ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་བསྐྲུན་རྒྱུའི་བོད་རང་སྐྱོང་ལྗོངས་ཀྱི་སྲོལ་ཡིག

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2021-02-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

(2021ལོའི་ཟླ1པོའི་ཚེས24ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་བཞི་པའི་ཐོག་གྲོས་འཆམ་བྱུང་བ)

[2021]ཡིག་ཨང2པ།

《རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་བསྐྲུན་རྒྱུའི་བོད་རང་སྐྱོང་ལྗོངས་ཀྱི་སྲོལ་ཡིག》འདི2021ལོའི་ཟླ1པོའི་ཚེས24ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་བཞི་པའི་ཐོག་གྲོས་ཞིབ་ཀྱིས་གྲོས་འཆམ་བྱུང་དོན་བཞིན་ད་ལྟ་ཁྱབ་བསྒྲགས་བྱེད་རྒྱུ་ཡིན་ཞིང་། 2021ལོའི་ཟླ5བའི་ཚེས1ཉིན་ནས་བཟུང་ལག་བསྟར་བྱེད་རྒྱུ་ཡིན།

བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་བཞི་པའི་ཀྲུའུ་ཞི་ཚོཌ་པ་ནས།

2021ལོའི་ཟླ1པོའི་ཚེས24ལ།

ལེའུ་དང་པོ། སྤྱིའི་རྩ་དོན།

དོན་ཚན་དང་པོ། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ་སྐྱེ་ཁམས་སྲུང་སྐྱོབ་ཨང་དང་པོར་འཇོག་རྒྱུ་དང་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་རྒྱུ་མཐའ་འཁྱོངས་ཀྱིས་བོད་ལྗོངས་འདི་ཉིད་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་ཞིག་ཏུ་བསྐྲུན་ཆེད་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་གཞིར་བཟུང་། རང་སྐྱོང་ལྗོངས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་སྲོལ་ཡིག་འདི་བཟོས་པ་ཡིན།

དོན་ཚན་གཉིས་པ། རང་སྐྱོང་ལྗོངས་ཀྱི་སྲིད་འཛིན་ས་ཁོངས་ནང་དུ་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་བསྐྲུན་རྒྱུའི་བྱེད་སྒོར་སྲོལ་ཡིག་འདི་སྤྱད་ན་འཐུས།

དོན་ཚན་གསུམ་པ། བོད་ལྗོངས་འདི་ནི་མཚོ་བོད་ས་མཐོའི་གཙོ་རྐང་ཞིག་ཡིན་ལ། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་ཀྱི་སྲུང་བཅད་གལ་ཆེན་ཞིག་ཀྱང་ཡིན། མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོབ་ཡག་པོ་བྱེད་རྒྱུ་དེ་ཀྲུང་ཧྭ་མི་རིགས་འཚོ་གནས་དང་ཡུན་རིང་གོང་འཕེལ་འགྲོ་རྒྱུ་དང་འབྲེལ་བ་ཡོད་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་དང་འབྲེལ་བ་ཡོད་པ། བོད་ལྗོངས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་གོང་འཕེལ་ཡོང་རྒྱུ་དང་འབྲེལ་བ་ཡོད་པ། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་དམངས་འཚོའི་བདེ་རྩ་དང་འབྲེལ་བ་ཡོད་པ་བཅས་ཡིན། བོད་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་རྒྱུ་དང་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་བསྐྲུན་རྒྱུ་ནི་སྤྱི་ཚོགས་ཡོངས་ཀྱི་ཐུན་མོང་གི་འགན་འཁྲི་དང་འོས་འགན་ཡིན།

དོན་ཚན་བཞི་པ། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་སྐྲུན་པར་ངེས་པར་དུ་སྐྱེ་ཁམས་ཤེས་དཔལ་སྐོར་གྱི་ཞི་ཅིན་ཕིང་གི་དགོངས་པ་མཛུབ་ཁྲིད་དུ་བྱས་ཏེ་རི་སྔོན་ཆུ་དྭངས་གསེར་དངུལ་རི་ལས་ལྷག་པའི་ལྟ་བ་བཙུགས་ཐོག རང་བྱུང་ལ་བརྩི་འཇོག་དང་། རང་བྱུང་ལ་བསྟུན་པ། རང་བྱུང་ལ་སྲུང་སྐྱོབ་བཅས་བྱས་ནས་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་ཀྱི་འཐབ་ཇུས་ཁུལ་དང་། མི་དང་རང་བྱུང་ཞི་མཐུན་མཉམ་གནས་ཀྱི་དཔེ་སྟོན་ཁུལ། འབྱུང་འཕྲོད་གོང་འཕེལ་གྱི་ཚོད་ལྟ་ཁུལ། རང་བྱུང་སྲུང་སྐྱོབ་ཀྱི་དཔེ་མཚོན་ཁུལ། སྐྱེ་ཁམས་ལ་བརྟེན་ནས་དམངས་ཕྱུག་ཡོང་བ་བྱེད་པའི་སྔོན་སྐྱོད་ཁུལ་བཅས་བསྐྲུན་ནས་མཚོ་བོད་ས་མཐོའི་སྣོད་བཅུད་སྲུང་སྐྱོང་ཡག་པོ་བྱས་ནས་མི་དང་རང་བྱུང་ཞི་མཐུན་མཉམ་གནས་ཀྱི་དེང་རབས་ཅན་མངོན་གྱུར་ཡོང་བ་བྱས་ཏེ་མཛེས་སྡུག་ལྡན་པའི་ཀྲུང་གོའི་བོད་ལྗོངས་ཀྱི་དཔེ་མཚོན་ཕྱོགས་ཡོངས་ནས་བསྐྲུན་ཐུབ་པ་བྱེད་དགོས།

དོན་ཚན་ལྔ་པ། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་སྐྲུན་པར་ངེས་པར་དུ་ཏང་གིས་འགོ་ཁྲིད་བྱེད་རྒྱུ་མཐའ་འཁྱོངས་དང་། མི་དམངས་ལྟེ་བར་འཛིན་རྒྱུ་མཐའ་འཁྱོངས། མ་ལག་གི་ལྟ་བ་མཐའ་འཁྱོངས། དེ་བཞིན་གྲོན་ཆུང་སྔོན་འཇོག་དང་། སྲུང་སྐྱོབ་སྔོན་འཇོག རང་བྱུང་སླར་གསོ་བཅས་གཙོ་གནད་དུ་བཟུང་རྒྱུ་མཐའ་འཁྱོངས་བཅས་བྱས་ནས་ཚན་རིག་དང་མཐུན་པའི་འཆར་འགོད་བྱེད་རྒྱུས་སྤྱི་འདོམས་བྱེད་པ་དང་། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་དར་སྤེལ་གཏོང་རྒྱུའི་དཔེ་སྟོན་ཁུལ་འཛུགས་གཏོད་བྱེད་རྒྱུས་གཞི་རྟེན་བྱེད་པ། སྐྱེ་ཁམས་ཤེས་དཔལ་གྱི་མ་ལག་བསྐྲུན་རྒྱུས་འདེགས་སྐྱོར་བྱེད་པ་བཅས་བྱས་ནས་སྐྱེ་ཁམས་བཅོས་སྐྱོང་གི་མ་ལག་དང་བཅོས་སྐྱོང་བྱེད་ནུས་དེང་རབས་ཅན་དུ་འགྱུར་བའི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས།

དོན་ཚན་དྲུག་པ། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་སྐྲུན་པར་ཏང་ཨུད་ཀྱིས་གཅིག་གྱུར་འགོ་ཁྲིད་བྱེད་རྒྱུ་དང་། མི་དམངས་འཐུས་ཚོགས་ཀྱིས་ཁྲིམས་ལྟར་ལྟ་སྐུལ་བྱེད་རྒྱུ། སྲིད་གཞུང་གིས་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་སྤེལ་གཏོང་རྒྱུ། སྡེ་ཚན་ཁག་གིས་མཐུན་སྦྱོར་མཉམ་འགུལ་བྱེད་རྒྱུ། སྤྱི་ཚོགས་ཀྱིས་མཉམ་སྒྲུབ་ཐེ་ཞུགས་བྱེད་རྒྱུ་བཅས་ཀྱི་ལས་ཀའི་ལམ་སྲོལ་ལག་བསྟར་བྱེད་དགོས།

ལེའུ་གཉིས་པ། སྐྱེ་ཁམས་ཀྱི་འཆར་འགོད།

དོན་ཚན་བདུན་པ། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་ངེས་པར་དུ་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་བསྐྲུན་རྒྱུའི་རང་སྐྱོང་ལྗོངས་ཀྱི་འཆར་འགོད་བཟོས་ནས་སྤྱིའི་དམིགས་ཚད་དང་། གཙོ་གནད་ལས་འགན། ལག་བསྟར་གྱི་གོ་རིམ། འགན་སྲུང་ལམ་སྲོལ། དམིགས་ཚད་མ་ལག དོ་དམ་སྒྲིག་སྲོལ། འགན་འཁྲི་ཞིབ་དཔྱད་སོགས་ཀྱི་ནང་དོན་ཁ་གསལ་བཟོ་དགོས།

དོན་ཚན་བརྒྱད་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གིས་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་ཕྱོགས་ཀྱི་འཆར་འགོད་བཟོ་སྐབས། ངེས་པར་དུ་སྐྱེ་ཁམས་སྲུང་སྐྱོབ་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་ཀྱིས་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་བསྐྲུན་རྒྱུའི་ལས་དོན་དེ་འཆར་འགོད་ནང་འཇུག་དགོས་ཤིང་། སྐྱེ་ཁམས་ཤེས་དཔལ་དར་སྤེལ་གཏོང་རྒྱུ་དེ་དཔལ་འབྱོར་འཛུགས་སྐྲུན་བྱེད་རྒྱུ་དང་། ཆབ་སྲིད་ལེགས་སྐྱོང་བྱེད་རྒྱུ། རིག་གནས་དར་སྤེལ་གཏོང་རྒྱུ། སྤྱི་ཚོགས་འཛུགས་སྐྱོང་བྱེད་རྒྱུ་བཅས་དང་གཅིག་གྱུར་བཀོད་སྒྲིག་དང་གཅིག་གྱུར་འཆར་འགོད་ཀྱིས་ལག་བསྟར་བྱེད་དགོས།

དོན་ཚན་དགུ་པ། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་དང་དེའི་འབྲེལ་ཡོད་སྡེ་ཚན་གྱིས་ངེས་པར་དུ་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་བསྐྲུན་རྒྱུའི་རང་སྐྱོང་ལྗོངས་ཀྱི་འཆར་འགོད་དང་རྒྱལ་ཁོངས་བར་སྟོངས་འཆར་འགོད་ཕན་ཚུན་སྦྲེལ་མཐུད་བྱེད་དགོས་པ་དང་། བོད་ཀྱི་སྐྱེ་ཁམས་བདེ་འཇགས་ཀྱི་སྲུང་བཅད་སྲུང་སྐྱོབ་དང་འཛུགས་སྐྲུན་བྱེད་རྒྱུའི་འཆར་འགོད་བཟོ་སྒྲིག་བྱེད་དགོས་པ། གལ་ཆེའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གྱི་བར་ཁྱམས་དང་རྒྱལ་ཁབ་ཀྱི་མཐའ་སྲུང་འཛུགས་སྐྲུན་གྱི་བར་སྟོངས་སྔོན་འཇོག་བྱེད་དགོས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་རྒྱུ་དང་། སྐྱེ་ཁམས་དཔལ་འབྱོར་གོང་འཕེལ་གཏོང་རྒྱུ། སྐྱེ་ཁམས་རིག་གནས་དར་འཕེལ་གཏོང་རྒྱུ་སོགས་ཐད་ཀྱི་ཆེད་དམིགས་འཆར་འགོད་བཟོ་དགོས།

