ཀྲུང་གོ་བོད་ཀྱི་དྲ་བ།

《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་དོན་ཁྲིམས་གཞུང(འཆར་ཟིན)》སྐོར་གྱི་གསལ་བཤད།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2020-05-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

2020ལོའི་ཟླ5ཚེས22ཉིན་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པའི་ཐོག    རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ། ཝང་ཁྲེན།

འཐུས་མི་རྣམ་པ།

ངས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་རྒྱུན་ལས་ཨུ་ལྷན་གྱི་བཀའ་མངགས་ལྟར《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་དོན་ཁྲིམས་གཞུང(འཆར་ཟིན)》སྐོར་གྱི་གསལ་བཤད་ཞུ་རྒྱུ་ཡིན།

གཅིག དམངས་དོན་ཁྲིམས་གཞུང་རྩོམ་སྒྲིག་བྱེད་པའི་དོན་སྙིང་གལ་ཆེན།

དམངས་དོན་ཁྲིམས་གཞུང་རྩོམ་སྒྲིག་བྱ་རྒྱུ་ནི་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་གཏན་ལ་ཕབ་པའི་ཆབ་སྲིད་ཀྱི་ལས་འགན་དང་ཁྲིམས་འཛུགས་ཀྱི་ལས་འགན་གལ་ཆེན་ཞིག་ཡིན་ལ། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བཏོན་པའི་ཁྲིམས་སྐྱོང་བཀོད་སྒྲིག་གལ་ཆེན་ཞིག་ཀྱང་ཡིན། དམངས་དོན་ཁྲིམས་གཞུང་རྩོམ་སྒྲིག་བྱ་རྒྱུ་ནི་རང་རྒྱལ་དུ་ད་ལྟ་ལག་བསྟར་བྱེད་བཞིན་པའི་དམངས་དོན་བཅའ་ཁྲིམས་ལམ་ལུགས་ཀྱི་ཚད་གཞིར་རྒྱུད་རིམ་ལྡན་པའི་སྡེབ་སྒྲིག་དང་དག་བཅོས་བྱས་པ་བརྒྱུད་དེ་ཉིད་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་འཕེལ་རྒྱས་གཏོང་བའི་བླང་བྱ་དང་འཚམ་ཞིང་། རང་རྒྱལ་གྱི་གནས་ཚུལ་དང་དོན་དངོས་དང་མཐུན་པ་དང་། སྒྲིག་གཞི་ཚན་རིག་དང་མཐུན་པ། གྲུབ་ཚུལ་དམ་ཚགས། ཚད་ལྡན་ལུགས་མཐུན། ནང་དོན་ཆ་ཚང་ཞིང་མཐུན་སྦྱོར་གཅིག་གྱུར་བཅས་ཡིན་པའི་ཁྲིམས་གཞུང་ཞིག་ཆགས་པ་བྱ་རྒྱུ་དེ་རེད། འདི་ནི་རྒྱུད་རིམ་ལྡན་ཞིང་གལ་འགངས་ཆེ་བའི་ཁྲིམས་འཛུགས་ལས་གྲྭ་ཞིག་ཡིན།

ཀྲུང་གོའི་མི་དམངས་ལ་དངོས་གནས་དབང་བའི་དམངས་དོན་ཁྲིམས་གཞུང་ཞིག་རྩོམ་སྒྲིག་བྱ་རྒྱུ་ནི་ཀྲུང་གོ་གསར་པའི་མི་རབས་ཁ་ཤས་ཀྱི་ཕུགས་འདུན་རེད། ཏང་དང་རྒྱལ་ཁབ་ཀྱིས་1954ལོ་དང་། 1962ལོ། 1979ལོ། 2001ལོ་བཅས་སྔ་རྗེས་སུ་དམངས་ཁྲིམས་གཏན་འབེབས་ཀྱི་ལས་དོན་ཐེངས་བཞི་སྤེལ་འགོ་ཚུགས་མྱོང་ཞིང་། རྒྱུ་རྐྱེན་མང་པོའི་དབང་གིས་སྤེལ་ཐེངས་དང་པོ་དང་གཉིས་པར་དོན་དངོས་ཀྱི་གྲུབ་འབྲས་ཐོབ་མེད། 1979ལོར་སྤེལ་ཐེངས་གསུམ་པར་འགོ་ཚུགས་མོད། སྒྱུར་བཅོས་སྒོ་འབྱེད་ཀྱི་དུས་སྐབས་གསར་པར་སླེབས་མ་ཐག་པའི་དབང་གིས་དམངས་དོན་ཁྲིམས་གཞུང་ཆ་ཚང་ཞིག་གཏན་འབེབས་བྱེད་པའི་ཆ་རྐྱེན་ད་དུང་འཛོམས་མེད། དེར་བརྟེན། སྐབས་དེར་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་ཁྲིམས་ལུགས་ཨུ་ལྷན་གྱི་ཁྲིམས་འཛུགས་ལས་དོན་འགོ་ཁྲིད་གནང་མཁན་བློ་མཐུན་ཕེང་ཀྲེན་དང་ཞི་ཀྲུང་ཞུན་སོགས་ཀྱིས་ཞིབ་འཇུག་གཏིང་ཟབ་གནང་རྗེས། ལོ་རབས་བརྒྱད་ཅུའི་དུས་འགོར“གནད་སྨིན་འཐུས་ཚང་གང་ཞིག་བྱུང་ན་དེར་གྲོས་འཆམ་ཡོང་བ་བྱ་རྒྱུའི”ལས་ཀའི་བསམ་ཕྱོགས་ལྟར་སྔོན་ལ་དམངས་དོན་ཁེར་སྤྱོད་བཅའ་ཁྲིམས་གཏན་འབེབས་བྱ་རྒྱུའི་གྲོས་ཐག་བཅད་པ་རེད། ད་ལྟ་ལག་བསྟར་བྱེད་བཞིན་པའི་ཤུལ་འཛིན་སྐོར་གྱི་བཅའ་ཁྲིམས་དང་། དམངས་ཁྲིམས་ཀྱི་སྤྱི་འགྲོས་རྩ་སྲོལ། ཁག་ཐེག་སྐོར་གྱི་བཅའ་ཁྲིམས། གན་རྒྱའི་སྐོར་གྱི་བཅའ་ཁྲིམས་དག་ནི་ལས་ཀའི་བསམ་ཕྱོགས་འདིའི་འོག་སྔ་རྗེས་སུ་གཏན་འབེབས་བྱས་པ་རེད། 2001ལོར་སྐབས་དགུ་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་རྒྱུན་ལས་ཨུ་ལྷན་གྱིས་སྒྲིག་འཛུགས་འོག《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་ཁྲིམས(འཆར་ཟིན)》འབྲི་འགོད་བྱས་པ་དང་འབྲེལ། 2002ལོའི་ཟླ་12པར་གྲོས་ཞིབ་ཐེངས་དང་པོ་བྱས་ཡོད། གྲོས་བསྡུར་དང་ཞིབ་འཇུག་བྱས་པ་བརྒྱུད་སྔར་བཞིན་མུ་མཐུད་ཁག་དབྱེ་ནས་ཁེར་སྤྱོད་བཅའ་ཁྲིམས་གཏན་འབེབས་བྱ་རྒྱུའི་བྱ་ཐབས་སྤྱད་དེ་རང་རྒྱལ་གྱི་དམངས་དོན་བཅའ་ཁྲིམས་ལམ་ལུགས་ཀྱི་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་རྒྱུའི་གཏན་ཁེལ་བྱས་ཡོད། 2003ལོར་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་པ་འཚོགས་ཚུན་རྒྱུ་དངོས་བདག་དབང་སྐོར་གྱི་བཅའ་ཁྲིམས་དང་། དབང་གནོད་འགན་འཁྲིའི་སྐོར་གྱི་བཅའ་ཁྲིམས། ཕྱི་འབྲེལ་དམངས་དོན་འབྲེལ་བའི་བཅའ་ཁྲིམས་སྤྱོད་འཐུས་ཀྱི་བཅའ་ཁྲིམས་སོགས་རིམ་བཞིན་གཏན་འབེབས་བྱས་ཡོད། སྤྱིའི་ཆ་ནས་བལྟས་ན། ལོ་མང་རིང་འབད་བརྩོན་བྱས་པར་བརྟེན་རང་རྒྱལ་གྱི་དམངས་དོན་ཁྲིམས་འཛུགས་ལས་ཀར་གྲུབ་འབྲས་ཐོབ་ཡོད་ཅིང་། ཅུང་ཆ་ཚང་བའི་དམངས་དོན་བཅའ་ཁྲིམས་ཀྱི་ཚད་ལྡན་མ་ལག་རིམ་བཞིན་ཆགས་པ་དང་། དམངས་དོན་ཁྲིམས་འཛིན་ལག་ལེན་ཐད་ལ་ཉམས་མྱོང་ཕུན་སུམ་ཚོགས་པོ་བསགས་པ། དམངས་དོན་བཅའ་ཁྲིམས་ཞབས་ཞུ་ཐད་ལ་ཡར་རྒྱས་མངོན་གསལ་དོད་པོ་བྱུང་བ། དམངས་ཁྲིམས་ཀྱི་རིགས་པའི་གཞུང་ལུགས་ཞིབ་འཇུག་ཆུ་ཚད་ཀྱང་མཐོ་ཙམ་དུ་ཕྱིན་པ། སྤྱི་ཚོགས་ཡོངས་ཀྱི་དམངས་དོན་ཁྲིམས་སྐྱོང་འདུ་ཤེས་འཛིན་ཤུགས་ཆེ་རུ་ཕྱིན་པ་བཅས་ཀྱིས་དམངས་དོན་ཁྲིམས་གཞུང་རྩོམ་སྒྲིག་བྱེད་པར་ལམ་ལུགས་ཀྱི་རྨང་གཞི་དང་། ལག་ལེན་གྱི་རྨང་གཞི། རིགས་པའི་གཞུང་ལུགས་ཀྱི་རྨང་གཞི། སྤྱི་ཚོགས་ཀྱི་རྨང་གཞི་བཅས་ཅུང་ལེགས་པོ་བཏིང་ཡོད། རང་རྒྱལ་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་དུ་འགྱུར་བའི་བྱ་གཞག་ཟམ་མི་ཆད་པར་འཕེལ་རྒྱས་འགྲོ་བ་དང་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་སྐུལ་འདེད་གཏིང་ཟབ་གཏོང་བ་དང་བསྟུན་ནས། མི་དམངས་མང་ཚོགས་དང་སྤྱི་ཚོགས་ཕྱོགས་ཁག་གིས་དམངས་དོན་ཁྲིམས་གཞུང་རྩོམ་སྒྲིག་དང་འདོན་པར་རེ་བ་ཧ་ཅང་ཆེན་པོ་བཅོལ་ཡོད།

ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་རྒྱུ་དེ་མངོན་གསལ་དོད་པའི་གནས་བབ་ཐོག་བཞག་ནས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་བ་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པར་སྐུལ་འདེད་བཏང་བས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་ཡོད། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཁྲོད་དམངས་དོན་ཁྲིམས་གཞུང་རྩོམ་སྒྲིག་བྱེད་པར་གལ་འགངས་ཆེ་ཞིང་གཏིང་ཟབ་པའི་དོན་སྙིང་ལྡན་ཡོད།

(གཅིག) དམངས་དོན་ཁྲིམས་གཞུང་རྩོམ་སྒྲིག་བྱེད་པ་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བའི་དངོས་ཡོད་ཀྱི་དགོས་མཁོ་ཡིན།

མིའི་རིགས་ཀྱི་ཤེས་དཔལ་ལོ་རྒྱུས་ལ་ཕྱི་མིག་བལྟས་ཚེ་ཁྲིམས་གཞུང་རྩོམ་སྒྲིག་བྱ་རྒྱུ་ནི་མཚོན་རྟགས་གྱི་དོན་སྙིང་གལ་ཆེན་ལྡན་པའི་ཁྲིམས་སྐྱོང་འཛུགས་སྐྲུན་གྱི་ལས་གྲྭ་ཞིག་དང་། རྒྱལ་ཁབ་ཅིག་དང་མི་རིགས་ཤིག་དར་རྒྱས་གོང་འཕེལ་གྱི་ཕྱོགས་སུ་སྐྱོད་པའི་མཚོན་བྱེད་དང་མཚོན་རྟགས་ཤིག་རེད། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70ལྷག་དང་ལྷག་པར་དུ་སྒྱུར་བཅོས་སྒོ་འབྱེད་བྱས་ནས་ལོ་ངོ་40ལྷག་འདས་པའི་རིང་ལ། ཀྲུང་གོའི་གུང་ཁྲན་ཏང་གིས་ཀྲུང་གོའི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་འབད་འཐབ་ལྷོད་མེད་བྱས་ཏེ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་ལམ་ལྷོང་ངང་བཏོད་པ་དང་། འཛམ་གླིང་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་པའི་འཕེལ་རྒྱས་ཀྱི་གྲུབ་འབྲས་ཐོབ་ཡོད་ཅིང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ལས་སྐྱེ་སྟོབས་ཆེན་པོ་དང་ཁྱད་འཕགས་ཀྱི་རང་བཞིན་མངོན་གསལ་དོད་པོ་མངོན་ཡོད། རང་རྒྱལ་གྱི་དམངས་དོན་བཅའ་ཁྲིམས་ལམ་ལུགས་ནི་ཏག་ཏག་དུས་སྐབས་གསར་པའི་སྒྱུར་བཅོས་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་དུ་འགྱུར་བའི་འཛུགས་སྐྲུན་གྱི་ལོ་རྒྱུས་འཕེལ་རིམ་དང་བསྟུན་ནས་ཆགས་པ་མ་ཟད་རྒྱུན་ཆད་མེད་པར་འཕེལ་རྒྱས་དང་འཐུས་སྒོ་ཚང་དུ་ཕྱིན་པ་ཞིག་ཡིན་པས། དེ་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བཅའ་ཁྲིམས་ལམ་ལུགས་ཀྱི་གྲུབ་ཆ་གལ་ཆེན་ཞིག་རེད། ལམ་ལུགས་འཛུགས་སྐྱོང་གི་གྲུབ་འབྲས་དང་ལག་ལེན་གྱི་ཉམས་མྱོང་རྒྱུད་རིམ་ལྡན་པའི་ཕྱོགས་སྡོམ་བྱས་པའི་རྨང་གཞིའི་ཐོག་ཀྲུང་གོའི་ཁྱད་ཆོས་ལྡན་པ་དང་། དུས་རབས་ཀྱི་ཁྱད་ཆོས་མངོན་པ། མི་དམངས་ཀྱི་འདོད་བློ་མཚོན་པ་བཅས་ཀྱི་དམངས་དོན་ཁྲིམས་གཞུང་ཞིག་རྩོམ་སྒྲིག་བྱས་པ་དེས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བཅའ་ཁྲིམས་ལམ་ལུགས་ཀྱི་གྲུབ་འབྲས་དང་ལམ་ལུགས་ཀྱི་གདེང་ཚོད་གང་ལེགས་མངོན་ཐུབ་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་རྒྱུན་ཆད་མེད་པར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་དང་འགན་ལེན་ཐུབ་པ་མ་ཟད། མིའི་རིགས་ཀྱི་ཁྲིམས་སྐྱོང་ཤེས་དཔལ་འཕེལ་རྒྱས་དང་ཡར་ཐོན་འགྲོ་ཆེད་ཀྲུང་གོའི་བློ་གྲོས་དང་ཀྲུང་གོའི་ཇུས་གཞི་ལེགས་སྐྱེས་སུ་འབུལ་ཐུབ།

(གཉིས) དམངས་དོན་ཁྲིམས་གཞུང་རྩོམ་སྒྲིག་བྱེད་པ་ནི་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་སྐུལ་འདེད་གཏོང་བ་དང་། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཡིན། 

དམངས་ཁྲིམས་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བཅའ་ཁྲིམས་མ་ལག་གི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་དང་། དམངས་དོན་ཁྱབ་ཁོངས་ཀྱི་རྨང་གཞིའི་རང་བཞིན་དང་ཕྱོགས་བསྡུས་རང་བཞིན་ལྡན་པའི་བཅའ་ཁྲིམས་ཤིག་ཡིན་ཞིང་། དེས་དམངས་དོན་བྱེད་པོ་ཁག་གི་མི་ལུས་ཀྱི་འབྲེལ་བ་དང་རྒྱུ་ནོར་གྱི་འབྲེལ་བ་སྣ་ཚོགས་ཚད་ལྡན་དུ་བཏང་བ་དང་། སྤྱི་ཚོགས་དང་དཔལ་འབྱོར་འཚོ་བའི་ཕྱོགས་གང་ས་ཅི་ཐད་དང་འབྲེལ་བ་ཡོད་པས་འདི་ལ“སྤྱི་ཚོགས་འཚོ་བའི་ཤེས་བྱ་ཀུན་བཏུས”ཞེས་འབོད་ཀྱི་ཡོད། འཐུས་སྒོ་ཚང་བའི་བཅའ་ཁྲིམས་ཚད་ལྡན་མ་ལག་འཛུགས་པ་དང་འཐུས་ཚང་དུ་གཏོང་བ་དང་། ཁྲིམས་བཟང་ལ་བརྟེན་ནས་བཅོས་སྐྱོང་ལེགས་པོ་ཡོང་བ་འགན་སྲུང་བྱ་རྒྱུ་ནི་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་སྔོན་འགྲོའི་ཆ་རྐྱེན་དང་རྨང་གཞི་ཡིན། དམངས་ཁྲིམས་ཀྱིས་དམངས་དོན་གྱི་བྱེད་པོ་དང་། དམངས་དོན་གྱི་ཁེ་དབང་། དམངས་དོན་གྱི་ཁྲིམས་འབྲེལ་བྱ་སྤྱོད། དམངས་དོན་གྱི་ཁག་འགན་སོགས་དམངས་དོན་གྱི་སྤྱིའི་རྩ་དོན་ལམ་ལུགས་བཙུགས་པ་དང་། རྒྱུ་དངོས་བདག་དབང་དང་། གན་རྒྱ། མི་གཞིའི་དབང་ཆ། གཉེན་སྒྲིག་ཁྱིམ་ཚང་། ཤུལ་འཛིན། དབང་གནོད་འགན་འཁྲི་སོགས་དམངས་དོན་གྱི་ནང་གསེས་རྩ་དོན་ལམ་ལུགས་བཙུགས་པ་བརྒྱུད་དེ་དམངས་དོན་གྱི་འབྲེལ་བ་སྣ་ཚོགས་ལེགས་སྒྲིག་བྱེད་ཀྱི་ཡོད། དམངས་ཁྲིམས་དང་རྒྱལ་ཁབ་ཀྱི་ཁྱབ་ཁོངས་གཞན་དག་གི་བཅའ་ཁྲིམས་ཚད་གཞི་གཅིག་ཏུ་བསྒྱུར་ནས་རྒྱལ་ཁབ་ཀྱི་ལམ་ལུགས་དང་རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་ལ་འདེགས་སྐྱོར་བྱེད་ཀྱི་ཡོད་པས་དེ་ནི་རྒྱལ་ཁབ་ཀྱི་ལམ་ལུགས་དང་རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་རྒྱུན་ལྡན་དང་ནུས་ལྡན་ངང་འཁོར་སྐྱོད་ཐུབ་པར་འགན་ལེན་བྱེད་པའི་རྨང་གཞིའི་རང་བཞིན་གྱི་བཅའ་ཁྲིམས་ཚད་གཞི་ཞིག་རེད། དམངས་དོན་ཁྲིམས་གཞུང་རྩོམ་སྒྲིག་བྱེད་པ་ནི་རང་རྒྱལ་གྱི་དམངས་དོན་ཁྲིམས་འཛུགས་དང་ཁྲིམས་འཛིན་གྱི་ལག་ལེན་ཉམས་མྱོང་ཕྱོགས་ཡོངས་ནས་ཕྱོགས་སྡོམ་བྱས་ཏེ། ད་ལྟ་ལག་ལེན་བསྟར་བཞིན་པའི་དམངས་དོན་ཁེར་སྤྱོད་བཅའ་ཁྲིམས་ལ་རྒྱུད་རིམ་ལྡན་པའི་རྩོམ་སྒྲིག་དག་བཅོས་དང་། འབྲེལ་ཡོད་ཚད་ལྡན་དམངས་དོན་བཅའ་ཁྲིམས་དག་ཕྱོགས་བསྡུས་རང་བཞིན་གྱི་ཁྲིམས་གཞུང་ཞིག་ཏུ་རྩོམ་སྒྲིག་བྱས་ཏེ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བཅའ་ཁྲིམས་མ་ལག་རྒྱུན་ཆད་མེད་པར་འཐུས་ཚང་དུ་གཏོང་ཕྱིར་དེ་ཡིན། དེས་ཁྲིམས་སྐྱོང་གི་བྱེད་ཐབས་ལ་བརྟེན་ནས་རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ་དང་། རྩ་བ་བརྟན་པོ་དང་། སྔོན་དཔག་བརྟན་པོ། ཕུགས་ལ་ཕན་པ་བཅས་བྱེད་པའི་ཁྲིམས་སྐྱོང་གི་འགན་ལེན་ནུས་པ་འདོན་སྤེལ་གང་ལེགས་བྱེད་པར་དོན་སྙིང་གལ་ཆེན་ལྡན་ཡོད།

