ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་གྱི་མཐོ་སྒང་གི་མཛེས་པའི་མཁར་གྲོང་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བའི་སྲོལ་ཡིག

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2021-01-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

(2020ལོའི་ཟླ12པའི་ཚེས2ཉིན་མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་གཉིས་པའི་སྟེང་གྲོས་འཆམ་བྱུང་བ།)

དཀར་ཆག

ལེའུ་དང་པོ།སྤྱིའི་དོན་ཚན།

ལེའུ་གཉིས་པ།འཆར་འགོད་དང་འཛུགས་སྐྲུན།

ལེའུ་གསུམ་པ།སྲུང་སྐྱོབ་དང་འཕེལ་རྒྱས།

ལེའུ་བཞི་པ།བཅོས་སྐྱོང་དང་འགན་སྲུང་།

ལེའུ་ལྔ་པ།བཅའ་ཁྲིམས་ཀྱི་འགན་འཁྲི།

ལེའུ་དྲུག་པ།ཞར་བྱུང་།

ལེའུ་དང་པོ། སྤྱིའི་དོན་ཚན།

དོན་ཚན་དང་པོ། མཐོ་སྒང་གི་མཛེས་པའི་མཁར་གྲོང་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བ་དང་།མཁར་གྲོང་གི་ནུས་པའི་རྒྱུ་སྤུས་མཐོར་འདེགས་བཏང་ནས།ཐོན་སྐྱེད་དང་འཚོ་བའི་ཁོར་ཡུག་ལེགས་པོ་ཞིག་བསྐྲུན་ཆེད།འབྲེལ་ཡོད་བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་ལྟར་དང་།རང་ཞིང་གི་དོན་དངོས་དང་སྦྲེལ་ཏེ།སྲོལ་ཡིག་འདི་གཏན་འབེབས་བྱས་པ་ཡིན།

དོན་ཚན་གཉིས་པ། རང་ཞིང་གི་སྲིད་འཛིན་ཁྱབ་ཁོངས་ནང་གི་མཐོ་སྒང་གི་མཛེས་པའི་མཁར་གྲོང་འཆར་འགོད་འཛུགས་སྐྲུན་དང་།སྲུང་སྐྱོབ་འཕེལ་རྒྱས།བཅོས་སྐྱོང་འགན་སྲུང་བཅས་བྱེད་པའི་བྱ་འགུལ་ཁྲོད།སྲོལ་ཡིག་འདི་སྤྱོད་པར་འཚམ།

སྲོལ་ཡིག་འདིའི་ནང་དུ་བསྟན་པའི་མཐོ་སྒང་གི་མཛེས་པའི་མཁར་གྲོང་ཞེས་པ་ནི་སྤུས་ཚད་མཐོན་པོའི་སྒོ་ནས་འཆར་འགོད་དང་འཛུགས་སྐྲུན།དོ་དམ་བཅས་བྱས་ཏེ།མཁར་གྲོང་གཞིས་དམངས་ཀྱི་སྤུས་ཚད་མཐོ་བའི་འཚོ་བའི་དགོས་མཁོ་བསྐང་ཐུབ་པ་དང་།མཐོ་སྒང་གི་ཁྱད་ཆོས་མངོན་པར་གསལ་བ།མཛེས་ཤིང་འཚོ་སྡོད་ལ་འཚམ་པ་བཅས་ཀྱི་མཁར་གྲོང་ལ་གོ།

དོན་ཚན་གསུམ་པ། མཐོ་སྒང་གི་མཛེས་པའི་མཁར་གྲོང་འཛུགས་སྐྲུན་བྱེད་པར་སྐྱེ་ཁམས་སྲུང་སྐྱོབ་དམིགས་སུ་འཛིན་པ་དང་།ལེགས་བསྡུས་ཞིབ་གཉེར་དང་གྲོན་ཆུང་སྒོས་ས་ཆ་བེད་སྤྱོད་པའི་བྱེད་ཕྱོགས་རྒྱུན་འཁྱོངས་དང་།མི་ཉིད་ལྟེ་བར་འཛིན་པ་དང་ཚན་རིག་དང་མཐུན་པའི་སྒོ་ནས་འཆར་འགོད་བྱེད་པ།གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་གཏོང་བ།མཐུན་སྦྱོར་ངང་སྐུལ་འདེད་གཏོང་བ།ཁྱད་ཆོས་འབུར་དུ་བཏོད་པ།ས་བབ་དང་བསྟུན་པ་བཅས་ཀྱི་རྩ་དོན་བརྩི་སྲུང་བྱེད་དགོས།

དོན་ཚན་བཞི་པ། ཞིང་ཆེན་མི་དམངས་སྲིད་གཞུང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྡོད་ཁང་དང་མཁར་གྲོང་འཛུགས་སྐྲུན་དོ་དམ་སྡེ་ཁག་ལ་འབྲེལ་གཏུག་དང་མཉམ་ལས་བྱེད་ཚད་ཆེ་རུ་གཏོང་བ་དང་།པུའུ་དང་ཞིང་ཆེན་གྱི་མཐོ་སྒང་གི་མཛེས་པའི་མཁར་གྲོང་མཉམ་སྐྲུན་བྱེད་པའི་དཔེ་སྟོན་ཞིང་ཆེན་གྱི་མཉམ་ལས་སྒྲོམ་གཞིའི་གྲོས་མོལ་དངོས་འབེབས་བྱས་ཏེ།མཐོ་སྒང་གི་མཛེས་པའི་མཁར་གྲོང་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་དགོས།

དོན་ཚན་ལྔ་པ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་མཐོ་སྒང་གི་མཛེས་པའི་མཁར་གྲོང་འཛུགས་སྐྲུན་བྱེད་པའི་བྱ་བར་མགོ་ཁྲིད་བྱེད་པར་ཤུགས་བསྣན་ནས།མཐོ་སྒང་གི་མཛེས་པའི་མཁར་གྲོང་འཛུགས་སྐྲུན་བྱེད་པ་དེ་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་འགོད་ནང་འཇོག་རྒྱུ་དང་།མཐོ་སྒང་གི་མཛེས་པའི་མཁར་གྲོང་འཛུགས་སྐྲུན་བྱེད་པའི་བྱ་བའི་ཁྲོད་ཀྱི་གནད་དོན་ཆེན་པོ་གཅིག་གྱུར་མཐུན་སྦྱོར་སྒོས་ཐག་གཅོད་བྱེད་རྒྱུ་མ་ཟད།དེར་མཁོ་བའི་འགྲོ་གྲོན་ནི་རིམ་པ་དེའི་ནོར་སྲིད་སྔོན་རྩིས་ནང་འཇོག་དགོས།

ཞང(གྲོང་རྡལ)མི་དམངས་སྲིད་གཞུང་དང་སྲང་ལམ་དོན་གཅོད་ཁང་།དེ་མིན་ད་རུང་སྡེ(གཞིས)དམངས་ཨུ་ཡོན་ལྷན་ཁང་བཅས་ཀྱིས་མཐོ་སྒང་གི་མཛེས་པའི་མཁར་གྲོང་འཛུགས་སྐྲུན་དང་འབྲེལ་བའི་བྱ་བ་ལེགས་པོར་བསྒྲུབ་པར་རམ་འདེགས་བྱེད་དགོས།

དོན་ཚན་དྲུག་པ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་སྡོད་ཁང་དང་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་དོ་དམ་སྡེ་ཁག་གིས་རང་སྲིད་འཛིན་ཁྱབ་ཁོངས་ནང་གི་མཐོ་སྒང་གི་མཛེས་པའི་མཁར་གྲོང་འཛུགས་སྐྲུན་བྱེད་པའི་ཐད་ཀྱི་རྩ་འཛུགས་མཐུན་སྦྱོར་དང་གཅིག་གྱུར་སྐུལ་འདེད།ལྟ་སྐུལ་སློབ་སྟོན་དང་ཞིབ་བཤེར་སོགས་ཀྱི་དོ་དམ་བྱ་བར་འགན་འཁུར་དགོས།

རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་འཕེལ་རྒྱས་བཅོས་བསྒྱུར་དང་ནོར་སྲིད།རང་བྱུང་ཐོན་ཁུངས།སྐྱེ་ཁམས་ཁོར་ཡུག འགྲིམ་འགྲུལ་སྐྱེལ་འདྲེན།ཆུ་བེད།བཟོ་ལས་དང་ཆ་འཕྲིན་ཅན།དམངས་སྲིད།རིག་གནས་དང་ཡུལ་སྐོར།འཕྲོད་བསྟེན་བདེ་ཐང་།བྲེལ་བསྟུན་དོ་དམ།ནགས་ལས་རྩྭ་ཐང་སོགས་འབྲེལ་ཡོད་སྡེ་ཁག་གིས་རང་འགན་ཕྲག་ཏུ་བླངས་ནས།མཐོ་སྒང་གི་མཛེས་པའི་མཁར་གྲོང་འཛུགས་སྐྲུན་བྱེད་པའི་འབྲེལ་ཡོད་བྱ་བ་ལེགས་པོར་བསྒྲུབ་དགོས།