དོན་ཚན་བཅུ་པ། ས་གནས(གྲོང་ཁྱེར)དང་རྫོང(ཆུད)མི་དམངས་སྲིད་གཞུང་གིས་ངེས་པར་དུ་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་བསྐྲུན་རྒྱུའི་རང་སྐྱོང་ལྗོངས་ཀྱི་འཆར་འགོད་ལ་གཞིགས་ཏེ་སྲིད་འཛིན་ས་ཁོངས་དེ་གའི་དངོས་ཡོད་གནས་ཚུལ་དང་ཟུང་འབྲེལ་བྱས་ནས་ལག་བསྟར་བྱེད་ཕྱོགས་ཀྱི་ཇུས་གཞི་བཟོ་དགོས།

ལེའུ་གསུམ་པ། སྐྱེ་ཁམས་བདེ་འཇགས།

དོན་ཚན་བཅུ་གཅིག་པ། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་སྐྲུན་པར་ངེས་པར་དུ་སྐྱེ་ཁམས་མ་ལག་གི་ལེགས་ལམ་བཟང་འཁོར་དང་ཁོར་ཡུག་གི་ཉེན་ཁ་སྔོན་འགོག་དང་ཚོད་འཛིན་ནུས་ལྡན་བྱེད་རྒྱུ་གཙོ་གནད་དུ་བཟུང་བའི་སྐྱེ་ཁམས་བདེ་འཇགས་ཀྱི་མ་ལག་འཛུགས་པ་དང་ཚགས་ཚུད་དུ་བཏང་ནས་སྐྱེ་ཁམས་ཁོར་ཡུག་གི་ཁུལ་དབྱེ་དོ་དམ་དང་ཚོད་འཛིན་བྱེད་པའི་མ་ལག་བཙུགས་ཏེ་སྐྱེ་ཁམས་སྲུང་སྐྱོབ་ཀྱི་དམར་ཐིག་དང་། ཁོར་ཡུག་སྤུས་ཚད་ཀྱི་མཐའ་ཚད། ཐོན་ཁུངས་བེད་སྤྱོད་ཀྱི་ཚད་བཀག་བཅས་དབྱེ་མཚམས་བཅད་ནས། སྐྱེ་ཁམས་ཁོར་ཡུག་གི་འཇུག་འཁྲོལ་གསལ་ཐོ་བཟོ་བ་དང་། རང་བྱུང་སྐྱེ་ཁམས་བདེ་འཇགས་ཀྱི་ས་མཚམས་སྲུང་བ། བོད་ཀྱི་སྐྱེ་ཁམས་ཁོར་ཡུག་བཟང་འཁྱོངས་ཐུབ་པའི་འགན་ལེན་བཅས་བྱས་ནས་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་ཀྱི་འཐབ་ཇུས་ཁུལ་སྐྲུན་དགོས།

དོན་ཚན་བཅུ་གཉིས་པ། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་ངེས་པར་དུ་རི་ཆུ་ནགས་གསུམ་དང་། ས་ཞིང་། མཚེའུ། རྩྭ་ཐང་། བྱེ་འགྱུར་བཅས་བཅོས་སྐྱོང་བྱེད་རྒྱུར་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་བཏང་སྟེ་སྲུང་སྐྱོབ་དང་ཉམས་གསོ་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ནས་མཚོ་བོད་ས་མཐོའི་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་དང་། འབྲི་ཆུ་རྒྱུག་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་སོགས་རྒྱལ་ཁབ་ཀྱི་འཐབ་ཇུས་ལག་བསྟར་བྱེད་པའི་ནང་ཞུགས་ཏེ་གཙང་པོ་དང་། མཚེའུ། འཁྱགས་རོམ། ནགས་ཚལ། རྩྭ་ཐང་། འདམ་ར། ཐང་རྒོད་སོགས་སྐྱེ་ཁམས་མ་ལག་དང་སྐྱེ་ཁམས་ཐོན་ཁུངས་སྲུང་སྐྱོབ་ཡག་པོ་བྱེད་དགོས།

དོན་ཚན་བཅུ་གསུམ་པ། རང་སྐྱོང་ལྗོངས་ཀྱིས་ཆུ་དཔོན་དང་མཚེའུ་དཔོན་གྱི་ལམ་ལུགས་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ་གཙང་པོ་དང་མཚེའུ་ཡི་འགྲམ་རྒྱུད་སྲུང་སྐྱོབ་བྱེད་ཁོངས་དབྱེ་མཚམས་བཅད་ནས་ཆུ་ཁུངས་འདུས་ཚད་ཀྱི་ནུས་པ་འཛུགས་སྐྱོང་བྱེད་རྒྱུར་ཤུགས་སྣོན་རྒྱག་པ་དང་། ཆུའི་བཙོག་སྐྱོན་སྔོན་འགོག་དང་བཅོས་སྐྱོང་བྱས་ཏེ་གཙང་པོ་དང་། མཚེའུ། འཐུང་ཆུའི་ཆུ་ཁུངས་སོགས་ཆུའི་སྐྱེ་ཁམས་དང་ཆུའི་བདེ་འཇགས་སྲུང་སྐྱོབ་བྱས་ནས་ཨེ་ཤེ་ཡའི་ཆུ་སྤེ་སྲུང་སྐྱོང་ཡག་པོ་བྱེད་དགོས།

དོན་ཚན་བཅུ་བཞི་པ། རང་སྐྱོང་ལྗོངས་ཀྱིས་ནགས་དཔོན་ལམ་ལུགས་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ་ནགས་ཚལ་དང་རྩྭ་ཐང་སྲུང་སྐྱོབ་དང་བཅོས་སྐྱོང་བྱེད་རྒྱུར་ཤུགས་སྣོན་རྒྱག་པ་དང་། ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་དང་གནོད་ལྡན་སྐྱེ་དངོས་སྔོན་འགོག་ཚོད་འཛིན་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ནགས་ཚལ་དང་རྩྭ་ཐང་གི་སྐྱེ་ཁམས་བརྟན་འཁྱོངས་ཐུབ་པ་བྱེད་དགོས། རང་བྱུང་ནགས་ཚལ་དང་སྤྱི་ཕན་ནགས་ཚལ་སྲུང་སྐྱོབ་བྱེད་པའི་ལམ་ལུགས་དོན་འཁྱོལ་བྱས་ཏེ་ཤིང་སྣ་གང་བྱུང་དུ་གཅོད་རིགས་གཏན་འགོག་བྱེད་པ་དང་། ཡུལ་བབ་དང་བསྟུན་ནས་རྒྱལ་ཁབ་ཀྱི་ས་ཁམས་སྔོ་ལྗང་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་དགོས། རྩྭ་ཐང་འགན་གཙང་ལེན་པའི་གཉེར་སྐྱོང་ལམ་ལུགས་བརྟན་པོའི་ངང་འཐུས་སྒོ་ཚང་དུ་གཏོང་བ་དང་། གཞི་རྩའི་རྩྭ་ཐང་སྲུང་སྐྱོབ་ལམ་ལུགས་ཚགས་ཚུད་དུ་གཏོང་བ། རྩྭ་ཁ་བཀག་པ་དང་རྩྭ་ར་བསྙལ་བ། དེ་བཞིན་རྩྭ་ཕྱུགས་དོ་མཉམ་ཡོང་བའི་ལམ་ལུགས་དོན་འཁྱོལ་བྱེད་པ་བཅས་བྱས་ནས་རྩྭ་ཐང་ཞན་འགྱུར་གྱི་སྐྱེ་ཁམས་ཉམས་གསོའི་ལམ་སྲོལ་འཛུགས་དགོས།

དོན་ཚན་བཅོ་ལྔ་པ། རིམ་ཁག་མི་དམངས་སྲིད་གཞུང་གིས་ངེས་པར་དུ་འདམ་རར་བརྒྱུད་རིམ་ལྡན་པའི་སྒོ་ནས་སྲུང་སྐྱོབ་བྱས་ཏེ། སྲུང་སྐྱོབ་བྱེད་ཁོངས་དབྱེ་མཚམས་བཅད་ནས་འདམ་རའི་སྤྱོད་སྒོར་དོ་དམ་དང་ཚོད་འཛིན་ནན་པོ་དང་། ཞན་འགྱུར་འདམ་ར་ཉམས་གསོ། འདམ་རའི་རང་བྱུང་ཁྱད་ཆོས་རྒྱུན་འཁྱོངས་བཅས་བྱས་ནས་འདམ་རའི་སྐྱེ་ཁམས་ནུས་པ་ལེགས་སུ་གཏོང་དགོས།

དོན་ཚན་བཅུ་དྲུག་པ། རིམ་ཁག་མི་དམངས་སྲིད་གཞུང་གིས་ངེས་པར་དུ་འཁྱགས་རོམ་གྱི་སྲུང་སྐྱོབ་མ་ལག་བཙུགས་ནས་འཁྱགས་རོམ་དང་འཁྱགས་མཐའི་ཁུལ་ལ་འགྱུར་ལྡན་གྱི་ལྟ་ཞིབ་ཚད་ལེན་བྱེད་དགོས་པ་དང་། འཁྱགས་རོམ་གྱི་མཐའ་སྐོར་ཁུལ་ཁོངས་སུ་ཐོན་སྐྱེད་དང་གཉེར་སྐྱོང་བྱེད་རིགས་ཚོད་འཛིན་ནན་པོ་བྱས་ཏེ། འཁྱགས་རོམ་གྱི་སྔར་ཡོད་རྣམ་པ་བརྟན་གནས་ཐུབ་པ་བྱེད་དགོས།