(གསུམ) དམངས་དོན་ཁྲིམས་གཞུང་རྩོམ་སྒྲིག་བྱེད་པ་ནི་སྤྱི་ཚོགས་རིང་ལུགས་ཀྱི་གཞི་རྩའི་དཔལ་འབྱོར་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བ་དང་། དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བའི་དོན་དངོས་དང་མཐུན་པའི་བླང་བྱ་ཡིན།

སྤྱི་ལ་དབང་བའི་ལམ་ལུགས་གཙོ་བོར་འཛིན་ཞིང་དབང་བའི་ལམ་ལུགས་སྣ་མང་གི་དཔལ་འབྱོར་མཉམ་དུ་འཕེལ་རྒྱས་གཏོང་བ་དང་། རྩོལ་བསྟུན་ཐོབ་སྤྲོད་གཙོ་བོར་འཛིན་ཞིང་བགོ་བཤའ་རྒྱག་སྟངས་སྣ་མང་མཉམ་དུ་གནས་པ། སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་སྒྲིག་སྲོལ་སོགས་སྤྱི་ཚོགས་རིང་ལུགས་ཀྱི་གཞི་རྩའི་དཔལ་འབྱོར་ལམ་ལུགས་ནི་ཁྲིམས་སྐྱོང་རྨང་གཞིར་བྱེད་པ་དང་། ཁྲིམས་སྐྱོང་གི་བགྲོད་ལམ་ཐོག་འཁོར་སྐྱོད་བྱེད་པ། ཁྲིམས་སྐྱོང་གི་སྒྲིག་སྲོལ་ལྟར་ལེགས་སྒྲིག་བྱེད་པ་བཅས་ཀྱི་དཔལ་འབྱོར་ལམ་ལུགས་ཤིག་ཡིན་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་གྱི་ངོ་བོ་ནི་ཁྲིམས་སྐྱོང་དཔལ་འབྱོར་ཡིན། རང་རྒྱལ་གྱི་དམངས་དོན་བྱེད་པོའི་ལམ་ལུགས་ཁྲོད་ཀྱི་ཁྲིམས་མིའི་ལམ་ལུགས་དང་། དམངས་དོན་འགུལ་སྐྱོད་ཚད་ལྡན་དུ་གཏོང་བའི་དམངས་དོན་ཁྲིམས་འབྲེལ་བྱ་སྤྱོད་ལམ་ལུགས་དང་ལས་ཚབ་ལམ་ལུགས། རྒྱུ་ནོར་འབྲེལ་བ་སྣ་ཚོགས་ལེགས་སྒྲིག་བྱེད་པའི་རྒྱུ་དངོས་བདག་དབང་ལམ་ལུགས། ཉོ་ཚོང་འབྲེལ་བ་སྣ་ཚོགས་ལེགས་སྒྲིག་བྱེད་པའི་གན་རྒྱའི་ལམ་ལུགས། དམངས་དོན་ཁེ་དབང་ལ་སྲུང་སྐྱོང་དང་རྒུད་སྐྱོབ་བྱེད་པའི་དབང་གནོད་འགན་འཁྲིའི་ལམ་ལུགས་བཅས་ཚང་མ་ནི་སྤྱི་ཚོགས་རིང་ལུགས་ཀྱི་གཞི་རྩའི་དཔལ་འབྱོར་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བར་མེད་དུ་མི་རུང་བའི་བཅའ་ཁྲིམས་ལམ་ལུགས་ཀྱི་ཚད་གཞི་དང་བྱ་སྤྱོད་ཀྱི་སྒྲིག་སྲོལ་ཡིན། དུས་མཚུངས་སུ་རང་རྒྱལ་གྱི་དམངས་དོན་བཅའ་ཁྲིམས་ལམ་ལུགས་ཀྱི་འཛུགས་སྐྱོང་ཐད་ལ་ཐོག་མཐའ་བར་གསུམ་དུ“དམངས་ཚོང་གཅིག་སྒྲིལ”གྱི་སྲོལ་རྒྱུན་རྒྱུན་འཁྱོངས་བྱས་ནས་ཚོང་དོན་བཅའ་ཁྲིམས་མང་པོ་ཞིག་གི་ཚད་གཞི་དག་དམངས་ཁྲིམས་ཀྱི་ནང་བཅུག་ཡོད། དམངས་དོན་ཁྲིམས་གཞུང་རྩོམ་སྒྲིག་བྱས་པར་བརྟེན་ནས་རང་རྒྱལ་གྱི་དམངས་དོན་ཚོང་དོན་ཁྱབ་ཁོངས་ཀྱི་གཞི་རྩའི་བཅའ་ཁྲིམས་ལམ་ལུགས་དང་བྱ་སྤྱོད་ཀྱི་སྒྲིག་སྲོལ་སྔར་བས་འཐུས་ཚང་དུ་བཏང་སྟེ། དམངས་དོན་ཚོང་དོན་བྱེད་སྒོ་སྣ་ཚོགས་ལ་གཞི་རྩའི་གཞི་འཛིན་ས་འདོན་སྤྲོད་བྱས་ན། དམངས་དོན་བྱེད་པོའི་ཧུར་བརྩོན་རང་བཞིན་དང་གསར་གཏོད་རང་བཞིན་སྐུལ་སློང་གང་ལེགས་བྱེད་པ་དང་། ཉོ་ཚོང་བདེ་འཇགས་སྲུང་སྐྱོང་། ཚོང་རའི་སྒྲིག་ལམ་སྲུང་སྐྱོང་བཅས་བྱེད་པར་ཕན་ཐོགས་ཡོད་པ་དང་། དབང་བའི་ལམ་ལུགས་སྣ་ཚོགས་ཀྱི་བྱེད་པོས་ཁྲིམས་ལྟར་ཐོན་ཁུངས་ཀྱི་རྒྱུ་རྐྱེན་གཙོ་བོ་བེད་སྤྱོད་འདྲ་མཉམ་བྱེད་པ་དང་། ཡོངས་བསྒྲགས་དང་། དྲང་གཞག དྲང་སྙོམས་བཅས་ཀྱི་སྒོ་ནས་འགྲན་རྩོད་ནང་ཞུགས་པ། བཅའ་ཁྲིམས་ཀྱི་སྲུང་སྐྱོབ་འདྲ་མཉམ་ཐོབ་པ་བཅས་ཀྱི་ཚོང་རའི་ཁོར་ཡུག་བསྐྲུན་ནས། དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བར་ཕན་ཐོགས་ཡོད།

(བཞི) དམངས་དོན་ཁྲིམས་གཞུང་རྩོམ་སྒྲིག་བྱེད་པ་ནི་མི་དམངས་ལ་བདེ་སྐྱིད་ཇེ་མང་ཡོང་བ་བྱེད་པ་དང་ཆེས་རྒྱ་ཆེ་བའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་སྲུང་སྐྱོང་བྱེད་པའི་བླང་བྱ་ལྡོག་མེད་ཡིན། 

ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་འཛུགས་སྐྲུན་གྱི་རྩ་བའི་དམིགས་ཡུལ་ནི་མི་དམངས་ཀྱི་ཁེ་དབང་འགན་སྲུང་བྱེད་རྒྱུ་དེ་ཡིན། སྒྱུར་བཅོས་སྒོ་འབྱེད་བྱས་པ་ནས་བཟུང་། རང་རྒྱལ་གྱི་དམངས་དོན་བཅའ་ཁྲིམས་ལམ་ལུགས་རིམ་བཞིན་འཐུས་ཚང་དང་འཕེལ་རྒྱས་བྱུང་བ་དང་། སྤྱི་དམངས་ཀྱི་དམངས་དོན་ཁེ་དབང་ལ་ཡང་སྲུང་སྐྱོབ་གང་ལེགས་ཐོབ་ཡོད། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་པས། རང་རྒྱལ་སྤྱི་ཚོགས་ཀྱི་འགལ་བ་གཙོ་བོར་འགྱུར་ལྡོག་བྱུང་བ་དང་། དཔལ་འབྱོར་འཕེལ་རྒྱས་དང་རྒྱལ་དམངས་རྒྱུ་ནོར་རྒྱུན་ཆད་མེད་པར་གསོག་འཇོག་བྱས་པ། ཆ་འཕྲིན་ཅན་དང་གཞི་གྲངས་ཆེན་པོའི་དུས་རབས་སླེབས་པ་བཅས་དང་བསྟུན་ནས། དམངས་གཙོ་དང་། ཁྲིམས་སྐྱོང་། དྲང་གཞག དྲང་བདེན། བདེ་འཇགས། ཁོར་ཡུག་སོགས་ཐད་ཀྱི་མི་དམངས་མང་ཚོགས་ཀྱི་དགོས་མཁོ་ཉིན་བཞིན་ཆེ་རུ་འགྲོ་བཞིན་ཡོད་པ་དང་ཆགས་ཅིག་ཁེ་དབང་སྲུང་སྐྱོང་སྔར་བས་གང་ལེགས་དང་སྔར་བས་ཕན་ནུས་ལྡན་པར་བྱ་རྒྱུའི་རེ་བ་ཡོད། ཏང་གི་ཚོགས་ཆེན་བཅུ་དགུ་པས་གསལ་པོར་བསྟན་དོན། མི་དམངས་ཀྱི་མི་ལུས་ཀྱི་བདག་དབང་དང་། རྒྱུ་ནོར་གྱི་དབང་ཆ། མི་གཞིའི་དབང་ཆ་བཅས་སྲུང་སྐྱོང་བྱེད་དགོས། ད་ལྟ་སྤྱོད་བཞིན་པའི་དམངས་དོན་ཁྲིམས་འཛུགས་ཁྲོད་ཀྱི་ཚད་གཞི་ཁ་ཤས་རྗེས་སུ་ལུས་ཡོད་པས། མི་དམངས་ཀྱི་ཉིན་བཞིན་ཆེ་རུ་འགྲོ་བཞིན་པའི་དགའ་སྐྱིད་ལྡན་པའི་འཚོ་བའི་དགོས་མཁོ་དང་འཚམ་དཀའ། དམངས་དོན་ཁྲིམས་གཞུང་རྩོམ་སྒྲིག་དང་། དམངས་དོན་གྱི་ཁེ་དབང་སྣ་རིགས་འཐུས་ཚང་དང་གང་ཚང་དུ་གཏོང་བ། སྔར་བས་ཆ་ཚང་བའི་དམངས་དོན་གྱི་ཁེ་དབང་མ་ལག་ཆགས་པ། ཁེ་དབང་སྲུང་སྐྱོང་དང་རྒུད་སྐྱོབ་སྒྲིག་སྲོལ་འཐུས་ཚང་དུ་གཏོང་བ། ཚད་ལྡན་ནུས་ལྡན་གྱི་ཁེ་དབང་སྲུང་སྐྱོང་ལམ་སྲོལ་ཆགས་པ་བཅས་བྱས་ན། མི་དམངས་ཀྱི་ཁེ་དབང་སྔར་ལས་ལེགས་པར་སྲུང་སྐྱོང་དང་། མི་དམངས་མང་ཚོགས་ཀྱི་ཐོབ་ཚོར་དང་། བདེ་སྐྱིད་ཚོར་སེམས། བདེ་འཇགས་ཚོར་སེམས་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་བ། མི་ཕྱོགས་ཡོངས་ནས་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བ་བཅས་ལ་དོན་སྙིང་ཧ་ཅང་གལ་ཆེན་ལྡན་པ་རེད།

གཉིས། དམངས་དོན་ཁྲིམས་གཞུང་རྩོམ་སྒྲིག་བྱེད་པའི་སྤྱིའི་བླང་བྱ་དང་གཞི་རྩའི་རྩ་དོན།

དམངས་དོན་ཁྲིམས་གཞུང་ནི་ཁྲིམས་གཞུང་ཞེས་མིང་བཏགས་པའི་ཀྲུང་གོ་གསར་པའི་བཅའ་ཁྲིམས་ཐོག་མ་དེ་ཡིན་ཞིང་། རང་རྒྱལ་དུ་ཁྲིམས་གཞུང་རྩོམ་སྒྲིག་གིས་ཁྲིམས་འཛུགས་པའི་སྲོལ་བཏོད་ཡོད་པས་ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་ཡོད། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་དམངས་དོན་ཁྲིམས་གཞུང་རྩོམ་སྒྲིག་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་ནས་དམངས་དོན་ཁྲིམས་གཞུང་རྩོམ་སྒྲིག་བྱ་རྒྱུ་དེ་ཏང་ཀྲུང་དབྱང་གི་ལས་ཀའི་གྲོས་རིམ་གལ་ཆེན་ནང་བཅུག་པ་མ་ཟད། དམངས་དོན་ཁྲིམས་གཞུང་རྩོམ་སྒྲིག་ལས་དོན་གྱི་ལས་འགན་ལ་སྤྱིའི་བཀོད་སྒྲིག་དང་བླང་བྱ་ཁ་གསལ་བཏོན་གནང་བ་རེད། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པ་དང་བཅུ་གསུམ་པའི་རྒྱུན་ལས་ཨུ་ལྷན་གྱིས་ཁྲིམས་འཛུགས་ལས་དོན་འདི་ལ་ཚད་མཐོའི་མཐོང་ཆེན་གནང་སྟེ། དམངས་དོན་ཁྲིམས་གཞུང་རྩོམ་སྒྲིག་བྱ་རྒྱུ་དེ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་རྒྱུན་ལས་ཨུ་ལྷན་གྱི་ཁྲིམས་འཛུགས་འཆར་འགོད་དང་ལོ་འཁོར་ཁྲིམས་འཛུགས་ལས་ཀའི་འཆར་གཞིའི་ནང་བཅུག་ནས། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་རྒྱུན་ལས་ཨུ་ལྷན་གྱི་ཁྲིམས་འཛུགས་ལས་དོན་གྱི་གཙོ་གནད་ལས་གཞི་ཞིག་ཏུ་གཏན་འཁེལ་བྱས་པ་དང་ཧུར་བརྩོན་ཆེན་པོས་རྒྱུན་མཐུད་ངང་སྐུལ་འདེད་གཏོང་བཞིན་ཡོད། དམངས་དོན་ཁྲིམས་གཞུང་རྩོམ་སྒྲིག་ལས་དོན་ཡག་པོ་བསྒྲུབ་ཆེད། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་རྒྱུན་ལས་ཨུ་ལྷན་ཏང་ཙུའུ་ཡིས་སྔ་རྗེས་སུ་ཏང་ཀྲུང་དབྱང་ལ་དགོངས་སྐོར་དང་སྙན་ཞུ་ཐེངས་མང་ཕུལ་ནས། དམངས་དོན་ཁྲིམས་གཞུང་རྩོམ་སྒྲིག་ལས་དོན་གྱི་སྤྱིའི་བསམ་གཞིག་དང་། ལས་ཀའི་གོ་རིམ། སྒྲིག་སྟངས་གྲུབ་ཚུལ་སོགས་གནད་དོན་གལ་ཆེན་སྐོར་སྙན་སེང་ཞུས་པ་རེད། 2016ལོའི་ཟླ་6པ་དང་། 2018ལོའི་ཟླ་8པ། 2019ལོའི་ཟླ་12པ་བཅས་ལ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་གཙོ་སྐྱོང་ཐེངས་གསུམ་གནང་ནས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་རྒྱུན་ལས་ཨུ་ལྷན་ཏང་ཙུའུ་ཡིས་དམངས་དོན་ཁྲིམས་གཞུང་རྩོམ་སྒྲིག་ལས་དོན་ཐད་གནང་བའི་དགོངས་སྐོར་སྙན་སེང་གསན་པ་དང་འབྲེལ་རྩ་དོན་ཐོག་ནས་མོས་མཐུན་ཡང་གནང་བ་དང་། དམངས་དོན་ཁྲིམས་གཞུང་རྩོམ་སྒྲིག་ལས་དོན་ཐད་མཛུབ་སྟོན་གལ་ཆེན་གནང་ཡོད་པས་དམངས་དོན་ཁྲིམས་གཞུང་རྩོམ་སྒྲིག་ལས་དོན་ལ་མཛུབ་ཁྲིད་གལ་ཆེན་དང་གཞི་རྩའི་གཞི་འཛིན་ས་མཁོ་འདོན་གནང་ཡོད།

དམངས་དོན་ཁྲིམས་གཞུང་རྩོམ་སྒྲིག་བྱེད་པའི་སློབ་སྟོན་བསམ་བློ་ནི། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་རླབས་པོ་ཆེ་མཐོན་པོར་བསྒྲེངས་ནས། མར་ཁེ་སི་ལེ་ཉིན་རིང་ལུགས་དང་། མའོ་ཙེ་ཏུང་གི་དགོངས་པ། ཏེང་ཞའོ་ཕིན་གྱི་རིགས་པའི་གཞུང་ལུགས། “མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་བཅས་སློབ་སྟོན་དུ་བཟུང་སྟེ། “འདུ་ཤེས་བཞི”འཛིན་ཤུགས་ཆེ་རུ་གཏོང་བ་དང་། “གདེང་ཚོད་བཞི”ཇེ་བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”བྱེད་ཐུབ་པར་བྱེད་པ། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་ཚོགས་ཆེན་བཅུ་དགུ་པ། འབྲེལ་ཡོད་ཀྲུང་དབྱང་ཚང་འཛོམས་གྲོས་ཚོགས་བཅས་ཀྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་ལེན་མཐར་ཕྱིན་བསྟར་བ། ཏང་གིས་འགོ་ཁྲིད་བྱེད་པ་དང་། མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པ། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་བཅས་གཅིག་གྱུར་དམ་ཚགས་བྱ་རྒྱུ་རྒྱུན་འཁྱོངས། “ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་པ་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་གཏོང་བ་དང“ཕྱོགས་ཡོངས་བཞི”ཡི་འཐབ་ཇུས་བཀོད་པ་མཐུན་སྦྱོར་ངང་སྐུལ་འདེད་གཏོང་བར་རྩེ་གཅིག་ཏུ་དམིགས་པ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་མ་ལག་འཛུགས་སྐྱོང་དང་། སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རྒྱལ་ཁབ་འཛུགས་སྐྱོང་ལ་རྩེ་གཅིག་ཏུ་དམིགས་པ། ལག་ལེན་གྱི་ཉམས་མྱོང་ཕྱོགས་སྡོམ་བྱེད་པ། དུས་རབས་ཀྱི་བླང་བྱ་དང་བསྟུན་པ་བཅས་བྱས་ནས། རང་རྒྱལ་དུ་ད་ལྟ་ལག་བསྟར་བྱེད་བཞིན་ཡོད་ལ་དུས་སྐབས་མི་འདྲ་བར་གཏན་ལ་ཕབ་པའི་དམངས་ཁྲིམས་ཀྱི་སྤྱི་འགྲོས་རྩ་སྲོལ་དང་། རྒྱུ་དངོས་བདག་དབང་སྐོར་གྱི་བཅའ་ཁྲིམས། གན་རྒྱའི་སྐོར་གྱི་བཅའ་ཁྲིམས། ཁག་ཐེག་སྐོར་གྱི་བཅའ་ཁྲིམས། གཉེན་སྒྲིག་སྐོར་གྱི་བཅའ་ཁྲིམས། ཉར་གསོའི་སྐོར་གྱི་བཅའ་ཁྲིམས། ཤུལ་འཛིན་སྐོར་གྱི་བཅའ་ཁྲིམས། དབང་གནོད་འགན་འཁྲིའི་སྐོར་གྱི་བཅའ་ཁྲིམས། མི་གཞིའི་དབང་ཆ་བཅས་ཀྱི་ཐད་ཀྱི་དམངས་དོན་བཅའ་ཁྲིམས་ཀྱི་ཚད་གཞི་ལ་ཕྱོགས་ཡོངས་ནས་རྒྱུད་རིམ་ལྡན་པའི་སྒོ་ནས་རྩོམ་སྒྲིག་དག་བཅོས་བྱས་ནས། ཀྲུང་གོའི་ཁྱད་ཆོས་ལྡན་པ་དང་། དུས་རབས་ཀྱི་ཁྱད་ཆོས་མངོན་པ། མི་དམངས་ཀྱི་འདོད་བློ་མཚོན་པ་བཅས་ཀྱི་དམངས་དོན་ཁྲིམས་གཞུང་ཞིག་ཆགས་པ་བྱས་ནས། དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་མཐའ་འཁྱོངས་དང་འཐུས་ཚང་དུ་གཏོང་བ་དང་། “ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་ཡོང་བ། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་བ་བཅས་བྱེད་ཆེད་ཆ་ཚང་བའི་དམངས་དོན་ཁྲིམས་སྐྱོང་གི་འགན་ལེན་འདོན་སྤྲོད་བྱེད་དགོས།

