་དང་ཞིབ་འཇུག་ནན་ཏན་བྱས་ཏེ་རང་འགུལ་ངང་སྙན་སེང་སྦྲེལ་མཐུད་ཧུར་ཐག་བྱེད་པ་དང་། ཚང་སྒྲིག་གི་ལག་བསྟར་ཇུས་གཞི་ཞིབ་ཚགས་པོ་བཟོས་ནས་ཀྲུང་དབྱང་གིས་བོད་ལ་གནང་བའི་དམིགས་བསལ་གཟིགས་སྐྱོང་སྲིད་ཇུས་ཁག་ཆད་ལུས་མེད་པར་བེད་སྤྱོད་ཡག་པོ་བྱས་ཏེ་ལས་འགན་དོན་འཁྱོལ་བྱེད་པར་སེམས་ནང་གདེང་ཚོད་ཡོད་པ་དང་། ལས་ཀའི་བྱེད་ཐབས་ཏན་ཏིག་ནུས་ལྡན་ཡིན་པ། ལག་བསྟར་བྱས་འབྲས་ཚང་མས་མཐོང་ཐུབ་པ་བཅས་བྱེད་རྒྱུ། གཉིས་ནི“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་བཟོ་སྒྲིག་དང་དོན་འཁྱོལ་བྱེད་རྒྱུ་དེ་གཏིང་ཟབ་པའི་ཕྱོགས་སུ་སྐུལ་སྤེལ་གཏོང་རྒྱུ། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་ངེས་གནས་དང་རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་བའི་དུས་མཚམས་རང་བཞིན་གྱི་ཁྱད་ཆོས་ལ་དམིགས་ནས་ལྗོངས་ཕྱི་ནང་གི་ཐོན་ཁུངས་གཅིག་གྱུར་འཆར་འགོད་བྱེད་པ་དང་། གལ་ཆེའི་གནད་དོན་ལ་ཞིབ་འཇུག་བྱེད་རྒྱུར་ཤུགས་སྣོན་རྒྱག་པ། གོང་འཕེལ་གྱི་ལྟ་བ་སྒྱུར་བ་བཅས་བྱས་ཏེ་འཆར་འགོད་ཆེན་པོར་བརྟེན་ནས་གོང་འཕེལ་གྱི་བསམ་གཞི་ཆེ་མོ་དོན་འཁྱོལ་བྱས་ཐོག ཆེད་དོན་འཆར་འགོད་དང་ས་གནས(གྲོང་ཁྱེར)ཀྱི་འཆར་འགོད་བཟོ་རྒྱུའི་ལས་དོན་ལ་དམ་འཛིན་ཡག་པོ་བྱས་ཏེ་སྔར་ལས་ལྷག་པའི་སྒོ་ནས་བསམ་གཞི་གསལ་པོ་བཟོ་བ་དང་། གཙོ་གནད་མངོན་ཆེར་འཛིན་པ། དམིགས་ཚད་ཁ་གསལ་བཟོ་བ་བཅས་བྱེད་རྒྱུ། གསུམ་ནི་དཔལ་འབྱོར་འཁོར་སྐྱོད་བཀོད་གཏོང་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། དབྱེ་ཞིབ་དང་བཀོད་གཏོང་བྱེད་པའི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ་དང་། ལྟ་དཔྱད་མཐའ་དཔྱོད་བྱེད་པའི་གཏིང་ཚད་ཟབ་ཏུ་བཏང་སྟེ་སྣུམ་དང་། གློག རྡོ་སོལ། སོལ་རླངས། འགྲིམ་འགྲུལ་བཅས་དང་། ཨར་འདམ། ངར་ལྕགས་སོགས་ཀྱི་གཙོ་རྒྱུ་འགན་སྲུང་བྱེད་པར་ཤུགས་སྣོན་རྒྱག་རྒྱུ་དང་། སྡེ་ཚན་དང་། ཁུལ་ཁོངས། ལས་རིགས་བཅས་ལས་བརྒལ་བའི་དཔལ་འབྱོར་འཁོར་སྐྱོད་ཀྱི་མཐུན་སྦྱོར་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་སྟེ་དཔལ་འབྱོར་འཁོར་སྐྱོད་བྱེད་པའི་ཁྲོད་གལ་ཆེའི་ཁྱབ་ཁོངས་སུ་ཐོན་པའི་དཀའ་ངལ་སེལ་ནས་ལྗོངས་ཡོངས་ཀྱི་དཔལ་འབྱོར་དེ་ལུགས་མཐུན་གྱི་བར་མཚམས་སུ་འཁོར་སྐྱོད་ཐུབ་པའི་འགན་ལེན་བྱེད་རྒྱུ། བཞི་ནི་སེམས་ཐག་གཙང་བཅད་ཀྱིས་ནད་ཡམས་སྔོན་འགོག་དང་ཚོད་འཛིན་བྱེད་པར་དམ་འཛིན་ཡག་པོ་བྱེད་རྒྱུ། རྒྱུན་རྣམ་ཅན་གྱི་ནད་ཡམས་སྔོན་འགོག་དང་ཚོད་འཛིན་བྱེད་པའི་ལས་དོན་ལ་དམ་འཛིན་ཡག་པོ་བྱེད་རྒྱུ་མཐའ་འཁྱོངས་བྱས་ཏེ། མཐའ་མཚམས་ཀྱི་ཕྱི་འགོས་ནད་རིགས་སྔོན་འགོག་བྱེད་རྒྱུ་ཨང་དང་པོར་བཞག་ཐོག གཙོ་གནད་མི་ཚོགས་དང་། གཙོ་གནད་ཁུལ། གཙོ་གནད་ཁྱབ་ཁོངས་བཅས་ལ་དམིགས་ནས་ཕྱི་འགོས་ནད་རིགས་སྔོན་འགོག་བྱེད་པའི་བྱ་ཐབས་ཁག་དམ་འཛིན་གནད་འཁེལ་བྱེད་པ་དང་གདུབ་ཟུམ་དོ་དམ་ནན་པོ་བྱས་ཐོག མི་དང་དངོས་པོ་མཉམ་འགོག་བྱེད་རྒྱུ་མཐའ་འཁྱོངས་བྱས་ནས། འགྲམ་དང་སྐྱིད་རོང་སོགས་འགག་སྒོའི་རིམས་འགོག་ཞིབ་བཤེར་ལ་ཤུགས་སྣོན་གང་ཡོད་བརྒྱབ་སྟེ་མཐའ་མཚམས་དང་འགག་སྒོའི་སྔོན་འགོག་དང་ཚོད་འཛིན་ལས་ཀའི་གནད་འཕིགས་རང་བཞིན་ཆེ་རུ་བཏང་ནས་ནད་ཡམས་སྔོན་འགོག་དང་ཚོད་འཛིན་བྱེད་པའི་ལས་དོན་ལ་སྐྱོན་ཆ་མེད་པ་དང་། ཁུག་མ་ལུས་པ། ཟུར་མ་ལུས་པ་བཅས་ཡོང་བའི་འགན་ལེན་བྱེད་རྒྱུ།

(གཉིས)དམངས་འཚོ་ལེགས་བཅོས་བྱེད་རྒྱུ་དེ་དམིགས་ཚད་དུ་བྱས་ཏེ་མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་སྣང་བཅས་ཆེ་རུ་གཏོང་རྒྱུ།