དོན་ཚན་བདུན་པ། རིམ་པ་སོ་སོའི་མི་དམངས་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཁག་གིས་རྒྱང་སྒྲོག་དང་བརྙན་འཕྲིན།ཚགས་པར་དང་དུས་དེབ།སྨྱན་སྦྱོར་གསར་པ་བཅས་ལ་བརྟེན་ནས་མཐོ་སྒང་གི་མཛེས་པའི་མཁར་གྲོང་འཛུགས་སྐྲུན་བྱེད་པའི་དྲིལ་སྒྲོག་སློབ་གསོ་སྤེལ་བ་དང་།སྤྱི་དམངས་རྣམས་མཐོ་སྒང་གི་མཛེས་པའི་མཁར་གྲོང་འཛུགས་སྐྲུན་བྱེད་པར་ཞུགས་པའི་འདུ་ཤེས་ཇེ་དྲག་ཏུ་བཏང་ནས།སྤྱི་ཚོགས་ཡོངས་མཉམ་དུ་མཐོ་སྒང་གི་མཛེས་པའི་མཁར་གྲོང་འཛུགས་སྐྲུན་བྱེད་པའི་ནང་ཞུགས་པའི་སྣང་ཚུལ་ལེགས་པོ་བསྐྲུན་དགོས།

ལོ་རེའི་ཟླ་བཅུ་པའི་གཟའ་འཁོར་བཞི་པ་ནི་མཐོ་སྒང་གི་མཛེས་པའི་མཁར་གྲོང་འཛུགས་སྐྲུན་བྱེད་པའི་གཟའ་འཁོར་ཡིན།

དོན་ཚན་བརྒྱད་པ། རིམ་པ་སོ་སོའི་མི་དམངས་སྲིད་གཞུང་གིས་མཐོ་སྒང་གི་མཛེས་པའི་མཁར་གྲོང་འཛུགས་སྐྲུན་བྱེད་པའི་བྱ་བའི་ཁྲོད་བྱས་རྗེས་འབུར་ཐོན་བཞག་པའི་སྡེ་ཚན་དང་མི་སྒེར་ལ།འབྲེལ་ཡོད་གཏན་འཁེལ་ལྟར་གཟེངས་བསྟོད་དང་བྱ་དགའ་སྟེར་དགོས།

ལེའུ་གཉིས་པ། འཆར་འགོད་དང་འཛུགས་སྐྲུན།

དོན་ཚན་དགུ་པ།མཐོ་སྒང་གི་མཛེས་པའི་མཁར་གྲོང་འཆར་འགོད་འཛུགས་སྐྲུན་བྱེད་པར་ཐོན་ཁུངས་ཁོར་ཡུག་གི་ཐེག་ནུས་དང་།རྒྱལ་ཁབ་མངའ་ཁོངས་བར་སྟོང་གསར་སྤེལ་ལ་འཚམ་པའི་རང་བཞིན་གདེང་འཇོག་བྱེད་པ་དེ་མཁར་གྲོང་གི་གནས་མཚམས་དང་གཞི་ཁྱོན་གཏན་ཁེལ་བྱས་པའི་རྩ་བའི་གཞི་འཛིན་ས་བྱེད་རྒྱུ།མཁར་གྲོང་གི་བྱེད་ནུས་དང་རིག་གནས་ཁྱད་ཆོས།ཐོན་ལས་འཕེལ་རྒྱས།མི་འབོར་གཞི་ཁྱོན།ཐོན་ཁུངས་རྒྱུ་ཆ་སོགས་ཀྱི་རྒྱུ་རྐྱེན་ཕྱོགས་བསྡུས་བྱེད་པ་དང་།རི་ཆུ་ནགས་ཞིང་མཚེའུ་རྩྭ་ཐང་བཅས་དང་།མཁར་གྲོང་བར་གྱི་བར་སྟོང་འབྲེལ་བ་གཅིག་གྱུར་མཐུན་སྦྱོར་བྱས་ཏེ།མཁར་གྲོང་གི་གཞི་ཁྱོན་དང་འཛུགས་སྐྲུན་སྟུག་ཚད་དང་།མཁར་གྲོང་གི་བར་སྟོང་ཆགས་ཚུལ་བཅས་ལུགས་མཐུན་སྒོས་གཏན་ཁེལ་བྱེད་དགོས།

དོན་ཚན་བཅུ་པ།གྲོང་ཁྱེར་དང་རྫོང་མི་དམངས་སྲིད་གཞུང་གི་སྡོད་ཁང་དང་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་གཙོ་གཉེར་སྡེ་ཁག་གིས་འཕེལ་རྒྱས་བཅོས་བསྒྱུར་དང་རང་བྱུང་ཐོན་ཁུངས།སྐྱེ་ཁམས་ཁོར་ཡུག་སོགས་གཙོ་གཉེར་སྡེ་ཁག་དང་མཉམ་འབྲེལ་བྱས་ཏེ།རང་སྲིད་འཛིན་ཁྱབ་ཁོངས་ནང་གི་མཐོ་སྒང་གི་མཛེས་པའི་མཁར་གྲོང་འཛུགས་སྐྲུན་འཆར་འགོད་བྱེད་པར་སྒྲིག་ཁོངས་རྩ་འཛུགས་བྱེད་དགོས་པ་དང་།རིམ་པ་དེའི་མི་དམངས་སྲིད་གཞུང་གི་ཆོག་མཆན་ཐོབ་དགོས་པར་མ་ཟད།རིམ་པ་དེའི་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་ཡར་ཞུ་བྱེད་པ་དང་།རིམ་པ་གོང་མའི་མི་དམངས་སྲིད་གཞུང་ལ་ཐོ་འགོད་བྱས་རྗེས་ལག་བསྟར་བྱེད་རྒྱུ་ཁྱབ་སྒྲོག་བྱེད་དགོས།

ཆོག་མཆན་ཐོབ་པའི་འཆར་འགོད་དེ་གང་འདོད་དུ་བསྒྱུར་བཅོས་དང་ཡང་ན་ལེགས་སྒྲིག་བྱེད་མི་ཆོག་པ་དང་།ངེས་པར་དུ་བསྒྱུར་བཅོས་དང་ལེགས་སྒྲིག་བྱེད་དགོས་པ་བྱུང་ན།སྔོན་གྱི་ཆོག་མཆན་འགྲོ་རིམ་ལྟར་ཆོག་མཆན་འགོད་པའི་རེ་འདུན་ཞུ་དགོས། 

དོན་ཚན་བཅུ་གཅིག་པ། མཐོ་སྒང་གི་མཛེས་པའི་མཁར་གྲོང་འཛུགས་སྐྲུན་འཆར་འགོད་བྱེད་པར་རྒྱལ་ཁབ་མངའ་ཁོངས་ཀྱི་བར་སྟོང་འཆར་འགོད་དང་མཐུན་དགོས་པར་མ་ཟད།སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་སོགས་ཀྱི་ད་སྤྱོད་འབྲེལ་ཡོད་འཆར་འགོད་དང་ཕན་ཚུན་འབྲེལ་མཐུད་ཡོང་དགོས།

སྒྲིག་ཁོངས་འཆར་འགོད་བྱེད་སྐབས་བཞུགས་མོལ་དང་རིགས་པས་ཁུངས་སྐྱེལ།དཔང་ཉན་དང་ཡང་ན་རྣམ་པ་གཞན་སོགས་བརྒྱུད་དེ།འབྲེལ་ཡོད་སྡེ་ཁག་དང་ཆེད་མཁས་པ།སྤྱི་ཚོགས་སྤྱི་དམངས་སོགས་ཀྱི་བསམ་འཆར་དང་གྲོས་གཞི་སྡུད་ལེན་བྱེད་དགོས།

དོན་ཚན་བཅུ་གཉིས་པ། མཐོ་སྒང་གི་མཛེས་པའི་མཁར་གྲོང་འཛུགས་སྐྲུན་བྱེད་སྐབས་མཁར་གྲོང་གི་རྣམ་པ་དང་འཛུགས་སྐྲུན་གྱི་ཁྱད་ཆོས།ཡུལ་ལྗོངས་ཇུས་འགོད་སོགས་ཀྱི་ཕྱོགས་ནས།མཐོ་སྒང་གི་རང་བྱུང་ཁྱད་ཆོས་དང་ཁྱབ་ཁོངས་ཀྱི་རིག་གནས་ཁྱད་ཆོས་འབུར་དུ་གདོད་པ་དང་།ཁྱབ་ཁོངས་ཀྱི་ཁྱད་ཆོས་མངོན་པར་གསལ་ཞིང་ལོ་རྒྱུས་ཀྱི་རིག་གནས་རྒྱུན་འཛིན་ཐུབ་པ།མཐོ་སྒང་གི་རི་ཆུ་མཁར་གྲོང་ཡོངས་སུ་འདྲེས་པའི་མཛེས་པའི་མཁར་གྲོང་བསྐྲུན་དགོས།