གོང་གསལ་གྱི་སློབ་སྟོན་བསམ་བློ་ལག་ལེན་མཐར་ཕྱིན་བསྟར་ནས་དམངས་དོན་ཁྲིམས་གཞུང་རྩོམ་སྒྲིག་ལས་ཀ་དངོས་སུ་ལེགས་པར་བསྒྲུབ་བསམས་ན། ངེས་པར་དུ་གཤམ་གསལ་གྱི་གཞི་རྩའི་རྩ་དོན་བརྩི་སྲུང་དང་མཚོན་པར་བྱ་དགོས་པ་སྟེ།

གསུམ། དམངས་དོན་ཁྲིམས་གཞུང་རྩོམ་སྒྲིག་ལས་དོན་བསྒྲུབས་ཚུལ།

གཅིག་ནི་ཆབ་སྲིད་ཀྱི་ཁ་ཕྱོགས་ཡང་དག་པ་མཐའ་འཁྱོངས་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་འདུ་ཤེས་གསར་པ་དང་། དགོངས་པ་གསར་པ། འཐབ་ཇུས་གསར་པ་བཅས་ཕྱོགས་ཡོངས་ནས་ལག་ལེན་མཐར་ཕྱིན་བསྟར་བ། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་མཐའ་གཅིག་ཏུ་བྱེད་པ། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ་མཐའ་འཁྱོངས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་མཐའ་འཁྱོངས་དང་འཐུས་ཚང་དུ་གཏོང་བ་དང་། རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བའི་ཁྲོད་ཀྱི་དམངས་དོན་ཁྲིམས་གཞུང་གི་ནུས་པ་གལ་ཆེན་འདོན་སྤེལ་གང་ལེགས་བཅས་བྱེད་དགོས། གཉིས་ནི་མི་དམངས་ལྟེ་བར་འཛིན་རྒྱུ་མཐའ་འཁྱོངས་དང་། དམངས་དོན་གྱི་ཁེ་དབང་སྲུང་སྐྱོང་བྱ་རྒྱུ་དེ་འགོ་འཛུགས་ས་དང་དོན་ལ་བབས་སར་བྱེད་པ། མི་དམངས་ཀྱི་ཁྲིམས་སྐྱོང་དགོས་མཁོར་བརྡ་ལན་ཏན་ཏིག་སློག་པ། མི་དམངས་ཀྱི་ཉིན་བཞིན་ཆེ་རུ་འགྲོ་བའི་དགའ་སྐྱིད་ལྡན་པའི་འཚོ་བའི་དགོས་མཁོ་དེ་བས་ལེགས་པའི་སྒོ་ནས་སྐོང་བ། ཆེས་རྒྱ་ཆེ་བའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་མངོན་འགྱུར་ཡག་པོ་དང་། སྲུང་སྐྱོང་ཡག་པོ། འཕེལ་རྒྱས་ཡག་པོ་བཅས་བྱས་ནས་དམངས་དོན་ཁྲིམས་གཞུང་དེ་དུས་རབས་གསར་པར་མི་དམངས་ཀྱི་དམངས་དོན་ཁེ་དབང་སྲུང་སྐྱོང་བྱེད་པའི་ཁྲིམས་གཞུང་ཡག་པོ་ཞིག་ཏུ་འགྱུར་བར་བྱེད་དགོས། གསུམ་ནི་རྒྱལ་ཁབ་ཀྱི་གནས་ཚུལ་དང་དོན་དངོས་ལ་གཞི་ཚུགས་རྒྱུ་མཐའ་འཁྱོངས་ཀྱིས་རང་རྒྱལ་གྱིས་སྒྱུར་བཅོས་སྒོ་འབྱེད་བྱས་ནས་ལོ་ངོ་40ལྷག་ཙམ་སོང་རིང་གི་དམངས་དོན་ཁྲིམས་འཛུགས་དང་ལག་ལེན་ཉམས་མྱོང་ཁྱོན་ཡོངས་ནས་ཕྱོགས་བསྡོམས་བྱས་ནས། ཁྲིམས་གཞུང་ཅན་གྱི་བྱ་ཐབས་ལ་བརྟེན་ནས་དམངས་དོན་ཁྲིམས་སྐྱོང་འཛུགས་སྐྱོང་གི་གྲུབ་འབྲས་སྲ་བརྟན་དང་། ངོས་འཛིན། འཕེལ་རྒྱས་བཅས་གཏོང་བ་དང་། ལག་ལེན་གྱི་དགོས་མཁོར་བརྟེན་ནས་ཁྲིམས་འཛུགས་ཁ་ཕྱོགས་ལ་ཁྲིད་སྟོན་བྱེད་པ། དམངས་དོན་བཅའ་ཁྲིམས་ལམ་ལུགས་ཀྱི་དམིགས་སའི་རང་བཞིན་དང་། ནུས་ལྡན་རང་བཞིན། མཐུན་འཕྲོད་རང་བཞིན་བཅས་ཆེ་རུ་བཏང་ནས་ཁྲིམས་སྐྱོང་གི་སྣེ་ཁྲིད་དང་། ཚད་ལྡན། འགན་ལེན་བཅས་ཀྱི་ནུས་པ་འདོན་སྤེལ་བྱེད་དགོས། བཞི་ནི་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་དང་སྤྱོད་བཟང་ལ་བརྟེན་ནས་རྒྱལ་ཁབ་སྐྱོང་བ་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དེ་དམངས་དོན་བཅའ་ཁྲིམས་ཀྱི་ཚད་གཞིར་མཉམ་འདྲེས་བྱ་རྒྱུར་སྣང་ཆེན་བྱེད་པ་དང་། སྲོལ་རྒྱུན་གྱི་སྤྱོད་བཟང་དང་སྤྱི་ཚོགས་ཀྱི་ཀུན་སྤྱོད་དར་སྤེལ་ཤུགས་ཆེན་གཏོང་བ། སྒྲིག་སྲོལ་གྱི་འདུ་ཤེས་ཟབ་ཏུ་གཏོང་བ། གན་རྒྱའི་སྙིང་སྟོབས་དར་སྤེལ་གཏོང་བ། སྤྱི་སྒྲིག་དང་སྲོལ་བཟང་སྲུང་སྐྱོང་བཅས་བྱེད་དགོས། ལྔ་ནི་ཚན་རིག་དང་མཐུན་པའི་ཁྲིམས་འཛུགས་དང་། དམངས་གཙོའི་ཁྲིམས་འཛུགས། ཁྲིམས་ལྟར་ཁྲིམས་འཛུགས་བཅས་རྒྱུན་འཁྱོངས་བྱས་ཏེ་དམངས་དོན་བཅའ་ཁྲིམས་ཀྱི་ཚད་གཞི་ལ་ལྡན་པའི་རྒྱུད་རིམ་རང་བཞིན་དང་འཐུས་ཚང་རང་བཞིན་རྒྱུན་ཆད་མེད་པར་ཇེ་དྲག་ཏུ་བཏང་སྟེ། དམངས་དོན་བཅའ་ཁྲིམས་ལམ་ལུགས་ཀྱི་རྒྱུན་མཐུད་རང་བཞིན་དང་བརྟན་བརླིང་རང་བཞིན་སྲུང་འཛིན་བྱེད་དགོས་ལ། ཚད་རན་པའི་རྒྱང་ལྟའི་རང་བཞིན་དང་སྒོ་འབྱེད་རང་བཞིན་ཡང་སྲུང་འཛིན་བྱེད་དགོས་ཤིང་། དུས་མཚུངས་སུ་ཁྲིམས་གཞུང་ཅན་གྱི་དམངས་དོན་བཅའ་ཁྲིམས་ལམ་ལུགས་འོག་གི་ཚད་གཞི་སྣ་ཚོགས་བར་གྱི་འབྲེལ་བ་ཐག་གཅོད་ལེགས་པོ་དང་འབྲེལ་མཐུད་ལེགས་པོ་བྱེད་དགོས།

ཏང་ཀྲུང་དབྱང་གི་ལས་ཀའི་བཀོད་སྒྲིག་གཞིར་བཟུང་དམངས་དོན་ཁྲིམས་གཞུང་རྩོམ་སྒྲིག་གི་འཆར་ཟིན་འགོད་པའི་ལས་དོན་དེ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཁྲིམས་ལུགས་ལས་དོན་ཨུ་ལྷན་གྱིས་སྣེ་ཁྲིད་ཅིང་། ཆེས་མཐོའི་མི་དམངས་ཁྲིམས་ཁང་དང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་། ཁྲིམས་འཛིན་པུའུ། ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་། ཀྲུང་གོ་ཁྲིམས་རིག་ལྷན་ཚོགས་བཅས་ཀྱིས་དེའི་ནང་ཞུགས་མཁན་སྡེ་ཚན་བྱས་ཡོད། དམངས་དོན་ཁྲིམས་གཞུང་རྩོམ་སྒྲིག་ལས་དོན་ཡག་པོ་བསྒྲུབ་ཐུབ་ཆེད། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཁྲིམས་ལུགས་ལས་དོན་ཨུ་ལྷན་དང་དེའི་ནང་ཞུགས་མཁན་སྡེ་ཚན་ལྔ་ཡིས་དམངས་དོན་ཁྲིམས་གཞུང་རྩོམ་སྒྲིག་ལས་དོན་མཐུན་སྦྱོར་ཚོ་ཆུང་བཙུགས་པ་མ་ཟད། དམངས་དོན་ཁྲིམས་གཞུང་རྩོམ་སྒྲིག་ལས་དོན་གྱི་ཆེད་དོན་འཛིན་གྲྭའང་བཙུགས་ཡོད།

དམངས་དོན་ཁྲིམས་གཞུང་རྩོམ་སྒྲིག་བྱེད་པ་ནི་དམངས་དོན་བཅའ་ཁྲིམས་གསར་རྐྱང་ཞིག་གཏན་འབེབས་བྱེད་པ་མིན་ལ། བཅའ་ཁྲིམས་ཕྱོགས་བསྒྲིགས་སྟབས་བདེ་ཞིག་ཀྱང་མིན་པར། ད་ལྟ་ལག་བསྟར་བྱེད་བཞིན་པའི་དམངས་དོན་བཅའ་ཁྲིམས་ཀྱི་ཚད་གཞི་ལ་རྩོམ་སྒྲིག་དག་བཅོས་བྱེད་པ་དང་། དངོས་ཡོད་གནས་ཚུལ་དང་མི་མཐུན་པའི་གཏན་འབེབས་ལ་བཟོ་བཅོས་དང་འཐུས་ཚང་དུ་གཏོང་བ། དཔལ་འབྱོར་དང་སྤྱི་ཚོགས་འཚོ་བའི་ཁྲོད་ཐོན་པའི་གནས་ཚུལ་གསར་པ་དང་གནད་དོན་གསར་པར་དམིགས་སའི་རང་བཞིན་ལྡན་པའི་གཏན་འབེབས་གསར་པ་བཟོ་བ་བཅས་ཡིན། དམངས་དོན་ཁྲིམས་གཞུང་རྩོམ་སྒྲིག་བྱེད་སྐབས“གོམ་སྟབས་གཉིས་སུ་ཕྱེ་ནས་བགྲོད་པའི”ལས་ཀའི་བསམ་ཕྱོགས་བཟུང་ནས་བྱས་ཡོད་དེ། གོམ་སྟབས་དང་པོར་དམངས་ཁྲིམས་ཀྱི་སྤྱིའི་རྩ་དོན་གཏན་འབེབས་བྱས་ཏེ། དམངས་དོན་ཁྲིམས་གཞུང་གི་སྤྱིའི་རྩ་དོན་ལེ་ཚན་དུ་བྱས་ཡོད། གོམ་སྟབས་གཉིས་པར་དམངས་དོན་ཁྲིམས་གཞུང་གི་ནང་གསེས་ལེ་ཚན་ཁག་རྩོམ་སྒྲིག་བྱས་ནས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་རྒྱུན་ལས་ཨུ་ལྷན་གྱིས་གྲོས་ཞིབ་དང་བཟོ་བཅོས་འཐུས་ཚང་བྱས་རྗེས་དེ་དག་དམངས་ཁྲིམས་ཀྱི་སྤྱིའི་རྩ་དོན་དང་ཟླ་སྒྲིལ་བཏང་ནས་དམངས་དོན་ཁྲིམས་གཞུང་འཆར་ཟིན་ཆ་ཚང་ཞིག་ཏུ་གྱུར་ཡོད།

2015ལོའི་ཟླ་3པར་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཁྲིམས་ལུགས་ལས་དོན་ཨུ་ལྷན་གྱིས་དམངས་དོན་ཁྲིམས་གཞུང་རྩོམ་སྒྲིག་ལས་དོན་སྒྲུབ་འགོ་བཙུགས་ནས། གོམ་སྟབས་དང་པོའི་དམངས་ཁྲིམས་ཀྱི་སྤྱིའི་རྩ་དོན་གཏན་འབེབས་ལས་དོན་བསྒྲུབས་ཏེ། 1986ལོར་གཏན་འབེབས་བྱས་པའི་དམངས་ཁྲིམས་ཀྱི་སྤྱི་འགྲོས་རྩ་སྲོལ་རྨང་གཞིར་བྱས་ཤིང་། དམངས་དོན་བཅའ་ཁྲིམས་དང་འབྲེལ་བའི་ལག་ལེན་ཉམས་མྱོང་དག་རྒྱུད་རིམ་ལྡན་པའི་ལེགས་སྒྲིག་ཕྱོགས་བསྡོམས་བྱས་པ་དང་། དམངས་དོན་བཅའ་ཁྲིམས་ལམ་ལུགས་ཁྲོད་ཡོངས་ཁྱབ་ཀྱི་སྤྱད་འཐུས་རང་བཞིན་དང་སྣེ་ཁྲིད་རང་བཞིན་ལྡན་པའི་སྒྲིག་སྲོལ་གདམ་གསེས་བྱས་ནས་དམངས་ཁྲིམས་ཀྱི་སྤྱིའི་རྩ་དོན་གྱི་འཆར་ཟིན་གྲུབ་པ་བྱས་ཡོད། 2016ལོར་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲོས་ཞིབ་ཐེངས་གསུམ་བྱས་པ་དང་། 2017ལོའི་ཟླ་3པར་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་ལྔ་པའི་ཐོག་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་རེད། དམངས་ཁྲིམས་ཀྱི་སྤྱིའི་རྩ་དོན་གཏན་འབེབས་བྱས་རྗེས་དམངས་དོན་ཁྲིམས་གཞུང་རྩོམ་སྒྲིག་ལས་དོན་གྱི་གོམ་སྟབས་དང་པོའི་ལས་འགན་བསྒྲུབས་ཡོད་པས། དམངས་དོན་ཁྲིམས་གཞུང་རྩོམ་སྒྲིག་བྱེད་པར་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད།

དམངས་ཁྲིམས་ཀྱི་སྤྱིའི་རྩ་དོན་ལ་གྲོས་འཆམ་བྱུང་རྗེས། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པ་དང་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ལྷན་གྱིས་དམངས་དོན་ཁྲིམས་གཞུང་རྩོམ་སྒྲིག་གི་གོམ་སྟབས་གཉིས་པའི་ལས་འགན་ཡིན་པའི་ནང་གསེས་ལེ་ཚན་ཁག་རྩོམ་སྒྲིག་ལས་ཀ་མུ་མཐུད་འབད་བརྩོན་དང་དམ་འཛིན་གྱིས་བསྒྲུབས་ཡོད། ཁྲིམས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་དང་དམངས་དོན་ཁྲིམས་གཞུང་རྩོམ་སྒྲིག་ལས་དོན་ནང་ཞུགས་མཁན་སྡེ་ཚན་ཁག་གིས་དམངས་དོན་ཁྲིམས་གཞུང་གི་ནང་གསེས་ལེ་ཚན་ཁག་རྩོམ་སྒྲིག་ལས་དོན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་སྟེ། ལོ་རེ་བཞིན་འབྲེལ་ཡོད་ཕྱོགས་ཀྱིས་བཏོན་པའི་བསམ་འཆར་རྒྱུད་རིམ་ལྡན་པར་ལེགས་སྒྲིག་དང་ཞིབ་འཇུག་བྱས་པ་དང་། ཁྲིམས་འཛུགས་བརྟག་དཔྱད་ཞིབ་འཇུག་བྱེད་པ། བསམ་འཆར་དང་གྲོས་འགོ་རྒྱ་ཁྱབ་ཏུ་ཉན་པ། ད་ལྟ་སྤྱོད་བཞིན་པའི་དངོས་པོའི་བདག་དབང་སྐོར་གྱི་བཅའ་ཁྲིམས་དང་། གན་རྒྱའི་སྐོར་གྱི་བཅའ་ཁྲིམས། ཁག་ཐེག་སྐོར་གྱི་བཅའ་ཁྲིམས། གཉེན་སྒྲིག་སྐོར་གྱི་བཅའ་ཁྲིམས། ཉར་གསོའི་སྐོར་གྱི་བཅའ་ཁྲིམས། ཤུལ་འཛིན་སྐོར་གྱི་བཅའ་ཁྲིམས། དབང་གནོད་འགན་འཁྲིའི་སྐོར་གྱི་བཅའ་ཁྲིམས་སོགས་རྨང་གཞིར་བྱས་ཤིང་། རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱིས་དམངས་དོན་ཁྲིམས་ལུགས་ལ་བཏོན་པའི་དགོས་མཁོ་གསར་པ་དང་ཟུང་འབྲེལ་བྱས་ཐོག དངོས་པོའི་བདག་དབང་དང་། གན་རྒྱ། མི་གཞིའི་དབང་ཆ། གཉེན་སྒྲིག་ཁྱིམ་ཚང་། ཤུལ་འཛིན། དབང་གནོད་འགན་འཁྲི་སོགས་ནང་གསེས་ལེ་ཚན་6ཚུད་པའི་དམངས་དོན་ཁྲིམས་གཞུང་གི་ནང་གསེས་ལེ་ཚན་ཁག་གི་འཆར་ཟིན་གྲུབ་ནས། 2018ལོའི་ཟླ་8པར་འཚོགས་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ལྔ་པར་གྲོས་ཞིབ་བྱ་རྒྱུར་ཕུལ་ཡོད། དེ་རྗེས་2018ལོའི་ཟླ་12པ་དང་། 2019ལོའི་ཟླ་4པ། ཟླ་6པ། ཟླ་8པ། ཟླ་10པ་བཅས་ལ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བདུན་པ་དང་། ཐེངས་བཅུ་པ། ཐེངས་བཅུ་གཅིག་པ། ཐེངས་བཅུ་གཉིས་པ། ཐེངས་བཅུ་བཞི་པ་བཅས་ཀྱི་ཐོག་དམངས་དོན་ཁྲིམས་གཞུང་གི་ནང་གསེས་ལེ་ཚན་ཁག་གི་འཆར་ཟིན་ཁག་དབྱེ་ནས་གྲོས་ཞིབ་བྱས་པ་དང་། ནང་གསེས་ལེ་ཚན་6གི་འཆར་ཟིན་ཚང་མར་གྲོས་ཞིབ་ཐེངས་གཉིས་པ་བྱས་ནས། ཕྱོགས་ཁག་གིས་དོ་ཁུར་བྱེད་པའི་མི་གཞིའི་དབང་ཆ་དང་། གཉེན་སྒྲིག་ཁྱིམ་ཚང་། དབང་གནོད་འགན་འཁྲི་བཅས་ནང་གསེས་ལེ་ཚན་3གྱི་འཆར་ཟིན་ལ་གྲོས་ཞིབ་ཐེངས་གསུམ་པ་བྱས་པ་རེད། དེའི་རྨང་གཞིའི་ཐོག་དམངས་ཁྲིམས་ཀྱི་སྤྱིའི་རྩ་དོན་དང་རྒྱུན་ལས་ཨུ་ལྷན་གྱིས་གྲོས་ཞིབ་བྱས་པ་དང་བཟོ་བཅོས་བརྒྱབ་ནས་འཐུས་སྒོ་ཚང་དུ་བཏང་བའི་དམངས་དོན་ཁྲིམས་གཞུང་གི་ནང་གསེས་ལེ་ཚན་ཁག་གི་འཆར་ཟིན་ཟླ་སྒྲིལ་བཏང་ནས་གྲུབ་པའི《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་དོན་ཁྲིམས་གཞུང(འཆར་ཟིན)》དེ་2019ལོའི་ཟླ་12པར་འཚོགས་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ལྷན་གྱི་གྲོས་ཚོགས་ཐེངས་བཅོ་ལྔ་པའི་ཐོག་གྲོས་ཞིབ་བྱ་རྒྱུར་ཕུལ་ཡོད། གྲོས་ཞིབ་བྱས་པ་བརྒྱུད། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་རྒྱུན་ལས་ཨུ་ལྷན་གྱིས་དམངས་དོན་ཁྲིམས་གཞུང་གི་འཆར་ཟིན་དེ་ད་ཐེངས་ཀྱི་ཚོགས་ཆེན་ཐོག་གྲོས་ཞིབ་བྱེད་པར་འབུལ་རྒྱུའི་ཆོད་དོན་བཞག་ཡོད།