དོན་ཚན་བཅུ་བདུན་པ། རིམ་ཁག་མི་དམངས་སྲིད་གཞུང་གིས་ངེས་པར་དུ་ས་རྒྱུའི་བཙོག་སྐྱོན་འགོག་བཅོས་བྱེད་རྒྱུར་ཤུགས་སྣོན་རྒྱག་པ་དང་། ས་རྒྱུའི་བཙོག་སྐྱོན་གྱི་ཉེན་ཁར་དོ་དམ་དང་ཚོད་འཛིན་བྱེད་པའི་ལམ་ལུགས་བཙུགས་ནས་དུག་ལྡན་གནོད་ལྡན་གྱི་དངོས་པོས་ས་རྒྱུར་བཙོག་སྐྱོན་བཟོས་རིགས་སྔོན་འགོག་དང་། འགྱིགས་སྙིགས་ཀྱི་བཙོག་སྐྱོན་དང་ཞིང་ལས་ཀྱི་ཁ་གཏིང་གཉིས་ཀྱི་བཙོག་སྐྱོན་གཙང་བཅོས་བྱས་ནས་ས་རྒྱུའི་ཁོར་ཡུག་སྲུང་སྐྱོབ་བྱེད་དགོས། རིམ་ཁག་མི་དམངས་སྲིད་གཞུང་གིས་ངེས་པར་དུ་བ་ཚྭའི་ས་ཆ་དང་། བྱེ་འགྱུར་ས་ཆ། ཐང་རྒོད་དུ་འགྱུར་བའི་ས་ཆ། ས་ཆུ་ཤོར་བའི་གཙོ་གནད་ཁུལ་ཁོངས་བཅས་ལ་ཕྱོགས་བསྡུས་འགོག་བཅོས་བྱས་ཏེ། རི་རྒྱ་བསྡམས་ནས་བྱེ་འགོག་ནགས་གསོ་རྩྭ་འདེབས་དང་། འབབ་རྒྱུད་ཆུང་གྲས་ཕྱོགས་བསྡུས་བཅོས་སྐྱོང་། གནོད་ལྡན་སྐྱེ་དངོས་འགོག་བཅོས་སོགས་ཀྱི་ལས་གྲྭ་ལག་བསྟར་བྱས་ཏེ་སྐྱེ་ཁམས་མ་ལག་སླར་གསོ་ཡོང་བར་སྐུལ་འདེད་གཏོང་དགོས།

དོན་ཚན་བཅོ་བརྒྱད་པ། རིམ་ཁག་མི་དམངས་སྲིད་གཞུང་གིས་ངེས་པར་དུ་སྲ་གཟུགས་ཟོག་རོའི་བཙོག་སྐྱོན་འགོག་བཅོས་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ། འཚོ་བའི་གད་སྙིགས་དང་། ཨར་སྐྲུན་གྱི་གད་སྙིགས། སྨན་བཅོས་ཀྱི་སྙིགས་རོ་སོགས་ཉེན་ཆེའི་སྙིགས་རོར་རིགས་དབྱེ་བསྡུ་རུབ་བྱེད་པ་དང་། གནོད་མེད་ཅན་གྱི་གཙང་སེལ་བཟོ་བ། དེ་བཞིན་ཕྱོགས་བསྡུས་བེད་སྤྱོད་བཅས་བྱེད་དགོས།

དོན་ཚན་བཅུ་དགུ་པ། རིམ་ཁག་མི་དམངས་སྲིད་གཞུང་གིས་ངེས་པར་དུ་བཟོ་ལས་ཀྱི་རླངས་རོ་འབུད་གཏོང་བྱེད་པར་ལྟ་སྡོམ་ནན་པོ་བྱས་ནས་འཕྲུལ་སྒུལ་འཁོར་རིགས་དང་གྲུ་གཟིངས་ཀྱི་རླངས་རོ་དང་། བྱེ་རྡུལ་དང་ཐལ་རྡུལ། འཚོ་བའི་དུ་རྡུལ་སོགས་རླུངས་ཁམས་ཆེ་མོའི་བཙོག་སྐྱོན་ལ་ཕྱོགས་བསྡུས་འགོག་བཅོས་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ། རླུང་ཁམས་ཆེ་མོའི་ཁོར་ཡུག་བཟང་འཁྱོངས་ཐུབ་པ་བྱེད་དགོས།

དོན་ཚན་ཉི་ཤུ་པ། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་དང་དེའི་འབྲེལ་ཡོད་སྡེ་ཚན་གྱིས་ངེས་པར་དུ་རྒྱལ་ཁབ་སྤྱི་གླིང་གིས་གཙོ་རྐང་བྱེད་པ་དང་། རང་བྱུང་སྲུང་སྐྱོབ་ཁུལ་གྱིས་རྨང་གཞི་བྱེད་པ། རིགས་ཁག་གི་རང་བྱུང་སྤྱི་གླིང་གིས་ཁ་སྐོང་བྱེད་པ་བཅས་ཀྱི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་མ་ལག་བསྐྲུན་རྒྱུ་ཁྱབ་སྤེལ་གཏོང་བ་དང་། ཇོ་མོ་གླང་མ་དང་། བྱང་ཐང་། གདང་ལའི་བྱང་རྒྱུད་བོད་ཀྱི་ཁོངས་སོགས་ཀྱི་ཁུལ་ཁོངས་དེ་རྒྱལ་ཁབ་སྤྱི་གླིང་གི་བར་སྟོངས་ཁྱབ་བཀོད་ནང་འཇུག་རྒྱུར་སྐུལ་འདེད་གཏོང་བ། མཚོ་བོད་ས་མཐོའི་འཛམ་གླིང་རང་བྱུང་དང་རིག་གནས་ཤུལ་བཞག་དེ་ཤུལ་བཞག་རྣམ་གྲངས་ཁོངས་སུ་འཇུག་རེ་ཞུ་རྒྱུར་སྐུལ་སྤེལ་གཏོང་བ། ས་གོ་ལའི་གླིང་སྣེ་གསུམ་པའི་རྒྱལ་ཁབ་སྤྱི་གླིང་བསྐྲུན་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས།

རང་བྱུང་གནོད་འཚེ་འགོག་བཅོས་བྱེད་རྒྱུའི་གལ་ཆེའི་ལས་གཞི་ལག་བསྟར་བྱེད་རྒྱུ་དང་། དེ་བཞིན་བོད་ནུབ་བྱང་གི་བྱང་ཐང་ས་མཐོའི་ཐང་རྒོད་སྐྱེ་ཁམས་སྲུང་སྐྱོབ་དང་ཉམས་གསོ་དང་། བོད་ཤར་ལྷོའི་ས་མཐོའི་སྐྱེ་ཁམས་སྲུང་སྐྱོབ་དང་ཉམས་གསོ། “ཆུ་བོ་གཉིས་དང་གཙང་པོ་བཞིའི”ནགས་བཟོ་སྔོ་སྒྱུར་དང་ཕྱོགས་བསྡུས་བཅོས་སྐྱོང་། མཚོ་བོད་ས་མཐོའི་གཏེར་རིའི་སྐྱེ་ཁམས་ཉམས་གསོ་སོགས་ཀྱི་གཙོ་གནད་ལས་གཞི་ལག་བསྟར་བྱེད་རྒྱུ། ས་ཁད་ཤིན་ཏུ་མཐོ་བ་དང་རང་བྱུང་སྲུང་སྐྱོབ་ཁུལ་གྱི་སྐྱེ་ཁམས་གནས་སྤོས་ལས་གཞི་ལག་བསྟར་བྱེད་རྒྱུ་བཅས་སྒྲིག་འཛུགས་བྱས་ཏེ་རང་བྱུང་སྲུང་སྐྱོབ་ཁུལ་གྱི་དཔེ་མཚོན་ཁུལ་སྐྲུན་དགོས།

དོན་ཚན་ཉེར་གཅིག་པ། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་ངེས་པར་དུ་སྐྱེ་དངོས་ཀྱི་སྣ་མང་རང་བཞིན་ལ་ཞིབ་འཇུག་དང་སྲུང་སྐྱོབ་བྱེད་པའི་ལས་དོན་སྤེལ་བ་དང་། སྲོག་ཆགས་དང་རྩི་ཤིང་གི་ཐོན་ཁུངས་ལ་བརྟག་དཔྱད་ཞིབ་འཇུག་བྱེད་རྒྱུ་སྒྲིག་འཛུགས་བྱས་ནས་མཚོ་བོད་ས་མཐོར་དམིགས་བསལ་དུ་ཡོད་པའི་རྩ་ཆེའི་སྐྱེ་དངོས་ཀྱི་རིགས་དང་སོན་རྒྱུ་དང་། རྒྱུད་གྲུབ་ཐོན་ཁུངས་ལ་སྲུང་སྐྱོབ་བྱས་ཏེ། ཕྱིའི་སྐྱེ་དངོས་རིགས་ཀྱི་ནང་འཛུལ་གནོད་སྐྱེལ་ལ་འགོག་ཟོན་དང་བཅོས་སྐྱོང་བྱེད་དགོས། རིམ་ཁག་མི་དམངས་སྲིད་གཞུང་གིས་ངེས་པར་དུ་བདག་མེད་སྲོག་ཆགས་ལ་སྲུང་སྐྱོབ་དང་རིམས་ནད་འབྱུང་ཁུངས་དང་རིམས་ནད་ལ་ལྟ་ཞིབ་ཚད་ལེན་དང་སྔོན་འགོག་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ཁྲིམས་འགལ་གྱིས་བདག་མེད་སྲོག་ཆགས་ཉོ་འཚོང་བྱེད་རིགས་དང་བདག་མེད་སྲོག་ཆགས་གང་བྱུང་དུ་ཟ་རིགས་ཕྱོགས་ཡོངས་ནས་བཀག་འགོག་གིས་བདག་མེད་སྲོག་ཆགས་ཀྱི་གནོད་གུན་གསབ་ལམ་འཐུས་སྒོ་ཚང་དུ་གཏོང་དགོས།

དོན་ཚན་ཉེར་གཉིས་པ། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་ངེས་པར་དུ་སྐྱེ་ཁམས་ཤེས་དཔལ་གྱི་གཞི་གྲངས་ཆེ་མོའི་ལས་སྟེགས་བསྐྲུན་རྒྱུར་སྐུལ་སྤེལ་བཏང་ཐོག སྐྱེ་ཁམས་ཤེས་དཔལ་གྱི་རྨང་གཞིའི་གཞི་གྲངས་ཐོ་མཛོད་བཙུགས་ནས་གཞི་གྲངས་ཆེ་མོ་སྤྱད་དེ་དབྱེ་ཞིབ་དང་། དོ་དམ། ལྟ་སྐུལ་བཅས་བྱེད་པ་དང་། སྐྱེ་ཁམས་བདེ་འཇགས་ཀྱི་ལྟ་ཞིབ་ཚད་ལེན་དང་ལྟ་འདོམས་མ་ལག་འཛུགས་པ་དང་ཚགས་ཚུད་དུ་གཏོང་བ། ཆ་འཕྲིན་སྤྱི་བསྒྲགས་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་ནས་སྐྱེ་ཁམས་ཁོར་ཡུག་ལ་གཅིག་གྱུར་གྱིས་ལྟ་སྡོམ་བྱེད་དགོས།

ལེའུ་བཞི་པ། སྐྱེ་ཁམས་དཔལ་འབྱོར།

དོན་ཚན་ཉེར་གསུམ་པ། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་སྐྲུན་པར་ངེས་པར་དུ་གོང་འཕེལ་གྱི་བསམ་གཞི་གསར་པ་མཐའ་འཁྱོངས་བྱེད་པ་དང་། སྐྱེ་ཁམས་སྔོན་འཇོག་གི་འབྱུང་འཕྲོད་གོང་འཕེལ་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ་ཐོན་ལས་སྐྱེ་ཁམས་ཅན་དང་སྐྱེ་ཁམས་ཐོན་ལས་ཅན་དུ་འགྱུར་རྒྱུ་གཙོ་རྐང་དུ་བྱེད་པའི་སྐྱེ་ཁམས་དཔལ་འབྱོར་གྱི་མ་ལག་འཛུགས་པ་དང་ཚགས་ཚུད་དུ་བཏང་ཐོག ས་གོ་ལའི་གླིང་སྣེ་གསུམ་པའི་ཁུལ་ཁོངས་ཀྱི་སྤྱི་པའི་གྲགས་རྟགས་འཛུགས་སྐྱོང་བྱས་ཁར། འབྱུང་འཕྲོད་དང་། ཐཱན་ཉུང་། སྤུས་ཚད་མཐོ་བ་བཅས་ཀྱི་ཐོག་ནས་གོང་འཕེལ་ཡོང་བ་བྱས་ནས། འབྱུང་འཕྲོད་གོང་འཕེལ་གྱི་ཚོད་ལྟའི་ཁུལ་ཞིག་སྐྲུན་དགོས།