གཅིག་ནི་བློ་བརྟན་འགྱུར་མེད་ངང་གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ལག་བསྟར་བྱེད་རྒྱུ། ཀྲུང་དབྱང་གི་གྲོང་གསེབ་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ཏེ། “ཞིང་གསུམ”གྱི་གནད་དོན་ཐག་གཅོད་ཡག་པོ་བྱེད་རྒྱུ་དེ་མིག་སྔའི་ལས་ཀའི་གལ་ཆེན་ནང་གི་དོན་ཆེན་ཞིག་ཏུ་བརྩི་རྒྱུ་མཐའ་འཁྱོངས་བྱས་ཐོག དབུལ་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་རྒྱ་སྐྱེད་གཏོང་རྒྱུ་དང་གྲོང་གསེབ་དར་རྒྱས་གཏོང་རྒྱུ་གཉིས་སྦྲེལ་མཐུད་ནུས་ལྡན་བྱས་ནས་ཞིང་འབྲོག་ལས་སྤུས་ཕྱོད་གཉིས་ལྡན་དང་། ཞིང་འབྲོག་ཁུལ་དེ་འཚོ་སྡོད་དང་ལས་གཉེར་ལ་འཕྲོད་པ། ཞིང་འབྲོག་པ་ལྟོ་གོས་གཉིས་འཛོམས་བཅས་ཡོང་བར་སྐུལ་འདེད་གཏོང་རྒྱུ། ཡུལ་སྤོས་དབུལ་སྐྱོར་གྱི་རྗེས་མཐུད་ཞོར་སྐྱོང་བྱེད་ཤུགས་སྔར་བས་ཆེ་རུ་བཏང་སྟེ། བསམ་བློའི་དྲིལ་བསྒྲགས་དང་། ཐོན་ལས་ལས་ཞུགས་ཀྱི་རོགས་སྐྱོར། སྡེ་ཁུལ་ཁྱིམ་མཚེས་མཉམ་འདྲེས་སོགས་ཀྱི་ལས་དོན་སྤེལ་ཤུགས་ཆེ་རུ་གཏོང་རྒྱུ་དང་། ལྷག་པར་དུ་ལག་རྩལ་དང་། སྒྲིག་བཀོད། ཚོང་གཉེར་སོགས་ཀྱི་ཞན་ཆ་སེལ་ནས་དབུལ་སྐྱོར་ཐོན་ལས་ཀྱི་རིམ་པ་མཐོ་རུ་འགྲོ་བར་སྐུལ་འདེད་གཏོང་རྒྱུ། རྩལ་ནུས་སྦྱོང་བརྡར་སྤྲོད་ཤུགས་དང་གནས་སྒྱུར་ལས་ཞུགས་བྱེད་ཤུགས་རྒྱུན་མཐུད་ཆེ་རུ་བཏང་སྟེ། ཡོང་འབབ་དམའ་བའི་ཁྱིམ་ཚང་ལ་ཉུང་མཐར་ཡང“དུད་ཚང་གཅིག་ལ་མི་གཅིག་རེ”ལས་ཞུགས་ཐུབ་པའི་འགན་ལེན་བྱེད་རྒྱུ། བྱེད་པོའི་འགན་འཁྲི་དང“མི་འདོར་བ་བཞིའི”སྲིད་ཇུས་དོན་འཁྱོལ་ནན་པོ་བྱས་ཏེ། མཐར་ལུས་མི་འབོར་དབུལ་པོ་མི་ཆགས་པ་དང་དབུལ་སྒྲོལ་བྱུང་བའི་མི་འབོར་དབུལ་པོ་བསྐྱར་ལོག་མི་ཡོང་བའི་འགན་ལེན་བྱས་ཁར། དབུལ་སྒྲོལ་བརྟན་པོ་ཡོང་བའི་ཕུགས་ཕན་ལམ་སྲོལ་འཛུགས་པ་དང་ཚགས་ཚུད་དུ་གཏོང་རྒྱུ། ཆབ་སྲིད་ཀྱི་འགན་འཁྲི་འཁུར་བ་དང་། ཞིང་ལས་དང་གྲོང་གསེབ་སྔོན་ལ་གོང་འཕེལ་གཏོང་བའི་མཛད་ཕྱོགས་དོན་འཁྱོལ་བྱས་ནས་ཐོན་ཁུངས་གཅིག་སྡུད་ཐོག་དབུལ་སྒྲོལ་འགག་སྒྲོལ་ལ་རྒྱབ་སྐྱོར་བྱེད་པ་ནས་གྲོང་གསེབ་དར་རྒྱས་གཏོང་རྒྱུར་ཕྱོགས་ཡོངས་ནས་སྐུལ་སྤེལ་གཏོང་བའི་ཕྱོགས་སུ་རིམ་པས་བར་བརྒལ་བརྟན་པོ་ཡོང་བ་བྱེད་པ་དང་སྦྲགས། ཐོན་ལས་གོང་འཕེལ་གཏོང་བ་དང་། ཡུལ་སྲོལ་གོམས་གཤིས་སྒྱུར་བ། སྐྱེ་ཁམས་ཤེས་དཔལ་ལྡན་པ། ཞིང་འབྲོག་ཁུལ་བསྒྱུར་བཅོས་བྱེད་པ། མིའི་འཚོ་སྡོད་ཁོར་ཡུག་ལེགས་བཅོས་བྱེད་པ། གྲོང་གསེབ་བཅོས་སྐྱོང་བྱེད་པ་བཅས་ལ་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་བཏང་ནས་གྲོང་གསེབ་དར་རྒྱས་གཏོང་བར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་རྒྱུ། གཉིས་ནི་བློ་བརྟན་འགྱུར་མེད་ངང་ལས་ཞུགས་ཀྱི་སྤུས་ཚད་དང་གྲངས་ཚད་གཉིས་ཀ་མཐོ་རུ་འགྲོ་བར་དམ་འཛིན་ཡག་པོ་བྱེད་རྒྱུ། མཐོ་སློབ་ཐོན་པའི་སློབ་མ་སྲིད་གཞུང་བརྒྱུད་ནས་ལས་ཞུགས་བྱེད་པ་དང་ཁྲོམ་ར་བརྒྱུད་ནས་ལས་ཞུགས་བྱེད་པའི་དབར་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱས་ཏེ་སྲིད་ཇུས་ཀྱི་མཉམ་ལས་དང་ཁེ་ལས་ལ་རོགས་སྐྱོར་གྱིས་ལས་གནས་བརྟན་པོ་ཡོང་ཤུགས་ཆེ་རུ་བཏང་སྟེ་ཐབས་ལམ་མང་པོའི་ཐོག་ནས་ཁྲོམ་ར་བརྒྱུད་དེ་ལས་ཞུགས་ཐུབ་པར་སྐུལ་འདེད་གཏོང་རྒྱུ། ཆེད་ལས་སྐྱོང་སྤེལ་དང་ཤེས་ལྡན་པ་གསོ་སྐྱོང་གི་མཉམ་ལས་བྱེད་ཐབས་གསར་གཏོད་དང་གཏིང་ཟབ་ཏུ་བཏང་ནས་ལས་རིགས་སློབ་གསོ་དང་ལག་རྩལ་བཟོ་པའི་སློབ་གསོའི་སློབ་གཉེར་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་རྒྱུ། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཞུགས་མི་གྲངས་ཁྲི་5མང་དུ་འགྲོ་ཐུབ་པའི་འགན་ལེན་བྱེད་རྒྱུ། ཞིང་འབྲོག་པ་གྲོང་ཁྱེར་དང་གྲོང་རྡལ་དུ་ལས་ཞུགས་བྱེད་རྒྱུ་དེ་ཐག་ཉེ་སྟབས་བདེ་དང་། རང་ས་རང་ཡུལ་དང་ཁ་མི་བྲལ་བ། ལས་ཀ་བྱེད་ཤེས་པ་དང་བྱེད་མཁས་པ་བཅས་དབར་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱས་ནས“འཚོ་རྟེན་ལས་སྤྲོད་དང་། ལས་སྦྱོང་གཉིས་འཐུས། གསོ་སྐྱོང་ལས་སྤྲོད”བཅས་ཀྱི་བྱེད་ཐབས་གསར་གཏོད་བྱས་ཏེ། “མངག་ཐོ་+ཕྱོགས་ངེས”ཀྱི་གནས་སྒྱུར་ལས་ཞུགས་བྱེད་ལམ་གཏོད་རྒྱུ། རྣམ་གྲངས་ཀྱིས་ལས་ཞུགས་ལ་སྐུལ་ཁྲིད་བྱེད་པའི་ནུས་པ་སྔར་བས་འདོན་སྤེལ་བྱས་ཏེ། ཞིང་འབྲོག་པ་རྣམས་འབྲོག་ར་ནས་ཁྲོམ་ར་དང་། ཞིང་ས་ནས་ལས་ཡུལ་དུ་བསྐྱོད་རྒྱུར་ཁྲིད་སྟོན་བྱེད་རྒྱུ། ཞིང་འབྲོག་པ་མི་གྲངས་ཁྲི་60གནས་སྒྱུར་ལས་ཞུགས་ཐུབ་པ་བྱས་ནས་མང་ཚོགས་ཀྱི་གླ་ཕོགས་རང་བཞིན་གྱི་ཡོང་འབབ་མང་དུ་འགྲོ་བའི་འགན་ལེན་བྱེད་རྒྱུ། གསུམ་ནི་བློ་བརྟན་འགྱུར་མེད་ངང་སྤྱི་ཚོགས་བྱ་གཞག་དོ་སྙོམས་གོང་འཕེལ་ཡོང་བར་སྐུལ་སྤེལ་གཏོང་རྒྱུ། ཐོག་མཐའ་བར་གསུམ་དུ་མི་དམངས་ལྟེ་བར་འཛིན་པའི་གོང་འཕེལ་གྱི་བསམ་བློ་མཐའ་འཁྱོངས་བྱས་ནས་དམངས་འཚོ་ལེགས་བཅོས་དང་མི་སེམས་གཅིག་སྒྲིལ་ཡོང་བ་བྱེད་རྒྱུ་དེ་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་བའི་འགོ་འཛུགས་ས་དང་དོན་ལ་བབས་སར་བརྩི་རྒྱུ། ཞིང་འབྲོག་ཁུལ་གྱི་སློབ་གསོ་སྔོན་དུ་གོང་འཕེལ་བཏང་ནས་འགན་བབས་སློབ་གསོ་དེ་གྲོང་ཁྱེར་དང་གྲོང་གསེབ་གཞི་གཅིག་ཅན་དུ་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་རྒྱུ། མཐོ་རིམ་སློབ་འབྲིང་དཀྱུས་མའི་སློབ་ཚན་གསར་པའི་བསྒྱུར་བཅོས་དང་མཐོ་རྒྱུགས་ཀྱི་ཕྱོགས་བསྡུས་བསྒྱུར་བཅོས་ལ་སྐུལ་སྤེལ་ཏན་ཏིག་གཏོང་རྒྱུ། ལས་རིགས་སློབ་གསོ་ཕྱོགས་བསྒྱུར་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་བཏང་སྟེ་འབྲིང་རིམ་ལས་རིགས་སློབ་གསོ་གོང་འཕེལ་གཏོང་བའི་ཆུ་ཚད་སྲ་བརྟན་དུ་གཏོང་རྒྱུ་དང་། ལས་རིགས་སློབ་གསོའི་སློབ་མ་བསྡུ་ཁྱོན་མུ་མཐུད་ཆེ་རུ་གཏོང་རྒྱུ། བོད་ལྗོངས་སློབ་ཆེན་དེ་པུའུ་ལྗོངས་མཉམ་སྐྲུན་གྱི“རྩེ་གྲས་གཉིས”སུ་འཛུགས་སྐྱོང་བྱེད་པར་སྐུལ་སྤེལ་ཇེ་མགྱོགས་སུ་གཏོང་རྒྱུ། རྒྱུན་མཐུད་ངང“བདེ་ཐང་ཀྲུང་གོའི་ལས་འགུལ”ལ་སྐུལ་སྤེལ་བཏང་ནས་རང་སྐྱོང་ལྗོངས་དང་ས་གནས(གྲོང་ཁྱེར)རིམ་པའི་སྨན་ཁང་གིས་རྫོང་སྨན་ཁང་ལ་ཁ་གཏད་རོགས་སྐྱོར་དང་། སྐོར་སྐྱོད་སྨན་བཅོས། རྒྱང་བསྟེན་སྨན་བཅོས་བཅས་བྱེད་པའི་ལམ་སྲོལ་བཟོས་ཏེ། “སྨན་ཁང་གསུམ་མཉམ་འགུལ”གྱི་བསྒྱུར་བཅོས་གཏིང་ཟབ་བྱས་ཐོག “མཉམ་སྦྲེལ་དྲ་རྒྱ་+སྨན་བཅོས་བདེ་ཐང”དེ་ཤང་དང་གྲོང་རྡལ་ཡོངས་ལ་ཁེབས་ཐུབ་པའི་བརྩོན་ལེན་བྱེད་རྒྱུ་དང་། སྨན་བཅོས་ཤེས་ལྡན་པའི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་ནུས་ཕྱོད་ཆེ་རུ་གཏོང་རྒྱུ། “སྤུས་ལེགས་ཞབས་ཞུ་གཞི་རིམ་དུ་སླེབས་པ་བྱེད་རྒྱུའི”བྱེད་སྒོ་གཏིང་ཟབ་སྤེལ་བ་དང་ལོ་འདིའི་ནང་ཤང་གྲོང་འཕྲོད་བསྟེན་ཁང་100གཞི་རྩའི་ཆར་ཚད་གཞི་ལོན་ཐུབ་པའི་བརྩོན་ལེན་བྱེད་རྒྱུ། མུ་མཐུད“བདེ་འཕྲོད་འཐུང་ཇ”ཚོད་ལྟ་དང་ཁྱབ་གདལ་གཏོང་རྒྱུ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་སྲུང་དང་། དམིགས་བསལ་དཀའ་ངལ་ཡོད་མཁན་གྱི་འཚོ་སྐྱོང་། ཡུལ་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་སོགས་ཀྱི་ལས་དོན་སྤེལ་ཤུགས་མུ་མཐུད་ཆེ་རུ་གཏོང་རྒྱུ། ཕྱོགས་ཡོངས་ནས“ཤ་མར་སྒོང་གསུམ”དང་“འབྲུ་རིགས”ཀྱི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་བྱས་ནས་མུ་མཐུད་རིན་གོང་བརྟན་གནས་ཚོད་འཛིན་བྱེད་པའི་ལས་དོན་ཡག་པོ་བསྒྲུབས་ཏེ། ཞོར་ཟས་མཁོ་འདོན་འདང་ངེས་དང་རིན་གོང་བརྟན་པོ་ཡོང་བའི་འགན་ལེན་བྱེད་རྒྱུ། ཁྲོམ་རའི་རིན་གོང་ལ་ལྟ་དཔྱད་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ་རིན་གོང་མཉམ་འགུལ་ལམ་སྲོལ་སྐབས་བསྟུན་དུ་སྤེལ་རྒྱུ། ཁྱིམ་སྡོད་དང་སྡེ་ཁུལ་གྱི་རྒན་གསོའི་ཞབས་ཞུའི་ཚོད་ལྟ་བརྟན་པོའི་ངང་ཁྱབ་སྤེལ་གཏོང་རྒྱུ།

(གསུམ)རྣམ་གྲངས་འཛུགས་སྐྲུན་བྱེད་རྒྱུ་དེ་འདེགས་སྐྱོར་དུ་བྱས་ཏེ་རྨང་གཞིའི་སྒྲིག་བཀོད་ཀྱི་ཆད་སྐྱོན་ཕྱོགས་ཡོངས་ནས་སེལ་ཐུབ་པ་བྱ་རྒྱུ། 