དོན་ཚན་བཅུ་གསུམ་པ། ཞིང་ཆེན་མི་དམངས་སྲིད་གཞུང་གི་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་གཙོ་གཉེར་སྡེ་ཁག་གིས་འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་མཐོ་སྒང་གི་མཛེས་པའི་མཁར་གྲོང་འཛུགས་སྐྲུན་བྱེད་པའི་ཚད་གཞི་མ་ལག་འཛུགས་པ་དང་།མཁར་གྲོང་གི་རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་སོགས་ཀྱི་འབྲེལ་ཡོད་ཚད་གཞི་གཏན་འབེབས་བྱེད་པ་དང་འཐུས་ཚང་དུ་བཏང་ནས།མཐོ་སྒང་གི་མཛེས་པའི་མཁར་གྲོང་འཛུགས་སྐྲུན་བྱེད་པའི་སྤུས་ཀ་མཐོ་རུ་གཏོང་དགོས།

དོན་ཚན་བཅུ་བཞི་པ། ཞིང་ཆེན་མི་དམངས་སྲིད་གཞུང་གི་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་གཙོ་གཉེར་སྡེ་ཁག་གིས་ལོ་རྒྱུས་དང་མི་རིགས། ས་ཁུལ་རིག་གནས་བཅས་ཀྱི་ཁྱད་ཆོས་དང་སྦྲེལ་ཏེ། ཁྱབ་ཁོངས་མི་འདྲ་བའི་མཁར་གྲོང་གི་རྣམ་པར་སྣེ་ཁྲིད་དང་དོ་དམ་བྱེད་པའི་ཐབས་ལམ་བཟོ་དགོས།

གྲོང་ཁྱེར་དང་རྫོང་རིམ་པའི་མི་དམངས་སྲིད་གཞུང་གི་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་གཙོ་གཉེར་སྡེ་ཁག་གིས་མཁར་གྲོང་གི་རྣམ་པར་དོ་དམ་ཚོད་འཛིན་བྱེད་པའི་ཁྱབ་ཁོངས་ཀྱི་དབྱེ་མཚམས་ཕྱེ་སྟེེ། ཚོད་འཛིན་དོ་དམ་བྱེད་པར་ཤུགས་སྣོན་པ་དང་།མཁར་གྲོང་གི་རྣམ་པ་དང་ས་ཞིང་གསར་སྤེལ་བྱེད་པའི་ཚད། ཨར་ལས་མཐོ་ཚད། འཛུགས་སྐྲུན་གྱི་རྣམ་པ། རང་བྱུང་ཁོར་ཡུག མཁར་གྲོང་གི་རྒྱང་བལྟས་རྣམ་པ་སོགས་དང་མཐུན་སྦྱོར་ཡོང་བར་སྐུལ་འདེད་གཏོང་དགོས།

དོན་ཚན་བཅོ་ལྔ་པ། གྲོང་ཁྱེར་དང་རྫོང་རིམ་པའི་མི་དམངས་སྲིད་གཞུང་གིས་མཁར་གྲོང་གི་ས་སྟེང་ས་འོག་བར་སྟོང་གི་ཕྱོགས་བསྡུས་གསར་སྤེལ་འཛུགས་སྐྲུན་དང་བེད་སྤྱོད་གཅིག་གྱུར་འཆར་འགོད་བྱས་ཏེ།ས་འོག་གི་བགྲོད་ལམ་དང་མི་དམངས་མཁའ་ཟོན་སྒྲིག་བཀོད།ས་འོག་རླངས་འཁོར་འཇོག་ས་སོགས་ཀྱི་བཟོ་འགོད་གཙོ་བོ་དང་མཉམ་པོར་ཇུས་འགོད་དང་མཉམ་པོར་འཛུགས་སྐྲུན་བྱེད་རྒྱུ།

དོན་ཚན་བཅུ་དྲུག་པ། མཁར་གྲོང་གི་བགྲོད་ལམ་གསར་སྐྲུན་དང་སྒྱུར་སྐྲུན།རྒྱས་སྐྲུན་བཅས་བྱེད་པའི་སྐབས་སུ།ངེས་པར་དུ་ཆུ་འདོན་དང་ཆུ་འཕུད།འབར་རླངས།དྲོད་འདོན།གློག་ཤུགས།འཕྲིན་གཏོང་།རྒྱང་སྒྲོག་བརྙན་འཕྲིན་སོགས་ཀྱི་ས་འོག་སྦུག་དྲ་སྣ་ཚོགས་ཀྱི་འཛུགས་སྐྲུན་ལ་ཕྱོགས་བསྡུས་བསམ་གཞིག་བཏང་སྟེ།བགྲོད་ལམ་དང་ས་འོག་སྦུག་དྲ་གཅིག་འགྲིལ་འཛུགས་སྐྲུན་ཡོང་བར་གཅིག་གྱུར་སྐུལ་འདེད་གཏོང་དགོས།

ས་འོག་ཕྱོགས་བསྡུས་སྦུག་ཁྱམས་བསྐྲུན་ཟིན་པའི་མཁར་གྲོང་གིས་སྦུག་ཁྱམས་ཀྱི་ནང་དུ་འཇོག་རྒྱུའི་ཆ་རྐྱེན་འཛོམས་པའི་སྦུག་སྐུད་ཡོད་ཚད་སྦུག་ཁྱམས་ཀྱི་ནང་དུ་འཇོག་དགོས།

དོན་ཚན་བཅུ་བདུན་པ། གྲོང་ཁྱེར་དང་རྫོང་རིམ་པའི་མི་དམངས་སྲིད་གཞུང་གིས་མཁར་གྲོང་གི་བཙོག་ཆུ་དང་ཆར་ཆུའི་སྦུག་དྲ་འཛུགས་སྐྲུན་སྒྱུར་བཀོད་བྱེད་ཚད་ཇེ་མགྱོགས་སུ་བཏང་ནས།བཙོག་ཆུ་དང་ཆར་ཆུ་གཙང་སེལ་བྱེད་ནུས་ཇེ་མཐོར་གཏོང་དགོས་ལ།འགྱིག་སོབ་གྲོང་ཁྱེར་གྱི་འཛུགས་སྐྲུན་ལ་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་གཏོང་བ་དང་།ཆར་ཆུ་འཁོར་རྒྱུག་བཀོལ་སྤྱོད་བྱེད་པའི་མ་ལག་འཛུགས་པ་དང་འཐུས་ཚང་དུ་གཏོང་བ།ཆར་ཆུ་བཞུར་རྒྱུག་བྱེད་ཚད་ཇེ་ཉུང་དུ་གཏོང་བ་བཅས་བྱས་ཏེ།མཁར་གྲོང་གི་ཆུ་འཕུད་ཞོད་འགོག་ནུས་པ་ཇེ་མཐོར་གཏོང་དགོས།

དོན་ཚན་བཅོ་བརྒྱད་པ། གྲོང་ཁྱེར་དང་རྫོང་རིམ་པའི་མི་དམངས་སྲིད་གཞུང་གིས་མཁར་གྲོང་གི་ཧྲེ་ཁུལ་གཞི་ཁྱོན་ལུགས་མཐུན་གཏན་ཁེལ་བྱེད་པ་དང་།དུས་མཉམ་དུ་སློབ་གསོ་དང་ཚན་རྩལ།རིག་གནས།འཕྲོད་བསྟེན།ལུས་རྩལ།སྤྱི་ཚོགས་ཕན་བདེ་དང་འགན་སྲུང་སོགས་ཀྱི་སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་པ།ཧྲེ་ཁུལ་གྱི་ཞབས་ཞུའི་སྒྲིག་བཀོད་རིམ་གྱིས་འཐུས་ཚང་དུ་གཏོང་བ་བཅས་བྱས་ཏེ།བདེ་འཇགས་སྐྱོན་བྲལ་དང་སྒྲིག་བཀོད་འཐུས་ཚང་།དོ་དམ་གོ་རིམ་ལྡན་པ་བཅས་ཀྱི་མཁར་གྲོང་ཧྲེ་ཁུལ་འཛུགས་དགོས།