དོན་ཚན་ཉེར་བཞི་པ། རིམ་ཁག་མི་དམངས་སྲིད་གཞུང་གིས་ངེས་པར་དུ་སྐྱེ་ཁམས་ལ་བརྟེན་ནས་ཞིང་འབྲོག་ལས་གོང་འཕེལ་གཏོང་རྒྱུ་དང་ཁྱད་ལྡན་ཐོན་ལས་སྐྱོང་སྤེལ་དང་གོང་འཕེལ་གཏོང་རྒྱུར་སྐུལ་འདེད་གཏོང་བ་དང་། སྤྱི་གནོད་མེད་ཅིང་འབྱུང་འཕྲོད་ལྡན་པའི་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཁས་ལེན་དཔང་འདོན་བྱེད་རྒྱུར་སྐུལ་འདེད་བཏང་ནས་སྐྱེ་ཁམས་རྒྱུན་འཁོར་འདེབས་གསོ་བྱེད་སྟངས་ཁྱབ་སྤེལ་གཏོང་དགོས།

དོན་ཚན་ཉེར་ལྔ་པ། རིམ་ཁག་མི་དམངས་སྲིད་གཞུང་གིས་ངེས་པར་དུ་རིགས་ཁག་གི་ཁྲོམ་རའི་བྱེད་པོས་ཆུ་ནུས་དང་། རླུང་ནུས། ཉི་ནུས། ས་འོག་ཚ་ནུས་སོགས་བསྐྱར་སྐྱེད་ནུས་རྒྱུ་གཙང་མ་གསར་སྤེལ་དང་བེད་སྤྱོད་བྱས་ནས་ནུས་རྒྱུའི་ཐོན་ལས་རྒྱུན་མཐུད་དང་སྤུས་ཚད་མཐོ་བའི་ངང་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་བཏང་སྟེ། རྒྱལ་ཁབ་ཀྱི་ནུས་རྒྱུ་གཙང་མའི་རྒྱུན་མཐུད་རྟེན་གཞི་དང་བསྐྱར་སྐྱེད་ནུས་རྒྱུ་གཙང་མ་བེད་སྤྱོད་བྱེད་པའི་དཔེ་སྟོན་ཁུལ་སྐྲུན་དགོས།

དོན་ཚན་ཉེར་དྲུག་པ། རིམ་ཁག་མི་དམངས་སྲིད་གཞུང་གིས་ངེས་པར་དུ་རྒྱུན་འཁོར་དཔལ་འབྱོར་དང་གཙང་ལྡན་ཐོན་སྐྱེད་ལ་སྐུལ་སྤེལ་བཏང་ནས་ཐོན་ཁུངས་ཟད་གྲོན་ཆེ་བ་དང་། ནུས་རྒྱུ་འཛད་སྤྱོད་ཆེ་བ། བཙོག་སྐྱོན་གཏོང་འབུད་ཆེ་བ་བཅས་ཀྱི་ཐོན་ལས་རྣམ་གྲངས་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་བླང་བྱ་དང་མི་འཚམ་པའི་ལག་རྩལ་དང་། སྒྲིག་ཆས། བཟོ་རྩལ་བཅས་ནང་འདྲེན་བྱེད་རྒྱུར་བཀག་འགོག་བྱས་ནས་ཁོར་ཡུག་སྲུང་སྐྱོབ་ཀྱི་ཨར་སྐྲུན་རྒྱུ་ཆ་གསར་པ་དང་། སྒྲིག་བཀོད་རྣམ་པའི་ཨར་སྐྲུན་སོགས་ཀྱི་ཐོན་ལས་གོང་འཕེལ་གཏོང་རྒྱུར་རྒྱབ་སྐྱོར་བྱས་ཐོག རང་བྱུང་འཐུང་ཆུ་སོགས་སྐྱེ་ཁམས་ཐོན་ཁུངས་གསར་སྤེལ་བྱེད་རྒྱུར་སྐུལ་མ་གཏོང་དགོས། གྲངས་འཛིན་དཔལ་འབྱོར་དང་སྐྱེ་ཁམས་དཔལ་འབྱོར་མཉམ་འདྲེས་ཟབ་མོ་ཡོང་རྒྱུར་སྐུལ་འདེད་བཏང་སྟེ་ཐོན་ཁུངས་ཀྱི་ནུས་རྒྱུའི་ཟད་གྲོན་ཆུང་དུ་བཏང་ནས་འབྱུང་འཕྲོད་དཔལ་འབྱོར་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་དགོས།

དོན་ཚན་ཉེར་བདུན་པ། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་དང་དེའི་རང་བྱུང་ཐོན་ཁུངས་དང་སྐྱེ་ཁམས་ཁོར་ཡུག་སོགས་འབྲེལ་ཡོད་སྡེ་ཚན་གྱིས་ངེས་པར་དུ་གཏེར་ཁའི་ཐོན་ཁུངས་རྩད་ཞིབ་དང་ས་གཤིས་བརྟག་དཔྱད་བྱས་ཏེ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ནན་པོ་བྱས་པའི་སྔོན་འགྲོའི་འོག་འཐབ་ཇུས་རང་བཞིན་གྱི་གཏེར་ཁའི་ཐོན་ཁུངས་གསར་སྤེལ་བྱེད་དགོས། རང་བྱུང་སྲུང་སྐྱོབ་ཁུལ་གྱི་གཏེར་ལས་དབང་ཆ་ཕྱིར་འཐེན་བྱེད་ལམ་འཛུགས་པ་དང་། གཏེར་རི་རྩད་ཞིབ་དང་གསར་སྤེལ་བྱེད་པའི་ཞིབ་མཆན་འགོད་ལམ་ནན་པོ་བཟོས་ནས་གཏེར་ཁའི་ཐོན་ཁུངས་གསར་སྤེལ་བེད་སྤྱོད་དང་སྲུང་སྐྱོབ་བྱེད་པའི་ཆུ་ཚད་མཐོ་རུ་གཏོང་དགོས། རིམ་ཁག་མི་དམངས་སྲིད་གཞུང་གིས་ངེས་པར་དུ་འབྱུང་འཕྲོད་ལྡན་པའི་གཏེར་རི་གཏོད་རྒྱུར་སྐུལ་སྤེལ་བཏང་སྟེ། གཏེར་རིའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་གཏེར་རིའི་བེད་མེད་དུ་བཞག་པའི་ས་ཆའི་སྐྱེ་ཁམས་ཉམས་གསོ་བྱེད་རྒྱུར་ཤུཌ་སྣོན་རྒྱག་དགོས།

དོན་ཚན་ཉེར་བརྒྱད་པ། རིམ་ཁག་མི་དམངས་སྲིད་གཞུང་དང་དེའི་ཡུལ་སྐོར་སོགས་འབྲེལ་ཡོད་སྡེ་ཚན་གྱིས་ངེས་པར་དུ་ས་མཐོའི་སྐྱེ་ཁམས་ཡུལ་སྐོར་གོང་འཕེལ་གཏོང་རྒྱུར་རྒྱབ་སྐྱོར་བྱས་ཏེ། སྐྱེ་ཁམས་ཤེས་དཔལ་གྱི་བླང་བྱ་དང་འཚམ་པའི་ཡུལ་སྐོར་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་པ་དང་ཐཱན་ཉུང་གི་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་ཡུལ་སྐོར་དར་སྤེལ་བཏང་སྟེ་ཡུལ་སྐོར་ལས་རིགས་སྐྱེ་ཁམས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་དགོས།

དོན་ཚན་ཉེར་དགུ་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་དང་དེའི་འཕེལ་བསྒྱུར་དང་རིག་གནས་སོགས་འབྲེལ་ཡོད་སྡེ་ཚན་གྱིས་ངེས་པར་དུ་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་སྐྱེ་ཁམས་རིག་གནས་ཐོན་ལས་གོང་འཕེལ་བཏང་སྟེ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་བླང་བྱ་དང་འཚམ་པའི་མི་རིགས་ཀྱི་སྲོལ་རྒྱུན་ཐོན་ལས་ལ་རོགས་སྐྱོར་བྱེད་དགོས།

དོན་ཚན་སུམ་ཅུ་པ། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་ངེས་པར་དུ་ཐཱན་འབུད་གཏོང་དབང་ཉོ་ཚོང་བྱེད་པའི་ལམ་ལུགས་འཛུགས་རྒྱུ་འཚོལ་ཞིབ་བྱེད་པ་དང་། རྒྱལ་ཁབ་ཀྱི་ཐཱན་འབུད་གཏོང་གི་བླང་བྱ་དོན་འཁྱོལ་ཧུར་ཐག་བྱས་ནས་རྒྱལ་ཁབ་ཀྱི་ཐཱན་འབུད་ཚད་བཀག་མཐོ་ཤོས་དང་ཐཱན་ཚད་སྙོམས་སྦྱོར་གྱི་དམིགས་ཚད་མངོན་གྱུར་ཡོང་བར་སྐུལ་འདེད་གཏོང་དགོས།

དོན་ཚན་སོ་གཅིག་པ། རིམ་ཁག་མི་དམངས་སྲིད་གཞུང་གིས་ངེས་པར་དུ“བླ་ན་མེད་པའི་རྒྱལ་ཁོངས་སྲུང་མཁན་ཞིག་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན་ཞིག”བྱེད་རྒྱུ་གཙོ་དོན་དུ་བཟུང་བའི་གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་གང་མགྱོགས་ལག་བསྟར་བྱས་ཏེ། གྲོང་གསེབ་ཀྱི་མིའི་འཚོ་སྡོད་ཀྱི་ཁོར་ཡུག་ལེགས་སུ་གཏོང་བ་དང་། གྲོང་གསེབ་ཀྱི་འབྱུང་འཕྲོད་འཚོ་བ་སྐྱེལ་སྟངས་དར་སྤེལ་གཏོང་བ། གྲོང་གསེབ་ཀྱི་སྐྱེ་ཁམས་དཔལ་འབྱོར་གོང་འཕེལ་གཏོང་བ་བཅས་བྱས་ནས་ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་དུ་འགྱུར་རྒྱུར་སྐུལ་སྤེལ་ཇེ་མགྱོགས་སུ་གཏོང་དགོས།