གཅིག་ནི་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་རྒྱུ། “རྣམ་གྲངས་འཆར་འགོད་ལ་བསྟུན་རྒྱུ་དང་མ་དངུལ་གྱི་གཙོ་རྒྱུ་རྣམ་གྲངས་ལ་བསྟུན་རྒྱུ”མཐའ་འཁྱོངས་བྱས་ནས་གཙོ་གནད་རྣམ་གྲངས་དང་དམངས་འཚོའི་རྣམ་གྲངས་འཛུགས་སྐྲུན་བྱེད་རྒྱུའི་འབྲེལ་བ་ཐག་གཅོད་ཡང་དག་བྱས་ཏེ། མ་འཇོག་གིས་སྐུལ་འཁྲིད་བྱེད་པའི་འགག་རྩའི་ནུས་པ་འདོན་སྤེལ་ཏན་ཏིག་བྱེད་པ་དང་“མ་འཇོག་བརྟན་པོ”ཡོང་བ་བྱེད་པའི་ཐད་ཤུགས་ཏན་ཏིག་རྒྱག་རྒྱུ། ནོར་སྲིད་རང་བཞིན་གྱི་འཛུགས་སྐྲུན་མ་དངུལ་དང་། ཆེད་དམིགས་བུན་འཛིན། དངུལ་ཁང་གི་དངུལ་བུན། སྤྱི་ཚོགས་ཀྱི་མ་རྩ་སོགས་དང་གཙོ་གནད་རྣམ་གྲངས་ཕན་ཚུན་ཆ་སྒྲིག་ཡོང་བར་ཤུགས་སྣོན་རྒྱག་རྒྱུ། ས་ཆ་བེད་སྤྱོད་དང་ནུས་རྒྱུའི་ཟད་གྲོན་གྱི་སྤྱི་འབོར་ཚོད་འཛིན་བྱེད་རྒྱུ་སོགས་ཀྱི་དམིགས་ཚད་དེ་རྣམ་གྲངས་ཆེ་གྲས་ལ་གཟིགས་སྐྱོང་བྱེད་རྒྱུ། ཁྲོན་བོད་ལྕགས་ལམ་དང་། G4218ཀྱི་ལྷ་ས་ནས་གཞིས་རྩེ་གནམ་ཐང་བར་གྱི་གཞུང་ལམ་དུམ་མཚམས། G219ཡི་མེ་ཏོག་ནས་རྫ་ཡུལ་བར་གྱི་གཞུང་ལམ་དུམ་མཚམས་སོགས་ཀྱི་རྣམ་གྲངས་འཛུགས་སྐྲུན་བྱེད་པར་ནུས་ཤུགས་ཡོད་རྒུས་སྐུལ་སྤེལ་གཏོང་རྒྱུ་དང་། G318ཀྱི་བོད་ལྗོངས་ཁོངས་ཀྱི་གཞུང་ལམ་དུམ་མཚམས་རིམ་སྤོར་བསྒྱུར་བཟོ་དང་། ལྷ་ས་གོང་དཀར་གནམ་ཐང་གི་འཕུར་ལམ་གཉིས་པ། དེ་བཞིན་དིང་རི་དང་། སྤུ་ཧྲེང་། ལྷུན་རྩེ་བཅས་ཀྱི་ཡན་ལག་གནམ་ཐང་ཕྱོགས་ཡོངས་ནས་སྐྲུན་འགོ་འཛུགས་པར་སྐུལ་འདེད་གཏོང་རྒྱུ། G6གི་ཅིན་བོད་མྱུར་བགྲོད་གཞུང་ལམ་ནག་ཆུ་ནས་ལྷ་ས་བར་གྱི་དུམ་མཚམས་བསྐྲུན་ཟིན་ནས་སྐྱེལ་འདྲེན་བྱེད་པར་དམ་འཛིན་བྱེད་རྒྱུ། རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་གཞུང་ལམ་ཨ་མ་དང་“ཡག་པོ་བཞིའི་གྲོང་གསེབ་ཀྱི་གཞུང་ལམ”འཛུགས་སྐྲུན་གང་མགྱོགས་བྱས་ནས་མཐུན་སྒྲིལ་དང་བདེ་སྐྱིད་ཀྱི་ལམ་བུ་དེ་བས་རིང་ཞིང་རྒྱ་ཆེ་བ་ཞིག་ཡོང་བ་བྱེད་རྒྱུ། གོར་ལྷའི་སྣུམ་རླངས་མདོང་ལམ་དང་སྣུམ་རླངས་གསོག་མཛོད་སྐྲུན་པར་སྐུལ་འདེད་ཏན་ཏིག་གཏོང་རྒྱུ་དང་། རྫོང་ཐང་ཁ་དང་བར་རྩེ་སོགས་གཙོ་གནད་ཆུ་བེད་རྣམ་གྲངས་སྐྲུན་འགོ་འཛུགས་གང་ཐུབ་བྱེད་རྒྱུ། འཚོ་སྡོད་རུང་བ་དང་། འབྱུང་འཕྲོད་ལྡན་པ། བབ་བསྟུན་རང་མགོ་ཐོན་པ། བློ་རིག་ལྡན་པ། མི་ཆོས་ལྡན་པ་བཅས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་སྐྲུན་པར་སྐུལ་སྤེལ་གཏོང་རྒྱུ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་སྡོད་ཁང་སྐྱོ་ཁུལ་21དང་རྙིང་གོག་སྡེ་ཁུལ་36བསྒྱུར་བཟོ་གང་མགྱོགས་བྱེད་རྒྱུ། མངའ་རིས་དང་ནག་ཆུ་སོགས་ལ་གློག་རླངས་ཅན་དང་ནུས་རྒྱུ་གཙང་མའི་དྲོད་གཏོང་ལས་གཞི་གཙོ་གནད་དུ་སྐུལ་སྤེལ་གཏོང་རྒྱུ། གྲོང་ཁྱེར་དང་གྲོང་རྡལ་གྱི་རྒྱ་ལམ་དང་ཆུ་འདོན་ཆུ་འགྲོ་སོགས་ཀྱི་རྨང་གཞིའི་སྒྲིག་བཀོད་ཀྱི་ཞན་ཆ་གང་མགྱོགས་བསལ་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་བཙོག་ཆུ་དང་གད་སྙིགས་བསྡུ་རུབ་གཙང་སེལ་གྱི་སྒྲིག་བཀོད་འཛུགས་སྐྲུན་བྱེད་པར་སྐུལ་སྤེལ་ཧུར་ཐག་གཏོང་རྒྱུ། བོད་རང་སྐྱོང་ལྗོངས་སྨན་ཁང་དང་། བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་གྱི་སློབ་ཁུལ་གསར་པ། བོད་ལྗོངས་ལག་རྩལ་པའི་སློབ་གླིང་སོགས་དམངས་འཚོའི་རྣམ་གྲངས་ཆེན་པོ་གསུམ་དང་། བོད་ལྗོངས་རིག་གནས་རླུང་འཕྲིན་བརྙན་འཕྲིན་སྒྱུ་རྩལ་ལྟེ་གནས། བོད་ལྗོངས་མཛེས་རྩལ་ཁང་། བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་སོགས་རིག་གནས་ཐད་ཀྱི་ལས་གྲྭའི་འཛུགས་སྐྲུན་ལས་དོན་ཆེན་པོ་གསུམ་ཕྱོགས་ཡོངས་ནས་ལེགས་གྲུབ་བྱེད་རྒྱུ། 5Gདྲ་རྒྱ་དང་གྲངས་གཞིའི་ལྟེ་གནས་སོགས“གསར་གཉིས་གཙོ་གཅིག”གི་རྣམ་གྲངས་མུ་མཐུད་འཛུགས་སྐྲུན་གང་མགྱོགས་བྱེད་རྒྱུ། གཉིས་ནི་གཙོ་གནད་རྣམ་གྲངས་ཀྱི་དུས་འགོའི་ལས་དོན་གང་མགྱོགས་སྤེལ་རྒྱུ། རྒྱལ་ཁབ་པུའུ་ཨུད་ཁག་ལ་སྙན་སེང་སྦྲེལ་མཐུད་བྱེད་ཤུགས་རྒྱུན་མཐུད་ཆེ་རུ་བཏང་ནས་རང་ལྗོངས་ཀྱི“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་རྣམ་གྲངས་ཀྱི་ཇུས་གཞིར་རྒྱལ་ཁབ་ཀྱི་ཆོག་མཆན་གང་མགྱོགས་ཐོབ་ཐབས་བྱེད་རྒྱུ། ཡར་ཀླུང་གཙང་པོའི་སྨད་རྒྱུད་དང་འབྲི་ཆུའི་སྟོད་རྒྱུད་སོགས་གཙོ་གནད་རྣམ་གྲངས་ཀྱི་དུས་འགོའི་ལས་དོན་སྔོན་ཚུད་ནས་ཇུས་འགོད་བྱེད་པ་དང་སྦྲགས། རྣམ་གྲངས་ལ་མ་འཇོག་བཀོད་སྒྲིག་སྔ་ཙམ་བྱེད་རྒྱུ་དང་སྤྱི་ཚོགས་ཀྱི་མ་འཇོག་ལ་ངར་སྐུལ་ཤུགས་ཆེ་བྱས་ཐོག ལོ་ལྔ་བྱས་པ་གཉིས་ཀྱི་འཆར་འགོད་བརྟན་པོའི་ངང་བར་བརྒལ་དང་རིམ་ལྡན་སྦྲེལ་མཐུད་ཡོང་བ་བྱས་ཁར། གཙོ་གནད་རྣམ་གྲངས“ཁག་གཅིག་གྲབས་གསོག་དང་། ཁག་གཅིག་སྐུལ་སྤེལ། ཁག་གཅིག་ལག་བསྟར། ཁག་གཅིག་བསྐྲུན་ཐུབ་པ”བཅས་བྱེད་པའི་རིམ་འགྲིལ་གོང་འཕེལ་གཏོང་ལམ་ཞིག་ཆགས་གང་ཐུབ་བྱེད་རྒྱུ།

(བཞི)ཁྲོམ་རའི་དགོས་མཁོ་ཁྲིད་ཕྱོགས་སུ་བྱས་ནས་ཁྱད་ལྡན་ལེགས་ཆ་ཆེ་བའི་ཐོན་ལས་ཀྱི་སྤུས་འབྲས་ལེགས་སུ་འགྲོ་བར་སྐུལ་འདེད་གཏོང་རྒྱུ། 