དོན་ཚན་བཅུ་དགུ་པ། གྲོང་ཁྱེར་དང་རྫོང་རིམ་པའི་མི་དམངས་སྲིད་གཞུང་གིས་མཁར་གྲོང་འཛུགས་སྐྲུན་བྱེད་པའི་ཁྲོད།སྤྱི་སྤྱོད་རླངས་འཁོར་འཇོག་ས་དང་ས་ཚིགས།རླངས་འཁོར་འཇོག་ས།སྤྱི་པའི་སྤྱོད་ཁང་།གཞིས་དམངས་ཀྱི་བྱ་འགུལ་སྤེལ་ས་སོགས་ཀྱི་ཆ་སྡེབ་སྒྲིག་བཀོད་གཅིག་གྱུར་འཆར་འགོད་བྱེད་དགོས།

དོན་ཚན་ཉི་ཤུ་པ། མཁར་གྲོང་གི་བགྲོད་ལམ་དང་དམངས་སྤྱོད་ཨར་ལས།མི་མང་འདུ་ས།སྤྱི་པའི་འགྲིམ་འགྲུལ་སྒྲིག་བཀོད་བཅས་གསར་སྐྲུན་དང་སྒྱུར་སྐྲུན།རྒྱས་སྐྲུན་བྱེད་པའི་སྐབས་སུ།གེགས་མེད་སྒྲིག་བཀོད་བཟོ་འགོད་ཀྱི་འཛུགས་སྐྲུན་ཚད་གཞི་དང་མཐུན་དགོས།

དོན་ཚན་ཉེར་གཅིག་པ། གྲོང་ཁྱེར་དང་རྫོང་རིམ་པའི་མི་དམངས་སྲིད་གཞུང་གིས་མཁར་གྲོང་གི་སྤྱི་པའི་འགྲིམ་འགྲུལ་མ་ལག་འཛུགས་པ་དང་འཐུས་ཚང་དུ་གཏོང་བ་དང་།སྤྱི་པའི་འགྲིམ་འགྲུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་བསྣན་ཏེ།མི་དམངས་མང་ཚོགས་ལ་བདེ་འཇགས་དང་ཡིད་རྟོན་རུང་བ།སྟབས་བདེ་ཞིང་ནུས་པ་མཐོ་བ།གོང་ཁེ་སྤྱོད་བདེ་དང་ནུས་གྲོན་ཁོར་སྲུང་བཅས་ཀྱི་མཁར་གྲོང་གི་སྤྱི་པའི་འགྲིམ་འགྲུལ་ཞབས་ཞུ་འདོན་སྤྲོད་བྱེད་དགོས།དགོས་མཁོ་དང་བགྲོད་ལམ་གྱི་ཆ་རྐྱེན་ལྟར་སྤྱི་པའི་འགྲིམ་འགྲུལ་གྱི་ཆེད་སྤྱོད་བགྲོད་ལམ་བཀོད་སྒྲིག་བྱས་ཏེ།དུས་ཡུན་བགོ་བ་དང་ཁྱབ་ཁོངས་བགོ་བའི་སྒོ་ནས་སྤྱི་པའི་འགྲིམ་འགྲུལ་རླངས་འཁོར་ཤར་བགྲོད་ཡོང་བར་འགན་སྲུང་བྱེད་དགོས།

སྤྱི་དམངས་ཀྱིས་སྤྱི་སྤྱོད་རླངས་འཁོར་དང་ལྕགས་རྟ།རྐང་ཐང་དུ་འགྲོ་བ་སོགས་ལྗང་མདོག་འགྲོ་སྐྱོད་གདམ་གསེས་བྱེད་པར་སྐུལ་མ་དང་འབོད་སྐུལ་གཏོང་དགོས།

དོན་ཚན་ཉེར་གཉིས་པ། གྲོང་ཁྱེར་དང་རྫོང་རིམ་པའི་མི་དམངས་སྲིད་གཞུང་གིས་མཁར་གྲོང་གི་ལྗང་སྒྱུར་མཛེས་སྒྱུར་འཛུགས་སྐྲུན་ལ་ཤུགས་སྣོན་བྱས་ཏེ།མཁར་གྲོང་གི་མི་རེའི་ཆ་སྙོམས་ཀྱི་སྤྱི་གླིང་གི་སྤང་ལྗོངས་གཞི་ཁྱོན་དང་སྤང་ལྗོངས་ཁེབས་ཚད་ཇེ་མཐོར་གཏོང་དགོས་པ་དང་།ཡུལ་ཕྱོགས་ཀྱི་ཤིང་རིགས་དང་སྐྱེ་སྟོབས་བཟང་བའི་སྤུས་ལེགས་ཤིང་རིགས་འཛུགས་པ་ཁྱབ་གདལ་དུ་བཏང་ནས།གནའ་སྡོང་དང་སྡོང་པོ་གྲགས་ཅན་ལ་སྲུང་སྐྱོབ་བྱེད་པར་ཤུགས་སྣོན་དགོས།

དོན་ཚན་ཉེར་གསུམ་པ། གྲོང་ཁྱེར་དང་རྫོང་རིམ་པའི་མི་དམངས་སྲིད་གཞུང་གིས་མཁར་གྲོང་གི་ལྗང་ལམ་མ་ལག་འཆར་འགོད་དང་འཛུགས་སྐྲུན་བྱེད་པར་གཅིག་གྱུར་འཆར་འགོད་བྱེད་དགོས།ལྗང་ལམ་འཛུགས་སྐྲུན་བྱེད་སྐབས་ད་ཡོད་ཀྱི་རི་ཆུ་སྤང་གསུམ་གྱི་རང་བྱུང་ཁོར་ཡུག་སོར་འཇོག་བྱེད་དགོས་པ་དང་།མཁར་གྲོང་གི་ཧྲེ་ཁུལ་དང་སྤྱི་གླིང་།ལོ་རྒྱུས་རྗེས་ཤུལ་སོགས་ལ་འབྲེལ་མཐུད་ལེགས་པོ་བྱས་ཏེ།རང་བྱུང་སྐྱེ་ཁམས་དང་མི་ཆོས་ཡུལ་ལྗོངས་མཉམ་བསྲེ་ཡོང་བ་མངོན་འགྱུར་བྱེད་དགོས།

དོན་ཚན་ཉེར་བཞི་པ། མཁར་གྲོང་གིས་མཐའ་མཚམས་ནང་གི་གསར་སྐྲུན་ཨར་ལས་གསར་སྤེལ་བྱེད་སྐབས།ལྗང་མདོག་ཨར་ལས་ཀྱི་ཚད་གཞི་ལྟར་འཆར་འགོད་དང་ཇུས་འགོད།འཛུགས་སྐྲུན་བཅས་བྱེད་དགོས་ལ།ལྗང་མདོག་གི་ཨར་ལས་རྒྱུ་ཆ་བཀོལ་བ་ཁྱབ་གདལ་དུ་གཏོང་བ་དང་།ལྗང་མདོག་ཨར་ལས་བྱེད་པར་འབོད་སྐུལ་བཏང་སྟེ།ལྷུ་སྒྲིག་ཅན་གྱི་ཨར་ལས་འཕེལ་རྒྱས་སུ་གཏོང་དགོས།

དོན་ཚན་ཉེར་ལྔ་པ། གྲོང་ཁྱེར་དང་རྫོང་རིམ་པའི་མི་དམངས་སྲིད་གཞུང་གིས་གྲོང་ཁྱེར་གསར་སྒྱུར་བྱེད་སྐབས་ལོ་རྒྱུས་རིག་གནས་ཀྱི་རྗེས་ཤུལ་ལ་ཁྲིམས་ལྟར་སྲུང་སྐྱོབ་བྱེད་པ་དང་།བཤིག་སྤོ་དང་འཛུགས་སྐྲུན་གཞི་ཁྱོན་ལུགས་མཐུན་གཏན་འཁེལ་བྱེད་དགོས་པ་ལས།ལོ་རྒྱུས་རིག་གནས་སྲང་ལམ་གྱི་སྲོལ་རྒྱུན་ཆགས་སྟངས་དང་སྤྱི་ཡོངས་རྣམ་པ།ལོ་རྒྱུས་རིག་གནས་ཀྱི་འབྱུང་རྩ་བཅས་ལ་གཏོར་བརླག་གཏང་མི་ཆོག་ལ།ལོ་རྒྱུས་ཨར་ལས་གང་འདོད་དུ་གནས་སྤོར་དང་བཤིག་པ།སྒྱུར་སྐྲུན་བཅས་བྱ་མི་ཆོག 