དམངས་དོན་ཁྲིམས་གཞུང་གི་འཆར་ཟིན་ལ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་གྱི་རྒྱུན་ལས་ཨུ་ལྷན་གྱིས་གྲོས་ཞིབ་བྱས་རྗེས། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་གཞུང་ལས་ཐིང་གིས་འཆར་ཟིན་དེ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་འཐུས་མིར་པར་འགྲེམས་བྱེད་པ་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་རྣམས་སྒྲིག་འཛུགས་བྱས་ནས་དམངས་དོན་ཁྲིམས་གཞུང་གི་འཆར་ཟིན་ཞིབ་ཀློག་གྲོས་བསྡུར་བྱེད་དུ་འཇུག་པར་བཀོད་སྒྲིག་བྱས་ནས་འཐུས་མི་རྣམས་ཀྱི་བསམ་འཆར་བསྡུ་ལེན་བྱ་རྒྱུ་རེད། དུས་མཚུངས་སུ་ཁྲིམས་ལུགས་ལས་དོན་ཨུ་ལྷན་གྱིས་ད་དུང་འཆར་ཟིན་དེ་ས་གནས་མི་དམངས་འཐུས་ཚོགས་དང་། གཞི་རིམ་ཁྲིམས་འཛུགས་འབྲེལ་གཏུག་བྱེད་ས། ཀྲུང་དབྱང་འབྲེལ་ཡོད་སྡེ་ཁག་བཅས་ལ་པར་འགྲེམས་བྱས་ནས་བསམ་འཆར་བསྡུ་ལེན་བྱ་རྒྱུ་མ་ཟད། ཀྲུང་གོའི་མི་དམངས་འཐུས་ཚོགས་ཀྱི་དྲ་ཚིགས་ཐོག་སྤྱི་དམངས་ཡོངས་ཀྱི་བསམ་འཆར་བསྡུ་ལེན་ཡང་བྱ་རྒྱུ་རེད། ཁྲིམས་ལུགས་ལས་དོན་ཨུ་ལྷན་གྱིས་ད་དུང་པེ་ཅིང་དུ་བཞུགས་མོལ་ཚོགས་འདུ་མང་པོ་འཚོགས་ནས་འབྲེལ་ཡོད་སྡེ་ཁག་དང་རིགས་གཅིག་མཁས་ཅན་གྱི་བསམ་འཆར་གསན་རྒྱུ་རེད། ཕྱོགས་ཁག་ནས་ངོས་འཛིན་ཡོངས་ཁྱབ་ཏུ་བྱས་པར། དམངས་དོན་ཁྲིམས་གཞུང་རྩོམ་སྒྲིག་བྱས་ན། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བཅའ་ཁྲིམས་མ་ལག་འཐུས་ཚང་དུ་གཏོང་བ་དང་། ཁྲིམས་སྐྱོང་གི་བྱེད་ཐབས་ལ་བརྟེན་ནས་རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ། ཆེས་རྒྱ་ཆེ་བའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་སྲུང་སྐྱོང་ཏན་ཏིག་བྱེད་པ། སྤྱི་ཚོགས་དྲང་སྙོམས་དྲང་བདེན་ཡོང་བར་སྐུལ་འདེད་གཏོང་བ་བཅས་ཀྱི་ཐད་དོན་སྙིང་གལ་ཆེན་ལྡན་ཡོད།

ཏོག་གསར་གློ་ཚད་ཀྱི་རིམས་ནད་བྱུང་བ་ནས་བཟུང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་རྒྱུན་ལས་ཨུ་ལྷན་གྱིས་ཚད་མཐོའི་དོ་ཁུར་བྱས་ནས་ཨུ་ཡོན་ཀྲང་ལི་ཀྲན་ཧྲུའུ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ལ་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱ་རྒྱུ་དང་། རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ལ་ཁྲིམས་སྐྱོང་འགན་ལེན་བྱ་རྒྱུར་ཐེངས་མང་དམིགས་ནས་ལས་ཀའི་བླང་བྱ་ཁ་གསལ་བཏོན་ཡོད། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་པ་དང་། དམངས་དོན་ཁྲིམས་གཞུང་རྩོམ་སྒྲིག་ལས་དོན་དང་ཟུང་འབྲེལ་བྱས་ཏེ། རིམས་ནད་དང་འབྲེལ་བ་ཡོད་པའི་དམངས་དོན་བཅའ་ཁྲིམས་ལམ་ལུགས་ལེགས་སྒྲིག་དང་ཞིབ་འཇུག་བྱས་ཤིང་། འཆར་ཟིན་ལ་དམིགས་སའི་རང་བཞིན་ལྡན་པའི་བཟོ་བཅོས་བརྒྱབ་པ་དང་འཐུས་ཚང་དུ་བཏང་ཡོད།

2020ལོའི་ཟླ་4ཚེས་20ཉིན་དང་ཚེས་21ཉིན་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྩ་ཁྲིམས་དང་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་གིས་ཚོགས་འདུ་འཚོགས་ནས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་རྒྱུན་ལས་ཨུ་ལྷན་གྱི་གྲོས་ཞིབ་བསམ་འཆར་དང་། འཐུས་མིས་ཞིབ་ཀློག་གྲོས་བསྡུར་བྱེད་རིང་བཏོན་པའི་བསམ་འཆར། ཕྱོགས་ཁག་གི་བསམ་འཆར་བཅས་ལ་གཞིགས་ནས་དམངས་དོན་ཁྲིམས་གཞུང་གི་འཆར་ཟིན་ལ་སྔར་ལས་ལྷག་པའི་སྒོ་ནས་བཟོ་བཅོས་བརྒྱབ་པ་དང་འཐུས་སྒོ་ཚང་དུ་བཏང་མཐར། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲོས་ཞིབ་ཐེངས་མང་དང་བསམ་འཆར་རྒྱ་ཁྱབ་ཏུ་བསྡུ་ལེན་བྱས་པ་བརྒྱུད། འཆར་ཟིན་གྱིས་ཕྱོགས་གང་ཅིའི་བསམ་འཆར་དང་གྲོས་འགོ་བསྡུ་ལེན་གང་ལེགས་བྱས་ནས་གནད་སྨིན་འཐུས་ཚང་ཙམ་བྱུང་ཡོད་པས། ད་རེས་ཀྱི་གྲོས་ཚོགས་ཐོག་གྲོས་ཞིབ་གནང་རྒྱུར་འབུལ་བའི《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་དོན་ཁྲིམས་གཞུང(འཆར་ཟིན)》གྲུབ་ཟིན་པའི་ངོས་འཛིན་བྱས་ཡོད།

ཚོགས་འདུའི་ཐོག་དམངས་དོན་ཁྲིམས་གཞུང་གི་འཆར་ཟིན་ལ་གྲོས་ཞིབ་བྱེད་པའི་གྲ་སྒྲིག་ལས་དོན་སྔར་བས་ཡག་པོ་བསྒྲུབ་པ་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་རྣམས་ཀྱི་བསམ་འཆར་སྔར་བས་གང་ལེགས་གསན་ཆེད། ཟླ་4ཚེས་29ཉིན་ཁྲིམས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གིས་བཟོ་བཅོས་བརྒྱབ་རྗེས་ཀྱི་དམངས་དོན་ཁྲིམས་གཞུང་གི་འཆར་ཟིན་དེ་སླར་ཡང་ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་ཁག་གི་མི་དམངས་འཐུས་ཚོགས་ཀྱི་རྒྱུན་ལས་ཨུ་ལྷན་ལ་བཏང་སྟེ། ས་གནས་ཁག་གིས་བྱ་ཐབས་འོས་འཚམ་སྤྱད་དེ་འབྲེལ་ཡོད་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་སྒྲིག་འཛུགས་བྱས་ནས་འཆར་ཟིན་ལ་ཞིབ་ཀློག་གྲོས་བསྡུར་བྱེད་དུ་བཅུག་པ་དང་བསམ་འཆར་ཉན་ལེན་བྱེད་རོགས་ཞུས་ཡོད།

བཞི། དམངས་དོན་ཁྲིམས་གཞུང་འཆར་ཟིན་གྱི་ནང་དོན་གཙོ་བོ།

《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་དོན་ཁྲིམས་གཞུང(འཆར་ཟིན)》ལ་ཁྱོན་བསྡོམས་ལེ་ཚན་7དང་དོན་ཚན་1260ཡོད་ཅིང་། ལེ་ཚན་ཁག་སོ་སོ་ནི་སྤྱིའི་རྩ་དོན་དང་། དངོས་པོའི་བདག་དབང་། གན་རྒྱ། མི་གཞིའི་དབང་ཆ། གཉེན་སྒྲིག་ཁྱིམ་ཚང་། ཤུལ་འཛིན། དབང་གནོད་འགན་འཁྲི་བཅས་དང་དེ་བཞིན་ཞར་བྱུང་དོན་ཚན་བཅས་ཡིན།

(གཅིག) སྤྱིའི་རྩ་དོན་སྐོར་གྱི་ལེ་ཚན།

ལེ་ཚན་དང་པོ“སྤྱིའི་རྩ་དོན”དུ་དམངས་དོན་བྱ་སྤྱོད་གྱིས་ངེས་པར་དུ་བརྩི་སྲུང་བྱེད་དགོས་པའི་གཞི་རྩའི་རྩ་དོན་དང་སྤྱིར་བཏང་གི་སྒྲིག་སྲོལ་གཏན་འབེབས་བྱས་ཏེ་དམངས་དོན་ཁྲིམས་གཞུང་གི་ནང་གསེས་ལེ་ཚན་ཁག་ལ་སྤྱི་འདོམས་བྱེད་ཀྱི་ཡོད། ལེ་ཚན་དང་པོར་ད་ལྟ་སྤྱོད་བཞིན་པའི་དམངས་ཁྲིམས་ཀྱི་སྤྱིའི་རྩ་དོན་གྱི་གྲུབ་ཚུལ་དང་ནང་དོན་རྩ་བའི་ཆ་ནས་མི་འགྱུར་བ་བྱས་པ་དང་། ཁྲིམས་གཞུང་རྩོམ་སྒྲིག་མ་ལག་ཅན་དུ་འགྱུར་བའི་བླང་བྱ་ལྟར་དོན་ཚན་ཁ་ཤས་ལ་ཡི་གེའི་ཐོག་ནས་བཟོ་བཅོས་བརྒྱབ་པ་མ་ཟད། “ཞར་བྱུང་དོན་ཚན”གི་ཆ་ཤས་དེ་དམངས་དོན་ཁྲིམས་གཞུང་གི་འཆར་ཟིན་གྱི་མཇུག་ཏུ་བཞག་དགོས། ལེ་ཚན་དང་པོར་ཁྱོན་བསྡོམས་ལེའུ་10དང་དོན་ཚན་204ཡོད་ཅིང་། ནང་དོན་གཙོ་བོ་གཤམ་གསལ།

1.གཞི་རྩའི་གཏན་འབེབས་ཀྱི་སྐོར། ལེ་ཚན་དང་པོའི་ལེའུ་དང་པོར་དམངས་དོན་ཁྲིམས་གཞུང་འཛུགས་པའི་དམིགས་ཡུལ་དང་གཞི་འཛིན་ས་གཏན་འབེབས་བྱས་ཡོད། དེའི་ནང“སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དར་སྤེལ་གཏོང་རྒྱུ”ཞེས་པ་དེ་ཁྲིམས་འཛུགས་ཀྱི་དམིགས་ཡུལ་གལ་ཆེན་ཞིག་ཏུ་བརྩིས་ནས། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་དང་སྤྱོད་བཟང་ལ་བརྟེན་ནས་རྒྱལ་ཁབ་སྐྱོང་བ་ཟུང་འབྲེལ་བྱེད་པའི་མངོན་གསལ་དོད་པའི་ཀྲུང་གོའི་ཁྱད་ཆོས་མངོན་པ་རྒྱུན་འཁྱོངས་བྱས་ཡོད(འཆར་ཟིན་གྱི་དོན་ཚན་དང་པོ) དུས་མཚུངས་སུ་དམངས་དོན་གྱི་ཁེ་དབང་དང་ཁྲིམས་མཐུན་གྱི་ཁེ་དབང་གཞན་དག་ལ་བཅའ་ཁྲིམས་ཀྱིས་སྲུང་སྐྱོང་བྱ་རྒྱུ་དང་། འདྲ་མཉམ་དང་། རང་མོས། དྲང་གཞག ཡིད་རྟོན། ཁྲིམས་སྲུང་དང་སྤྱི་སྒྲིག་སྲོལ་བཟང་སོགས་དམངས་ཁྲིམས་ཀྱི་གཞི་རྩའི་རྩ་དོན་གཏན་འབེབས་བྱས་ཡོད(འཆར་ཟིན་གྱི་དོན་ཚན་བཞི་པ་ནས་བརྒྱད་པའི་བར) ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་ལག་བསྟར་བྱེད་ཆེད་དུ། ལྗང་མདོག་གི་རྩ་དོན་དེ་དམངས་ཁྲིམས་ཀྱི་གཞི་རྩའི་རྩ་དོན་དུ་གཏན་ཁེལ་བྱས་ནས་དམངས་དོན་བྱེད་པོས་དམངས་དོན་བྱེད་སྒོ་སྤེལ་བར་ཐོན་ཁུངས་གྲོན་ཆུང་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད་པར་ཕན་ཐོགས་ཡོད་དགོས་ཞེས་གཏན་འབེབས་བྱས་ཡོད(འཆར་ཟིན་གྱི་དོན་ཚན་དགུ་པ)

2.དམངས་དོན་བྱེད་པོའི་སྐོར། དམངས་དོན་བྱེད་པོ་ནི་དམངས་དོན་འབྲེལ་བའི་ནང་ཞུགས་མཁན་དང་། དམངས་དོན་ཁེ་དབང་ལོངས་སུ་སྤྱོད་མཁན། དམངས་དོན་འོས་འགན་ལག་ལེན་བསྟར་མཁན། དམངས་དོན་འགན་འཁྲི་འཁུར་མཁན་བཅས་ཡིན་ཞིང་། གསལ་པོར་བཤད་ན་རིགས་གསུམ་ཚུད་ཡོད་དེ། གཅིག་ནས་རང་བྱུང་མི་ཡིན། རང་བྱུང་མི་ནི་ཆེས་གཞི་རྩའི་དམངས་དོན་བྱེད་པོ་ཡིན། འཆར་ཟིན་ནང་རང་བྱུང་མིའི་དམངས་དོན་ཁེ་དབང་གི་ནུས་པ་དང་དམངས་དོན་བྱ་སྤྱོད་ནུས་པའི་ལམ་ལུགས། ལྟ་སྐྱོང་ལམ་ལུགས། གར་སོང་ཆ་མེད་དུ་གྱུར་པ་དང་ཚེ་ལས་འདས་པར་ཡོངས་བསྒྲགས་བྱེད་པའི་ལམ་ལུགས་བཅས་གཏན་འབེབས་བྱས་ཡོད་པ་མ་ཟད། སྒེར་གཉེར་བཟོ་ཚོང་ཐེམ་དུད་དང་གྲོང་གསེབ་ཀྱི་གཉེར་འགན་གཙང་ལེན་ཁྱིམ་དུད་ཐད་ལ་གཏན་འབེབས་ཀྱང་བྱས་ཡོད(འཆར་ཟིན་གྱི་ལེ་ཚན་དང་པོའི་ལེའུ་གཉིས་པ) ད་ཐེངས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་དང་ཟུང་འབྲེལ་བྱས་ཏེ་ལྟ་སྐྱོང་ལམ་ལུགས་སྔར་བས་འཐུས་སྒོ་ཇེ་ཚང་དུ་བཏང་ཡོད་ཅིང་། ཐོལ་བྱུང་དོན་རྐྱེན་སོགས་ཛ་དྲག་གི་གནས་ཚུལ་ཐོན་པའི་རྐྱེན་གྱིས་ལྟ་སྐྱོང་པས་གནས་སྐབས་ལྟ་སྐྱོང་གི་འགན་འཁྲི་འཁུར་ཐབས་མེད་པ་དང་ལྟ་སྐྱོང་བྱ་ཡུལ་གྱི་མིའི་འཚོ་བར་ལྟ་སྐྱོང་བྱེད་མཁན་མེད་པའི་གནས་སུ་གྱར་ཚེ་ལྟ་སྐྱོང་བྱ་ཡུལ་གནས་སའི་གྲོང་མི་ཨུ་ཡོན་ལྷན་ཁང་དང་། སྡེ་དམངས་ཨུ་ཡོན་ལྷན་ཁང་ངམ་ཡང་ན་དམངས་སྲིད་སྡེ་ཁག་གིས་ལྟ་སྐྱོང་བྱ་ཡུལ་ལ་གནས་སྐབས་དགོས་ངེས་ཀྱི་འཚོ་བའི་ལྟ་སྐྱོང་བྱ་ཐབས་བཀོད་སྒྲིག་བྱེད་དགོས་ཞེས་གཏན་འབེབས་བྱས་ཡོད(འཆར་ཟིན་གྱི་དོན་ཚན་སོ་བཞི་པའི་ནང་གསེས་དོན་ཚན་བཞི་པ) གཉིས་ནས་ཁྲིམས་མི། ཁྲིམས་མི་ནི་བཅའ་ཁྲིམས་ལྟར་བཙུགས་པ་ཞིག་ཡིན་ཞིང་། དམངས་དོན་གྱི་ཁེ་དབང་སྤྱོད་ནུས་དང་དམངས་དོན་གྱི་བྱ་སྤྱོད་སྤེལ་ནུས་ཡོད་པ་དང་། ཁྲིམས་ལྟར་དམངས་དོན་གྱི་ཁེ་དབང་རང་ཚུགས་ཀྱིས་ལོངས་སུ་སྤྱོད་པ་དང་དམངས་དོན་གྱི་འོས་འགན་འཁུར་བའི་རྩ་འཛུགས་ཤིག་ཡིན། འཆར་ཟིན་གྱིས་ཁྲིམས་མིའི་མཚན་ཉིད་དང་། བཙུགས་འཐུས་པའི་རྩ་དོན་དང་ཆ་རྐྱེན། སྡོད་གནས་སོགས་སྤྱིར་བཏང་གི་གཏན་འབེབས་བྱས་ཡོད་པ་མ་ཟད། ཁེ་གཉེར་ཁྲིམས་མི་དང་། ཁེ་གཉེར་མ་ཡིན་པའི་ཁྲིམས་མི། དམིགས་བསལ་ཁྲིམས་མི་བཅས་ཁྲིམས་མི་རིགས་གསུམ་སོ་སོ་ཕྱེ་ནས་གཏན་འབེབས་བྱས་ཡོད(འཆར་ཟིན་གྱི་ལེ་ཚན་དང་པོའི་ལེའུ་གསུམ་པ) གསུམ་ནས་ཁྲིམས་མི་མ་ཡིན་པའི་རྩ་འཛུགས། ཁྲིམས་མི་མ་ཡིན་པའི་རྩ་འཛུགས་ནི་ཁྲིམས་མིའི་ཐོབ་ཐང་མེད་མོད། འོན་ཀྱང་ཁྲིམས་ལྟར་རང་ཉིད་ཀྱི་མིང་ཐོག་ནས་དམངས་དོན་བྱེད་སྒོ་སྤེལ་ཐུབ་པའི་རྩ་འཛུགས་ཤིག་ཡིན། འཆར་ཟིན་གྱིས་ཁྲིམས་མི་མ་ཡིན་པའི་རྩ་འཛུགས་འཛུགས་པ་དང་། འགན་འཁྲི་འཁུར་བ། མི་དགོས་པར་བཟོ་བ། གཙང་རྩིས་རྒྱག་པ་སོགས་ལ་གཏན་འབེབས་བྱས་ཡོད(འཆར་ཟིན་གྱི་ལེ་ཚན་དང་པོའི་ལེའུ་བཞི་པ)