གཅིག་ནི་ས་མཐོའི་སྐྱེ་དངོས་ཀྱི་ཐོན་ལས་གོང་འཕེལ་འགྲོ་བར་སྐུལ་འདེད་ཇེ་མགྱོགས་སུ་གཏོང་རྒྱུ། ཚད་མཐོའི་ཞིང་ས་མུ་མཐུད་འཛུགས་སྐྲུན་བྱས་ཏེ། འབྲུ་རིགས་ཀྱི་ཐོན་འབོར་ཀྲོན་ཁྲི་100ཡན་བརྟན་འཁྱོངས་ཐུབ་པ་བྱེད་རྒྱུ། ནས་ཀྱི་ཐོན་འབོར་དང་འབྲི་གཡག་བཤས་གཏོང་ཚད་ལ་རྒྱུན་མཐུད་སྐུལ་འདེད་གཏོང་རྒྱུ་དང་སྦྲགས། ཚན་རྩལ་དང་ཞིབ་འཇུག་གསར་སྤེལ་ཐད་མ་འཇོག་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་དང་། ཐོན་ལས་ཀྱི་འཁོར་སྦྲེལ་སྣུར་སྲིང་བྱས་ཏེ། ཁྱད་ལྡན་ཞིང་ནགས་ཕྱུགས་གསུམ་གྱི་ཐོན་རྫས་ཀྱི་གྲགས་རྟགས་གཏོད་རྒྱུ། ཁྱད་ལྡན་ཞིང་ཕྱུགས་ཐོན་རྫས་དང་། ཁྱད་ལྡན་དཔལ་འབྱོར་ནགས་ཚལ། ནགས་གསེབ་དཔལ་འབྱོར་བཅས་ཀྱི་བཟོ་སྣོན་སྣེ་འདྲེན་ཁེ་ལས་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་སྟེ། ཁྱད་ལྡན་ལེགས་ཆ་ཆེ་བའི་ཐོན་ལས་ཀྱི་གླིང་ཁུལ་ཧུར་ཐག་བཏོད་ཐོག ཞིང་འབྲོག་དུད་ཚང་གིས་བྱེད་ཐབས་སྣ་མང་སྤྱད་དེ་གཞི་ཁྱོན་འོས་འཚམ་ལྡན་པའི་གཉེར་སྐྱོང་གོང་འཕེལ་གཏོང་བར་སྐུལ་ལྕག་ཁྲིད་སྟོན་བྱེད་རྒྱུ། གཉིས་ནི་རིག་གནས་ཡུལ་སྐོར་གྱི་ཐོན་ལས་གོང་འཕེལ་འགྲོ་བར་སྐུལ་སྤེལ་ཇེ་མགྱོགས་སུ་གཏོང་རྒྱུ། “ཡུལ་སྐོར་+”གོང་འཕེལ་ཤུགས་ཆེ་བཏང་སྟེ། གངས་འཁྱགས་དང་། ཆུ་ཚན། འཁོར་ཁྲིད་སོགས་ཀྱི་ཡུལ་སྐོར་བྱེད་སྟངས་ལ་རིམ་ལྡན་ངང་ཁྲིད་སྟོན་དང་སྐུལ་སྤེལ་གཏོང་རྒྱུ། ཀྲུང་ལུགས་དང་བོད་ལུགས་གསོ་རིག་གི་བདེ་ཐང་ལུས་གསོ་སོགས་ཀྱི་སྤྲོ་གསེང་ཡུལ་སྐོར་ཐོན་རྫས་གསར་གཏོད་ཧུར་ཐག་བྱེད་རྒྱུ་དང་། རྒྱུན་རྣམ་ཅན་གྱི་ནད་ཡམས་སྔོན་འགོག་དང་ཚོད་འཛིན་ཡག་པོ་བྱེད་པའི་སྔོན་འགྲོའི་འོག ཡུལ་སྐོར་བར་སྣེ་ལེན་ཞུས་པའི་མི་ཐེངས་དང་ཡུལ་སྐོར་གྱི་ཡོང་འབབ་གཉིས་ཀ་20%ཡན་འཕར་ཐུབ་པ་བྱེད་རྒྱུ། “རིག་གཏོད་བོད་ལྗོངས”ཁུལ་ཁོངས་ཀྱི་སྤྱི་སྤྱོད་གྲགས་རྟགས་གཏོད་རྒྱུར་སྐུལ་འདེད་གཏོང་རྒྱུ་དང་སྦྲགས། “རིག་གཏོད་བོད་ལྗོངས་1+74”ཡི་ཁྱད་ལྡན་རིག་གནས་ཐོན་རྫས་ཀྱི་གསར་དར་ལས་རྣམ་འཛུགས་སྤེལ་ལས་གཞི་སྤེལ་འགོ་འཛུགས་རྒྱུ། ཀྲུང་གོའི་བོད་ལྗོངས་ཀྱི་སྙན་དབྱངས་དྲ་རྒྱ་སྐྲུན་ཐུབ་པ་བྱེད་རྒྱུ། “ཀྲུང་གོའི་བོད་ལྗོངས་བཀྲ་ཤིས་བདེ་ལེཌ”ཞེས་པའི་ཕྱི་ཕྱོགས་སུ་རིག་གནས་སྤེལ་རེས་བྱེད་པའི་གྲགས་རྟགས་ཀྱི་བག་ཆགས་འཇོག་ཤུགས་ཆེ་རུ་གཏོང་རྒྱུ། གསུམ་ནི་ནུས་རྒྱུ་གཙང་མའི་ཐོན་ལས་གོང་འཕེལ་འགྲོ་བར་སྐུལ་འདེད་ཇེ་མགྱོགས་སུ་གཏོང་རྒྱུ། སྲུང་བ་ལུང་དང་། ཡེར་པ་ཐང་། ལ་འོག་སོགས་ཀྱི་ཆུ་གློག་ས་ཚིགས་སྐྲུན་པར་སྐུལ་འདེད་བཏང་ནས་སྲུང་བ་ལུང་དང་དྭགས་པོ་གློག་ཁང་གི་འཕྲུལ་ཚན་ཐོག་མ་དེ་2021ལོར་སྤྱོད་འགོ་འཛུགས་རྒྱུ་དང་། བསྐྲུན་ཟིན་པ་དང་སྐྲུན་བཞིན་པའི་གློག་འདོན་འཕྲུལ་ཤུགས་དེ་སྟོང་ཝ་ཁྲི་1300ཡན་ལས་བརྒལ་ཐུབ་པ་དང་། ཕྱིར་ཁྲིད་གློག་འབོར་སྟོང་ཝ་ཆུ་ཚོད་དུང་ཕྱུར་20ལས་བརྒལ་ཐུབ་པ་བྱེད་རྒྱུ། ཡར་ཀླུང་གཙང་པོ་རྒྱུག་ཁུལ་གྱི་ཕྱོགས་བསྡུས་འཆར་འགོད་དང་གཙང་པོའི་སྨད་རྒྱུད་ཀྱི་ཆུ་གློག་འཆར་འགོད་ལ་ཞིབ་བཤེར་མཆན་འགོད་བྱེད་པའི་ལས་ཀར་རྗེས་འདེད་དམ་ཟབ་བྱེད་རྒྱུ། གཙོ་གནད་གཙང་ཆུའི་ཆུ་གློག་ཐོན་ཁུངས་གསར་སྤེལ་བྱེད་ཤུགས་ཆེ་རུ་བཏང་སྟེ། ནུས་རྒྱུ་གཙང་མའི་རྒྱུན་མཐུད་རྟེན་གཞི་གསར་གཏོད་གང་ཐུབ་བྱེད་རྒྱུ། བཞི་ནི་འབྱུང་འཕྲོད་བཟོ་ལས་གོང་འཕེལ་འགྲོ་བར་སྐུལ་འདེད་ཇེ་མགྱོགས་སུ་གཏོང་རྒྱུ། ཨར་འདམ་དང་། ལྕགས་རིགས་གཏེར་ཁ། རང་བྱུང་འཐུང་ཆུ་སོགས་ཐོན་སྐྱེད་གཉེར་སྐྱོང་བྱེད་པའི་ནུས་པར་མུ་མཐུད་ཤུགས་སྣོན་བརྒྱབ་སྟེ། གཞི་ཁྱོན་ཡན་གྱི་བཟོ་ལས་འཕར་ཐང་དེ་12%ཡན་འཕར་ཐུབ་པ་བྱེད་རྒྱུ། ལྔ་ནི་དེང་རབས་ཅན་གྱི་ཞབས་ཞུའི་ལས་རིགས་གོང་འཕེལ་འགྲོ་བར་སྐུལ་འདེད་ཇེ་མགྱོགས་སུ་གཏོང་རྒྱུ། འབྱུང་འཕྲོད་དངུལ་རྩ་དང་ཀུན་ཕན་དངུལ་རྩ་གོང་འཕེལ་ཤུགས་ཆེ་བཏང་སྟེ། སྤྱི་ཚོགས་མ་དངུལ་གྱི་བསྡུ་རྒྱུག་གཞི་ཁྱོན་གྱི་འཕར་ཚད་དེ་དཔལ་འབྱོར་འཕར་སྣོན་དང་ཕན་ཚུན་ཆ་སྒྲིག་བརྟན་འཁྱོངས་ཐུབ་པ་དང་། འགན་བཅོལ་ལས་རིགས་ཀྱིས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་ལ་འགན་སྲུང་བྱེད་པའི་ཆུ་ཚད་མཐོ་རུ་གཏོང་བ། དངོས་གཞིའི་དཔལ་འབྱོར་ལ་དངུལ་རྩས་ཞབས་ཞུ་སྒྲུབ་ནུས་ཆེ་རུ་གཏོང་བ་བཅས་བྱེད་རྒྱུ། དབུ་དཀར་དཔལ་འབྱོར་གོང་འཕེལ་ཧུར་ཐག་བཏང་ནས་ཁྱིམ་ལས་དང་། རྒན་གསོ། བྱིས་གསོ་བཅས་ཀྱི་ཐོན་ལས་གོང་འཕེལ་གཏོང་བའི་གོམ་སྟབས་ཇེ་མགྱོགས་སུ་གཏོང་རྒྱུ། དྲུག་ནི་མཐོ་གསར་གྲངས་འཛིན་ཐོན་ལས་གོང་འཕེལ་འགྲོ་བར་སྐུལ་འདེད་ཇེ་མགྱོགས་སུ་གཏོང་རྒྱུ། 5Gའཕྲིན་གཏོང་དང་བྱང་སྐར་ལག་རྩལ་གྱི་དཔེ་སྟོན་དང་དངོས་སྤྱོད་ལ་སྐུལ་སྤེལ་ཧུར་ཐག་གཏོང་བ་དང་། གྲངས་འཛིན་ཐོན་ལས་ཅན་དང་ཐོན་ལས་གྲངས་འཛིན་ཅན་དུ་སྒྱུར་བར་སྐུལ་འདེད་ཇེ་མགྱོགས་སུ་གཏོང་བ། དེ་བཞིན་འབྱུང་འཕྲོད་ཀྱི་གྲངས་གཞི་ཆེ་མོའི་ལྟེ་གནས་དང་། བཟོ་ལས་མཉམ་སྦྲེལ་དྲ་རྒྱ། གྲངས་འཛིན་དཔལ་འབྱོར་གྱི་ཚོད་ལྟའི་དཔེ་སྟོན་བཅས་རེ་ཞུ་ཧུར་ཐག་བྱས་ནས“ལྷོ་ཨེ་ཤེ་ཡའི་གྲངས་འཛིན་གྲུ་ཁ”སྐྲུན་པར་སྐུལ་འདེད་གཏོང་རྒྱུ། བདུན་ནི་མཐའ་མཚམས་ཚོང་དོན་གྱི་ཟོག་འགྲུལ་ལས་རིགས་གོང་འཕེལ་འགྲོ་བར་སྐུལ་འདེད་ཇེ་མགྱོགས་སུ་གཏོང་རྒྱུ། རང་ལྗོངས་འདི་ཉིད“རྒྱུད་གཅིག་ལམ་གཅིག”གི་འཛུགས་སྐྲུན་ནང་ཞུགས་རྒྱུའི་གོམ་སྟབས་ཇེ་མགྱོགས་སུ་གཏོང་བ་དང་། རྒྱལ་སྤྱིའི་ཉོ་ཚོང་གི“རྐྱང་གཅིག་དཀར་ཁུང་”ཁྱབ་གདལ་གཏོང་བ། མཐའ་མིའི་ཚོང་འབྲེལ་དོ་དམ་གྱི་ལག་བསྟར་ཞིབ་སྲོལ་ཞིབ་འཇུག་བཟོ་འདོན་བྱེད་པ་བཅས་བྱས་ཏེ། ཕྱིར་གཏོང་ནང་འདྲེན་གྱི་ཚོང་ཟོག་གནས་འབྱོར་བཟོ་སྣོན་བྱེད་པར་སྐུལ་འདེད་གཏོང་རྒྱུ།

(ལྔ)བསྒྱུར་བཅོས་གཏིང་ཟབ་བྱེད་རྒྱུ་སྒུལ་ཤུགས་སུ་བྱས་ཏེ་ཁྲོམ་རའི་བྱེད་པོའི་གསོན་ཤུགས་ཕྱོགས་ཡོངས་ནས་འཕེལ་བ་བྱེད་རྒྱུ། 