དོན་ཚན་ཉེར་དྲུག་པ། གྲོང་ཁྱེར་དང་རྫོང་རིམ་པའི་མི་དམངས་སྲིད་གཞུང་གིས་མཁར་གྲོང་གི་རིགས་དབྱེའི་གཏོང་སྤྲོད་དང་འཚོལ་སྡུད།སྐྱེལ་འདྲེན་དང་འཚོ་བའི་གད་སྙིགས་ཐག་གཅོད་བྱེད་པ་སོགས་ཀྱི་དོ་དམ་མ་ལག་མྱུར་དུ་འཛུགས་པ་དང་།མཁར་གྲོང་གི་འཚོ་བའི་གད་སྙིགས་རིགས་དབྱེའི་འཚོལ་སྡུད་དང་སྐྱེལ་འདྲེན།ཐག་གཅོད་བཅས་བྱེད་པའི་སྒྲིག་བཀོད་གཅིག་གྱུར་གྱིས་འཛུགས་སྐྲུན་བྱས་ཏེ།འཚོ་བའི་གད་སྙིགས་གནོད་མེད་ཅན་དུ་གཙང་སེལ་དང་ཐོན་ཁུངས་ཅན་དུ་བེད་སྤྱོད་པ་མངོན་འགྱུར་བྱ་དགོས།

ཞིང་ཆེན་མི་དམངས་སྲིད་གཞུང་གི་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་གཙོ་གཉེར་སྡེ་ཁག་གིས་འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་ཨར་ལས་གད་སྙིགས་ཇེ་ཉུང་ཅན་དང་ཐོན་ཁུངས་ཅན་དུ་བེད་སྤྱོད་པའི་བྱ་བའི་ནང་རྐྱེན་འཛུགས་པ་དང་འཐུས་ཚང་དུ་བཏང་ནས།ཨར་ལས་གད་སྙིགས་ཇེ་ཉུང་ཅན་དང་ཐོན་ཁུངས་ཅན།གནོད་མེད་ཅན་དུ་བསྒྱུར་བར་སྐུལ་འདེད་གཏོང་དགོས།

ལེའུ་གསུམ་པ། སྲུང་སྐྱོབ་དང་འཕེལ་རྒྱས།

དོན་ཚན་ཉེར་བདུན་པ། མཐོ་སྒང་གི་མཛེས་པའི་མཁར་གྲོང་འཛུགས་སྐྲུན་བྱེད་སྐབས་འཛུགས་སྐྲུན་དང་སྐྱེ་ཁམས་སྲུང་སྐྱོབ་བར་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱེད་པ་དང་།རང་བྱུང་སླར་སོས་དང་མིའི་ཐབས་ཀྱིས་ཉམས་གསོ་བྱེད་པ་ཕན་ཚུན་ཟུང་དུ་འབྲེལ་བའི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ།སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་མ་ལག་ལེགས་སྒྱུར་བྱེད་པ་དང་སྐྱེ་ཁམས་ཁྱམས་རིང་སྐྲུན་པ།མཁར་གྲོང་གི་སྐྱེ་ཁམས་མ་ལག་ལེགས་སྒྱུར་བྱེད་པ།ལྗང་མདོག་སྐྱེ་ཁམས་ཀྱི་མཁར་གྲོང་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བ་བཅས་ཀྱིས།མཁར་གྲོང་གི་མི་སྡོད་ཁོར་ཡུག་གི་སྤུས་ཀ་ཇེ་ལེགས་སུ་གཏོང་དགོས།

དོན་ཚན་ཉེར་བརྒྱད་པ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་ལོ་རྒྱུས་རིག་གནས་ཀྱི་གྲོང་ཁྱེར་གྲགས་ཅན་དང་མཁར་གྲོང་གྲགས་ཅན།སྡེ་བ་གྲགས་ཅན།སྲོལ་རྒྱུན་སྡེ་བ།མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་ཡུལ་ཚོ།ལོ་རྒྱུས་རིག་གནས་སྲང་ལམ།ལོ་རྒྱུས་ཨར་ལས་སོགས་ལོ་རྒྱུས་རིག་གནས་ཐོན་ཁུངས་སྲུང་སྐྱོབ་བྱེད་པར་ཤུགས་སྣོན་པ་དང་།ལོ་རྒྱུས་རིག་གནས་ཐོན་ཁུངས་ལུགས་མཐུན་ངང་བེད་སྤྱོད་དང་རིག་གནས་གསར་སྐྲུན་ཐོན་ལས་འཕེལ་རྒྱས་གཏོང་བ་བཅས་ཀྱིས།ལོ་རྒྱུས་རིག་གནས་ཐོན་ཁུངས་ཀྱི་བྱེད་ནུས་དང་གསོན་ཤུགས་མཐོར་འདེགས་གཏོང་དགོས།

དོན་ཚན་ཉེར་དགུ་པ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་ཆུའི་ཐོན་ཁུངས་གསར་སྤེལ་བེད་སྤྱོད་ལ་ཚོད་འཛིན་བྱེད་པའི་དམར་ཐིག་དང་ཆུ་སྤྱོད་ལས་ཆོད་ལ་ཚོད་འཛིན་བྱེད་པའི་དམར་ཐིག ཆུའི་བྱེད་ནུས་ཁུལ་གྱི་བཙོག་སྡུད་ལ་ཚོད་འཛིན་བྱེད་པའི་དམར་ཐིག་སོགས་བརྩི་སྲུང་བྱས་ཏེ།མཁར་གྲོང་གི་ཆུ་བོ་དང་མཚེའུ།ཆུ་མཛོད།བརླན་ས་སོགས་སྲུང་སྐྱོབ་བྱེད་པའི་བླང་བྱ་དངོས་འབེབས་བྱེད་དགོས་པ་དང་།ཆུ་བོ་དང་མཚེའུ་ཡི་བརྒྱུད་སྦྲེལ་རང་བཞིན་ཇེ་མཐོ་དང་།ཆུ་མོའི་རང་བྱུང་ཆགས་སྟངས་ལ་སྲུང་སྐྱོབ།སྐྱེ་ཁམས་བྱེད་ནུས་ལེགས་བཅོས་བཅས་བྱེད་དགོས།

དོན་ཚན་སུམ་ཅུ་པ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་ས་གཞིའི་སྦགས་བཙོག་བཅོས་སྐྱོང་བྱེད་པའི་དམིགས་འབེན་འགན་འཁྲི་དངོས་འབེབས་བྱེད་པ་དང་།ས་གཞིའི་ཁོར་ཡུག་སྲུང་སྐྱོབ་བྱེད་པ།ས་གཞིའི་ཁོར་ཡུག་གི་གནས་བབ་ལ་བརྟག་དཔྱད་ལེགས་པོ་བྱེད་པ།སྦགས་བཙོག་ཐེབས་པའི་ས་གཞིར་ཉེན་ཁ་ཚོད་འཛིན་གྱི་དོ་དམ་དང་ཡང་ན་ཉམས་གསོ་བཅོས་སྐྱོང་བྱེད་པ་བཅས་ཀྱིས།སྦགས་བཙོག་ཐེབས་པའི་ས་གཞི་བདེ་འཇགས་ངང་བཀོལ་སྤྱོད་ཡོང་བར་ཁག་ཐེག་བྱེད་དགོས།

དོན་ཚན་སོ་གཅིག་པ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་སོལ་སྲེག་དང་བཟོ་ལས།འཕྲུལ་སྒུལ་འཁོར་ལོ།ཐལ་འཚུབ་སོགས་རླུང་ཁམས་ཆེན་མོའི་སྦགས་བཙོག་འགོག་བཅོས་བྱེད་པར་ཤུགས་སྣོན་པ་དང་།རླུང་ཁམས་ཆེན་མོའི་སྦགས་བཙོག་ཕྱིར་གཏོང་བྱེད་ཚད་ཚོད་འཛིན་དང་ཡང་ན་རིམ་གྱིས་ཇེ་ཉུང་དུ་བཏང་ནས།རླུང་ཁམས་ཆེན་མོའི་ཁོར་ཡུག་གི་སྤུས་ཀ་གཏན་ཁེལ་བྱས་ཡོད་པའི་ཚད་གཞི་རུ་སླེབས་སུ་འཇུག་དགོས་པར་མ་ཟད་རིམ་གྱིས་ལེགས་སྒྱུར་བྱེད་དགོས།

དོན་ཚན་སོ་གཉིས་པ། མཐོ་སྒང་གི་མཛེས་པའི་མཁར་གྲོང་འཛུགས་སྐྲུན་བྱེད་སྐབས་གྲོང་གསེབ་དར་སྤེལ་ཐབས་ཇུས་དངོས་འབེབས་བྱེད་པ་དང་།གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཐོན་ཁུངས་བཀོད་སྒྲིག་ལེགས་སྒྱུར་བྱེད་པ་།གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བ།མཁར་གྲོང་གི་རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཞུ་ཞང་གྲོང་དུ་བསྲིང་བར་སྐུལ་སྤེལ་བཅས་བྱས་ཏེ།གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་གཅིག་འགྲིལ་ཅན་དང་གཞི་རྩའི་སྤྱི་པའི་ཞབས་ཞུ་ཆ་སྙོམས་ཅན་ཡོང་བ་མངོན་འགྱུར་བྱེད་དགོས།