ལེའུ་ལྔ་པ། སྐྱེ་ཁམས་རིག་གནས། 

དོན་ཚན་སོ་གཉིས་པ། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་སྐྲུན་པར་ངེས་པར་དུ་སྐྱེ་ཁམས་ཀྱི་རིན་ཐང་ལྟ་བ་དེ་ཚད་གཞིར་འཛིན་པའི་སྐྱེ་ཁམས་རིག་གནས་ཀྱི་མ་ལག་འཛུགས་པ་དང་ཚགས་ཚུད་དུ་བཏང་སྟེ། སྐྱེ་ཁམས་རིག་གནས་སྐྱོང་སྤེལ་བྱེད་པ་དང་། སྐྱེ་ཁམས་ཤེས་དཔལ་གྱི་འདུ་ཤེས་ཁྱབ་སྤེལ་གཏོང་བ། དམངས་ཡོངས་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་བྱང་ཚད་མཐོ་རུ་གཏོང་བ་བཅས་བྱས་ནས་སྐྱེ་ཁམས་ཤེས་དཔལ་གྱི་སྤྱི་ཚོགས་ཀྱི་དར་སྲོལ་ཞིག་ཆགས་པར་བྱས་ཏེ་མི་དང་རང་བྱུང་ཞི་མཐུན་མཉམ་གནས་ཡོང་བའི་དཔེ་སྟོན་ཁུལ་སྐྲུན་དགོས།

དོན་ཚན་སོ་གསུམ་པ། སྐྱེ་ཁམས་རིག་གནས་སྐྱོང་སྤེལ་བྱེད་པར་ངེས་པར་དུ་གཤམ་གསལ་གྱི་ནང་དོན་སློབ་སྦྱོང་དང་དྲིལ་བསྒྲགས་བྱེད་པ་དང་། སློབ་གསོ་གཏོང་རྒྱུར་ཤུགས་སྣོན་རྒྱག་དགོས་པ་སྟེ།

(གཅིག) ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་། ལྷག་པར་དུ་སྐྱེ་ཁམས་ཤེས་དཔལ་སྐོར་གྱི་ཞི་ཅིན་ཕིང་གི་དགོངས་པ་དང་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གལ་ཆེའི་རྒྱས་བཤད་དང་།

(གཉིས) དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་དང་། ལྷག་པར་དུ“སྐྱེ་ཁམས་སྲུང་སྐྱོབ་ཨང་དང་པོར་འཇོག་རྒྱུ་ངེས་པར་དུ་མཐའ་འཁྱོངས་ཀྱིས་མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོབ་ཡག་པོ་བྱེད་རྒྱུ་དེ་ནི་ཀྲུང་ཧྭ་མི་རིགས་འཚོ་གནས་དང་གོང་འཕེལ་ཡོང་བར་ཕུལ་བའི་ལེགས་སྐྱེས་ཆེ་ཤོས་ཡིན་པ”

(གསུམ) སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས། དེ་བཞིན་མཚོ་བོད་ས་མཐོའི་མི་རིགས་ཁག་ཐུན་མོང་གི་སྐྱེ་ཁམས་ཀྱི་རིན་ཐང་ལྟ་བ།

(བཞི) ཐོན་ཁུངས་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་གཞི་རྩའི་རྒྱལ་ཇུས་དང་། སྐྱེ་ཁམས་ཤེས་དཔལ་དར་སྤེལ་གཏོང་རྒྱུའི་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ།

(ལྔ) སྐྱེ་ཁམས་མ་ལག་དང་། ཁོར་ཡུག་སྲུང་སྐྱོབ། བཙོག་སྐྱོན་འགོག་བཅོས། སྤྱི་པའི་འཕྲོད་བསྟེན་བདེ་འཇགས། བདག་མེད་སྲོག་ཆགས་དང་རྩི་ཤིང་སྲུང་སྐྱོབ། གད་སྙིགས་རིགས་དབྱེ། གནོད་འཚེ་སྔོན་འགོག་དང་བཅོས་སྐྱོང་སོགས་ཀྱི་ཚན་རིག་རིག་གནས་ཤེས་བྱ།

(དྲུག) སྐྱེ་ཁམས་ཤེས་དཔལ་དར་སྤེལ་གཏོང་རྒྱུའི་ཐད་ཀྱི་འབྲེལ་ཡོད་ནང་དོན་གཞན་དག་བཅས་སོ།

དོན་ཚན་སོ་བཞི་པ། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་སློབ་གསོའི་གཙོ་འགན་སྡེ་ཚན་གྱིས་ངེས་པར་དུ་སྐྱེ་ཁམས་ཤེས་དཔལ་གྱི་ནང་དོན་དེ་རྒྱལ་དམངས་སློབ་གསོའི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་བྱས་ཏེ་ས་གནས་ཀྱི་ཁྱད་ཆོས་ལྡན་པའི་སྐྱེ་ཁམས་ཤེས་དཔལ་དར་སྤེལ་གཏོང་བའི་ལྟ་དེབ་བཟོ་བ་དང་སྣ་མང་སྨྱན་སྦྱོར་གྱི་བརྙན་འཕྲིན་དཔྱད་ཡིག་གསར་སྤེལ་བཟོ་སྒྲིག་བྱེད་དགོས། གཞུང་ལས་པའི་སློབ་གསོ་སྦྱོང་བརྡར་སྤྲོས་མཁན་གཙོ་འགན་སྡེ་ཚན་དང་། རིམ་ཁག་ཏང་སློབ(སྲིད་འཛིན་སློབ་གླིང)རིགས་ཁག་གི་སྤྱི་ཚོགས་སྦྱོང་བརྡར་སྤྲོས་མཁན་ལས་ཁུངས་བཅས་ཀྱིས་ངེས་པར་དུ་སྐྱེ་ཁམས་ཤེས་དཔལ་དེ་ཉིད་སློབ་གསོ་སྦྱོང་བརྡར་སྤྲོས་པའི་ནང་དོན་གལ་ཆེན་ཞིག་ཏུ་བརྩི་དགོས།

དོན་ཚན་སོ་ལྔ་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གིས་ངེས་པར་དུ་སྐྱེ་ཁམས་རིག་གནས་ཀྱི་སྤྱི་པའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ་དཔེ་མཛོད་ཁང་དང་། རྟེན་རྫས་བཤམས་མཛོད་ཁང་། མང་ཚོགས་སྒྱུ་རྩལ་ཁང་། ཚན་རྩལ་ཁང་། རང་བྱུང་སྲུང་སྐྱོབ་ཁུལ། ཡུལ་སྐོར་གནས་ལྗོངས་ཁུལ་སོགས་ཀྱིས་གཞི་རྟེན་བྱེད་པའི་ནུས་པ་འདོན་སྤེལ་བྱེད་པར་སྐུལ་མ་གཏོང་བ་དང་རྒྱབ་སྐྱོར་བྱས་ཏེ། སྐྱེ་ཁམས་ཤེས་དཔལ་གྱི་འདུ་ཤེས་དང་མཚོ་བོད་ས་མཐོའི་སྐྱེ་ཁམས་རིག་གནས་ཀྱི་ཤེས་བྱ་དྲིལ་བསྒྲགས་བྱེད་དགོས།

དོན་ཚན་སོ་དྲུག་པ། རིམ་ཁག་མི་དམངས་སྲིད་གཞུང་གིས་ངེས་པར་དུ་ས་མཐོའི་སྐྱེ་ཁམས་གྲོང་ཁྱེར་བསྐྲུན་རྒྱུར་སྐུལ་འདེད་གཏོང་དགོས་པ་དང་། གྲོང་ཁྱེར་གྱི་ཨར་སྐྲུན་ཧྲིལ་པོར་ཇུས་འགོད་བྱེད་རྒྱུ་དེ་ངེས་པར་དུ་ནུས་རྒྱུ་བསྲི་ཚགས་དང་ཁོར་ཡུག་སྲུང་སྐྱོབ་བྱེད་དགོས་པའི་བླང་བྱ་དང་སྐྱེ་ཁམས་ཀྱི་མཛེས་དཔྱད་ལྟ་བ་དང་འཚམ་པ་བྱེད་དགོས།

རིམ་ཁག་མི་དམངས་སྲིད་གཞུང་གིས་ངེས་པར་དུ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་མིའི་འཚོ་སྡོད་ཁོར་ཡུག་ལ་ཕྱོགས་བསྡུས་བཅོས་སྐྱོང་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་བཙོག་ཆུ་དང་གད་སྙིགས་གཙང་སེལ་བཟོ་རྒྱུ་དང་། གསང་སྤྱོད་གསར་བརྗེ་བྱེད་རྒྱུར་སྐུལ་འདེད་བཏང་ཐོག མི་རིགས་ཀྱི་སྲོལ་རྒྱུན་ཁྱད་ཆོས་ལྡན་པའི་སྐྱེ་ཁམས་གྲོང་ཚོ་གྲོང་རྡལ་ལ་སྲུང་སྐྱོབ་བྱས་ཏེ་འབྱུང་འཕྲོད་གྲོང་རྡལ་དང་། འབྱུང་འཕྲོད་གྲོང་སྡེ། འབྱུང་འཕྲོད་མཐའ་མཚམས་བཅས་སྐྲུན་དགོས།

དོན་ཚན་སོ་བདུན་པ། ས་མཐོའི་སྐྱེ་ཁམས་རིག་གནས་སྐྱོང་སྤེལ་བྱེད་པར་ངེས་པར་དུ་ཀྲུང་ཧྭ་མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་གྱི་སྐྱེ་ཁམས་བློ་རིག་དར་སྤེལ་གཏོང་བ་དང་། རང་བྱུང་ལ་གུས་ཞུམ་དང་། ཚེ་སྲོག་ལ་བརྩི་འཇོག ཞི་མཐུན་མཉམ་གནས་བཅས་ཀྱི་སྐྱེ་ཁམས་ཀྱི་འདུ་ཤེས་རྒྱུན་འཛིན་བྱེད་དགོས།

རིག་གནས་སྡེ་ཚན་དང་རིག་རྩལ་ལས་དོན་པས་ཕུལ་བྱུང་གི་སྐྱེ་ཁམས་རིག་གནས་བརྩམ་བྱ་གསར་རྩོམ་དང་སྐྱེ་ཁམས་རིག་གནས་བརྒྱུད་སྤེལ་བྱེད་རྒྱུར་སྐུལ་མ་གཏོང་དགོས།

དོན་ཚན་སོ་བརྒྱད་པ། སྤྱི་ཚོགས་ཡོངས་ཀྱིས་ངེས་པར་དུ་འབྱུང་འཕྲོད་ཀྱི་འཚོ་བ་སྐྱེལ་སྟངས་ལག་ལེན་བྱེད་པ་དང་། བཟའ་བཏུང་འཕྲོ་བརླག་གཏོང་བའི་བྱེད་སྤྱོད་བཀག་འགོག་བྱེད་པ། སྤྱི་དམངས་ཀྱིས་འབྱུང་འཕྲོད་ཐཱན་ཉུང་གི་ཕྱིར་སྐྱོད་བྱེད་རྒྱུ་དར་སྤེལ་གཏོང་བ། རང་རྟོགས་ངང་འབྱུང་འཕྲོད་ཐཱན་ཉུང་གི་ཐོན་རྫས་བེད་སྤྱོད་བྱེད་པ། ཐོན་ཁུངས་ཚུར་བསྡུའི་འདུ་ཤེས་ཟབ་ཏུ་གཏོང་བ། འཚོ་བའི་གད་སྙིགས་རིགས་དབྱེའི་འོས་འགན་སྒྲུབ་པ་བཅས་བྱེད་དགོས། ཆོས་ལུགས་དང་དམངས་སྲོལ་བྱེད་སྒོ་དེ་ངེས་པར་དུ་འབྱུང་འཕྲོད་སྐྱེ་ཁམས་ཀྱི་འདུ་ཤེས་དང་འཚམ་མཐུན་ཡོང་རྒྱུར་ཁྲིད་སྟོན་བྱེད་དགོས། ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་སྟངས་དང་འཛད་སྤྱོད་བྱེད་སྟངས་འབྱུང་འཕྲོད་ཅན་དུ་འགྱུར་རྒྱུར་ཁྲིད་སྟོན་བྱེད་དགོས།