གཅིག་ནི་གཙོ་གནད་ཁྱབ་ཁོངས་ལ་རྒྱུན་མཐུད་བསྒྱུར་བཅོས་གཏིང་ཟབ་བྱེད་རྒྱུ། གཞུང་ཁོངས་ཁེ་ལས་བསྒྱུར་བཅོས་ཀྱི་ལོ་གསུམ་ལས་འགུལ་གྱི་ལག་བསྟར་ཇུས་གཞི་དོན་འཁྱོལ་ཧུར་ཐག་བྱས་ནས“བརྒྱ་གཉིས་ཁེ་ལས”ཁྲོམ་འགྲེམས་ཚོད་ལྟ་གང་མགྱོགས་བྱེད་རྒྱུ། འབྲུ་རིགས་དང་དངོས་ཟོག་གྲབས་གསོག་གི་བདེ་འཇགས་དོ་དམ་སྒྲིག་སྲོལ་དང་ལམ་སྲོལ་ལ་བསྒྱུར་བཅོས་བྱེད་པར་སྐུལ་འདེད་ཧུར་ཐག་གཏོང་རྒྱུ་དང་སྦྲགས། གྲོང་གསེབ་ཀྱི་ཁང་སའི་ལམ་ལུགས་ལ་བསྒྱུར་བཅོས་ཚོད་ལྟ་བྱེད་པར་སྐུལ་འདེད་བརྟན་པོ་བཏང་ནས་གྲོང་གསེབ་ཀྱི་མཉམ་སྡེབ་ཐོན་དབང་ལམ་ལུགས་ཀྱི་བསྒྱུར་བཅོས་ཕྱོགས་ཡོངས་ནས་ལེགས་འགྲུབ་ཡོང་བ་བྱེད་རྒྱུ། འཛད་སྤྲོད་མཉམ་ལས་ཁང་ལ་རྒྱུན་མཐུད་བསྒྱུར་བཅོས་བྱེད་པར་སྐུལ་འདེད་གཏོང་རྒྱུ། སྤུས་ཚད་མཐོ་བའི་གོང་འཕེལ་གྱི་ཕྱོགས་བསྡུས་ལས་རྗེས་ལ་དཔྱད་གདེང་དང་དཔྱད་ཞིབ་བྱེད་སྟངས་འཚོལ་ཞིབ་བྱེད་རྒྱུ། ཚན་ཞིབ་ཁང་དང་མཐོ་རིམ་སློབ་གླིང་གིས་རྐང་འཛིན་བྱས་པའི་ཚན་རྩལ་གསར་གཏོད་མ་ལག་འཛུགས་རྒྱུ་དང་། རྒྱལ་ཁབ་ཚན་ཞིབ་ཁང་གིས་བོད་དུ་ཉིང་ལག་ཚན་པ་འཛུགས་རྒྱུར་སྐུལ་མ་བཏང་སྟེ། ཚན་རིག་སྒྲིག་ཆས་ཆེ་གྲས་བོད་དུ་གནས་འབྱོར་ཡོང་བར་རྒྱབ་སྐྱོར་བྱེད་རྒྱུ་དང་། ས་མཐོའི་ཁྱད་ལྡན་ཞིང་འབྲོག་ལས་དང་། བོད་ལུགས་གསོ་རིག་སྨན་རྫས། ཐོན་ཁུངས་ཁོར་ཡུག་སོགས་ཀྱི་ཁྱབ་ཁོངས་ཐད་འགག་སྒྲོལ་གསར་པ་ཡོང་གང་ཐུབ་བྱེད་རྒྱུ། དངུལ་རྩའི་ཉེན་ཁར་འགོག་ཟོན་བྱེད་ཤུགས་ཆེ་རུ་བཏང་ནས་ས་གནས་སྲིད་གཞུང་གི་མངོན་མེད་བུ་ལོན་གསར་སྣོན་བྱེད་པར་ནན་འགོག་བྱེད་རྒྱུ། གཉིས་ནི་དམངས་གཉེར་དཔལ་འབྱོར་གོང་འཕེལ་གཏོང་རྒྱུར་གཡོ་འགུལ་སྤུ་ཙམ་མེད་པར་རྒྱབ་སྐྱོར་བྱེད་རྒྱུ། དམངས་གཉེར་དཔལ་འབྱོར་སྐྱོན་བྲལ་ངང་གོང་འཕེལ་གཏོང་རྒྱུར་རྒྱབ་སྐྱོར་བྱས་ནས་དམངས་གཉེར་དཔལ་འབྱོར་གྱི་སྲིད་ཇུས་མ་ལག་སྔར་བས་འཐུས་སྒོ་ཚང་དུ་བཏང་སྟེ་དངོས་གཞིའི་དཔལ་འབྱོར་རྒྱ་སྟོབས་ཆེ་རུ་འགྲོ་བར་སྐུལ་སྤེལ་གཏོང་རྒྱུ། སྲིད་གཞུང་གིས་གཙོ་ཁྲིད་དང་། ཕྱོགས་མང་པོས་ཐེ་ཞུགས། ཁྲོམ་ར་ཅན་གྱི་འཁོར་སྐྱོད་བཅས་བྱེད་པའི་མ་དངུལ་བསྡུ་རྒྱུག་གི་ཁག་ཐེག་མ་ལག་བསྐྲུན་རྒྱུར་ཤུགས་བརྒྱབ་སྟེ། མ་དངུལ་བསྡུ་རྒྱུག་ཁག་ཐེག་ཀུང་སིའི་ནུས་པ་འདོན་སྤེལ་ཡག་པོ་བྱས་ནས་འབབ་ཁྱད་ཀྱི་ཁ་གསབ་སྲིད་ཇུས་བརྟན་འཁྱོངས་དང་ཚད་ལྡན་ཡོང་བ་བྱེད་རྒྱུ་དང་། ས་གནས་ཁྲིམས་ཚན་གྱིས་དངུལ་རྩའི་ལས་ཁུངས་གོང་འཕེལ་གཏོང་བར་རང་སྐྱོང་ལྗོངས་ནས་རྒྱབ་སྐྱོར་བྱེད་རྒྱུའི་བསམ་འཆར་བཟོ་འདོན་བྱེད་རྒྱུ། དངུལ་རྩས་བོད་ལྗོངས་གོང་འཕེལ་འགྲོ་བར་རྒྱབ་སྐྱོར་བྱེད་པའི་གཙོ་གནད་རྣམ་གྲངས་ཀྱི་ཐོ་མཛོད་འཛུགས་རྒྱུ། གོང་འཕེལ་གཏོང་བའི་གཏིང་ཤུགས་དང་གསར་གཏོད་ཀྱི་གསོན་ཤུགས་ཡོད་པའི་ཁེ་ལས་འབྲིང་ཆུང་ཕྲན་གསུམ་ལ་མ་དངུལ་ཐོག་ནས་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། དམངས་གཉེར་དཔལ་འབྱོར་ལ་ཡིད་རྟོན་དངུལ་བུན་གཏོང་བའི་བསྡུར་ཚད་རིམ་པས་མཐོ་རུ་གཏོང་རྒྱུ། གསུམ་ནི་ཚོང་གཉེར་ཁོར་ཡུག་རྒྱུན་མཐུད་ངང་ལེགས་སུ་གཏོང་རྒྱུ། ཚོང་གཉེར་ཁོར་ཡུག་ལ་དཔྱད་གདེང་བྱེད་པའི་རྒྱལ་ཁབ་ཀྱི་དམིགས་ཚད་མ་ལག་དང་ཚད་བསྡུར་བྱས་ནས་ཚོང་གཉེར་སྟབས་བདེ་ཡོང་ཚད་རྒྱུན་མཐུད་ངང་མཐོ་རུ་གཏོང་རྒྱུ། “གློད་སྡོམ་ཞབས་གསུམ”གྱི་བསྒྱུར་བཅོས་ལ་ཟམ་མི་ཆད་པར་སྐུལ་སྤེལ་དང་། “མཉམ་སྦྲེལ་དྲ་རྒྱ+སྲིད་དོན་ཞབས་ཞུ”ལ་མུ་མཐུད་སྐུལ་སྤེལ། རྣམ་གྲངས་100ཡི“དོན་གཅིག་ཐེངས་གཅིག་ལ་འགྲུབ་རྒྱུར”ཏན་ཏིག་ངང་སྐུལ་སྤེལ། ནུས་ཤུགས་ཡོད་རྒུས་དོན་དག་132ཞིང་ཆེན་ལས་བརྒལ་ནས་ཀུན་སྒྲུབ་ཐུབ་པ་བྱེད་རྒྱུར་སྐུལ་འདེད་བཅས་བཏང་ཐོག ཁེ་ལས་འཛུགས་གཉེར་བྱེད་རྒྱུའི་ཐད་སྔར་ལས་ལྷག་པའི་སྒོ་ནས་དུས་ཚོད་ཐུང་དུ་གཏོང་བ་དང་། ལྷུ་ཚིགས་ཉུང་དུ་གཏོང་བ། མ་གནས་དམའ་རུ་གཏོང་བ་བཅས་བྱས་ཏེ་ཁེ་ལས་ཀྱིས་དྲ་གཅིག་ཀུན་སྒྲུབ་ཀྱི་ལས་སྒོ་གཉེར་ཐུབ་པ་བྱེད་རྒྱུ། འཁོར་འབྲེལ་གསབ་འཛུགས་བྱེད་པར་བརྟེན་ནས་ཚོང་འགུག་མ་འདྲེན་བྱེད་ཤུགས་ཆེ་རུ་བཏང་ཐོག “ལས་རིམ་ཧྲིལ་པོ་ཚབ་སྒྲུབ་དང་ཆེད་སྒྲུབ་བྱེད་པའི་ཞབས་ཞུའི”ལམ་སྲོལ་ལ་རྒྱུན་མཐུད་ཤུགས་སྣོན་བརྒྱབ་སྟེ་ལོ་ཧྲིལ་པོར་སྒོར་དུང་ཕྱུར་600ཡི་ཚོང་འགུག་མ་འདྲེན་གྱི་ལས་འགན་ལེགས་གྲུབ་ཐུབ་པ་བྱེད་རྒྱུ།

(དྲུག)སྒོ་དབྱེ་རྒྱ་ཆེར་གཏོང་རྒྱུ་འཛིན་ཐབས་སུ་བྱས་ནས་གོང་འཕེལ་གཏོང་ལམ་གསར་པའི་ནང་མཉམ་འདྲེས་ཧུར་ཐག་ཐུབ་པ་བྱེད་རྒྱུ།