3.དམངས་དོན་གྱི་ཁེ་དབང་སྐོར། དམངས་དོན་ཁེ་དབང་ལ་སྲུང་སྐྱོང་བྱ་རྒྱུ་དེ་དམངས་དོན་ཁྲིམས་འཛུགས་ཀྱི་ལས་འགན་གལ་ཆེན་ཞིག་ཡིན། ལེ་ཚན་དང་པོའི་ལེའུ་ལྔ་པའི་ནང་དམངས་དོན་ཁེ་དབང་ལམ་ལུགས་གཏན་འབེབས་བྱས་ཡོད། དེའི་ནང་དུ་མི་ལུས་ཀྱི་ཁེ་དབང་དང་རྒྱུ་ནོར་གྱི་ཁེ་དབང་སྣ་ཚོགས་ཚུད་ཡོད། གསར་གཏོད་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པ་དང་། ཤེས་བྱའི་ཐོན་དངོས་བདག་དབང་གི་ཁེར་སྤྱོད་བཅའ་ཁྲིམས་ཁག་ལ་སྤྱི་འདོམས་བྱེད་ཆེད། འཆར་ཟིན་གྱིས་ཤེས་བྱའི་ཐོན་དངོས་བདག་དབང་ཐད་ལ་རགས་བསྡུས་རང་བཞིན་གྱི་གཏན་འབེབས་བྱས་ཡོད(འཆར་ཟིན་གྱི་དོན་ཚན་བརྒྱ་དང་ཉེར་གསུམ་པ) དུས་མཚུངས་སུ་གཞི་གྲངས་དང་དྲ་རྒྱའི་རྟོག་བཟོའི་རྒྱུ་ནོར་སྲུང་སྐྱོང་བྱ་རྒྱུའི་ཐད་རྩ་དོན་རང་བཞིན་གྱི་གཏན་འབེབས་བྱས་ཡོད(འཆར་ཟིན་གྱི་དོན་ཚན་བརྒྱ་དང་ཉེར་བདུན་པ) གཞན་ཡང་ད་དུང་དམངས་དོན་ཁེ་དབང་ཐོབ་ཐབས་དང་ལག་བསྟར་བྱེད་སྲོལ་སོགས་ཀྱི་ནང་དོན་གཏན་འབེབས་བྱས་ཡོད(འཆར་ཟིན་གྱི་དོན་ཚན་བརྒྱ་དང་ཉེར་དགུ་པ་ནས་དོན་ཚན་བརྒྱ་དང་སོ་གཉིས་པའི་བར)

4.དམངས་དོན་གྱི་ཁྲིམས་འབྲེལ་བྱ་སྤྱོད་དང་ངོ་ཚབ་ཀྱི་སྐོར། དམངས་དོན་གྱི་ཁྲིམས་འབྲེལ་བྱ་སྤྱོད་ཅེས་པ་ནི་དམངས་དོན་གྱི་བྱེད་པོས་དམངས་དོན་གྱི་ཁྲིམས་འབྲེལ་འཛུགས་པ་དང་། བསྒྱུར་བ། མཚམས་འཇོག་པ་བཅས་མཚོན་པའི་བྱ་སྤྱོད་ཅིག་ཡིན་པ་དང་། ངོ་ཚབ་ནི་དམངས་དོན་གྱི་བྱེད་པོས་ངོ་ཚབ་བརྒྱུད་ནས་དམངས་དོན་གྱི་ཁྲིམས་འབྲེལ་བྱ་སྤྱོད་སྤེལ་བའི་ལམ་ལུགས་ཤིག་ཡིན། ལེ་ཚན་དང་པོའི་ལེའུ་དྲུག་པ་དང་ལེའུ་བདུན་པའི་ནང་དམངས་དོན་གྱི་ཁྲིམས་འབྲེལ་བྱ་སྤྱོད་ལམ་ལུགས་དང་ངོ་ཚབ་ལམ་ལུགས་གཏན་འབེབས་བྱས་ཡོད་དེ། གཅིག་ནི་དམངས་དོན་གྱི་ཁྲིམས་འབྲེལ་བྱ་སྤྱོད་ཀྱི་མཚན་ཉིད་དང་། གྲུབ་ཚུལ། རྣམ་པ། ནུས་པ་ཐོན་པའི་དུས་ཚོད་སོགས་གཏན་འབེབས་བྱས་ཡོད(འཆར་ཟིན་གྱི་ལེ་ཚན་དང་པོའི་ལེའུ་དྲུག་པའི་ས་བཅད་དང་པོ) གཉིས་ནི་བསམ་ཚུལ་མཚོན་པའི་ནུས་པ་ཐོན་པ་དང་། བྱེད་སྟངས། ཕྱིར་འཐེན། འགྲེལ་བཤད་སོགས་ཀྱི་ཐད་ལ་གཏན་འབེབས་བྱས་ཡོད(འཆར་ཟིན་གྱི་ལེ་ཚན་དང་པོའི་ལེའུ་དྲུག་པའི་ས་བཅད་གཉིས་པ) གསུམ་ནི་དམངས་དོན་གྱི་ཁྲིམས་འབྲེལ་བྱ་སྤྱོད་ཀྱི་ནུས་པའི་ལམ་ལུགས་གཏན་འབེབས་བྱས་ཡོད(འཆར་ཟིན་གྱི་ལེ་ཚན་དང་པོའི་ལེའུ་དྲུག་པའི་ས་བཅད་གསུམ་པ) བཞི་ནི་ངོ་ཚབ་ཀྱི་སྤྱད་འཐུས་ཁྱབ་ཁོངས་དང་། ནུས་པ། རིགས་སོགས་ངོ་ཚབ་ལམ་ལུགས་ཀྱི་ནང་དོན་གཏན་འབེབས་བྱས་ཡོད(འཆར་ཟིན་གྱི་ལེ་ཚན་དང་པོའི་ལེའུ་བདུན་པ)

5.དམངས་དོན་གྱི་ཁག་འགན་དང་གཏུག་བཤེར་གྱི་ཡུན་ཚད། དུས་ཚད་བརྩི་སྟངས་བཅས་ཀྱི་སྐོར། དམངས་དོན་ཁག་འགན་ནི་དམངས་དོན་བྱེད་པོས་དམངས་དོན་འོས་འགན་དང་འགལ་བའི་བཅའ་ཁྲིམས་ཀྱི་མཇུག་འབྲས་ཡིན་པ་དང་། དམངས་དོན་ཁེ་དབང་འགན་སྲུང་དང་སྲུང་སྐྱོང་བྱེད་པའི་ལམ་ལུགས་གལ་ཆེན་ཞིག་ཡིན། གཏུག་བཤེར་གྱི་ཡུན་ཚད་ནི་ཁེ་དབང་འཛིན་མཁན་གྱིས་ཁྲིམས་བཀོད་ཀྱི་དུས་ཡུན་ནང་ཁེ་དབང་མི་སྤྱོད་པ་དང་། ཁེ་དབང་ལ་སྲུང་སྐྱོབ་མི་ཐུབ་པའི་བཅའ་ཁྲིམས་ཀྱི་ལམ་ལུགས་ཤིག་རེད། དེའི་བྱེད་ནུས་གཙོ་བོ་ནི་ཁེ་དབང་འཛིན་མཁན་གྱིས་དུས་ཐོག་ཏུ་ཁེ་དབང་སྤྱོད་པ་དང་། ཉོ་ཚོང་གི་བདེ་འཇགས་སྲུང་སྐྱོང་། བཅའ་ཁྲིམས་ཀྱི་སྒྲིག་ལམ་བརྟན་དུ་གཏོང་བ་བཅས་ལ་སྐུལ་འདེད་གཏོང་བ་དེ་རེད། ལེ་ཚན་དང་པོའི་ལེའུ་བརྒྱད་པ་དང་། ལེའུ་དགུ་པ། ལེའུ་བཅུ་པ་བཅས་སུ་དམངས་དོན་གྱི་ཁག་འགན་དང་། གཏུག་བཤེར་གྱི་དུས་ཡུན། དུས་ཚད་བརྩི་སྟངས་བཅས་ཀྱི་ལམ་ལུགས་གཏན་འབེབས་བྱས་ཡོད་པ་སྟེ། གཅིག་ནི་དམངས་དོན་གྱི་འགན་འཁུར་སྟངས་ཁག་གཏན་འབེབས་བྱས་ཡོད་པ་མ་ཟད། འགོག་ཐབས་བྲལ་བའི་རྐྱེན་ངན་དང་། ལུགས་མཐུན་འགོག་སྲུང་། འཕྲལ་མྱུར་ཉེན་གཡོལ། རང་མོས་ཀྱིས་མྱུར་སྐྱོབ་སོགས་དམིགས་བསལ་གྱི་དམངས་དོན་ཁག་འགན་འཁུར་རྒྱུའི་གནད་དོན་གཏན་འབེབས་བྱས་ཡོད(འཆར་ཟིན་གྱི་ལེ་ཚན་དང་པོའི་ལེའུ་བརྒྱད་པ) གཉིས་ནི་གཏུག་བཤེར་གྱི་ཡུན་ཚད་དང་དེའི་བརྩི་སྟངས། བཅའ་ཁྲིམས་ཀྱི་ཕན་འབྲས། གཏུག་བཤེར་ཡུན་ཚད་མཚམས་འཇོག་དང་མཚམས་ཆད་པ་སོགས་ཀྱི་ནང་དོན་གཏན་འབེབས་བྱས་ཡོད(འཆར་ཟིན་གྱི་ལེ་ཚན་དང་པོའི་ལེའུ་དགུ་པ) གསུམ་ནི་ཡུན་ཚད་ཀྱི་རྩིས་གཞི་དང་། འགོ་ཚུགས་པ། མཇུག་འགྲིལ་བ། ཕྱིར་འགྱངས་པ་སོགས་ཀྱི་ཐད་གཏན་འབེབས་བྱས་ཡོད(འཆར་ཟིན་གྱི་ལེ་ཚན་དང་པོའི་ལེའུ་བཅུ་པ)

(གཉིས) དངོས་པོའི་བདག་དབང་གི་ལེ་ཚན།

དངོས་པོའི་བདག་དབང་ནི་དམངས་དོན་བྱེད་པོས་ཁྲིམས་ལྟར་ལོངས་སུ་སྤྱོད་པའི་རྒྱུ་ནོར་གྱི་བདག་དབང་གལ་ཆེན་ཞིག་རེད། དངོས་པོའི་བདག་དབང་གི་བཅའ་ཁྲིམས་ལམ་ལུགས་ཀྱིས་རྒྱུ་དངོས་ཀྱི་གཏོགས་ཁོངས་དང་བེད་སྤྱོད་ལས་བྱུང་བའི་དམངས་དོན་འབྲེལ་བ་ལེགས་སྒྲིག་བྱས་ཡོད་པས། དམངས་དོན་གྱི་གཞི་རྩའི་ལམ་ལུགས་གལ་ཆེ་ཤོས་ཀྱི་གྲས་ཤིག་རེད། 2007ལོར་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་པའི་གྲོས་ཚོགས་ཐེངས་ལྔ་པའི་ཐོག་དངོས་པོའི་བདག་དབང་སྐོར་གྱི་བཅའ་ཁྲིམས་ལ་གྲོས་འཆམ་བྱུང་བ་རེད། འཆར་ཟིན་གྱི་ལེ་ཚན་གཉིས་པའི་ནང་གསལ“དངོས་པོའི་བདག་དབང”གིས་ད་ལྟ་ལག་ལེན་བསྟར་བཞིན་པའི་དངོས་པོའི་བདག་དབང་སྐོར་གྱི་བཅའ་ཁྲིམས་ཀྱི་རྨང་གཞིའི་ཐོག་ཏང་ཀྲུང་དབྱང་གིས་བཏོན་པའི་དངོས་པོའི་བདག་དབང་སྲུང་སྐྱོང་ལམ་ལུགས་འཐུས་སྒོ་ཇེ་ཚང་དུ་གཏོང་བ་དང་། གཏོགས་ཁོངས་ཁ་གསལ་དང་། དབང་འགན་ཁ་གསལ། སྲུང་སྐྱོང་ནན་པོ། འཁོར་རྒྱུག་བདེ་བླག་བཅས་ཀྱི་དེང་རབས་བདག་དབང་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བའི་བླང་བྱ་ལྟར་དངོས་ཡོད་ཀྱི་དགོས་མཁོ་དང་ཟུང་འབྲེལ་གྱིས་དངོས་པོའི་བདག་དབང་གི་བཅའ་ཁྲིམས་ལམ་ལུགས་སྔར་ལས་འཐུས་སྒོ་ཇེ་ཚང་དུ་བཏང་ཡོད། ལེ་ཚན་གཉིས་པར་ཁྱོན་བསྡོམས་ལེ་ཚན་5དང་། ལེའུ་20 དོན་ཚན་258བཅས་ཡོད་ཅིང་། ནང་དོན་གཙོ་བོ་གཤམ་གསལ།

1.སྤྱི་འགྲོས་རྩ་སྲོལ་གྱི་སྐོར། ནང་གསེས་ལེ་ཚན་དང་པོ་ནི་སྤྱི་འགྲོས་རྩ་སྲོལ་ཡིན་ཞིང་དེའི་ནང་དངོས་པོའི་བདག་དབང་ལམ་ལུགས་ཀྱི་རྨང་གཞིའི་རང་བཞིན་གྱི་ཚད་གཞི་གཏན་འབེབས་བྱས་ཡོད། དེའི་ནང་འདྲ་མཉམ་སྲུང་སྐྱོང་སོགས་དངོས་པོའི་བདག་དབང་གི་གཞི་རྩའི་རྩ་དོན་དང་། དངོས་པོའི་བདག་དབང་སྒྱུར་བའི་སྒྲིག་སྲོལ་ཞིབ་ཕྲ། དེ་བཞིན་དངོས་པོའི་བདག་དབང་སྲུང་སྐྱོང་ལམ་ལུགས་བཅས་ཚུད་ཡོད། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་གྲོས་འཆམ་བྱུང་བའི《ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་མཐའ་འཁྱོངས་དང་འཐུས་ཚང་དུ་བཏང་ནས་རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་གཏོང་རྒྱུའི་གནད་དོན་གལ་ཆེན་འགའི་སྐོར་གྱི་ཏང་གུང་ཀྲུང་དབྱང་གི་ཆོད་དོན》ནང་སྤྱི་ཚོགས་རིང་ལུགས་ཀྱི་གཞི་རྩའི་དཔལ་འབྱོར་ལམ་ལུགས་ཐད་ཞིབ་གླེང་གསར་པ་བྱས་ཡོད་ཅིང་། གྲོས་ཚོགས་དེའི་དགོངས་དོན་ལག་བསྟར་བྱེད་ཆེད། འཆར་ཟིན་གྱིས་གཞི་རྩའི་དཔལ་འབྱོར་ལམ་ལུགས་སྐོར་གྱི་འབྲེལ་ཡོད་གཏན་འབེབས་དེ“རྒྱལ་ཁབ་ཀྱིས་སྤྱི་ལ་དབང་བའི་ལམ་ལུགས་གཙོ་བོར་འཛིན་པ་དང་དབང་བའི་ལམ་ལུགས་སྣ་མང་གི་དཔལ་འབྱོར་ཐུན་མོང་ཐོག་འཕེལ་རྒྱས་གཏོང་རྒྱུ་དང་། རྩོལ་བསྟུན་ཐོབ་སྤྲོད་གཙོ་བོར་འཛིན་པ་དང་བགོ་བཤའ་རྒྱག་སྟངས་སྣ་མང་མཉམ་གནས་བྱེད་པ། སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་སྒྲིག་སྲོལ་སོགས་སྤྱི་ཚོགས་རིང་ལུགས་ཀྱི་གཞི་རྩའི་དཔལ་འབྱོར་ལམ་ལུགས་མཐའ་འཁྱོངས་དང་འཐུས་ཚང་དུ་གཏོང་དགོས”ཞེས་བཟོ་བཅོས་བརྒྱབ་ཡོད(འཆར་ཟིན་གྱི་དོན་ཚན་ཉིས་བརྒྱ་དང་དྲུག་པའི་ནང་གསེས་དང་པོ)