དོན་ཚན་སོ་དགུ་པ། ལོ་རེའི་ཟླ་བ་8པ་ནི་རང་སྐྱོང་ལྗོངས་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་དྲིལ་བསྒྲགས་ཟླ་བ་ཡིན།

རིམ་ཁག་མི་དམངས་སྲིད་གཞུང་དང་དེའི་འབྲེལ་ཡོད་སྡེ་ཚན་གྱིས་ངེས་པར་དུ་སྐྱེ་ཁམས་ཤེས་དཔལ་གྱི་བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་རྒྱུ་སྒྲིག་འཛུགས་ཀྱིས་དམངས་ཡོངས་སྐུལ་སློང་བྱས་ཏེ་སྐྱེ་ཁམས་ཤེས་དཔལ་དར་སྤེལ་གཏོང་བའི་ནང་ཞུགས་དགོས།

ལེའུ་དྲུག་པ། དཔེ་སྟོན་འཛུགས་གཏོད།

དོན་ཚན་བཞི་བཅུ་པ། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་སྐྲུན་པར་ངེས་པར་དུ་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་དར་སྤེལ་གཏོང་བའི་དཔེ་སྟོན་ཁུལ་འཛུགས་གཏོད་བྱེད་པའི་ལས་དོན་ལ་སྐུལ་འདེད་ཇེ་མགྱོགས་སུ་བཏང་སྟེ་སྤྱི་ཡོངས་འཆར་འགོད་དང་། དཔེ་སྟོན་སྣེ་ཁྲིད། རིམ་ལྡན་སྐུལ་སྤེལ། གནད་འཕིགས་དོན་འཁྱོལ་བཅས་བྱེད་རྒྱུ་མཐའ་འཁྱོངས་བྱེད་དགོས།

དོན་ཚན་ཞེ་གཅིག་པ། རིམ་ཁག་མི་དམངས་སྲིད་གཞུང་གིས་ངེས་པར་དུ་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་དར་སྤེལ་གཏོང་བའི་དཔེ་སྟོན་འཛུགས་གཏོད་ཀྱི་ཚད་གཞིར་གཞིགས་ནས་རང་སྐྱོང་ལྗོངས་དང་། ས་གནས(གྲོང་ཁྱེར) རྫོང(ཆུད) ཤང(གྲོང་རྡལ) གྲོང་ཚོ(གྲོང་ལྷན)བཅས་རིམ་པ་ལྔས་མཉམ་སྐྲུན་མཉམ་གཏོད་བྱེད་རྒྱུ་སྒྲིག་འཛུགས་ཀྱིས་ཚད་གཞི་མཐོ་པོས་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་དར་སྤེལ་གཏོང་བའི་དཔེ་སྟོན་ཁུལ་འཛུགས་གཏོད་བྱེད་དགོས།

དོན་ཚན་ཞེ་གཉིས་པ། རིམ་ཁག་མི་དམངས་སྲིད་གཞུང་གིས་སྲིད་འཛིན་ས་ཁོངས་དེ་གའི་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་དར་སྤེལ་གཏོང་བའི་དཔེ་སྟོན་ཁུལ་འཛུགས་གཏོད་བྱེད་པའི་ལས་ཀའི་འགན་འཁུར་ནས་དོ་དམ་དང་། ལྟ་སྐུལ། དཔྱད་གདེང་བཅས་བྱེད་པའི་ལམ་སྲོལ་འཛུགས་དགོས། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་དར་སྤེལ་གཏོང་བའི་དཔེ་སྟོན་ཁུལ་འཛུགས་གཏོད་བྱེད་རྒྱུ་དེ་འགོ་ཁྲིད་ཚན་ཁག་དང་འགོ་ཁྲིད་ལས་བྱེད་པར་དཔྱད་གདེང་དང་ཞིབ་དཔྱད་བྱེད་པའི་ནང་དོན་ཁོངས་སུ་འཇུག་དགོས།

དོན་ཚན་ཞེ་གསུམ་པ། རིམ་ཁག་མི་དམངས་སྲིད་གཞུང་གིས་དཔེ་སྟོན་འཛུགས་གཏོད་ཀྱི་ལྟ་སྐུལ་པའི་ལམ་ལུགས་བཟོས་ཏེ་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་། སྲིད་གྲོས་ཀྱི་ཨུ་ཡོན། དེ་བཞིན་ཕྱོགས་གཞན་ཐད་ཀྱི་འཐུས་ཚབ་རང་བཞིན་གྱི་མི་སྣ་བཅས་གདན་ཞུས་བྱས་ཏེ་འཛུགས་གཏོད་ལས་དོན་ལ་ལྟ་སྐུལ་བྱེད་དགོས།

དོན་ཚན་ཞེ་བཞི་པ། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་ངེས་པར་དུ་རྒྱལ་ཁབ་རིམ་པ་དང་རང་སྐྱོང་ལྗོངས་རིམ་པའི་སྐྱེ་ཁམས་ཤེས་དཔལ་དར་སྤེལ་གཏོང་བའི་དཔེ་སྟོན་ཁུལ་གྱི་མཚན་སྙན་ཐོབ་མཁན་ལ་གཟེངས་བསྟོད་དང་བྱ་དགའ་སྤྲོད་དགོས་པ་མ་ཟད། སྲིད་ཇུས་དང་། རྣམ་གྲངས། མ་དངུལ་སོགས་ཀྱི་ཐད་ནས་རྒྱབ་སྐྱོར་བྱེད་དགོས། ལེགས་སྐྱེས་མངོན་གསལ་དོད་པོ་འབུལ་མཁན་ཚན་པ་དང་མི་སྒེར་ལ་གཟེངས་བསྟོད་དང་བྱ་དགའ་སྤྲོད་དགོས།

ལེའུ་བདུན་པ། སྤྱི་ཚོགས་ཀྱི་མཉམ་སྒྲུབ།

དོན་ཚན་ཞེ་ལྔ་པ། བཟོ་ཚོཌ་དང་། གུང་གཞོན་སྡེ་ཚོགས། བུད་མེད་མཉམ་འབྲེལ་ལྷན་ཚོགས། རིག་རྩལ་ལྷན་ཚོགས། བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། སྤྱི་ཚོགས་ཚན་རིག་མཉམ་འབྲེལ་ལྷན་ཚོགས། ཚན་རིག་མཐུན་ཚོགས། ནང་བསྟན་མཐུན་ཚོགས། དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས། རྒྱ་གྲམ་དམར་པོའི་ཚོགས་པ་སོགས་སྤྱི་ཚོགས་ཚོགས་པས་ངེས་པར་དུ་རང་སོ་སོའི་ཁྱད་ཆོས་དང་ལེགས་ཆར་ཟུང་འབྲེལ་བྱས་ཏེ། སྤྱི་ཚོགས་ཚོགས་པ་ཁག་སྒྲིག་འཛུགས་ཀྱིས་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་སྐྲུན་པའི་ནང་ཞུགས་རྒྱུ་སྐུལ་སློང་བྱེད་དགོས།

དོན་ཚན་ཞེ་དྲུག་པ། མཐོ་རིམ་སློབ་ཆེན་སློབ་གླིང་དང་། ཚན་ཞིབ་ཁང་། རིག་གཞུང་ཚོགས་པ་སོགས་སློབ་གསོའི་ཚན་ཞིབ་ལས་ཁུངས་ཀྱིས་ངེས་པར་དུ་མཚོ་བོད་ས་མཐོའི་སྐྱེ་ཁམས་ཤེས་དཔལ་དར་རྒྱས་གཏོང་རྒྱུ་དང་མཚོ་བོད་ས་མཐོའི་གནམ་གཤིས་འགྱུར་ལྡོག་གི་ཤུགས་རྐྱེན་དང་ཁོར་ཡུག་འགྱུར་ལྡོག་གི་རྐྱེན་རྩ་སོགས་ཐད་ཀྱི་རིག་ཚན་རིག་གཞུང་ཞིབ་འཇུག་བྱེད་རྒྱུར་ཤུཌ་སྣོན་བརྒྱབ་ནས་འབྲེལ་ཡོད་ཚན་ཞིབ་འབྲས་བུ་དངོས་སྒྱུར་ཉེར་སྤྱོད་བྱེད་རྒྱུར་སྐུལ་སྤེལ་གཏོང་དགོས།

དོན་ཚན་ཞེ་བདུན་པ། རླུང་འཕྲིན་དང་། བརྙན་འཕྲིན། ཚགས་པར་དུས་དེབ། དྲ་རྒྱ་སོགས་སྤྱི་པའི་སྨྱན་སྦྱོར་གྱིས་ངེས་པར་དུ་སྐྱེ་ཁམས་ཤེས་དཔལ་དར་སྤེལ་གཏོང་རྒྱུའི་ཐད་ཀྱི་དྲིལ་བསྒྲགས་དང་གླེང་ཕྱོགས་ཀྱི་ཁྲིད་སྟོན་བྱེད་རྒྱུར་ཤུགས་སྣོན་རྒྱག་པ་དང་། སྤྱི་ཕན་གྱི་དྲིལ་བསྒྲགས་བྱས་ཏེ། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་བསྐྲུན་རྒྱུར་གླེང་ཕྱོགས་ཀྱི་ཁོར་ཡུག་བཟང་པོ་ཞིག་གཏོད་དགོས།

རང་སྨྱན་སྦྱོར་གྱིས་སྐྱེ་ཁམས་རིག་གནས་དྲིལ་བསྒྲགས་བྱེད་རྒྱུ་དང་། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་སྐྲུན་པའི་ནང་ཞུགས་རྒྱུར་སྐུལ་ལྕག་དང་ཁྲིད་སྟོན་བྱེད་རྒྱུ།

དོན་ཚན་ཞེ་བརྒྱད་པ། རིམ་ཁག་རྒྱལ་ཁབ་ལས་ཁུངས་དང་། ཁེ་ལས་བྱ་གཞག་ཚན་པ། སྤྱི་ཚོགས་ཚོགས་པ་སོགས་ཀྱིས་ངེས་པར་དུ་འབྱུང་འཕྲོད་ལྡན་པའི་ཉོ་སྒྲུབ་བྱེད་པ་དང་། ནུས་རྒྱུ་བསྲི་ཚགས་དང་ཁོར་ཡུག་སྲུང་སྐྱོབ་ཀྱི་བསྡུ་རུང་བའི་འབྱུང་འཕྲོད་ཐོན་རྫས་དང་། སྒྲིག་བཀོད། སྒྲིག་ཆས་བཅས་སྔོན་དུ་ཉོ་སྒྲུབ་དང་བེད་སྤྱོད་བྱས་ཏེ་འབྱུང་འཕྲོད་བསྲི་ཚགས་ལྡན་པའི་གཞུང་ལས་བསྒྲུབ་རྒྱུར་སྐུལ་འདེད་གཏོང་དགོས།