 གཅིག་ནི་ལྗོངས་ནང་ཁུལ་གྱི་ཁྲོམ་ར་སྐྱེད་སྲིང་ཧུར་ཐག་བྱེད་རྒྱུ། མཁོ་སྤྲོད་འགན་ལེན་དང་། འགྲོ་རྒྱུག་བདེ་བླག འཛད་སྤྱོད་རྒྱ་སྐྱེད་བཅས་ཡོང་རྒྱུ་མཐའ་འཁྱོངས་ཀྱིས་འཛད་སྤྱོད་ལ་ངར་སྐུལ་བྱེད་པའི་ལས་དོན་ཁག་རྒྱུན་མཐུད་ངང་ཡག་པོ་བསྒྲུབས་ཏེ་འཛད་སྤྱོད་ཤོག་བྱང་སྤྲོད་པ་དང་ཚོང་དོན་འཁོར་རྒྱུག་ཁེ་ལས་ཀྱིས་དུས་ཆེན་གྱི་བྲིན་འཚོང་དང་། བཅོས་སྣུམ་དང་རླངས་འཁོར་བྲིན་འཚོང་བྱེད་པའི་བྱེད་སྒོ་སྤེལ་བ་དང་། ཀྲུང་ཧྭ་ཡི་རྙིང་ཁུངས་མིང་ཅན་དང་བོད་ཀྱི་ཁྱད་ལྡན་བཟའ་བཅའ་དཔྱད་འདེམས་བྱེད་པ་སོགས་ཀྱི་ལས་དོན་སྤེལ་ནས་བདེ་འཇགས་དང་། འཕྲོད་བསྟེན། བློས་འཁེལ་བཅས་ཀྱི་འཛད་སྤྱོད་ཁོར་ཡུག་བསྐྲུན་ཏེ་ཟ་འཐུང་ལས་རིགས་ཀྱི་མིང་གྲགས་བསྐྱར་དུ་ཆེ་རུ་འགྲོ་བ་དང་དངོས་རྫས་ཀྱི་འཛད་སྤྱོད་དང་ཞབས་ཞུའི་འཛད་སྤྱོད་བསྐྱར་གསབ་ཡོང་བར་སྐུལ་འདེད་གཏོང་རྒྱུ། ཚོང་ལས་རྐང་ཐང་ཁྲོམ་གཞུང་གི་མཉམ་འདུས་དང་ཁྱབ་འགྱེད་ཀྱི་སྐུལ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་ད་ཡོད་ཀྱི་ཁྱད་ལྡན་རྐང་ཐང་ཁྲོམ་གཞུང་དང་ཚོང་ལས་མཉམ་འདུས་ཁུལ་བསྒྱུར་བཟོ་རིམ་སྤོར་བྱས་ཏེ་སྐྱིད་པོ་ཡོད་པ་དང་། སྟབས་བདེ་བ། རིག་ནུས་ཅན་བཅས་ཀྱི་ཚོང་ལས་ཕྱོཌ་བསྡུས་ཅན་བསྐྲུན་ནས་ཚོང་ལས་ཁོར་ཡུག་བཟང་པོ་ཞིག་གཏོད་རྒྱུ། མཚན་མོའི་དཔལ་འབྱོར་གོང་འཕེལ་བཏང་སྟེ་མཚན་མོའི་འཛད་སྤྱོད་ཆུ་ཚད་མཐོ་རུ་གཏོང་རྒྱུར་ཤུགས་བརྒྱབ་ནས“ཉིན་མཚན་དབྱེར་མེད་ཀྱི་གྲོང་ཁྱེར”གྱི་འཛད་སྤྱོད་འཕར་གཞི་བཟོ་རྒྱུ། འཛད་སྤྱོད་ལ་བརྟེན་ནས་དཔལ་འབྱོར་འཕར་ཤུགས་ཆེ་རུ་འགྲོ་བར་སྐུལ་ཁྲིད་བྱེད་པའི་ནུས་པ་མུ་མཐུད་ཆེ་རུ་བཏང་སྟེ་སྤྱི་ཚོགས་ཀྱི་འཛད་སྤྱོད་དངོས་ཟོག་སིལ་འཚོང་སྤྱི་འབོར་10%ཡས་མས་འཕར་ཐུབ་པའི་འགན་ལེན་བྱེད་རྒྱུ། གཉིས་ནས་གྲགས་རྟགས་གསར་གཏོད་བྱེད་པར་སྐུལ་སྤེལ་ཏན་ཏིག་གཏོང་རྒྱུ། གྲགས་རྟགས་ཁུལ་ཁོངས་ཅན་དུ་འགྱུར་རྒྱུར་སྐུལ་སྤེལ་བཏང་ནས“ས་གོ་ལའི་གླིང་སྣེ་གསུམ་པའི”གྲགས་རྟགས་གོང་འཕེལ་གཏོང་བའི་འཆར་འགོད་བཟོས་ཏེ“ས་གོ་ལའི་གླིང་སྣེ་གསུམ་པའི”གྲགས་རྟགས་ཀྱི་ལས་རིགས་མནའ་འབྲེལ་བཙུགས་ནས་གྲགས་རྟགས་ཀྱི་སྤྱི་ཡོངས་མཚན་སྙན་ཆེ་རུ་འགྲོ་བ་བྱེད་རྒྱུ་མ་ཟད། ཕག་རིའི་འབྲི་གཡག་དང་གམ་པའི་ལུག་སོགས་མཚོན་རྟགས་རང་བཞིན་གྱི་ཐོན་རྫས་ཁག་གཅིག་གཏོད་རྒྱུ། “ས་གོ་ལའི་གླིང་སྣེ་གསུམ་པའི”ཁུལ་ཁོངས་ཀྱི་སྤྱི་པའི་གྲགས་རྟགས་ཀྱི་བེད་སྤྱོད་ཚད་གཞི་དང་། ཁས་ལེན་དཔང་འདོན་ལམ་ལུགས། དེ་བཞིན་དོ་དམ་བྱ་ཐབས་བཅས་འཐུས་སྒོ་ཚང་དུ་བཏང་ནས་ཁྲོམ་རས་དཔྱད་གདེང་དང་། དྲག་རྒྱལ་ཞན་ཕམ། བསྡུར་སློབ་སྙེག་བརྒལ་བཅས་བྱེད་པའི་དཔྱད་གདེང་ལམ་སྲོལ་བཟོ་བ་དང་། ཐོན་རྫས་དང་ཞབས་ཞུའི་སྤུས་ཚད་ཀྱི་རིམ་དབྱེའི་ཚད་གཞི་ཚད་ལྡན་བཟོ་རྒྱུ། ཐོན་རྫས་ཁུངས་འདེད་མ་ལག་བཟོས་ནས་ཟས་སྤྱོད་ཞིང་ལས་ཐོན་རྫས་ཀྱི་ཚད་ལོན་ལག་ཁྱེར་ལམ་ལུགས་ཚོད་ལྟ་བྱེད་རྒྱུ། གསུམ་ནི་ཁུལ་ཁོངས་མཐུན་སྦྱོར་ངང་གོང་འཕེལ་གཏོང་ཤུགས་ཆེ་རུ་གཏོང་རྒྱུ། རྒྱལ་ཁོངས་ས་ཆའི་བར་སྟོང་གི་ཁྱབ་བཀོད་ལེགས་སུ་བཏང་ནས་ཁུལ་ཁོངས་མཐུན་སྦྱོར་ངང་གོང་འཕེལ་གཏོང་རྒྱུ་དང་རྣམ་གསར་གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་འགྱུར་རྒྱུར་སྐུལ་སྤེལ་བཏང་ནས་ཁུལ་ཁོངས་མཐུན་སྦྱོར་ངང་གོང་འཕེལ་གཏོང་བའི་འཐབ་ཇུས་དང་གཙོ་ནུས་ཐོན་ཁུལ་གྱི་འཐབ་ཇུས་ལག་བསྟར་བྱེད་རྒྱུ་མཐའ་འཁྱོངས་བྱེད་རྒྱུ། ལྷ་སས་ལྟེ་བའི་འཕར་སྣེ་བྱེད་པ་དང་། ཆུ་ཚོད་གསུམ་གྱི་དཔལ་འབྱོར་འཁོར་རྒྱས་འདེགས་སྐྱོར་བྱེད་པ། མཐའ་མཚམས་རྒྱུད་ཀྱི་གོང་འཕེལ་གཏོང་ཁུལ་དང་ལྕགས་ལམ་རྒྱུད་ཀྱི་དཔལ་འབྱོར་ཁུལ་གྱིས་གཙོ་གནད་འཐབ་ཇུས་བྱེད་པ་དང་སྦྲགས། བོད་དབུས་ལྷོའི་གཙོ་གནད་གསར་སྤེལ་ཁུལ་དང་། བོད་ཤར་གྱི་ནུས་རྒྱུ་གཙང་མའི་གསར་སྤེལ་ཁུལ། བོད་ནུབ་བྱང་གི་སྐྱེ་ཁམས་གསོ་ཁུལ་བཅས་ཀྱིས་གཙོ་རྐང་བྱས་ཤིང་། ཁྱད་ཡོན་གསབ་རེས་དང་། སྤུས་ཚད་མཐོ་བའི་གོང་འཕེལ་གཏོང་བའི་ཁུལ་ཁོངས་དཔལ་འབྱོར་གྱི་རྣམ་པ་གསར་པ་ཞིག་ཆགས་པར་སྐུལ་སྤེལ་གཏོང་རྒྱུ། བཞི་ནི་མཉམ་འབྲེལ་མཉམ་མཐུད་ཀྱི་ཆུ་ཚད་མཐོ་རུ་གཏོང་རྒྱུ། འཁོར་རྒྱུག་གཉིས་ཀྱི་གོང་འཕེལ་གཏོང་ལམ་དང་སྦྲེལ་མཐུད་བྱས་ཏེ་ཁྲེང་ཡུས་ས་ཁུལ་གྲོང་ཁྱེར་གཉིས་ཀྱི་དཔལ་འབྱོར་འཁོར་རྒྱ་དང་། ཧྲན་ཀན་མཚོ་ཉིང་བཞིའི་དཔལ་འབྱོར་འཁོར་རྒྱ། ཤམ་བྷ་ལ་ཆེན་པོའི་དཔལ་འབྱོར་འཁོར་རྒྱ་བཅས་ནང་མཉམ་འདྲེས་ཧུར་ཐག་ཐུབ་པ་བྱས་ནས“རྒྱུད་གཅིག་ལམ་གཅིག”གི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་ཤུགས་མུ་མཐུད་ཆེ་རུ་གཏོང་རྒྱུ། མཚོ་བོད་དང་། ཁྲོན་བོད། ཤིན་བོད་སོགས་བོད་ནས་འགྲོ་འོང་བྱེད་པའི་རིམ་མཐོའི་གཞུང་ལམ་འཛུགས་སྐྲུན་བྱེད་རྒྱུའི་འཆར་འགོད་བཟོས་ཏེ། རིགས་འདྲ་མིན་གྱི་སྐྱེལ་འདྲེན་བྱེད་སྟངས་སྦྲེལ་མཐུད་ནུས་ལྡན་བྱེད་རྒྱུར་སྐུལ་འདེད་བཏང་ནས་ཚན་རིག་དང་མཐུན་པ་དང་། བདེ་འཇགས་བློས་འཁེལ། འཁོར་སྐྱོད་ཆེ་བ། སྟབས་བདེ་ཤར་གཏོང་། འགན་སྲུང་ནུས་ལྡན་བཅས་ཀྱི་ཕྱོགས་བསྡུས་འགྲིམ་འགྲུལ་གྱི་སྐྱེལ་འདྲེན་དྲ་རྒྱ་འཛུགས་སྐྲུན་བྱས་ཏེ་མཁའ་འགྲུལ་སྐྱེལ་འདྲེན་བྱེད་འབོར་མི་ཐེངས་ཁྲི་600ལས་བརྒལ་གང་ཐུབ་བྱེད་རྒྱུ། ཤང་གྲོང་དང་། སྒྲིག་ཚུད་གྲོང་ཚོ། གཙོ་གནད་རང་བྱུང་གྲོང་ཚོ་བཅས་ལ་མཁྲེགས་འགྱུར་བགྲོད་ལམ་དང་གྲོང་གསེབ་ཀྱི་གཞུང་ལམ་བཟོ་མགྱོགས་སུ་བཏང་ནས་ཞིང་འབྲོག་ཁུལ་གྱི་གཞུང་ལམ་དྲ་རྒྱ་འཐུས་སྒོ་ཚང་དུ་གཏོང་རྒྱུ། གྲོང་གསེབ་ཀྱི་འགྲུལ་སྐྱེལ་ལ་གཞོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་སྟེ“ཤར་གཏོང་གཉིས”ཀྱི་དམིགས་ཚད་ཕྱོགས་ཡོངས་ནས་སྒྲུབ་ཐུབ་པ་བྱེད་རྒྱུ། ཕྱོགས་བསྡུས་ཟོག་འགྲུལ་གླིང་དང་། ཟོག་འགྲུལ་ལྟེ་གནས། སྤེལ་གཏོང་ལྟེ་གནས་བཅས་ཁག་གཅིག་བཀོད་ཁྱབ་ལུགས་མཐུན་གྱིས་འཛུགས་སྐྲུན་བྱས་ཏེ་རིམ་དབྱེའི་ཟོག་འགྲུལ་འབྲེལ་ཚིགས་མ་ལག་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཐུན་མོང་སྤེལ་གཏོང་མ་ལག་བཏོད་དེ་ལྗོངས་ཡོངས་ཀྱི་ཕྱོགས་བསྡུས་ཟོག་འགྲུལ་ཞབས་ཞུའི་དྲ་རྒྱ་འཐུས་སྒོ་ཚང་དུ་གཏོང་རྒྱུ། ལྗོངས་ཡོངས་ཀྱི་ཚོང་དོན་འཁོར་རྒྱུག་ཤར་བགྲོད་ཡོང་བ་བྱས་ནས“གཞུང་བཞི་འཕྲེད་ལྔ+X”ལ་སྐུལ་འདེད་གཏོང་རྒྱུ། ལྔ་ནི་ཁ་གཏད་བོད་སྐྱོར་གྱི་ལས་དོན་ཏན་ཏིག་ངང་ཡག་པོ་བསྒྲུབ་རྒྱུ། དཔལ་འབྱོར་གྱི་བོད་སྐྱོར་དང་། སློབ་གསོའི་བོད་སྐྱོར། ཚན་རྩལ་གྱི་བོད་སྐྱོར། ལས་བྱེད་ཤེས་ལྡན་པའི་བོད་སྐྱོར་སོགས་བོད་སྐྱོར་བྱེད་ལམ་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་གཏོང་བ་དང་། “ཚོགས་སྒྲིག་རྣམ་པའི”སློབ་གསོའི་བོད་སྐྱོར་ལ་སྐུལ་སྤེལ་ཧུར་ཐག་གཏོང་རྒྱུ། བོད་སྐྱོར་བྱེད་མཁན་ཀྲུང་དབྱང་ཁེ་ལས་ལ་དཔྱད་ཞིབ་བྱེད་པའི་སྐུལ་ལྕག་ལམ་སྲོལ་བཟོ་རྒྱུར་སྐུལ་སྤེལ་བཏང་ནས་ཁེ་ལས་ཀྱིས་བོད་སྐྱོར་བྱེད་པའི་ཧུར་སེམས་དང་རང་འགུལ་བྱེད་སེམས་ཆེ་རུ་གཏོང་རྒྱུ། ངལ་ནུས་ཕྱིར་གཏོང་སྦྲེལ་མཐུད་ཀྱི་ལས་ཀའི་ལམ་སྲོལ་བཟོས་ནས་ནང་སའི་ཁེ་ལས་དེ་བས་མང་བ་བོད་དུ་མ་འཇོག་ལས་གཏོད་བྱེད་པར་ཡོང་རྒྱུར་ཁྲིད་སྟོན་བྱེད་རྒྱུ་དང་། བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་ཁག་དང་ཀྲུང་དབྱང་གི་བོད་སྐྱོར་ཁེ་ལས་ཀྱིས་བོད་ལྗོངས་ཀྱི་སློབ་ཆེན་ཐོན་པའི་སློབ་མ་དང་ཞིང་འབྲོག་པའི་མང་ཚོགས་ཁག་གཅིག་ནང་སར་ལས་ཞུགས་བྱེད་པར་བཀོད་སྒྲིག་བྱས་ནས་བོད་ལྗོངས་རང་ངོས་གོང་འཕེལ་གཏོང་ནུས་ཆེ་རུ་གཏོང་རྒྱུ། བོད་སྐྱོར་གྱི་ཞིང་ཆེན་གྲོང་ཁྱེར་དང་ཀྲུང་དབྱང་ཁེ་ལས་དང་མཉམ་ལས་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ཁྱད་ལྡན་ལེགས་ཆ་ཆེ་བའི་ཐོན་ལས་སྔར་བས་རྒྱ་སྟོབས་ཆེ་རུ་བཏང་ནས་སྟོབས་ཤུགས་གཅིག་སྒྲིལ་ཐོག་རང་ལྗོངས་ཀྱི་ཐོན་ལས་གོང་འཕེལ་ལ་འཕྲད་པའི་ཤེས་ལྡན་པ་དཀོན་པའི་གནད་དོན་ཐག་གཅོད་བྱེད་རྒྱུ།