དོན་ཚན་སོ་གསུམ་པ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་ལྗང་མདོག་ཐོན་ལས་འཕེལ་རྒྱས་གཏོང་བར་སྐུལ་འདེད་དང་།འཚོ་བ་རོལ་སྟངས་དང་ཐོན་སྐྱེད་བྱེད་སྟངས་ལྗང་མདོག་ཅན་དུ་བསྒྱུར་ཚད་ཇེ་མགྱོགས་སུ་གཏོང་བ།ནུས་ཁུངས་གཙང་མ་བཀོལ་བ་ཁྱབ་གདལ་དུ་གཏོང་བ། ས་དང་ཆུ་དང་ནུས་ཁུངས་བཅས་ལེགས་བསྡུས་ཞིབ་གཉེར་དང་གྲོན་ཆུང་གིས་བཀོལ་སྤྱོད་བྱས་ཏེ།སྐྱེ་ཁམས་དཔལ་ཡོན་གྱིས་སྣེ་ཁྲིད་པ་དང་ཐོན་ཁུངས་ཕན་ནུས་མཐོ་ཞིང་འཁོར་རྒྱུག་ལྡན་པར་བཀོལ་སྤྱོད་བྱེད་པ།ཐོན་ལས་མཉམ་འདྲེས་འཕེལ་རྒྱས་ཡོང་བ་བཅས་ཀྱི་དེང་རབས་ཐོན་ལས་མ་ལག་སྐྲུན་དགོས།

དོན་ཚན་སོ་བཞི་པ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་ས་བབ་དང་བསྟུན་ནས་ནུས་ཁུངས་གསར་པ་དང་རྒྱུ་ཆ་གསར་པ།རབས་གསར་པའི་ཆ་འཕྲིན་ལག་རྩལ་སོགས་ཀྱི་ཐོན་ལས་གསར་པ་དམིགས་སུ་བཟུང་ནས་འཕེལ་རྒྱས་གཏོང་བ་དང་།དྲ་སྦྲེལ་དང་གཞི་གྲངས་ཆེན་མོ།མིས་བཟོས་རིག་ནུས་སོགས་ཀྱི་ཆ་འཕྲིན་ལག་རྩལ་དང་དངོས་གཞིའི་དཔལ་འབྱོར་མཉམ་འདྲེས་ལེགས་པོ་ཡོང་བར་བྱས་ཏེ།གྲངས་ཀའི་དཔལ་འབྱོར་འཕེལ་རྒྱས་འབྱུང་བར་སྐུལ་འདེད་གཏོང་དགོས།

དོན་ཚན་སོ་ལྔ་པ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་རང་བྱུང་ཁོར་ཡུག་དང་ཁྱབ་ཁོངས་ཀྱི་ཁྱད་ཆོས།དམངས་སྲོལ་རིག་གནས་སོགས་ཀྱི་ཐོན་ཁུངས་ལེགས་ཆ་བེད་སྤྱད་དེ།ཡུལ་སྐོར་ངལ་གསོ་དང་བདེ་ཐང་ལུས་གསོ་སོགས་ཀྱི་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་གཏོང་བ་དང་།མཐོ་སྒང་གི་ཁྱད་ཆོས་མངོན་པར་གསལ་བའི་ཡུལ་སྐོར་དམིགས་ས་དང་ཞབས་ཞུའི་རྟེན་གཞི་འཛུགས་དགོས།

དོན་ཚན་སོ་དྲུག་པ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་བྱེད་ནུས་ཆ་ཚང་ཞིང་གཞི་ཁྱོན་ཚད་རན་པ།ཁེབས་ཚད་རྒྱ་ཆེ་བ།སྡེ་ཁུལ་དང་ཁྱིམ་ཚང་དང་ལས་ཁུངས་ཕན་ཚུན་མཐུན་སྦྱོར་ཡོང་བ།སྨན་གསོ་དང་ཁམས་གསོ་ཕན་ཚུན་ཟུང་དུ་སྦྲེལ་བ་བཅས་ཀྱི་རྒན་གསོའི་ཞབས་ཞུའི་མ་ལག་འཛུགས་པ་དང་འཐུས་ཚང་དུ་གཏོང་བ་དང་།ཁྱབ་ཁོངས་འོས་འཚམ་ནང་དུ་ཆ་རྐྱེན་བསྐྲུན་ཏེ་རྒན་གསོ་སྡེ་ཁུལ་དང་ཁམས་གསོ་གྲོང་རྡལ་ཆུང་བ་སྐྲུན་པར་རྒྱབ་སྐྱོར་བྱས་ཏེ།ཁམས་གསོ་ཞབས་ཞུའི་ནུས་པ་དང་རྒན་གསོ་ཞབས་ཞུའི་སྤུས་ཀ་མཐོར་འདེགས་གཏོང་དགོས།

དོན་ཚན་སོ་བདུན་པ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་ཕྲུ་གུ་དང་བྱིས་པར་ལྟ་སྐྱོང་བྱེད་པའི་ཞབས་ཞུའི་མ་ལག་འཛུགས་པ་དང་འཐུས་ཚང་དུ་གཏོང་བ་དང་།རིམ་གྱིས་ཁྱིམ་ཚང་དང་སྡེ་ཁུལ།ལས་ཁུངས་བཅས་གནས་གསུམ་གཞི་གཅིག་ཡིན་པའི་ཞབས་ཞུའི་དྲ་བ་ཆགས་སུ་བཅུག་ནས།ཕྲུ་གུ་དང་བྱིས་པར་ལྟ་སྐྱོང་བྱེད་པའི་ཞབས་ཞུའི་ཚད་གཞི་འཕེལ་རྒྱས་གཏོང་བར་སྐུལ་འདེད་དང་།བྱིས་པའི་ལྟ་སྐྱོང་ཞབས་ཞུའི་ཆུ་ཚད་ཇེ་མཐོར་གཏོང་དགོས།

དོན་ཚན་སོ་བརྒྱད་པ། མཐོ་རིམ་སློབ་གླིང་དང་ཚན་རིག་ཞིབ་འཇུག་ཁང་།ཁེ་ལས་བཅས་ཀྱིས་ནུས་ཁུངས་གྲོན་ཆུང་དང་ཐོན་ཁུངས་འཁོར་རྒྱུག་བེད་སྤྱོད།ནུས་ཁུངས་གསར་པ་གསར་སྤེལ།སྦགས་བཙོག་བཅོས་སྐྱོང་།སྐྱེ་ཁམས་ཉམས་གསོ་སོགས་ཀྱི་ཁྱབ་ཁོངས་ནང་ཚན་རིག་ཞིབ་འཇུག་དང་ལག་རྩལ་གསར་སྤེལ།སྔོན་ཐོན་ལག་རྩལ་སོགས་ཁྱབ་གདལ་བཀོལ་སྤྱོད་དང་གྲུབ་འབྲས་དངོས་བསྒྱུར་བྱེད་པར་རྒྱབ་སྐྱོར་བྱས་ཏེ།མཁར་གྲོང་ལྗང་མདོག་འཕེལ་རྒྱས་གཏོང་བར་ཚན་རྩལ་གྱིས་འདེགས་སྐྱོར་བྱེད་དགོས།

ལེའུ་བཞི་པ། བཅོས་སྐྱོང་དང་འགན་སྲུང་།

དོན་ཚན་སོ་དགུ་པ། ཞིང་ཆེན་མི་དམངས་སྲིད་གཞུང་གི་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་གཙོ་གཉེར་སྡེ་ཁག་གིས་འབྲེལ་ཡོད་སྡེ་ཁག་དང་མཉམ་དུ།མཐོ་སྒང་གི་མཛེས་པའི་མཁར་གྲོང་འཛུགས་སྐྲུན་བྱེད་པའི་ལས་གཞིའི་དོ་དམ་བྱེད་ཐབས་གཏན་འབེབས་བྱེད་དགོས་པ་དང་།ལས་གཞིའི་དོ་དམ་ལ་ཤུགས་སྣོན་པ་དང་ལས་གཞིའི་འཛུགས་སྐྲུན་གོ་རིམ་ལག་བསྟར་གཟབ་ནན་བྱས་ཏེ།ལས་གཞི་འཛུགས་སྐྲུན་གྱི་སྤུས་ཀ་དང་ནུས་ཕྱོད་ཇེ་མཐོར་གཏོང་དགོས།