དོན་ཚན་ཞེ་དགུ་པ། རིགས་ཁག་གི་ཁེ་ལས་དང་ཁེར་རྐྱང་བཟོ་ཚོང་ཐེམ་དུད་ཀྱིས་ངེས་པར་དུ་སྐྱེ་ཁམས་ཤེས་དཔལ་གྱི་ལྟ་བ་བཙུགས་ནས་ཁེ་ལས་ཀྱི་སྐྱེ་ཁམས་རིག་གནས་འཛུགས་སྐྱོང་བྱས་ཐོག སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་དང་ལེགས་བཅོས་བྱེད་པའི་སྤྱི་ཚོགས་ཀྱི་འགན་འཁྲི་རང་རྟོགས་ངང་འཁུར་ཏེ། ཐོན་ཁུངས་གྲོན་ཆུང་བྱེད་རྒྱུ་དང་། ཁོར་ཡུག་སྲུང་སྐྱོབ་བྱེད་རྒྱུ། སྐྱེ་ཁམས་ཤེས་དཔལ་དར་སྤེལ་གཏོང་རྒྱུ་བཅས་ཀྱི་བླང་བྱ་དེ་ཐོན་སྐྱེད་གཉེར་སྐྱོང་གི་ལྷུ་ཚིགས་ཁག་ནང་ཁྱབ་ཐུབ་པ་བྱེད་དགོས།

དོན་ཚན་ལྔ་བཅུ་པ། ཡུལ་སྐོར་ཞབས་ཞུའི་ལས་རིགས་དང་ཡུལ་སྐོར་བས་ངེས་པར་དུ་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་འོས་འགན་དང་སྐྱེ་ཁམས་ཤེས་དཔལ་གྱི་འགན་འཁྲི་སྒྲུབ་དགོས།

དོན་ཚན་ང་གཅིག་པ། ཡུལ་མི(གྲོང་མི)ཨུ་ཡོན་ལྷན་ཁང་དང་སྡེ་ཁུལ་གྱིས་ངེས་པར་དུ་སྐྱེ་ཁམས་ཤེས་དཔལ་དར་སྤེལ་གཏོང་རྒྱུའི་ནང་དོན་དེ་ཡུལ་སྲོལ་དམངས་ཆིངས་དང་ཡུལ་མིའི་སྤྱི་ཆིངས་ནང་བཅུག་ནས་ཐོན་ཁུངས་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་སྤྱི་ཚོགས་ཀྱི་དར་སྲོལ་དང་བྱ་སྤྱོད་ཚད་ལྡན་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་དགོས།

དོན་ཚན་ང་གཉིས་པ། ཆོས་ལུགས་ཚོཌ་པ་དང་། ཆོས་ལུགས་ཀྱི་སློབ་གླིང་། ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་གནས་བཅས་སུ་ངེས་པར་དུ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་འདུ་ཤེས་ལ་བརྩི་སྲུང་ཞུ་རྒྱུ་དང་སྐྱེ་ཁམས་ཤེས་དཔལ་དར་སྤེལ་གཏོང་རྒྱུའི་ནང་དོན་དེ་དོ་དམ་བྱེད་པའི་ལམ་ལུགས་ཁོངས་སུ་འཇུག་དགོས།

ལེའུ་བརྒྱད་པ། འགན་སྲུང་དང་ལྟ་སྐུལ།

དོན་ཚན་ང་གསུམ་པ། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་སྐྲུན་པར་ངེས་པར་དུ་ཁོར་ཡུག་གི་སྤུས་ཚད་ལ་སྲུང་སྐྱོབ་དང་ལེགས་བཅོས་བྱེད་རྒྱུ་ལྟེ་བར་འཛིན་པའི་དམིགས་ཚད་འགན་འཁྲིའི་མ་ལག་འཛུགས་པ་དང་ཚགས་ཚུད་དུ་གཏོང་བ་དང་། གློ་བུར་དུ་ཐོན་པའི་སྐྱེ་ཁམས་ཁོར་ཡུག་གི་དོན་རྐྱེན་ལ་འཕྲལ་བསྟུན་དོ་དམ་དང་ཐག་གཅོད་བྱེད་པའི་ལམ་སྲོལ་ཚགས་ཚུད་དུ་བཏང་ནས་སྐྱེ་ཁམས་ཤེས་དཔལ་གྱི་ལམ་ལུགས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་དགོས།

དོན་ཚན་ང་བཞི་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གིས་ངེས་པར་དུ་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་བསྐྲུན་པའི་གྲོན་དངུལ་གཏོང་སྒོའི་ལམ་སྲོལ་བཙུགས་ནས་སྐྱེ་ཁམས་ཤེས་དཔལ་དར་སྤེལ་གཏོང་བའི་གྲོན་དངུལ་དེ་རིམ་པ་འདི་གའི་ནོར་སྲིད་སྔོན་རྩིས་ནང་འཇུག་དགོས། སྲིད་གཞུང་གིས་ཁྲིད་སྟོན་བྱེད་པ་དང་། ཁྲོམ་རས་སྐུལ་འདེད་གཏོང་བ། སྤྱི་ཚོགས་ཀྱིས་ཐེ་ཞུགས་བྱེད་པ་བཅས་ཀྱི་སྣ་མང་གཏོང་སྒོ་གཏོང་བའི་ལམ་སྲོལ་འཛུགས་པ་དང་ཚགས་ཚུད་དུ་བཏང་སྟེ། སྲིད་གཞུང་དང་སྤྱི་ཚོགས་ཀྱིས་མ་རྩ་མཉམ་འཇོག་བྱེད་པ་དང་། ཐོན་ལས་ཀྱི་མ་འཇོག་ཐེབས་རྩ་འཛུགས་པ། ཁོར་ཡུག་བཙོག་སྐྱོན་ལ་ཕྱོགས་གསུམ་པས་བཅོས་སྐྱོང་བྱེད་པ་སོགས་ཀྱི་ཕྱོགས་བསྡུས་བེད་སྤྱོད་ཀྱི་བྱེད་ཐབས་སྤྱོད་རྒྱུར་སྐུལ་མ་བཏང་ནས་སྤྱི་ཚོགས་ཀྱི་མ་རྩ་སྐོང་འགུགས་ཀྱིས་ཐུན་མོང་ཐོག་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་སྐྲུན་པའི་ནང་གཏོང་དགོས།

དོན་ཚན་ང་ལྔ་པ། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་ངེས་པར་དུ་སྐྱེ་ཁམས་ཤེས་དཔལ་དར་སྤེལ་གཏོང་རྒྱུའི་མཉམ་ལས་ལམ་སྲོལ་བཟོས་ཏེ། ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་དང་ཁུལ་ཁོངས་བརྒལ་བའི་མཉམ་ལས་བྱེད་རྒྱུར་ཤུགས་སྣོན་རྒྱག་དགོས།

དོན་ཚན་ང་དྲུག་པ། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་ངེས་པར་དུ་བཀག་སྡོམ་བྱས་པའི་གསར་སྤེལ་ཁུལ་དང་། ཚད་བཀག་བཟོས་པའི་གསར་སྤེལ་ཁུལ་དང་གཙོ་གནད་སྐྱེ་ཁམས་ནུས་པ་ཐོན་ཁུལ་དུ་ནོར་སྲིད་ཀྱི་མ་དངུལ་སྒྱུར་སྤྲོད་བྱེད་པའི་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་སྟེ། སྐྱེ་ཁམས་ལས་གནས་ཀྱི་ཁ་གསབ་སྲིད་ཇུས་ཚགས་ཚུད་དུ་གཏོང་བ་དང་། སྐྱེ་ཁམས་ལ་བརྟེན་ནས་དམངས་ཕྱུག་སྔོན་སྤེལ་ཁུལ་སྐྲུན་དགོས། ནགས་ཚལ་དང་། རྩྭ་ཐང་། འདམ་ར་བཅས་ཀྱི་སྐྱེ་ཁམས་ཕན་འབྲས་སྐྱོང་གསབ་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། ཆུའི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་སྐྱོང་གསབ་ལམ་སྲོལ་བཟོ་རྒྱུ་འཚོལ་ཞིབ་བྱས་ནས་ཆུ་བོ་དང་གཙང་པོ་ཆེ་གྲས་སུ་ཁུལ་ཁོངས་བརྒལ་བའི་སྐྱེ་ཁམས་སྐྱོང་གསབ་བྱེད་རྒྱུ་ཁྱབ་སྤེལ་གཏོང་དགོས་པ་དང་། ཁྲོམ་ར་ཅན་དང་སྣ་མང་ཅན་གྱི་སྐྱེ་ཁམས་སྐྱོང་གསབ་ལམ་སྲོལ་འཚོལ་ཞིབ་བྱེད་དགོས།

དོན་ཚན་ང་བདུན་པ། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་ངེས་པར་དུ་ཁོར་ཡུག་གི་ཡིད་རྟོན་དོ་དམ་ལམ་ལུགས་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་དངུལ་རྩའི་ལས་ཁུངས་ཀྱིས་འབྱུང་འཕྲོད་ཡིད་རྟོན་དངུལ་བུན་དང་། འབྱུང་འཕྲོད་འགན་བཅོལ། འབྱུང་འཕྲོད་བུན་ལོར་སོགས་ཀྱི་དངུལ་རྩའི་ལས་སྒོ་འཕེལ་རྒྱས་གཏོང་རྒྱུར་སྐུལ་མ་བཏང་སྟེ་ཁོར་ཡུག་སྲུང་སྐྱོབ་ཁྱབ་ཁོངས་ཀྱི་ཡིད་རྟོན་ཤོར་བའི་བྱེད་སྤྱོད་ལ་མཉམ་འབྲེལ་ཐོག་བསླབ་སྡོམ་བྱེད་དགོས།

དོན་ཚན་ང་བརྒྱད་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་དང་དེའི་འབྲེལ་ཡོད་སྡེ་ཚན་གྱིས་གལ་ཆེའི་སྐྱེ་ཁམས་ལས་གཞིའི་འཛུགས་སྐྲུན་རིགས་ལ་ངེས་པར་དུ་སྲིད་ཇུས་དང་། སྤྱོད་ས། མ་དངུལ་སོགས་ཐད་ནས་རྒྱབ་སྐྱོར་བྱེད་དགོས།

དོན་ཚན་ང་དགུ་པ། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་དང་འབྲེལ་ཡོད་རྒྱལ་ཁབ་ལས་ཁུངས་ཀྱིས་ངེས་པར་དུ་སྐྱེ་ཁམས་ཁོར་ཡུག་ལ་གཏོར་སྐྱོན་བཏང་བར་གུན་གསབ་སྤྲོད་པའི་ལམ་ལུགས་དང་། འགན་འཁྲི་བདའ་འདེད་གཏོང་བའི་ལམ་ལུགས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ལྟ་ཞིབ་ལམ་ལུགས་བཅས་དོན་འཁྱོལ་བྱས་ཏེ་རང་བྱུང་ཐོན་ཁུངས་ཀྱི་རྒྱུ་ནོར་ལ་དོ་དམ་དང་ལས་གནས་ནས་བྲལ་སྐབས་རྩིས་བཤེར་བྱེད་དགོས།