(བདུན)སྐྱེ་ཁམས་བདེ་འཇགས་དམར་ཐིག་ཏུ་བྱས་ནས་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་བརྟན་དུ་གཏོང་རྒྱུ། 

གཅིག་ནི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་བསྐྲུན་མགྱོགས་སུ་གཏོང་རྒྱུ། རི་སྔོན་ཆུ་དྭངས་གསེར་དངུལ་རི་ལས་ལྷག་པའི་འདུ་ཤེས་བརྟན་པོ་བཙུགས་ཏེ། སྲུང་སྐྱོབ་དང་གོང་འཕེལ་དབར་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱས་ནས་སྐྱེ་ཁམས་སྲུང་སྐྱོབ་ཀྱི་དམར་ཐིག་དང་། ཁོར་ཡུག་སྤུས་ཚད་ཀྱི་མཐའ་ཚད། ཐོན་ཁུངས་བེད་སྤྱོད་ཀྱི་ཚད་བཀག་བཅས་ནན་སྲུང་བྱེད་པ་དང་། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་གཏོད་ཀྱི་དཔེ་སྟོན་ཁུལ་ཧུར་ཐག་བསྐྲུན་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་རྒྱུར་སྐུལ་སྤེལ་ཇེ་མགྱོགས་སུ་གཏོང་བ་དང་། རྒྱལ་ཡོངས་ཙམ་མ་ཟད་རྒྱལ་སྤྱིའི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་བསྐྲུན་རྒྱུར་ཤུགས་གང་ཡོད་རྒྱག་རྒྱུ། གཉིས་ནི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་ལེགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། ཀའོ་ལིའི་ཀུང་ཧྲན་རི་བོའི་སྐྱེ་དངོས་བདེ་འཇགས་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅིའི་གལ་ཆེའི་མཛུབ་སྟོན་བཀའ་མཆན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ཡག་པོ་བྱས་ཏེ་སྐྱེ་ཁམས་ཀྱི་སྣེ་མང་རང་བཞིན་དང་སྐྱེ་དངོས་བདེ་འཇགས་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་བྱེད་རྒྱུ། སྲུང་སྐྱོབ་སྔོན་འཇོག་དང་ཕྱོགས་བསྡུས་བཅོས་སྐྱོང་བྱེད་རྒྱུ་མཐའ་འཁྱོངས་བྱས་ཏེ་གནམ་སྔོན་པོ་དང་། ཆུ་དྭངས་མོ། ས་གཙང་མ་བཅས་ལ་སྲུང་སྐྱོབ་བྱེད་པའི་ལས་དོན་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་རྒྱུ་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་རྒྱུར་ཀྲུང་དབྱང་གིས་ལྟ་ཞིབ་བྱས་པ་ལས་ཐོན་པའི་གནད་དོན་བཅོས་སྒྲིག་བྱེད་རྒྱུ་མུ་མཐུད་མགྱོགས་སུ་བཏང་སྟེ་བཙོག་སྐྱོན་འགོག་བཅོས་ཀྱི་ལས་དོན་གཏིང་ཟབ་སྤེལ་ནས་འགྱིག་སྙིགས་ཀྱི་བཙོག་སྐྱོན་བཅོས་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། བོད་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་སྲུང་སྐྱོབ་དང་འཛུགས་སྐྲུན་གྱི་འཆར་འགོད་བཟོ་སྒྲིག་བྱེད་པའི་ལས་དོན་གང་མགྱོགས་སྤེལ་ནས“གཙང་གཉིས་ཆུ་བཞིའི”རྒྱུག་ཁུལ་གྱི་ནགས་བཟོ་སྔོ་སྒྱུར་དང་སྐྱེ་ཁམས་བསྐྱར་གསོ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ནགས་ཚལ་དང་རྩྭ་ཐང་སྲུང་སྐྱོབ་ཏན་ཏིག་བྱེད་པ། ཆུའི་སྐྱེ་ཁམས་སྲུང་སྐྱོབ་བྱེད་རྒྱུར་ཤུགས་སྣོན་རྒྱག་པ། གནོད་འགོག་གེགས་སེལ་གྱི་མ་ལག་ཚགས་ཚུད་དུ་གཏོང་བ་བཅས་བྱས་ཏེ་ནགས་ཚལ་དང་། རྩྭ་ཐང་། གཙང་པོ་དང་མཚེའུ། འདམ་ར་སོགས་རང་བྱུང་སྐྱེ་ཁམས་མ་ལག་བརྟན་འཇགས་ཐུབ་པའི་ཐོག སྐྱེ་ཁམས་ཞབས་ཞུའི་བྱེད་ནུས་ཆེ་རུ་གཏོང་རྒྱུ། རྒྱལ་ཁབ་སྤྱི་གླིང་གིས་གཙོ་རྐང་བྱས་པའི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་མ་ལག་འཛུགས་སྐྱོང་གང་མགྱོགས་བྱས་ནས་ཇོ་མོ་གླང་མ་དང་། བྱང་ཐང་། གདང་ལ་བྱང་རྒྱུད(བོད་ལྗོངས་ཁུལ)སོགས་ཁུལ་ཁོངས་ཀྱི་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་ཐུབ་པ་བྱེད་རྒྱུ། གསུམ་ནི་གྲོན་ཆུང་དང་། ཐཱན་ཉུང་། རྒྱུན་འཁོར་བཅས་ཀྱི་གོང་འཕེལ་ལ་སྐུལ་སྤེལ་གཏོང་རྒྱུ། བོད་ལྗོངས་ཀྱི་ཐཱན་འབུད་ཚད་བཀག་མཐོ་ཤོས་དང་ཐཱན་ཚད་སྙོམས་སྦྱོར་གྱི་ཆེད་དོན་ཞིབ་འཇུག་འབྲས་བུ་དངོས་སྒྱུར་བྱེད་རྒྱུར་སྐུལ་སྤེལ་བཏང་ནས་ཐཱན་འདུས་དཔལ་འབྱོར་གོང་འཕེལ་གཏོང་རྒྱུ་འཚོལ་ཞིབ་བྱེད་པ་དང་། རྒྱལ་ཡོངས་ཀྱི་ནུས་རྒྱུ་སྤྱོད་དབང་དང་ཐཱན་འབུད་བྱེད་དབང་ཉོ་འཚོང་བྱེད་པའི་ནང་ཧུར་ཐག་ཞུགས་རྒྱུ། ནུས་རྒྱུ་དང་ཆུའི་ཐོན་ཁུངས་ཀྱི་ཟད་གྲོན། དེ་བཞིན་འཛུགས་སྐྲུན་ས་ཆའི་སྤྱི་འབོར་དང་ཤུགས་ཚད་བཅས་ལ་གཅུན་སྡོམ་རང་བཞིན་གྱི་དམིགས་ཚད་བཟོས་ཏེ་ཐོན་ཁུངས་ལ་ཕྱོགས་ཡོངས་ནས་གྲོན་ཆུང་དང་ཕྱོད་ཆེའི་ཐོག་ནས་བེད་སྤྱོད་ཐུབ་པ་བྱེད་རྒྱུ། འབྱུང་འཕྲོད་གཙང་ལྡན་གྱི་ཐོན་སྐྱེད་ཁྱབ་སྤེལ་བཏང་ནས་ནུས་རྒྱུ་ཟད་གྲོན་ཆེ་བ་དང་བཙོག་འབུད་ཆེ་བའི་རྣམ་གྲངས་ནང་འདྲེན་བྱེད་རྒྱུ་བཀག་འགོག་དང་། རྗེས་ལུས་ཐོན་ནུས་འབུད་དོར་བྱས་ཏེ་དཔལ་འབྱོར་རྒྱུན་འཁོར་གྱི་དཔེ་མཚོན་ལས་འགུལ་སྤེལ་རྒྱུ།

(བརྒྱད)མཐའ་མཚམས་སྟོབས་ལྡན་དང་། སྲ་བརྟན། འབྱོར་ཕྱུག དར་རྒྱས་བཅས་གཏོང་རྒྱུ་དམིགས་ཚད་དུ་བཟུང་སྟེ། རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་བཅད་བརྟན་པོ་འཛུགས་རྒྱུ། 

རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་བཅད་ཀྱི་འགོག་རགས་ཐོག་མ་དེ་བརྟན་འཛུགས་བྱེད་རྒྱུ་དམིགས་ཚད་དུ་བཟུང་ནས། དམག་དཔུང་འདུས་སྡོད་དང་མི་དམངས་བདེ་འཁོད་མཉམ་འཛིན་དང་། མཐའ་བརྟན་དང་མཐའ་དར་གལ་ཆེར་མཉམ་འཛིན་བྱེད་པའི་རྩ་དོན་གཞིར་བཟུང་། མཐའ་མཚམས་འཛུཌ་སྐྱོང་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་རྒྱུ་དང་། མཐའ་མཚམས་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་མཐའ་མཚམས་ཀྱི་གྲོང་ཚོ་དང་གྲོང་རྡལ་སོགས་ཀྱི་འཆར་འགོད་བཟོ་སྒྲིག་བྱེད་པའི་ལས་དོན་ཡག་པོ་བསྒྲུབ་རྒྱུར་གཞོགས་འདེགས་ཧུར་ཐག་བྱས་ཏེ། གཙོ་གནད་ཀྱི་འཐབ་ཇུས་ཁ་ཕྱོགས་ནང་མཐའ་མཚམས་ཀྱི་གྲོང་ཁྱེར་དང་གྲོང་ཚོ། གྲོང་རྡལ་བཅས་ཁག་གཅིག་འཆར་འགོད་འཛུགས་སྐྲུན་བྱེད་རྒྱུ། མཐའ་མཚམས་གཞུང་ལམ་སོགས་རྣམ་གྲངས་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གང་མགྱོགས་གཏོང་རྒྱུ། ཕྱོགས་ཡོངས་ནས་མཐའ་མཚམས་ཀྱི་འབྱོར་འབྲིང་གྲོང་ཚོ་624ཡི་འཛུགས་སྐྲུན་ལེགས་འགྲུབ་ཐུབ་པ་བྱེད་རྒྱུ་དང་། ཀྲུང་གོ་དང་ནེ་པ་ལའི་གློག་དྲའི་དྲ་སྦྲེལ་ལས་གཞིའི་འཆར་འགོད་ལ་ཞིབ་འཇུག་ཇེ་མགྱོགས་སུ་གཏོང་རྒྱུ། མཐའ་དར་དམངས་ཕྱུག་དང་མཐའ་སྲུང་མཐའ་བརྟན་གྱི་ལས་གཞིར་སྐུལ་འདེད་ཤུགས་ཆེ་བཏང་སྟེ། མཐའ་མཚམས་ས་ཁུལ་གྱི་ཁྱད་ལྡན་ལེགས་ཆ་ཆེ་བའི་ཐོན་ལས་གོང་འཕེལ་ཇེ་མགྱོགས་སུ་བཏང་ཐོག མཐའ་མཚམས་མི་དམངས་ལ་ཕན་པ་དངོས་ཐོབ་ཐུབ་པའི་འགན་ལེན་བྱེད་རྒྱུ། མཐའ་མཚམས་སུ་གནས་སྤོ་བྱེད་རྒྱུར་སྐུལ་འདེད་ཏན་ཏིག་གཏོང་བ་དང་། ས་ཁད་མཐོ་བའི་ས་ཁུལ་གྱི་མང་ཚོགས་མཐའ་མཚམས་ཀྱི་འཐབ་ས་དང་པོར་བཀོད་སྒྲིག་བྱེད་རྒྱུར་ཁྲིད་སྟོན་ཧུར་ཐག་བྱས་ཏེ། མཐའ་མཚམས་སུ་གནས་སྤོས་པའི་མི་གྲངས་ཁྲི་1ལས་བརྒལ་ཐུབ་པ་བྱེད་རྒྱུ།

(དགུ)ཞི་མཐུན་བརྟན་ལྷིང་ཡོང་བའི་འགན་ལེན་བྱས་ཏེ། དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་འགྲོ་བར་སྐུལ་སྤེལ་གཏོང་ཆེད་ཁོར་ཡུག་བཟང་པོ་ཞིག་བསྐྲུན་རྒྱུ། 

གཅིག་ནི་སྤྱི་ཚོགས་དུས་བབ་ཀྱི་བརྟན་ལྷིང་ལ་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་བྱེད་རྒྱུ། བརྟན་ལྷིང་སྲུང་སྐྱོང་བྱེད་རྒྱུ་དེ་ད་ལྟའི་དུས་མཚམས་ཀྱི་བོད་ལྗོངས་ལས་དོན་གྱི་ལས་འགན་ཨང་དང་པོར་བརྩི་རྒྱུ་མཐའ་འཁྱོངས་བྱས་ནས་སྤྱི་ཚོགས་ཀྱི་འགལ་བ་གཙོ་བོ་དང་དམིགས་བསལ་འགལ་བའི“འགྱུར”དང“མི་འགྱུར”ལ་ཚན་རིག་དང་མཐུན་པའི་སྟངས་འཛིན་བྱས་ཐོག རྒྱུན་རྣམ་ཅན་གྱི་ནད་ཡམས་སྔོན་འགོག་དང་ཚོད་འཛིན་བྱེད་པའི་བྱ་ཐབས་ཡག་པོ་སྤྱོད་རྒྱུ་མཐའ་འཁྱོངས་བྱེད་པ་དང་། “ཀུན་མཐོང་ལས་གཞི”དང་། “བློ་རིག་སྤྱི་བདེ” བརྟན་ལྷིང་སྲུང་སྐྱོང་གི་གྲངས་གཞི་ཆེ་མོའི་ལྟེ་གནས། དྲ་རྒྱའི་ཕྱོགས་བསྡུས་ནུས་པ་མཐོ་རུ་གཏོང་རྒྱུ་སོགས་ཀྱི་རྣམ་གྲངས་འཛུགས་སྐྲུན་བྱེད་རྒྱུར་སྐུལ་འདེད་གཏོང་རྒྱུ་དང་། བཙོན་ཁང་གི་བཀོད་པ་ལེགས་སྒྲིག་བྱས་ནས་བརྟན་ལྷིང་གི་རྩ་བ་བརྟན་དུ་གཏོང་རྒྱུ། བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་70འཁོར་བའི་རྟེན་འབྲེལ་བྱེད་སྒོ་སྤྲོ་སེམས་འཁོལ་ཞིང་གཟབ་རྒྱས་ཡིན་པ་དང་། དོན་གཉེར་གྲོན་ཆུང་གི་སྒོ་ནས་སྤེལ་རྒྱུའི་གྲ་སྒྲིག་ཡག་པོ་བྱས་ཏེ། དུས་བདེ་དང་། བཀྲ་ཤིས་པ། དགའ་སྤྲོ་བཅས་ལྡན་པའི་རྣམ་པ་ཞིག་གཏོད་རྒྱུ། གཉིས་ནི་འཕྲལ་རྐྱེན་མྱུར་སེལ་གྱི་འགན་སྲུང་ནུས་པ་ཤུགས་ཆེར་གཏོང་རྒྱུ། འཕྲལ་རྐྱེན་མྱུར་སེལ་གྱི་འགན་སྲུང་ནུས་པ་ཕྱོགས་ཡོངས་ནས་ཆེ་རུ་བཏང་སྟེ། གནམ་གཤིས་དང་། ཆུ་དཔྱད། ས་གཤིས། ས་ཡོམ། ནགས་རྩྭ། འཕྲོད་བསྟེན། རིམས་འགོག སྐྱེ་ཁམས་ཁོར་ཡུག་སོགས་རིགས་འདྲ་མིན་གྱི་གནོད་འཚེར་བརྟག་དཔྱད་དང་། ལྟ་དཔྱད། ཉེན་བརྡ་གཏོང་བ་བཅས་བྱེད་རྒྱུར་ཤུགས་སྣོན་རྒྱག་རྒྱུ་དང་། རང་བྱུང་གནོད་འཚེ་འགོག་བཅོས་བྱེད་པའི“ལས་གྲྭ་ཁག་དགུ”ལག་བསྟར་གཏིང་ཟབ་བྱས་ནས་ས་མཐོ་ཡང་མཐོའི་མཁའ་འགྲུལ་རོགས་སྐྱོབ་རྟེན་གཞི་འཛུགས་སྐྲུན་གང་མགྱོགས་བྱེད་རྒྱུ། གསུམ་ནི་བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲི་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་རྒྱུ། ལྟ་སྡོམ་དང་ཁྲིམས་སྒྱུར་ནན་པོ་བྱས་ཏེ། གཞུང་ལམ་འགྲིམ་འགྲུལ་དང་། མེ་སྐྱོན་འགོག་ཟོན། བཟའ་བཅའ་སྨན་རིགས། བཟོ་སྐྲུན་ཨར་ལས། མི་མང་འདུ་འཛོམས་བྱེད་ས་སོགས་གཙོ་གནད་ལས་རིགས་ཁྱབ་ཁོངས་ཀྱི་བདེ་འཇགས་ལྟ་སྡོམ་ལ་དམ་འཛིན་ཡག་པོ་བྱས་ནས་དམིགས་བསལ་ཚབས་ཆེའི་བདེ་འཇགས་ཀྱི་ལས་འཛོལ་མི་ཐོན་པ་བྱེད་རྒྱུ། ལྷ་ས་དང་ལྷོ་ཁ་གཉིས་རྒྱལ་ཁབ་ཀྱི་བདེ་འཇགས་དཔེ་སྟོན་གྲོང་ཁྱེར་འཛུགས་གཏོད་བྱེད་པའི་ཚོད་ལྟ་བྱེད་རྒྱུ། བཟའ་བཅའ་དང་སྨན་རིགས་ཀྱི་བདེ་འཇགས་དོ་དམ་ལས་དོན་སྤེལ་ཤུགས་ཆེ་རུ་བཏང་ནས་མི་དམངས་ཀྱི་གཟུགས་གཞི་བདེ་ཐང་དང་ཚེ་སྲོག་གི་བདེ་འཇགས་ལ་འགན་སྲུང་བྱེད་རྒྱུ་བཅས་ཡིན།

འཐུས་མི་རྣམ་པ། 2021ལོ་ནི“ལོ་ལྔ་ཚན་བཅུ་བཞི་པ”འགོ་འཛུགས་པའི་ལོ་ཡིན་ཞིང་། ནུས་ཤུགས་ཡོད་རྒུས་ལོ་བརྒྱ་དང་པོའི་འབད་འཐབ་དམིགས་ཚད་མངོན་གྱུར་ཐུབ་པ་བྱས་རྗེས་བབ་བསྟུན་འཕྲལ་སྒྲུབ་ཀྱིས་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་སྐྱོད་འགོ་བཙུགས་ནས། མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པར་དོན་སྙིང་ཧ་ཅང་ཆེན་པོ་ལྡན་ཡོད། ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དེ་བས་དམ་ཟབ་བྱེད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་རྒྱུ་མཐའ་འཁྱོངས་བྱས་ཐོག ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དང་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ། ལྗོངས་ཏང་ཨུད་ཀྱི་སྐབས་དགུ་པའི་ཚང་འཛོམས་གྲོས་ཚོགས་རིམ་བྱུང་དང་ལྗོངས་ཏང་ཨུད་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུའི་བླང་བྱ་གཞིར་བཟུང་། འབད་འབུངས་ཡར་བརྩོན་དང་གསར་གཏོད་བྱེད་ཕོད་པ་བྱས་ནས“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ལག་བསྟར་བྱེད་རྒྱུར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་དང་། དུས་རབས་གསར་པར་བོད་ལྗོངས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་གོང་འཕེལ་འགྲོ་བར་སྐུལ་འདེད་ཤུགས་ཆེ་བཏང་བ་དང་ལོ་འཁོར་གྱི་དམིགས་ཚད་ཁག་ཡོངས་སུ་མངོན་འགྱུར་ཐུབ་པ་བྱས་ཏེ་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་100འཁོར་བ་དང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་70འཁོར་བར་ལེགས་སྐྱེས་འབུལ་རྒྱུ་ཡིན། 

(རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་བཞི་པའི་དྲུང་ཡིག་ཁྲུའུ་ནས་མཁོ་འདོན་བྱས་པ་གཞིར་བཟུང)

རྩོམ་སྒྲིག་པ། : ཀླུ་མོ་མཚོ།