དོན་ཚན་བཞི་བཅུ་པ། ཞིང་ཆེན་མི་དམངས་སྲིད་གཞུང་གི་སྡོད་ཁང་དང་མཁར་གྲོང་གསེབ་འཛུགས་སྐྲུན་གཙོ་གཉེར་སྡེ་ཁག་གིས་འབྲེལ་ཡོད་སྡེ་ཁག་དང་མཉམ་དུ།མཁར་གྲོང་གི་བརྟག་བཤེར་དཔྱད་དཔོག་བྱེད་པའི་ཚད་གཞི་བཟོ་བ་དང་།ཁྱོན་ཡོངས་དང་ཡང་དག ཚན་རིག་དང་མཐུན་པ།ཚད་ལྡན་བཅས་ཀྱི་སྒོ་ནས་མཁར་གྲོང་གི་ཕྱོགས་བསྡུས་དམིགས་ཚད་གཞི་གྲངས་འཚོལ་སྡུད་བྱས་ཏེ།མཁར་གྲོང་འཛུགས་སྐྲུན་གྱི་འགུལ་རྣམ་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་དགོས།

གྲོང་ཁྱེར་དང་རྫོང་མི་དམངས་སྲིད་གཞུང་གིས་མཐོ་སྒང་གི་མཛེས་པའི་མཁར་གྲོང་འཛུགས་སྐྲུན་འཆར་འགོད་དང་མཁར་གྲོང་བརྟག་བཤེར་དཔྱད་དཔོག་ཚད་གཞི་ལྟར།དུས་བཅད་ལྟར་མཁར་གྲོང་ལ་བརྟག་བཤེར་བྱེད་པའི་བྱ་བ་སྤེལ་དགོས།

དོན་ཚན་ཞེ་གཅིག་པ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་རིག་ལྡན་གྲོང་ཁྱེར་གྱི་དོ་དམ་མ་ལག་འཛུགས་པ་དང་། ཟོག་འབྲེལ་དྲ་བ་དང་མིའི་བཟོས་རིག་ནུས་སོགས་ཀྱི་རྨང་གཞིའི་སྒྲིག་བཀོད་གསར་པ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བ།གྲངས་ཀ་ཅན་དང་ཆ་འཕྲིན་ཅན།རིག་ནུས་ཅན་བཅས་ཀྱི་མཁར་གྲོང་ཕྱོགས་བསྡུས་དོ་དམ་ཞབས་ཞུའི་སྟེགས་བུ་སྐྲུན་པ།གྲོང་ཁྱེར་གྱི་གཉེར་སྐྱོང་བྱ་བ་སྡེབ་སྒྲིག་དང་འགྲིམ་འགྲུལ་འཁོར་སྐྱོད།བྲེལ་བསྟུན་དོ་དམ་སོགས་ཀྱི་ཆ་འཕྲིན་ཐོན་ཁུངས་ཧྲག་སྡེབ་བཅས་བྱས་ཏེ།མཁར་གྲོང་འཛུགས་སྐྲུན་དོ་དམ་རིག་ནུས་ཅན་དུ་འགྱུར་བའི་ཆུ་ཚད་ཇེ་མཐོར་གཏོང་དགོས།

དོན་ཚན་ཞེ་གཉིས་པ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་རང་བྱུང་གནོད་འཚེ་དང་སྤྱི་པའི་འཕྲོད་བསྟེན།གྲོང་སྲིད་སྤྱི་སྤྱོད་སྒྲིག་བཀོད་སོགས་མཁར་གྲོང་གི་སྤྱི་པའི་བདེ་འཇགས་འགོག་བཅོས་ཚོད་འཛིན་དང་གནོད་འགོག་གནོད་འཕྲི་བྱེད་པའི་མ་ལག་འཛུགས་པ་དང་འཐུས་ཚང་དུ་གཏོང་བ་དང་།མཁར་གྲོང་བདེ་འཇགས་ཀྱི་གནོད་འགོག་གནོད་འཕྲི་འཆར་འགོད་འཐུས་ཚང་དུ་གཏོང་བ།བདེ་འཇགས་སྒྲིག་བཀོད་དང་ཉེན་སེལ་རོགས་སྐྱོར་ཆེད་ལས་དཔུང་སྡེ་འཛུགས་པར་ཤུགས་སྣོན་པ།དོན་རྐྱེན་དང་གནོད་འཚེའི་ཕྱོགས་བསྡུས་ཉེན་ཁར་དཔྱད་དཔོག་དང་མངོན་མེད་རྐྱེན་ངན་རེ་རེ་བཞིན་བཅོས་སྐྱོང་བྱེད་པར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ།མཁར་གྲོང་གི་གནོད་འགོག་གནོད་འཕྲི་དང་བྲེལ་བསྟུན་དོ་དམ་ནུས་པ་ཇེ་མཐོར་གཏོང་དགོས།

དོན་ཚན་ཞེ་གསུམ་པ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་གྲོང་སྲིད་སྤྱི་པའི་སྒྲིག་བཀོད་ལ་དོ་དམ་དང་སྲུང་སྐྱོབ་བྱེད་པར་ཤུགས་བསྣན་ནས།ཆག་སྐྱོན་མེད་པ་དང་གཙང་དག རྒྱུན་ལྡན་བཅས་ཀྱི་སྒོ་ནས་འཁོར་སྐྱོད་བྱེད་པར་ཁག་ཐེག་བྱེད་དགོས།

རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་མཁར་གྲོང་དང་གྲོང་ཁྱེར་གྱི་ཁོར་ཡུག་གཙང་སྦྲར་དོ་དམ་བྱེད་པའི་བྱ་བའི་ནང་རྐྱེན་འཛུགས་པ་དང་།གྲོང་ཁྱེར་གྱི་རྣམ་པ་དང་ཁོར་ཡུག་གཙང་སྦྲར་ཕྱོགས་བསྡུས་བཅོས་སྐྱོང་བྱེད་པ།མཁར་གྲོང་གཙང་དག་དང་མཛེས་སྡུག་ཡོང་བར་སྲུང་སྐྱོང་བཅས་བྱས་ཏེ།མཁར་གྲོང་གི་མི་སྡོད་ཁོར་ཡུག་སྤུས་ཀ་ལེགས་བཅོས་བྱེད་དགོས།

དོན་ཚན་ཞེ་བཞི་པ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་སྤྱི་ཚོགས་བཅོས་སྐྱོང་བྱེད་སྟངས་གསར་སྐྲུན་བྱེད་པ་དང་།ཕན་ཚུན་བཙུད་འཇུག་ཅན་གྱི་སྤྱི་ཚོགས་གྲུབ་ཚུལ་དང་སྡེ་ཁུལ་ཁོར་ཡུག་འཛུགས་པ།མི་རིགས་སོ་སོ་མཉམ་སྡོད་དང་མཉམ་སློབ།མཉམ་བསྒྲུབ།མཉམ་སྐྱིད་བྱེད་པའི་སྤྱི་ཚོགས་ཆ་རྐྱེན་བསྐྲུན་པ་བཅས་བྱས་ཏེ།མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་བཅོས་སྐྱོང་མཉམ་འདྲེས་མཉམ་སྐུལ་ཡོང་བ་མངོན་འགྱུར་བྱེད་དགོས།

དོན་ཚན་ཞེ་ལྔ་པ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་མཉམ་སྐྲུན་མཉམ་བཅོས་མཉམ་སྤྱོད་ཀྱི་སྡེ་ཁུལ་བཅོས་སྐྱོང་མ་ལག་འཐུས་ཚང་དུ་བཏང་སྟེ།སྡེ་ཁུལ་གཞིས་དམངས་དང་སྤྱི་ཚོགས་རྩ་འཛུགས།དེ་མིན་ད་རུང་སྤྱི་ཚོགས་ཀྱི་ཕྱོགས་སོ་སོའི་ནུས་པ་བཅས་སྡེ་ཁུལ་བཅོས་སྐྱོང་ནང་ཞུགས་པར་སྐུལ་མ་གཏོང་བ་དང་ཁྲིད་སྟོན་བྱེད་དགོས།

གཞིས་ལས་ཞབས་ཞུའི་ཁེ་ལས་དང་ཡང་ན་དོ་དམ་མི་སྣ་གཞན་དག་སྤྱི་ཚོགས་བཅོས་སྐྱོང་ནང་ཞུགས་པ་དང་།སྲིད་གཞུང་གིས་ཁྲིམས་ལྟར་ལག་བསྟར་བྱེད་ཀྱིན་པའི་བྲེལ་བསྟུན་ཐག་གཅོད་བྱེད་སྟངས་དང་དོ་དམ་བྱེད་སྟངས་གཞན་དག་ལག་བསྟར་བྱས་ཏེ།སྤྱི་ཚོགས་བཅོས་སྐྱོང་གི་འབྲེལ་ཡོད་བྱ་བ་མཉམ་སྡེབ་ཀྱིས་སྤེལ་དགོས།