2.བདག་དབང་གི་སྐོར། བདག་དབང་ནི་དངོས་པོའི་བདག་དབང་གི་རྨང་གཞི་ཡིན་པ་དང་། བདག་པོར་རང་ཉིད་ཀྱི་འགྱུར་མེད་རྒྱུ་ནོར་རམ་འགྱུར་ལྡན་རྒྱུ་ནོར་ཁྲིམས་ལྟར་བདག་བཟུང་དང་། བེད་སྤྱོད། ཕན་ཆ་ཐོབ་པ། ཐག་གཅོད་བཅས་བྱེད་པའི་ཁེ་དབང་ཡོད། ནང་གསེས་ལེ་ཚན་གཉིས་པས་བདག་དབང་ལམ་ལུགས་གཏན་འབེབས་བྱས་ཡོད་དེ། དེའི་ནང་བདག་དབང་འཛིན་མཁན་གྱི་ཁེ་དབང་དང་། བསྡུ་ལེན་དང་བསྡུ་སྤྱོད་ཀྱི་སྒྲིག་སྲོལ། རྒྱལ་ཁབ་དང་། ཐུན་མོང་། མི་སྒེར་བཅས་ཀྱི་བདག་དབང་། ཁྱིམ་མཚེས་བར་གྱི་འབྲེལ་བ། མཉམ་དབང་སོགས་བདག་དབང་གི་གཞི་རྩའི་ལམ་ལུགས་བཅས་ཚུད་ཡོད། ཉེ་བའི་ལོ་ཤས་རིང་། མང་ཚོགས་ཀྱིས་ལས་བདག་ཚོགས་ཆེན་འཛུགས་དཀའ་བ་དང་། སྤྱི་པའི་ཉམས་གསོའི་མ་དངུལ་སྤྱོད་དཀའ་བ་སོགས་ཀྱི་གནད་དོན་ཡོངས་ཁྱབ་ཏུ་གོང་ཞུ་བྱས་པར་དམིགས་པ་མ་ཟད། ད་ཐེངས་ཀྱི་ཏོག་དབྱིབས་གློ་ཚད་རིམས་ནད་གསར་པ་སྔོན་འགོག་ཚོད་འཛིན་ལས་དོན་དང་ཟུང་འབྲེལ་བྱས་ནས། ད་ལྟ་ལག་བསྟར་བྱེད་བཞིན་པའི་དངོས་པོའི་བདག་དབང་ཀྱི་སྐོར་བཅའ་ཁྲིམས་ནང་གཏན་ལ་ཕབ་པའི་རྨང་གཞིའི་ཐོག་ལས་བདག་གི་བཟོ་བཀོད་རིགས་དགར་བདག་དབང་ལམ་ལུགས་སྔར་བས་འཐུས་སྒོ་ཇེ་ཚང་དུ་བཏང་བ་སྟེ། གཅིག་ནི་ས་གནས་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག་དང་གྲོང་མི་ཨུ་ཡོན་ལྷན་ཁང་གིས་ལས་བདག་ཚོགས་ཆེན་འཚོགས་པ་དང་ལས་བདག་ཨུ་ཡོན་ལྷན་ཁང་འདེམས་བསྐོ་བྱ་རྒྱུར་མཛུབ་ཁྲིད་དང་གཞོགས་འདེགས་བྱེད་དགོས་པ་ཁ་གསལ་བཟོས་ཡོད(འཆར་ཟིན་གྱི་དོན་ཚན་ཉིས་བརྒྱ་དང་དོན་བདུན་པའི་ནང་གསེས་དོན་ཚན་གཉིས་པ) གཉིས་ནི་ལས་བདག་གིས་ཐུན་མོང་ཐོག་ཐག་གཅོད་བྱ་རྒྱུའི་དོན་དག་སྤྱི་དང་། ལྷག་པར་དུ་བཟོ་བཀོད་དང་དེའི་ཞོར་གཏོགས་སྒྲིག་བཀོད་ཉམས་གསོའི་མ་དངུལ་སྤྱོད་པའི་བརྡས་ཐག་གཅོད་པའི་ཚད་གཞི་འོས་འཚམ་དམའ་རུ་བཏང་བ་མ་ཟད། ཛ་དྲག་ཆེ་བའི་གནས་ཚུལ་འོག་ཉམས་གསོའི་མ་དངུལ་གྱི་དམིགས་བསལ་གྱི་གོ་རིམ་ཐད་གཏན་འབེབས་བསྣན་ཡོད(འཆར་ཟིན་གྱི་དོན་ཚན་ཉིས་བརྒྱ་དང་དོན་བརྒྱད་པ་དང་། དོན་ཚན་ཉིས་བརྒྱ་དང་གྱ་གཅིག་པའི་ནང་གསེས་དོན་ཚན་གཉིས་པ) གསུམ་ནི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་དང་ཟུང་འབྲེལ་བྱས་ཏེ་རྩ་འཛུགས་དང་མི་སྒེར་གྱི་འགྱུར་མེད་རྒྱུ་ནོར་རམ་འགྱུར་ལྡན་རྒྱུ་ནོར་བསྡུ་སྤྱོད་བྱེད་པའི་དོན་རྐྱེན་ཁྲོད“རིམས་ནད་སྔོན་འགོག་ཚོད་འཛིན”ཞེས་པ་བསྣན་པ། སྡེ་ལས་ཞབས་ཞུའི་ཁེ་ལས་དང་ལས་བདག་གི་འབྲེལ་ཡོད་འགན་འཁྲི་དང་འོས་འགན་ཁ་གསལ་བཟོས་ཡོད་ཅིང་། སྡེ་ལས་ཞབས་ཞུའི་ཁེ་ལས་སམ་ཡང་ན་དོ་དམ་བྱེད་མཁན་གཞན་དག་གིས་ངེས་པར་དུ་ཁྲིམས་ལྟར་ལག་བསྟར་བྱེད་པའི་མྱུར་བསྟུན་ཐག་གཅོད་བྱེད་ཐབས་དང་དོ་དམ་བྱ་ཐབས་གཞན་དག་ལག་བསྟར་བྱེད་དགོས་པ་དང་། འབྲེལ་ཡོད་ལས་དོན་སྤེལ་རྒྱུར་གཞོགས་འདེགས་ཧུར་ཐག་བྱེད་དགོས་པ། ལས་བདག་གིས་ངེས་པར་དུ་ཁྲིམས་ལྟར་གཞོགས་འདེགས་བྱེད་དགོས་ཞེས་པའི་གཏན་འབེབས་བསྣན་ཡོད(འཆར་ཟིན་གྱི་དོན་ཚན་ཉིས་བརྒྱ་དང་ཞེ་ལྔ་པ་དང་། དོན་ཚན་ཉིས་བརྒྱ་དང་གྱ་ལྔ་པའི་ནང་གསེས་དོན་ཚན་གཉིས་པ དོན་ཚན་ཉིས་བརྒྱ་དང་གྱ་དྲུག་པའི་ནང་གསེས་དོན་ཚན་དང་པོ)

3.བཀོལ་ཁེ་རྫས་དབང་གི་སྐོར། བཀོལ་ཁེ་རྫས་དབང་ཞེས་པ་ནི་ཁེ་དབང་འཛིན་མཁན་གྱིས་ཁྲིམས་ལྟར་མི་གཞན་གྱི་རྒྱུ་དངོས་བདག་བཟུང་དང་། བེད་སྤྱོད། ཕན་ཆ་ཐོབ་པ་བཅས་ཀྱི་ཁེ་དབང་ལོངས་སུ་སྤྱོད་པར་ཟེར། ནང་གསེས་ལེ་ཚན་གསུམ་པའི་ནང་བཀོལ་ཁེ་རྫས་དབང་ལམ་ལུགས་གཏན་འབེབས་བྱས་ནས། བཀོལ་ཁེ་རྫས་དབང་འཛིན་མཁན་གྱི་གཞི་རྩའི་ཁེ་དབང་དང་འོས་འགན་ཁ་གསལ་བཟོས་ཡོད་པ་དང་། དེ་བཞིན་འཛུགས་སྐྲུན་ལ་མཁོ་བའི་ས་ཆ་སྤྱོད་དབང་དང་། ཁང་ས་སྤྱོད་དབང་། ས་ཆ་བཀོལ་དབང་སོགས་བཀོལ་ཁེ་རྫས་དབང་ཁ་གསལ་བཟོས་ཡོད། འཆར་ཟིན་གྱིས་ད་དུང་ད་ལྟ་ལག་བསྟར་བྱེད་བཞིན་པའི་དངོས་པོའི་བདག་དབང་སྐོར་གྱི་བཅའ་ཁྲིམས་སུ་གཏན་ལ་ཕབ་པའི་རྨང་གཞིའི་ཐོག་སྔར་བས་འཐུས་སྒོ་ཇེ་ཚང་དུ་བཏང་ཡོད་པ་སྟེ། གཅིག་ནས་བདག་དབང་སྲུང་སྐྱོབ་ལམ་ལུགས་འཐུས་སྒོ་ཇེ་ཚང་དུ་བཏང་ནས་ཁྲིམས་ལྟར་རྒྱུ་ནོར་བདག་དབང་སྲུང་སྐྱོང་བྱ་རྒྱུའི་སྐོར་གྱི་ཏང་ཀྲུང་དབྱང་གི་བླང་བྱ་དོན་འཁྱོལ་བྱས་ནས། སྡོད་ཁང་འཛུགས་སྐྲུན་ལ་མཁོ་བའི་ས་ཆ་སྤྱོད་དབང་གི་དུས་བཀག་ཐིམ་རིགས་རང་འགུལ་ངང་དུས་འགྱངས་བྱ་རྒྱུ་དང་། དུས་འགྱངས་གྲོན་དངུལ་སྤྲོད་པའམ་ཆག་ཡང་དང་རྩ་ཆག་གཏོང་རྒྱུ་དེ་བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་གྱི་གཏན་འབེབས་ལྟར་བསྒྲུབ་དགོས་པ་ཁ་གསལ་བཟོས་ཡོད(འཆར་ཟིན་གྱི་དོན་ཚན་སུམ་བརྒྱ་དང་ང་དགུ་པའི་ནང་གསེས་དོན་ཚན་དང་པོ) གཉིས་ནས་གྲོང་གསེབ་ཀྱི་ཐུན་མོང་གི་རྒྱུ་ནོར་བདག་དབང་དང་འབྲེལ་བའི་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། གྲོང་གསེབ་ཀྱི་འགན་གཙང་ལེན་པའི་ས་ཞིང་གི“དབང་གསུམ་ལོགས་འབྱེད་”སྒྱུར་བཅོས་ཀྱི་བླང་བྱ་དོན་འཁྱོལ་བྱེད་ཆེད། ས་ཞིང་གཉེར་འགན་གཙང་ལེན་བྱེད་དབང་གི་འབྲེལ་ཡོད་གཏན་འབེབས་འཐུས་སྒོ་ཇེ་ཚང་དུ་བཏང་ནས་ས་ཞིང་གཉེར་སྐྱོང་བྱེད་དབང་གི་གཏན་འབེབས་ཁ་སྣོན་བྱས་པ་མ་ཟད། རྨོ་ཞིང་བེད་སྤྱོད་བྱེད་དབང་གཏའ་མར་བཞག་མི་ཆོག་པའི་གཏན་འབེབས་མེད་པར་བཟོས་ནས། “དབང་གསུམ་ལོགས་འབྱེད”བྱས་རྗེས་ས་ཞིང་གཉེར་སྐྱོང་བྱེད་དབང་ཚོང་རར་ཞུགས་པའི་དགོས་མཁོ་དང་འཚམ་པར་བྱས་ཡོད(འཆར་ཟིན་གྱི་ལེ་ཚན་གཉིས་པའི་ལེའུ་བཅུ་གཅིག་པ་དང་དོན་ཚན་སུམ་བརྒྱ་དང་གོ་དགུ་པ) གྲོང་གསེབ་ཐུན་མོང་གི་འཛུགས་སྐྲུན་ལ་མཁོ་བའི་ས་ཆ་དང་ཁང་སའི་ལམ་ལུགས་ཀྱི་སྒྱུར་བཅོས་སྤེལ་བཞིན་པའི་གནས་ཚུལ་ལ་བསམ་བློ་བཏང་ནས་འཆར་ཟིན་དང་ས་ཞིང་དོ་དམ་བྱེད་ཕྱོགས་སྐོར་གྱི་བཅའ་ཁྲིམས་སོགས་དབར་ལ་འབྲེལ་མཐུད་རང་བཞིན་གྱི་གཏན་འབེབས་བྱས་ཡོད(འཆར་ཟིན་གྱི་དོན་ཚན་སུམ་བརྒྱ་དང་རེ་གཅིག་པ་དང་། དོན་ཚན་སུམ་བརྒྱ་དང་རེ་གསུམ་པ) གསུམ་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཐོག་བཏོན་པའི་བྱེད་པོ་མང་པོས་འདོན་སྤྲོད་དང་ཐབས་ལམ་མང་པོས་འགན་སྲུང་གི་སྡོད་ཁང་ལམ་ལུགས་གང་མགྱོགས་འཛུགས་རྒྱུའི་བླང་བྱ་ལག་བསྟར་བྱས་ནས་“གནས་སྡོད་བྱེད་དབང”ཞེས་པའི་བཀོལ་ཁེ་རྫས་དབང་གསར་པའི་གཏན་འབེབས་ཁ་སྣོན་བརྒྱབ་སྟེ། གནས་སྡོད་བྱེད་དབང་རྩ་དོན་ཐོག་རིན་མེད་ངང་འཛུགས་རྒྱུ་དང་། གནས་སྡོད་བྱེད་དབང་ཡོད་མཁན་ལ་གན་རྒྱའི་ཁ་ཆད་དམ་ཡང་ན་ཁ་ཆེམས་གཞིར་བཟུང་ཐོ་འགོད་བྱས་པ་བརྒྱུད་མི་གཞན་གྱི་སྡོད་ཁང་བདག་བཟུང་དང་བེད་སྤྱོད་བྱས་ཆོག་ཅེས་ཁ་གསལ་བཟོས་ནས། དེའི་འཚོ་བའི་གནས་སྡོད་གཏན་འཇགས་ཡོང་བའི་དགོས་མཁོ་སྐོང་ཐུབ་པ་བྱས་ཡོད(འཆར་ཟིན་གྱི་ལེ་ཚན་གཉིས་པའི་ལེའུ་བཅུ་བཞི་པ)   

4.ཁག་ཐེག་རྫས་དབང་སྐོར། ཁག་ཐེག་རྫས་དབང་ཞེས་པ་ནི་བུ་ལོན་འཇལ་བར་ཁག་ཐེག་བྱེད་ཆེད་བཙུགས་པའི་རྫས་དབང་ལ་ཟེར། དེའི་ནང་གཏའ་མ་འཇོག་དབང་དང་། གཏའ་དབང་། ཉར་དབང་བཅས་ཚུད་ཡོད། ནང་གསེས་ལེ་ཚན་བཞི་པས་ཁག་ཐེག་རྫས་དབང་ལ་གཏན་འབེབས་བྱས་ཡོད་དེ། ཁག་ཐེག་རྫས་དབང་གི་གོ་དོན་དང་། སྤྱད་འཐུས་ཁྱབ་ཁོངས། ཁག་ཐེག་ཁྱབ་ཁོངས་སོགས་ཐུན་མོང་གི་སྒྲིག་སྲོལ་དང་། དེ་བཞིན་གཏའ་མ་འཇོག་དབང་དང་། གཏའ་དབང་། ཉར་དབང་བཅས་ཀྱི་སྒྲིག་སྲོལ་ཞིབ་ཕྲ་ཁ་གསལ་བཟོས་ཡོད། འཆར་ཟིན་གྱིས་ད་ལྟ་ལག་བསྟར་བྱེད་བཞིན་པའི་དངོས་པོའི་བདག་དབང་སྐོར་གྱི་བཅའ་ཁྲིམས་གཏན་འབེབས་ཀྱི་རྨང་གཞིའི་ཐོག་ཁག་ཐེག་རྫས་དབང་ལམ་ལུགས་སྔར་བས་འཐུས་སྒོ་ཚང་དུ་བཏང་ནས་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་ཆེད་ཁྲིམས་སྐྱོང་གི་འགན་སྲུང་མཁོ་འདོན་བྱས་པ་སྟེ། གཅིག་ནས་ཁག་ཐེག་གན་རྒྱའི་ཁྱབ་ཁོངས་རྒྱ་ཆེར་གཏོང་བ་དང་། དངུལ་སྡུད་བོགས་གཏོང་དང་། དོ་དམ་ཁག་ཐེགབདག་དབང་སོར་འཇོག་སོགས་དཔེར་མཚོན་མིན་པའི་ཁག་ཐེག་གན་རྒྱར་ལྡན་པའི་ཁག་ཐེག་ནུས་པ་ཁ་གསལ་བཟོས་པ་དང་། ཁག་ཐེག་གན་རྒྱའི་ནང་གཏའ་མར་འཇོག་ལེན་གྱི་གན་རྒྱ་དང་། གཏའ་འཇོག་གན་རྒྱ་དང་ཁག་ཐེག་ནུས་པ་ལྡན་པའི་གན་རྒྱ་གཞན་དག་བཅས་ཚུད་ཡོད་པའི་གཏན་འབེབས་ཁ་སྣོན་བྱས་ཡོད(འཆར་ཟིན་གྱི་དོན་ཚན་སུམ་བརྒྱ་དང་གྱ་བརྒྱད་པའི་ནང་གསེས་དང་པོ) གཉིས་ནས་ཁག་ཐེག་རྫས་དབང་དང་འབྲེལ་བའི་ཐོ་འགོད་ལས་ཁུངས་ཞིབ་ཕྲའི་ཐད་ཀྱི་གཏན་འབེབས་མེད་པར་བཟོས་ཏེ། གཅིག་གྱུར་གྱི་འགྱུར་ལྡན་རྒྱུ་ནོར་གཏའ་མར་འཇོག་ལེན་དང་ཁེ་དབང་གཏའ་འཇོག་གི་ཐོ་འགོད་ལམ་ལུགས་འཛུགས་པར་སྟོང་ཆ་བཞག་ཡོད། གསུམ་ནས་གཏའ་མར་འཇོག་ལེན་གྱི་གན་རྒྱ་དང་གཏའ་འཇོག་གན་རྒྱའི་སྤྱིར་བཏང་གི་དོན་ཚན་སྟབས་བདེར་བཏང་ཡོད(འཆར་ཟིན་གྱི་དོན་ཚན་བཞི་བརྒྱ་པའི་ནང་གསེས་དོན་ཚན་གཉིས་པ་དང་དོན་ཚན་བཞི་བརྒྱ་དང་ཉེར་བདུན་པའི་ནང་གསེས་དོན་ཚན་གཉིས་པ) བཞི་ནས་ཁག་ཐེག་རྫས་དབང་སྤྱད་འཐུས་པའི་གཅིག་གྱུར་གྱིས་སྐྱིན་ཚབ་ལེན་པའི་སྒྲིག་སྲོལ་ཁ་གསལ་བཟོས་ཡོད(འཆར་ཟིན་གྱི་དོན་ཚན་བཞི་བརྒྱ་དང་བཅུ་བཞི་པ) 

5.བདག་བཟུང་སྐོར། བདག་བཟུང་ཞེས་པ་ནི་འགྱུར་མེད་རྒྱུ་ནོར་རམ་འགྱུར་ལྡན་རྒྱུ་ནོར་དོན་དངོས་ཐོག་ཚོད་འཛིན་དང་བཀོལ་སྤྱོད་བྱེད་པར་ཟེར། ནང་གསེས་ལེ་ཚན་ལྔ་པའི་ནང་བདག་བཟུང་གི་ལེགས་སྒྲིག་ཁྱབ་ཁོངས་དང་། བདག་བཟུང་བྱེད་དབང་མེད་པའི་གནས་ཚུལ་དང་འཕྲད་དུས་ཀྱི་གྱོང་གུན་གསབ་འཇལ་ཁག་འགན་དང་། ཐོག་མའི་དངོས་པོ་དང་སྐྱེད་འཕེལ་སྐྱེད་ཀ་ཕྱིར་སློག་དང་དེ་བཞིན་བདག་བཟུང་སྲུང་སྐྱོང་སོགས་ཀྱི་ཐད་གཏན་འབེབས་བྱས་ཡོད(འཆར་ཟིན་གྱི་ལེ་ཚན་གཉིས་པའི་ལེའུ་ཉི་ཤུ་པ)  

(གསུམ) གན་རྒྱའི་ལེ་ཚན།   

གན་རྒྱའི་ལམ་ལུགས་ནི་ཚོང་རའི་དཔལ་འབྱོར་གྱི་གཞི་རྩའི་བཅའ་ཁྲིམས་ལམ་ལུགས་རེད། 1999ལོར་་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་དགུ་པའི་གྲོས་ཚོགས་ཐེངས་གཉིས་པའི་ཐོག་གན་རྒྱའི་སྐོར་གྱི་བཅའ་ཁྲིམས་ལ་གྲོས་འཆམ་བྱུང་བ་རེད། འཆར་ཟིན་གྱི་ལེ་ཚན་གསུམ་པའི“གན་རྒྱ”ཡིས་ད་ལྟ་ལག་བསྟར་བྱེད་བཞིན་པའི་གན་རྒྱའི་བཅའ་ཁྲིམས་ཀྱི་རྨང་གཞིའི་ཐོག་ཁྱོན་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་གཏོང་བའི་དགོངས་དོན་ལག་བསྟར་དང་། གན་རྒྱ་སྲུང་སྐྱོང་། འདྲ་མཉམ་ངང་བརྗེ་རེས། འགྲན་རྩོད་དྲང་གཞག་བཅས་བྱ་རྒྱུ་རྒྱུན་འཁྱོངས་བྱས་པ་དང་། ཚོང་ཟོག་དང་རྒྱུ་རྐྱེན་གཙོ་བོ་རང་མོས་འཁོར་རྒྱུག་ཐུབ་རྒྱུར་སྐུལ་སྤེལ་བཏང་བ། གན་རྒྱའི་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་ཡོད། ལེ་ཚན་གསུམ་པར་ཁྱོན་བསྡོམས་ནང་གསེས་ལེ་ཚན་3དང་། ལེའུ་29དོན་ཚན་526བཅས་ཡོད་ཅིང་། ནང་དོན་གཙོ་བོ་གཤམ་གསལ།  