དོན་ཚན་དྲུག་ཅུ་པ། རླུང་འཕྲིན་དང་། བརྙན་འཕྲིན། ཚགས་པར་དུས་དེབ། དྲ་རྒྱ་སོགས་སྤྱི་པའི་སྨྱན་སྦྱོར་གྱིས་རྒྱལ་ཁབ་ལས་ཁུངས་དང་། ཁེ་ལས་བྱ་གཞག་ཚན་པ། སྤྱི་ཚོགས་ཚོགས་པ་སོགས་ནས་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་སྐྲུན་པའི་བྱེད་སྒོ་སྤེལ་བར་གླེང་ཕྱོགས་ཀྱི་ལྟ་སྐུལ་བྱེད་དགོས།

རྒྱལ་ཁབ་ལས་ཁུངས་དང་། ཁེ་ལས་བྱ་གཞག་ཚན་པ། སྤྱི་ཚོགས་ཚོགས་པ་སོགས་ཀྱིས་ངེས་པར་དུ་རང་རྟོགས་ངང་གླེང་ཕྱོགས་ཀྱི་ལྟ་སྐུལ་དང་ལེན་ཞུ་དགོས་པ་དང་། སྨྱན་སྦྱོར་ཐོག་ནས་གསལ་ཞུ་བྱས་པའི་གནད་དོན་རིགས་དུས་ཐོག་ཏུ་བརྟག་དཔྱད་ཐག་གཅོད་ཐུབ་པ་དང་། ཚུར་ལན་སྤྲོད་ཐུབ་པ་བྱེད་དགོས།

དོན་ཚན་རེ་གཅིག་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གིས་ངེས་པར་དུ་ལོ་ལྟར་རིམ་པ་དེ་གའི་མི་དམངས་འཐུས་མི་ཚོགས་ཆེན་ནམ་ཡང་ན་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་བསྐྲུན་པའི་ལས་དོན་གྱི་གནས་ཚུལ་སྙན་སེང་ཞུ་དགོས་པ་དང་། ཁྲིམས་བཞིན་ལྟ་སྐུལ་དང་ལེན་ཞུ་དགོས།

རྫོང་རིམ་ཡན་གྱི་མི་དམངས་འཐུས་མི་ཚོགས་ཆེན་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ངེས་པར་དུ་སྐྱེ་ཁམས་ཁོར་ཡུག་ཐད་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་ལག་བསྟར་བྱས་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་བྱེད་རྒྱུར་ཤུགས་སྣོན་རྒྱག་པ་དང་། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་བསྐྲུན་རྒྱུའི་ལས་དོན་ལ་ལྟ་སྐུལ་བྱེད་པར་ཤུགས་སྣོན་བརྒྱབ་ནས་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་བསྐྲུན་རྒྱུའི་ལས་དོན་སྐུལ་སྤེལ་དང་དོན་འཁྱོལ་བྱས་ཚུལ་ལ་ཞིབ་བཤེར་སྐུལ་འདེད་གཏོང་དགོས།

དོན་ཚན་རེ་གཉིས་པ། མི་དམངས་ཁྲིམས་ཁང་གིས་ངེས་པར་དུ་སྐྱེ་ཁམས་ཁོར་ཡུག་གི་འདྲི་གཅོད་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་སྐྱེ་ཁམས་ཁོར་ཡུག་གི་ཁྱབ་ཁོངས་དང་འབྲེལ་བ་ཡོད་པའི་གྱོད་གཞིའི་རིགས་ལ་ཁྲིམས་བཞིན་འདྲི་གཅོད་དྲང་གཞག་བྱེད་དགོས། ཞིབ་དཔྱོད་ལས་ཁུངས་དང་ཁྲིམས་བཅད་ཀྱི་ཆ་རྐྱེན་འཛོམས་པའི་སྤྱི་ཚོགས་རྩ་འཛུགས་ཀྱིས་ངེས་པར་དུ་སྐྱེ་ཁམས་ཁོར་ཡུག་ལ་གཏོར་བཤིག་བཏང་བའི་གྱོད་གཞིར་སྤྱི་ཕན་གྱི་གཏུག་བཤེར་བྱེད་པ་དང་སྐྱེ་ཁམས་ཁོར་ཡུག་གི་སྤྱི་པའི་ཁེ་ཕན་སྲུང་སྐྱོང་བྱེད་དགོས།

དོན་ཚན་རེ་གསུམ་པ། སྤྱི་དམངས་དང་། ཁྲིམས་ཚན། དེ་བཞིན་སྤྱི་ཚོགས་རྩ་འཛུགས་གཞན་དག་བཅས་ལ་རྒྱལ་ཁབ་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་བསྐྲུན་རྒྱུའི་ལས་དོན་ལ་ཁྲིམས་བཞིན་གྲོས་འཆར་འདོན་པ་དང་སྐྱོན་བརྗོད་བྱེད་པའི་དབང་ཆ་ཡོད་པ་དང་། རྒྱལ་ཁབ་ལས་ཁུངས་དང་དེའི་ལས་བྱས་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་བསྐྲུན་རྒྱུའི་ལས་དོན་ཁྲོད་ཀྱི་ཁྲིམས་འགལ་དང་འགན་འཛོལ་ཤོར་བའི་བྱེད་སྤྱོད་ལ་ཞུ་འབུལ་དང་། ཐེར་འཛུགས། དེ་བཞིན་ཐེར་འདོན་བཅས་བྱེད་དགོས་པ་དང་། རྒྱལ་ཁབ་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་བསྐྲུན་རྒྱུར་འགོག་རྐྱེན་བཟོ་བའམ་ཡང་ན་གཏོར་བཤིག་གཏོང་བའི་བྱེད་སྤྱོད་རིགས་བཀག་འགོག་དང་ཐེར་འདོན་བྱེད་དགོས།

ལེའུ་དགུ་པ། བཅའ་ཁྲིམས་ཀྱི་འགན་འཁྲི།

དོན་ཚན་རེ་བཞི་པ། རྒྱལ་ཁབ་ལས་ཁུངས་དང་གཞུང་ལས་པར་གཤམ་གསལ་གྱི་བྱེད་སྤྱོད་གང་རུང་ཞིག་ཡོད་ཚེ། འབྲེལ་ཡོད་ལས་ཁུངས་ཀྱིས་ཡོ་བསྲང་བྱེད་དུ་འཇུག་རྒྱུ་དང་བརྡ་ཁྱབ་བཏང་ནས་སྐྱོན་བརྗོད་བྱེད་རྒྱུ། ཐད་ཀའི་གཙོ་འགན་འཁུར་མཁན་དང་ཐད་ཀའི་འགན་འཁྲི་ཡོད་མཁན་གཞན་དག་ལ་ཁྲིམས་བཞིན་ཆད་པ་གཅོད་རྒྱུ་དང་། ཉེས་གསོག་གི་ཚད་ལ་སླེབས་ཚེ་ཁྲིམས་བཞིན་ཉེས་དོན་གྱི་འགན་འཁྲི་བདའ་འདེད་གཏོང་རྒྱུ་སྟེ།

(གཅིག) རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་བསྐྲུན་རྒྱུའི་འཆར་འགོད་ལ་རང་དགར་འགྱུར་བ་བཏང་བའི་རིགས་དང་།

(གཉིས) རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་བསྐྲུན་རྒྱུའི་དམིགས་ཚད་འགན་འཁྲི་དོན་འཁྱོལ་མ་བྱས་པའི་རིགས།

(གསུམ) ཁྲིམས་བཞིན་སྐྱེ་ཁམས་ཤེས་དཔལ་བསྐྲུན་པའི་ཆ་འཕྲིན་ཡོངས་བསྒྲགས་བྱེད་དགོས་ཀྱང་དུས་ཐོག་ཏུ་ཡོངས་བསྒྲགས་མ་བྱས་པའམ་ཡང་ན་མི་བདེན་རྫུན་སྒྲིག་བྱས་པའི་རིགས།

(བཞི) ལུགས་མཐུན་གྱི་རྒྱུ་མཚན་མེད་པར་ལྟ་སྐུལ་དང་ལེན་མ་ཞུས་པའི་རིགས།

(ལྔ) རང་འགན་སྣང་མེད་དུ་འཇོག་པ་དང་། འགན་དབང་གང་བྱུང་དུ་སྤྱོད་པ། ཉེར་ཕྱོགས་གཡོ་ཟོལ་བྱེད་པ་བཅས་ཀྱི་བྱེད་སྤྱོད་ཡོད་པའི་རིགས། (དྲུག) སྲོལ་ཡིག་འདིའི་གཏན་འབེབས་ལས་འགལ་བའི་བྱེད་སྤྱོད་གཞན་དག་ཡོད་པའི་རིགས་བཅས་སོ།

དོན་ཚན་རེ་ལྔ་པ། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་བསྐྲུན་རྒྱུར་ཤུགས་རྐྱེན་བཟོས་པའམ་ཡང་ན་གནོད་འཚེ་བཏང་བའི་རྐྱེན་གྱིས་སྐྱེ་ཁམས་ཁོར་ཡུག་ལ་གཏོར་སྐྱོན་ཕོག་པའི་རིགས་ངེས་པར་དུ་ཁྲིམས་བཞིན་སྐྱེ་ཁམས་ཁོར་ཡུག་གཏོར་སྐྱོན་བཏང་བའི་གུན་གསབ་འཇལ་འགན་འཁུར་དགོས། བདེ་འཇགས་དོ་དམ་དང་འགལ་བའི་བྱེད་སྤྱོད་རིགས་ལ་ཁྲིམས་བཞིན་བདེ་འཇགས་དོ་དམ་གྱི་ཆད་པ་གཅོད་དགོས། ཉེས་གསོག་གི་ཚད་ལ་སླེབས་ཚེ་ཁྲིམས་བཞིན་ཉེས་དོན་གྱི་འགན་འཁྲི་བདའ་འདེད་གཏོང་དགོས།

དོན་ཚན་རེ་དྲུག་པ། སྲོལ་ཡིག་འདིའི་གཏན་འབེབས་ལས་འགལ་བའི་བྱེད་སྤྱོད་རིགས་ལ་བཅའ་ཁྲིམས་དང་ཁྲིམས་སྲོལ་ནང་ཆད་གཅོད་ཀྱི་གཏན་འབེབས་ཡོད་ཚེ་གཏན་འབེབས་དེ་བཞིན་ལག་བསྟར་བྱེད་དགོས།

ལེའུ་བཅུ་པ། ཞར་བྱུང་།

དོན་ཚན་རེ་བདུན་པ། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་ངེས་པར་དུ་སྲོལ་ཡིག་འདིར་གཞིགས་ཏེ་ལག་བསྟར་བྱ་ཐབས་བཟོ་དགོས།

དོན་ཚན་རེ་བརྒྱད་པ། སྲོལ་ཡིག་འདི2021ལོའི་ཟླ5བའི་ཚེས1ཉིན་ནས་བཟུང་ལག་བསྟར་བྱེད་རྒྱུ།

རྩོམ་སྒྲིག་པ། : ཀླུ་མོ་མཚོ།