དོན་ཚན་ཞེ་དྲུག་པ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་སྤྱི་ཚོགས་མཐོ་སྒང་གི་མཛེས་པའི་མཁར་གྲོང་འཛུགས་སྐྲུན་ནང་ཞུགས་པའི་ནང་རྐྱེན་བཙུགས་ཏེ།སྤྱི་ཚོགས་ཡོངས་མཐོ་སྒང་གི་མཛེས་པའི་མཁར་གྲོང་འཛུགས་སྐྲུན་ནང་ཞུགས་པར་ཁྲིད་སྟོན་དང་རྒྱབ་སྐྱོར་བྱེད་དགོས།

སྤྱི་ཚོགས་སྟེང་གི་མ་དངུལ་མཐོ་སྒང་གི་མཛེས་པའི་མཁར་གྲོང་འཛུགས་སྐྲུན་བྱེད་པའི་ནང་ཞུགས་པར་སྐུལ་མ་བཏང་སྟེ།མཁར་གྲོང་འཛུགས་སྐྲུན་གྱི་དངུལ་གཏོང་གཙོ་བོ་དང་འཁོར་སྐྱོད་གཙོ་བོ་སྣ་མང་ཅན་དང་ཚོང་ར་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་དགོས།

དོན་ཚན་ཞེ་བདུན་པ། རྫོང་མི་དམངས་སྲིད་གཞུང་གིས་ཆེད་མཁས་པའི་བློ་འདྲི་ལམ་ལུགས་བཙུགས་ནས།ཆེད་མཁས་པའི་གན་མཛོད་བསྐྲུན་དགོས།གྲོང་ཁྱེར་དང་རྫོང་རིམ་པའི་མི་དམངས་སྲིད་གཞུང་གིས་རང་ས་གནས་ཀྱི་གནས་ཚུལ་ལྟར་ཆེད་མཁས་པའི་གན་མཛོད་བཙུགས་ཏེ།མཐོ་སྒང་གི་མཛེས་པའི་མཁར་གྲོང་འཛུགས་སྐྲུན་བྱེད་པར་རིག་ནུས་རྒྱབ་སྐྱོར་འདོན་སྤྲོད་བྱེད་དགོས།

འཇོན་མི་ནང་འདྲེན་ལ་སྐུལ་སློང་བྱེད་པའི་ནང་རྐྱེན་འཛུགས་པ་དང་།འཇོན་མི་ནང་འདྲེན་བྱེད་པའི་ཐབས་ལམ་རྒྱ་བསྐྱེད་དེ།རིགས་སོ་སོའི་འཇོན་མི་སྣ་ཚོགས་མཐོ་སྒང་གི་མཛེས་པའི་མཁར་གྲོང་འཛུགས་སྐྲུན་བྱེད་པའི་ནང་འགུག་དགོས།

དོན་ཚན་ཞེ་བརྒྱད་པ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་ཁ་གཏད་རོགས་སྐྲུན་ས་ཁུལ་དང་རོགས་སྐྱོར་སྡེ་ཁག་ལ་མཉམ་ལས་བྱེད་པར་ཤུགས་སྣོན་པ་དང་།ཅིག་ཤོས་ཀྱི་ཚན་རྩལ་དང་འཇོན་མི།དོ་དམ་སོགས་ཕྱོགས་ཀྱི་ལེགས་ཆར་བརྟེན་ནས།མཐོ་སྒང་གི་མཛེས་པའི་མཁར་གྲོང་འཛུགས་སྐྲུན་བྱེད་པའི་ཆུ་ཚད་ཇེ་མཐོར་གཏོང་དགོས།

དོན་ཚན་ཞེ་དགུ་པ། ཞིང་ཆེན་མི་དམངས་སྲིད་གཞུང་གི་སྡོད་ཁང་དང་གྲོང་གསེབ་འཛུགས་སྐྲུན་གཙོ་གཉེར་སྡེ་ཁག་གིས་འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་མཐོ་སྒང་གི་མཛེས་པའི་མཁར་གྲོང་གི་གདེང་འཇོག་དཔྱད་ཞིབ་ཚད་གཞི་བཟོ་བ་དང་།རིམ་པ་གོང་མའི་མི་དམངས་སྲིད་གཞུང་གིས་དཔྱད་ཞིབ་ཚད་གཞི་ལྟར་རིམ་པ་འོག་མའི་མི་དམངས་སྲིད་གཞུང་ལ་དུས་བཅད་ལྟར་གདེང་འཇོག་དཔྱད་ཞིབ་བྱེད་དགོས་པར་མ་ཟད།གདེང་འཇོག་དཔྱད་ཞིབ་ཀྱི་མཇུག་འབྲས་དེ་རིམ་པ་འོག་མའི་མི་དམངས་སྲིད་གཞུང་དང་དེའི་འགན་འཁྲི་པར་གདེང་འཇོག་དཔྱད་ཞིབ་བྱེད་པའི་གཞི་འཛིན་ས་བྱེད་དགོས།

དོན་ཚན་ལྔ་བཅུ་པ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་ཆ་འཕྲིན་ཁྱབ་སྒྲོག་བྱེད་པའི་ནང་རྐྱེན་འཛུགས་པ་དང་།དུས་བཅད་ལྟར་མཐོ་སྒང་གི་མཛེས་པའི་མཁར་གྲོང་འཛུགས་སྐྲུན་བྱེད་པའི་ཆ་འཕྲིན་སྤྱི་བསྒྲགས་བྱས་ཏེ།སྤྱི་ཚོགས་ཀྱི་ལྟ་སྐུལ་དང་ལེན་བྱེད་དགོས།

ལེའུ་ལྔ་པ། བཅའ་ཁྲིམས་ཀྱི་འགན་འཁྲི།

དོན་ཚན་ང་གཅིག་པ། སྲོལ་ཡིག་འདིའི་གཏན་འཁེལ་དང་འགལ་བའི་བྱ་སྤྱོད་ལ།བཅའ་ཁྲིམས་ཁྲིམས་སྲོལ་སྟེང་བཅའ་ཁྲིམས་ཀྱི་འགན་འཁྲི་གཏན་འཁེལ་བྱས་ཡོད་ན།དེ་ལྟར་ཐག་གཅོད་རྒྱུ།

དོན་ཚན་ང་གཉིས་པ། སྲོལ་ཡིག་འདིའི་གཏན་འཁེལ་དང་འགལ་བའི་སྒོ་ནས།ཆོག་མཆན་མ་ཐོབ་པར་མཐོ་སྒང་གི་མཛེས་པའི་མཁར་གྲོང་འཛུགས་སྐྲུན་བྱེད་པའི་འཆར་འགོད་གང་འདོད་དུ་བསྒྱུར་བཅོས་དང་ལེགས་སྒྲིག་བྱས་ན།རིམ་པ་གོང་མའི་མི་དམངས་སྲིད་གཞུང་གིས་བཀའ་ཕབ་སྟེ་བསྒྱུར་དུ་འཇུག་དགོས་པ་དང་བརྡ་ཁྱབ་སྤེལ་ཏེ་སྐྱོན་བརྗོད་བྱེད་དགོས་ལ།མ་ཟད་ད་རུང་ཐད་ཀར་འགན་འཁུར་མཁན་གྱི་གཙོ་འགན་འཁུར་མཁན་དང་ཐད་ཀར་འགན་འཁུར་མཁན་གྱི་མི་སྣ་གཞན་དག་ལ་ཁྲིམས་ལྟར་ཆད་པ་གཅོད་དགོས།

དོན་ཚན་ང་གསུམ་པ། གཞུང་ཞབས་པས་མཐོ་སྒང་གི་མཛེས་པའི་མཁར་གྲོང་འཛུགས་སྐྲུན་བྱེད་པའི་གོ་རིམ་ཁྲོད་རང་འཁྲིའི་ལས་འགན་སྣང་མེད་དུ་འཇོག་པ་དང་འགན་དབང་གང་བྱུང་དུ་སྤྱོད་པ།ཉེར་ཕྱོགས་གཡོ་ཟོལ་བཅས་བྱེད་ན།ཁྲིམས་ལྟར་ཆད་པ་གཅོད་དགོས།

ལེའུ་དྲུག་པ། ཞར་བྱུང་།

དོན་ཚན་ང་བཞི་པ། སྲོལ་ཡིག་འདི2021ལོའི་ཟླ3པའི་ཚེས1ཉིན་ནས་བཟུང་ལག་བསྟར་བྱེད་རྒྱུ། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།