1.སྤྱི་འགྲོས་རྩ་སྲོལ་སྐོར། ནང་གསེས་ལེ་ཚན་དང་པོ་ནི་སྤྱི་འགྲོས་རྩ་སྲོལ་ཡིན་པས་གན་རྒྱ་འཇོག་པ་དང་། ནུས་པ། ལག་བསྟར། ཉམས་མེད་ཉར་སྲུང་། བཤུག་སྤྲོད། མཚམས་འཇོག ཁ་ཆད་དང་འགལ་བའི་ཁག་འགན་སོགས་སྤྱིར་བཏང་རང་བཞིན་གྱི་སྒྲིག་སྲོལ་གཏན་འབེབས་བྱས་པ་མ་ཟད། ད་ལྟ་ལག་བསྟར་བྱེད་བཞིན་པའི་གན་རྒྱའི་བཅའ་ཁྲིམས་ཀྱི་རྨང་གཞིའི་ཐོག་གན་རྒྱའི་སྤྱིའི་རྩ་དོན་ལམ་ལུགས་འཐུས་ཚང་དུ་བཏང་ཡོད་དེ། གཅིག་ནས་གན་རྒྱ་མ་ཡིན་པའི་བུ་ལོན་གྱི་བཅའ་ཁྲིམས་སྤྱད་འཐུས་པའི་སྒྲིག་སྲོལ་དང་། མི་མང་ཆེ་བའི་བུ་ལོན་གྱི་ལག་བསྟར་སྒྲིག་སྲོལ་སོགས་གཏན་འབེབས་བརྒྱུད་ནས་བུ་ལོན་སྐོར་གྱི་བཅའ་ཁྲིམས་ཀྱི་སྤྱིར་བཏང་རང་བཞིན་གྱི་སྒྲིག་སྲོལ་འཐུས་ཚང་དུ་བཏང་ཡོད(འཆར་ཟིན་གྱི་དོན་ཚན་བཞི་བརྒྱ་དང་རེ་བརྒྱད་པ་དང་། དོན་ཚན་ལྔ་བརྒྱ་དང་བཅུ་བདུན་པ་ནས་ལྔ་བརྒྱ་དང་ཉེར་གཅིག་པའི་བར) གཉིས་ནས་གློག་རྡུལ་གན་རྒྱ་འཇོག་པའི་སྒྲིག་སྲོལ་འཐུས་ཚང་དུ་བཏང་བ་དང་། ཁ་ཆད་གན་རྒྱའི་གཏན་འབེབས་ཞིབ་ཕྲ་ཁ་སྣོན་བྱས་པ། རྣམ་གཞག་དོན་ཚན་ལམ་ལུགས་སོགས་གན་རྒྱ་འཇོག་པའི་ལམ་ལུགས་འཐུས་ཚང་དུ་བཏང་ཡོད(འཆར་ཟིན་གྱི་དོན་ཚན་བཞི་བརྒྱ་དང་གོ་གཅིག་པ་དང་། དོན་ཚན་བཞི་བརྒྱ་དང་གོ་ལྔ་པ་ནས་དོན་ཚན་བཞི་བརྒྱ་དང་གོ་བརྒྱད་པའི་བར) གསུམ་ནས་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་དང་ཟུང་འབྲེལ་བྱས་ཏེ། རྒྱལ་ཁབ་ཀྱི་དངོས་ཟོག་སྔོན་མངག་གན་རྒྱའི་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་ནས་རྒྱལ་ཁབ་ཀྱིས་ཉེན་སྐྱོབ་གེགས་སེལ་དང་རིམས་ནད་སྔོན་འགོག་ཚོད་འཛིན་ནམ་ཡང་ན་རྒྱལ་ཁབ་ཀྱི་དངོས་ཟོག་སྔོན་མངག་ལས་འགན་དང་བཀས་སྐུལ་གྱི་རང་བཞིན་ལྡན་པའི་འཆར་གཞི་གཞན་དག་དང་བསྟུན་དགོས་རིགས། འབྲེལ་ཡོད་དམངས་དོན་གྱི་བྱེད་པོའི་དབར་འབྲེལ་ཡོད་བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་གཏན་ལ་ཕབ་པའི་ཁེ་དབང་དང་འོས་འགན་ལྟར་གན་རྒྱ་འཇོག་དགོས་པའི་གཏན་འབེབས་བྱས་ཡོད(འཆར་ཟིན་གྱི་དོན་ཚན་བཞི་བརྒྱ་དང་གོ་བཞི་པའི་ནང་གསེས་དང་པོ) བཞི་ནས་ལག་ལེན་ཁྲོད་དོ་བདག་ཕྱོགས་གཅིག་གིས་འོས་འགན་དང་འགལ་ནས་སྙན་སེང་བཀའ་འཁྲོལ་ཞུ་བའི་འགྲོ་ལུགས་མ་བསྒྲུབས་པར་གན་རྒྱའི་ནུས་པ་ཐོན་རྒྱུར་ཤུགས་རྐྱེན་ཐེབས་པའི་གནད་དོན་ལ་དམིགས་ནས། འཆར་ཟིན་ནང་དོ་བདག་གིས་སྙན་སེང་བཀའ་འཁྲོལ་ཞུ་བའི་འོས་འགན་དང་འགལ་བའི་བཅའ་ཁྲིམས་ཀྱི་མཇུག་འབྲས་ཁ་གསལ་བཟོས་ཏེ། གན་རྒྱའི་ནུས་པའི་ལམ་ལུགས་འཐུས་ཚང་དུ་བཏང་ཡོད(འཆར་ཟིན་གྱི་དོན་ཚན་ལྔ་བརྒྱ་དང་གཉིས་པའི་ནང་གསེས་གཉིས་པ) ལྔ་ནས་གན་རྒྱ་ལག་བསྟར་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་ལྗང་མདོག་གི་རྩ་དོན་དོན་འཁྱོལ་བྱས་ནས་དོ་བདག་གིས་གན་རྒྱ་ལག་བསྟར་བྱེད་རིང་ཐོན་ཁུངས་ཆུད་ཟོས་གཏོང་བ་དང་། ཁོར་ཡུག་སྦགས་བཙོག་བཟོ་བ། སྐྱེ་ཁམས་ལ་གཏོར་བཤིག་གཏོང་བ་བཅས་མི་ཡོང་བ་བྱེད་དགོས་པའི་གཏན་འབེབས་བྱས་ཡོད(འཆར་ཟིན་གྱི་དོན་ཚན་ལྔ་བརྒྱ་དང་དགུ་པའི་ནང་གསེས་གསུམ་པ) དེ་དང་དུས་མཚུངས་སུ། ཁྲིམས་འཛིན་ལག་ལེན་གྱི་ཉམས་མྱོང་ཕྱོགས་བསྡོམས་བྱས་པའི་རྨང་གཞིའི་ཐོག་གནས་ཚུལ་གྱི་བབ་ལ་ལྟོས་ནས་སྒྱུར་བཅོས་ཀྱི་ལམ་ལུགས་གཏན་འབེབས་ཁ་སྣོན་བྱས་ཡོད(འཆར་ཟིན་གྱི་དོན་ཚན་ལྔ་བརྒྱ་དང་སོ་གསུམ་པ) དྲུག་ནས་ཚབ་བྱེད་དབང་ཆ་དང་རྩིས་མེད་གཏོང་དབང་སོགས་གན་རྒྱའི་ཉམས་མེད་ཉར་སྲུང་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། བུན་བདག་ལ་སྲུང་སྐྱོང་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་བ། བུན་དབང་ནང་བཤུག་གཏོང་བ་དང་བུ་ལོན་སྤོ་སྒྱུར་ལམ་ལུགས་ཞིབ་ཕྲ་བཟོས་པ། བུ་ལོན་གཙང་འཇལ་ཁ་གསབ་སྒྲིག་སྲོལ་ཁ་སྣོན་དང་གན་རྒྱ་ཕྱིར་འཐེན་སོགས་གན་རྒྱ་མཚམས་འཇོག་གི་ལམ་ལུགས་འཐུས་ཚང་དུ་གཏོང་བ་བཅས་བྱས་ཡོད(འཆར་ཟིན་གྱི་ལེ་ཚན་གསུམ་པའི་ཁོངས་ཀྱི་ལེའུ་ལྔ་པ་དང་། དོན་ཚན་ལྔ་བརྒྱ་དང་ཞེ་ལྔ་པ་ནས་དོན་ཚན་ལྔ་བརྒྱ་དང་ང་དྲུག་པའི་བར། དོན་ཚན་ལྔ་བརྒྱ་དང་དྲུག་ཅུ་པ། དོན་ཚན་ལྔ་བརྒྱ་དང་རེ་གསུམ་པ་ནས་དོན་ཚན་ལྔ་བརྒྱ་དང་ང་དྲུག་པའི་བར) བདུན་ནས་ད་ལྟ་ལག་བསྟར་བྱེད་བཞིན་པའི་ཁག་ཐེག་བཅའ་ཁྲིམས་ཀྱི་འབྲེལ་ཡོད་འགྱུར་རྟེན་སྒྲིག་སྲོལ་ཐད་ཀྱི་གཏན་འབེབས་བསྡུ་ལེན་བྱས་པ་བརྒྱུད་ཁ་ཆད་དང་འགལ་བའི་འགན་འཁྲིའི་ལམ་ལུགས་འཐུས་ཚང་དུ་བཏང་ཡོད(འཆར་ཟིན་གྱི་དོན་ཚན་ལྔ་བརྒྱ་དང་གྱ་དྲུག་པ་ནས་དོན་ཚན་ལྔ་བརྒྱ་དང་གྱ་བརྒྱད་པའི་བར)  

2.དཔེ་མཚོན་གྱི་གན་རྒྱའི་སྐོར། དཔེ་མཚོན་གན་རྒྱ་དེ་ཚོང་རའི་དཔལ་འབྱོར་གྱི་བྱེད་སྒོ་དང་སྤྱི་ཚོགས་འཚོ་བའི་ཁྲོད་ཡོངས་ཁྱབ་ཏུ་སྤྱོད་བཞིན་ཡོད། དངོས་ཡོད་ཀྱི་དགོས་མཁོ་དང་བསྟུན་ཆེད། ད་ལྟ་ལག་བསྟར་བྱེད་བཞིན་པའི་གན་རྒྱའི་བཅའ་ཁྲིམས་ཀྱིས་གཏན་འབེབས་བྱས་པའི་ཉོ་ཚོང་སྐོར་གྱི་གན་རྒྱ་དང་། འབུལ་སྐྱེས་འབུལ་རྒྱུའི་སྐོར་གྱི་གན་རྒྱ། དངུལ་བུན་གཏོང་ལེན་སྐོར་གྱི་གན་རྒྱ། བོགས་མར་གཏོང་ལེན་སྐོར་གྱི་གན་རྒྱ་སོགས་དཔེར་མཚོན་གན་རྒྱ་རིགས་15ཡི་རྨང་གཞིའི་སྟེང་། ནང་གསེས་ལེ་ཚན་གཉིས་པར་དཔེར་མཚོན་གན་རྒྱ་རིགས་4ཁ་སྣོན་བྱས་ཡོད་པ་སྟེ། གཅིག་ནས་ཁག་ཐེག་བཅའ་ཁྲིམས་ཁྲོད་ཀྱི་འགན་ལེན་སྐོར་གྱི་ནང་དོན་བསྡུ་ལེན་བྱས་ནས་འགན་ལེན་སྐོར་གྱི་གན་རྒྱ་ཁ་སྣོན་བྱས་ཡོད(འཆར་ཟིན་གྱི་ལེ་ཚན་གསུམ་པའི་ལེའུ་བཅུ་གསུམ་པ) གཉིས་ནས་རང་རྒྱལ་གྱི་དོ་དམ་ཁག་ཐེག་ལས་རིགས་འཕེལ་རྒྱས་དང་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བའི་དགོས་མཁོ་དང་འཚམ་པར་བྱས་ཏེ། དོ་དམ་ཁག་ཐེག་སྐོར་གྱི་གན་རྒྱ་ཁ་སྣོན་བྱས་ཡོད(འཆར་ཟིན་གྱི་ལེ་ཚན་གསུམ་པའི་ལེའུ་བཅུ་དྲུག་པ) གསུམ་ནས་སྡེ་ལས་ཞབས་ཞུའི་ཁྱབ་ཁོངས་ཀྱི་མངོན་གསལ་དོད་པའི་གནད་དོན་ལ་དམིགས་ནས་སྡེ་ལས་ཞབས་ཞུའི་སྐོར་གྱི་གན་རྒྱའི་གཏན་འབེབས་ཁ་སྣོན་བྱས་ཡོད(འཆར་ཟིན་གྱི་ལེ་ཚན་གསུམ་པའི་ལེའུ་ཉེར་བཞི་པ) བཞི་ནས་མཉམ་གཉེར་སྐོར་གྱི་གན་རྒྱའི་གཏན་འབེབས་ཁ་སྣོན་བྱས་ཏེ། དམངས་དོན་ཀྱི་སྤྱི་འགྲོས་རྩ་སྲོལ་ཁྲོད་ཀྱི་མི་སྒེར་མཉམ་གཉེར་སྐོར་གྱི་འབྲེལ་ཡོད་གཏན་འབེབས་དེའི་ནང་དུ་བཞག་ཡོད(འཆར་ཟིན་གྱི་ལེ་ཚན་གསུམ་པའི་ལེའུ་ཉེར་བདུན་པ) ལེ་ཚན་གསུམ་པའི་ནང་ད་ལྟ་ལག་ལེན་བསྟར་བཞིན་པའི་གན་རྒྱའི་བཅའ་ཁྲིམས་ཀྱི་ལག་ལེན་ཉམས་མྱོང་ཕྱོགས་བསྡོམས་བྱས་པའི་རྨང་གཞིའི་ཐོག་ད་དུང་དཔེར་མཚོན་གྱི་གན་རྒྱ་གཞན་དག་འཐུས་ཚང་དུ་བཏང་ཡོད་དེ། གཅིག་ནས་ཞིབ་བཤེར་དུས་ཡུན་གྱི་གཏན་འབེབས་དང་བདག་དབང་སོར་འཇོག་སྒྲིག་སྲོལ་སོགས་འཐུས་ཚང་དུ་བཏང་བ་བརྒྱུད་ཉོ་ཚོང་སྐོར་གྱི་གན་རྒྱ་འཐུས་ཚང་དུ་བཏང་ཡོད(འཆར་ཟིན་གྱི་དོན་ཚན་དྲུག་བརྒྱ་དང་ཉེར་གཉིས་པ་དང་། དོན་ཚན་དྲུག་བརྒྱ་དང་ཉེར་གསུམ་པ། དོན་ཚན་དྲུག་བརྒྱ་དང་ཞེ་གཅིག་པ་ནས་དོན་ཚན་དྲུག་བརྒྱ་དང་ཞེ་གསུམ་བར) གཉིས་ནས་རྒྱུན་གཏན་གྱི་དངུལ་རྩའི་སྒྲིག་ལམ་སྲུང་སྐྱོང་བྱེད་ཆེད་སྐྱེད་ཆེའི་དངུལ་བུན་གཏན་འགོག་བྱེད་དགོས་པ་དང་དངུལ་བུན་གཏོང་ལེན་སྐོར་གྱི་སྐྱེད་ཀའི་ཚད་དེ་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་དང་འགལ་མི་ཆོག་པའི་གཏན་འབེབས་ཁ་གསལ་བྱས་ཡོད(འཆར་ཟིན་གྱི་དོན་ཚན་དྲུག་བརྒྱ་དང་བརྒྱད་ཅུ་པའི་ནང་གསེས་དང་པོ) གསུམ་ནས་ཏང་ཀྲུང་དབྱང་གིས་བཏོན་པའི་བོགས་ཉོ་དབང་མཚུངས་ཀྱི་སྡོད་ཁང་ལམ་ལུགས་འཛུགས་པའི་བླང་བྱ་དོན་འཁྱོལ་བྱས་ཏེ། བོགས་མར་ལེན་མཁན་གྱི་ཁེ་ཕན་སྲུང་སྐྱོང་བྱེད་ཆེད་ཁང་པ་བོགས་མར་ལེན་མཁན་ལ་སྔོན་ལ་བོགས་མར་ལེན་དབང་ཡོད་པའི་གཏན་འབེབས་ཁ་སྣོན་བྱས་ཡོད(འཆར་ཟིན་གྱི་དོན་ཚན་བདུན་བརྒྱ་དང་སོ་བཞི་པའི་ནང་གསེས་གཉིས་པ) བཞི་ནས་ཉེ་བའི་ལོ་ཤས་རིང་འགྲུལ་སྐྱེལ་སྐོར་གྱི་གན་རྒྱའི་ཁྱབ་ཁོངས་སུ་ཐོན་པའི་འགྲུལ་པ་བཙན་སྡོད་དང་སྐྱེལ་འདྲེན་བྱེད་འགན་འཁུར་མཁན་གྱིས་ཉེན་མེད་སྐྱེལ་འདྲེན་བྱ་ཐབས་སྤྱོད་པར་གཞོགས་འདེགས་མི་བྱེད་པ་སོགས་སྐྱེལ་འདྲེན་གྱི་སྒྲིག་ལམ་ལ་འགོག་རྐྱེན་ཚབས་ཆེན་བཟོ་བ་དང་། ཉེན་མེད་སྐྱེལ་འདྲེན་ལ་གནོད་འཚེ་གཏོང་བའི་གནད་དོན་ལ་དམིགས་ནས་རྒྱུན་གཏན་གྱི་སྐྱེལ་འདྲེན་སྒྲིག་ལམ་སྲུང་སྐྱོང་བྱེད་ཆེད། འཆར་ཟིན་གྱིས་འགྲུལ་སྐྱེལ་སྐོར་གྱི་གན་རྒྱའི་དོ་བདག་གི་ཁེ་དབང་དང་འོས་འགན་ཞིབ་ཕྲ་བཟོས་ཡོད(འཆར་ཟིན་གྱི་དོན་ཚན་བརྒྱད་བརྒྱ་དང་བཅོ་ལྔ་པའི་ནང་གསེས་དང་པོ་དང་། དོན་ཚན་བརྒྱད་བརྒྱ་དང་བཅུ་དགུ་པ། དོན་ཚན་བརྒྱད་བརྒྱ་དང་ཉི་ཤུ་པ) ལྔ་ནས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་བའི་དགོས་མཁོ་དང་བསྟུན་ནས་སྟེར་སྦྱིན་བྱེད་རྒྱུའི་གན་རྒྱ་དང་། དངུལ་སྡུད་བོགས་གཏོང་སྐོར་གྱི་གན་རྒྱ། འཛུགས་སྐྲུན་ལས་གྲྭའི་སྐོར་གྱི་གན་རྒྱ། ལག་རྩལ་སྐོར་གྱི་གན་རྒྱ་སོགས་དཔེར་མཚོན་གྱི་གན་རྒྱར་བཟོ་བཅོས་དང་འཐུས་སྒོ་ཚང་དུ་བཏང་ཡོད(འཆར་ཟིན་གྱི་ལེ་ཚན་གསུམ་པའི་ལེའུ་བཅུ་གཅིག་པ་དང་། ལེའུ་བཅོ་ལྔ་པ། ལེའུ་བཅོ་བརྒྱད་པ། ལེའུ་ཉི་ཤུ་པ)               

3.རྗེས་མཐུན་གན་རྒྱའི་སྐོར། མ་སྐུལ་དང་ལེན་གྱི་དོ་དམ་དང་ཚུལ་མིན་གྱི་ཁེ་ཕན་ཐོབ་པ་དེ་གན་རྒྱའི་སྒྲིག་སྲོལ་དང་མཉམ་དུ་བུ་ལོན་སྐོར་གྱི་བཅའ་ཁྲིམས་ཀྱི་ངོ་བོའི་ཐད་ཀྱི་ནང་དོན་ལ་གཏོགས་ལ། ཡང་གན་རྒྱའི་སྒྲིག་སྲོལ་དང་ཁྱད་པར་ཡོད། ནང་གསེས་ལེ་ཚན་གསུམ་པའི“རྗེས་མཐུན་གན་རྒྱའི”ནང་མ་སྐུལ་དང་ལེན་གྱི་དོ་དམ་དང་ཚུལ་མིན་གྱི་ཁེ་ཕན་ཐོབ་པའི་སྤྱིར་བཏང་རང་བཞིན་གྱི་སྒྲིག་སྲོལ་སོ་སོར་གཏན་འབེབས་བྱས་ཡོད(འཆར་ཟིན་གྱི་ལེ་ཚན་གསུམ་པའི་ཁོངས་ཀྱི་ལེའུ་ཉེར་བརྒྱད་པ་དང་ལེའུ་ཉེར་དགུ་པ)

(བཞི) མི་གཞིའི་དབང་ཆའི་སྐོར་གྱི་ལེ་ཚན། མི་གཞིའི་དབང་ཆ་ནི་དམངས་དོན་གྱི་བྱེད་པོས་རང་གི་དམིགས་འཛུགས་ཀྱི་མི་གཞིའི་ཁེ་ཕན་ལོངས་སུ་སྤྱོད་པའི་ཁེ་དབང་ཡིན་ལ། མི་རེ་རེའི་མི་གཞིའི་ལ་རྒྱ་དང་འབྲེལ་བ་ཡོད་པ་དང་དམངས་དོན་གྱི་བྱེད་པོའི་ཆེས་གཞི་རྩའི་ཁེ་དབང་ཡིན། འཆར་ཟིན་གྱི་ལེ་ཚན་བཞི་པའི“མི་གཞིའི་དབང་ཆ”ཡི་ནང་ད་ལྟ་སྤྱོད་བཞིན་པའི་འབྲེལ་ཡོད་བཅའ་ཁྲིམས་ཁྲིམས་སྲོལ་དང་ཁྲིམས་འཛིན་འགྲེལ་བཤད་ཀྱི་རྨང་གཞིའི་ཐོག དམངས་དོན་བཅའ་ཁྲིམས་ཚད་ལྡན་དུ་བཟོ་བའི་ཕྱོགས་ནས་རང་བྱུང་མི་དང་དམངས་དོན་གྱི་བྱེད་པོ་གཞན་དག་གི་མི་གཞིའི་དབང་ཆའི་ནང་དོན་དང་། དབྱེ་མཚམས། སྲུང་སྐྱོང་བྱེད་སྟངས་བཅས་གཏན་འབེབས་བྱས་པ་ལས། སྤྱི་དམངས་ཀྱི་ཆབ་སྲིད་དང་སྤྱི་ཚོགས་སོགས་ཐད་ཀྱི་ཁེ་དབང་དང་འབྲེལ་བ་མེད། ལེ་ཚན་བཞི་པར་ཁྱོན་བསྡོམས་ལེའུ་6དང་དོན་ཚན་51ཡོད། ནང་དོན་གཙོ་བོ་གཤམ་གསལ།

1.སྤྱིར་བཏང་གི་གཏན་འབེབས་སྐོར། ལེ་ཚན་བཞི་པའི་ལེའུ་དང་པོའི་ནང་མི་གཞིའི་དབང་ཆའི་སྤྱིར་བཏང་རང་བཞིན་གྱི་སྒྲིག་སྲོལ་གཏན་འབེབས་བྱས་ཡོད་དེ། གཅིག་ནི་མི་གཞིའི་དབང་ཆའི་མཚན་ཉིད་ཁ་གསལ་བཟོས་ཡོད(འཆར་ཟིན་གྱི་དོན་ཚན་དགུ་བརྒྱ་དགུ་བཅུ་པ) གཉིས་ནི་དམངས་དོན་གྱི་བྱེད་པོའི་མི་གཞིའི་དབང་ཆ་ལ་བཅའ་ཁྲིམས་ཀྱིས་སྲུང་སྐྱོང་བྱ་རྒྱུ་ཡིན་པས། མི་གཞིའི་དབང་ཆ་འདོར་བ་དང་། ནང་བཤུག ཤུལ་འཛིན་བཅས་བྱས་མི་ཆོག (འཆར་ཟིན་གྱི་དོན་ཚན་དགུ་བརྒྱ་གོ་གཅིག་པ་དང་། དོན་ཚན་དགུ་བརྒྱ་གོ་གཉིས་པ) གསུམ་ནི་འདས་པོའི་མི་གཞིའི་ཁེ་ཕན་ལ་སྲུང་སྐྱོང་བྱ་རྒྱུ(འཆར་ཟིན་གྱི་དོན་ཚན་དགུ་བརྒྱ་གོ་བཞི་པ) བཞི་ནི་མི་གཞིའི་དབང་ཆ་ལ་གནོད་འཚེ་ཕོག་རྗེས་ཀྱི་རྒུད་སྐྱོབ་བྱེད་སྟངས་གཏན་འབེབས་ཁ་གསལ་བྱས་ཡོད(འཆར་ཟིན་གྱི་དོན་ཚན་དགུ་བརྒྱ་གོ་ལྔ་པ་ནས་དོན་ཚན་ཆིག་སྟོང་ཐམ་པའི་བར) 

2.ཚེ་སྲོག་གི་བདག་དབང་དང་། ལུས་ཕུང་གི་བདག་དབང་། བདེ་ཐང་གི་དབང་ཆ་བཅས་ཀྱི་སྐོར། ལེ་ཚན་བཞི་པའི་ལེའུ་གཉིས་པའི་ནང་ཚེ་སྲོག་གི་བདག་དབང་དང་། ལུས་ཕུང་གི་བདག་དབང་། བདེ་ཐང་གི་དབང་ཆ་བཅས་ཀྱི་ཞིབ་ཕྲའི་ནང་དོན་གཏན་འབེབས་བྱས་ཡོད་པ་མ་ཟད། ལག་ལེན་ཁྲོད་སྤྱི་ཚོགས་ཀྱིས་དོ་ཁུར་ཆེན་པོ་བྱེད་བཞིན་པའི་འབྲེལ་ཡོད་གནད་དོན་ལ་དམིགས་བྱའི་རང་བཞིན་ལྡན་པའི་གཏན་འབེབས་བྱས་ཡོད་དེ། གཅིག་ནི་སྨན་བཅོས་འཕྲོད་བསྟེན་བྱ་གཞག་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་ཆེད། སྐུ་ཕུང་ཞལ་འདེབས་སུ་འབུལ་བའི་དགེ་བའི་བྱ་སྤྱོད་ལ་བསྔགས་སྐུལ་བྱས་ཡོད་ཅིང་། འཆར་ཟིན་གྱིས་སྲིད་འཛིན་ཁྲིམས་སྲོལ་གྱི་འབྲེལ་ཡོད་གཏན་འབེབས་བསྡུ་ལེན་བྱས་ཏེ་དབང་པོ་ཞལ་འདེབས་སུ་འབུལ་བའི་གཞི་རྩའི་སྒྲིག་སྲོལ་གཏན་འཁེལ་བྱས་ཡོད(འཆར་ཟིན་གྱི་དོན་ཚན་ཆིག་སྟོང་བརྒྱ་མེད་བཅུ་མེད་དྲུག་པ) གཉིས་ནི་མི་ལུས་ཀྱི་རྒྱུད་རྒྱུ་དང་མི་ལུས་ཀྱི་སྦྲུམ་བུ་སོགས་དང་འབྲེལ་བ་ཡོད་པའི་གསོ་རིག་དང་ཚན་ཞིབ་ཀྱི་བྱེད་སྒོ་ཚད་ལྡན་དུ་གཏོང་ཆེད། བྱེད་སྒོ་དེ་རིགས་སྤེལ་སྐབས་བརྩི་སྲུང་ཞུ་དགོས་པའི་སྒྲིག་སྲོལ་ཁ་གསལ་བཟོས་ཡོད(འཆར་ཟིན་གྱི་དོན་ཚན་ཆིག་སྟོང་བརྒྱ་མེད་བཅུ་མེད་དགུ་པ) གསུམ་ནི་ཉེ་བའི་ལོ་ཤས་རིང་ཆགས་སྲེད་བརྙས་བརྐོའི་གནད་དོན་ལ་སྤྱི་ཚོགས་ཀྱིས་དོ་ཁུར་ཆེན་པོ་བྱེད་བཞིན་ཡོད། འཆར་ཟིན་གྱིས་ཁྲིམས་འཛུགས་དང་ཁྲིམས་འཛིན་ལག་ལེན་གྱི་ཉམས་མྱོང་ཕྱོགས་བསྡོམས་བྱས་པའི་རྨང་གཞིའི་ཐོག་ཆགས་རྩེད་བྱས་པ་ཡིན་པའི་ངོས་འཛིན་བྱེད་དུས་ཀྱི་ཚད་གཞི་དང་དེ་བཞིན་ལས་ཁུངས་དང་། ཁེ་ལས། སློབ་གྲྭ་སོགས་སྡེ་ཚན་གྱིས་ཆགས་སྲེད་བརྙས་བརྐོ་བྱེད་རིགས་སྔོན་འགོག་དང་བཀག་འགོག་བྱེད་པའི་འོས་འགན་གཏན་འབེབས་བྱས་ཡོད(འཆར་ཟིན་གྱི་དོན་ཚན་ཆིག་སྟོང་བརྒྱ་མེད་བཅུ་པ)

3.རུས་མིང་གི་བདག་དབང་དང་མིང་བརྡའི་བདག་དབང་གི་སྐོར། ལེ་ཚན་བཞི་པའི་ལེའུ་གསུམ་པའི་ནང་རུས་མིང་གི་བདག་དབང་དང་མིང་བརྡའི་བདག་དབང་གི་ཞིབ་ཕྲའི་ནང་དོན་གཏན་འབེབས་བྱས་པ་མ་ཟད། དམངས་དོན་གྱི་བྱེད་པོས་མི་གཞན་གྱི་རུས་མིང་གི་བདག་དབང་དང་མིང་བརྡའི་བདག་དབང་ལ་བརྩི་འཇོག་དང་སྲུང་སྐྱོང་བྱེད་པའི་གཞི་རྩའི་འོས་འགན་གཏན་འབེབས་བྱས་ཡོད་དེ། གཅིག་ནི་རང་བྱུང་མིས་རུས་མིང་འདེམས་པའི་སྒྲིག་སྲོལ་ཐད་གཏན་འབེབས་བྱས་ཡོད(འཆར་ཟིན་གྱི་དོན་ཚན་ཆིག་སྟོང་བརྒྱ་མེད་བཅོ་ལྔ་པ) གཉིས་ནི་སྤྱི་ཚོགས་ཐོག་མཚན་གྲགས་ངེས་ཅན་ལྡན་པ་དང་། མི་གཞན་གྱིས་སྤྱད་པའི་ཚེ་སྤྱི་དམངས་ལ་མཉམ་བསྲེས་ཐེབས་སྐྱོན་བཟོ་ཐག་ཆོད་པའི་སྨྱུག་མིང་དང་། འཁྲབ་མིང་། དྲ་མིང་སོགས་ལ་རུས་མིང་གི་བདག་དབང་དང་མིང་བརྡའི་བདག་དབང་སྲུང་སྐྱོང་བྱེད་པའི་འབྲེལ་ཡོད་གཏན་འབེབས་དཔྱད་གཞིར་བཟུང་ནས་སྤྱད་འཐུས་པ་ཁ་གསལ་བཟོས་ཡོད(འཆར་ཟིན་གྱི་དོན་ཚན་ཆིག་སྟོང་བརྒྱ་མེད་བཅུ་བདུན་པ)

4.འདྲ་པར་གྱི་བདག་དབང་གི་སྐོར། ལེ་ཚན་བཞི་པའི་ཁོངས་ཀྱི་ལེའུ་བཞི་པའི་ནང་འདྲ་པར་གྱི་བདག་དབང་གི་ནང་དོན་དང་དེ་བཞིན་འདྲ་པར་བེད་སྤྱོད་བྱས་འཐུས་ཀྱི་སྒྲིག་སྲོལ་གཏན་འབེབས་བྱས་ཡོད་པ་དང་། མི་གཞན་གྱི་འདྲ་པར་གྱི་བདག་དབང་ལ་གནོད་འཚེ་བཟོས་མི་ཆོག་པ་ཁ་གསལ་བཟོས་ཡོད་དེ། གཅིག་ནི་ཆ་འཕྲིན་ལག་རྩལ་གྱི་བྱེད་ཐབས་ལ་བརྟེན་ནས་མི་གཞན་གྱི་འདྲ་པར་དང་སྐད་སྒྲ་“རྫུན་བཟོ་ཆེན་པོ་”བྱས་ནས་མི་གཞན་གྱི་མི་གཞིའི་ཁེ་དབང་ལ་གནོད་འཚེ་བཟོ་བ་དང་། ཐ་ན་སྤྱི་ཚོགས་ཀྱི་སྤྱི་པའི་ཁེ་ཕན་ལ་གནོད་འཚེ་གཏོང་བ་སོགས་ཀྱི་གནད་དོན་ལ་དམིགས་ཏེ། རྩ་འཛུགས་གང་དང་མི་སྒེར་སུ་ཞིག་གིས་ཀྱང་ཆ་འཕྲིན་ལག་རྩལ་གྱིས་རྫུན་བཟོ་སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས་མི་གཞན་གྱི་འདྲ་པར་གྱི་བདག་དབང་ལ་གནོད་འཚེ་བཟོས་མི་ཆོག་ཅེས་གཏན་འབེབས་བྱས་ཡོད་པ་མ་ཟད། རང་བྱུང་མིའི་སྐད་སྒྲ་སྲུང་སྐྱོང་བྱ་རྒྱུ་དང་། འདྲ་པར་གྱི་བདག་དབང་གི་སྲུང་སྐྱོང་སྐོར་གྱི་འབྲེལ་ཡོད་གཏན་འབེབས་དཔྱད་གཞིར་བཟུང་ནས་སྤྱད་འཐུས་པ་ཁ་གསལ་བཟོས་ཡོད(འཆར་ཟིན་གྱི་དོན་ཚན་ཆིག་སྟོང་བརྒྱ་མེད་བཅུ་དགུ་པའི་ནང་གསེས་དོན་ཚན་དང་པོ་དང་། དོན་ཚན་ཆིག་སྟོང་བརྒྱ་མེད་ཉེར་གསུམ་པའི་ནང་གསེས་དོན་ཚན་གཉིས་པ) གཉིས་ནི་འདྲ་པར་གྱི་བདག་དབང་སྲུང་སྐྱོང་བྱ་རྒྱུ་དང་སྤྱི་པའི་ཁེ་ཕན་འགན་སྲུང་བྱ་རྒྱུའི་བར་གྱི་འབྲེལ་བ་དོ་སྙོམས་ལུགས་མཐུན་ཡོང་བ་བྱེད་ཆེད། འཆར་ཟིན་འདིས་ཁྲིམས་འཛིན་ལག་ལེན་དང་ཟུང་འབྲེལ་བྱས་ནས་འདྲ་པར་གྱི་བདག་དབང་ལུགས་མཐུན་དུ་སྤྱོད་པའི་སྒྲིག་སྲོལ་གཏན་འབེབས་བྱས་ཡོད(འཆར་ཟིན་གྱི་དོན་ཚན་ཆིག་སྟོང་བརྒྱ་མེད་ཉི་ཤུ་པ) གསུམ་ནི་འདྲ་པར་གྱི་བདག་དབང་འཛིན་མཁན་གྱི་ཁེ་ཕན་སྲུང་སྐྱོང་བྱེད་པར་ཕན་པའི་ཕྱོགས་ནས་འདྲ་པར་བེད་སྤྱོད་བྱས་འཐུས་ཀྱི་གན་རྒྱའི་འགྲེལ་བཤད་དང་ཕྱིར་འཐེན་སོགས་ཐད་ལ་གཏན་འབེབས་བྱས་ཡོད(འཆར་ཟིན་གྱི་དོན་ཚན་ཆིག་སྟོང་བརྒྱ་མེད་ཉེར་གཅིག་པ་དང་། དོན་ཚན་ཆིག་སྟོང་བརྒྱ་མེད་ཉེར་གཉིས་པ)

5.མཚན་གྲགས་ཐོབ་དབང་དང་མཚན་སྙན་ཐོབ་དབང་གི་སྐོར། ལེ་ཚན་བཞི་པའི་ལེའུ་ལྔ་པའི་ནང་མཚན་གྲགས་ཐོབ་དབང་དང་མཚན་སྙན་ཐོབ་དབང་གི་ནང་དོན་གཏན་འབེབས་བྱས་ཡོད་དེ། གཅིག་ནི་མི་སྒེར་གྱི་མཚན་གྲགས་ཐོབ་དབང་སྲུང་སྐྱོང་བྱ་རྒྱུ་དང་གསར་འགྱུར་གནས་འཕྲིན་སྤེལ་བ་དང་གླེང་ཕྱོགས་ནས་ལྟ་སྐུལ་བྱ་རྒྱུའི་བར་གྱི་འབྲེལ་བ་དོ་སྙོམས་ཡོང་བ་བྱེད་ཆེད། འཆར་ཟིན་གྱིས་བྱ་སྤྱོད་སྤེལ་མཁན་གྱིས་གསར་འགྱུར་གནས་འཕྲིན་སྤེལ་བ་དང་གླེང་ཕྱོགས་ནས་ལྟ་སྐུལ་སོགས་ཀྱི་བྱ་སྤྱོད་སྤེལ་བར་འཁུར་འོས་པའི་དམངས་དོན་གྱི་ཁག་འགན་དང་། དེ་བཞིན་བྱ་སྤྱོད་སྤེལ་མཁན་གྱིས་ལུགས་མཐུན་ཡིན་ཞིང་ཞིབ་དཔྱད་བྱས་པའི་འོས་འགན་བསྒྲུབས་ཡོད་མེད་ངོས་འཛིན་བྱེད་ལུགས་སོགས་ཀྱི་ཐད་གཏན་འབེབས་བྱས་ཡོད(འཆར་ཟིན་གྱི་དོན་ཚན་ཆིག་སྟོང་བརྒྱ་མེད་ཉེར་ལྔ་པ་དང་། ཆིག་སྟོང་བརྒྱ་མེད་ཉེར་དྲུག་པ) གཉིས་ནི་དམངས་དོན་གྱི་བྱེད་པོས་ཚགས་པར་དང་དུས་དེབ། དྲ་རྒྱ་སོགས་སྨྱན་སྦྱོར་གྱིས་གནས་འཕྲིན་སྤེལ་བའི་ནང་དོན་དོན་དངོས་དང་མི་མཐུན་པས། དེའི་མཚན་གྲགས་ཐོབ་དབང་ལ་གནོད་འཚེ་བཟོས་པར་ར་སྤྲོད་ཐུབ་པའི་བདེན་དཔང་ཡོད་ན། ནོར་བཅོས་སམ་སུབ་པའི་རེ་འདུན་ཞུ་དབང་ཡོད་ཅེས་གཏན་འབེབས་བྱས་ཡོད(འཆར་ཟིན་གྱི་དོན་ཚན་ཆིག་སྟོང་བརྒྱ་མེད་ཉེར་བརྒྱད་པ)

6.མི་སྒེར་གྱི་གསང་དོན་སྲུང་དབང་དང་མི་སྒེར་གྱི་ཆ་འཕྲིན་སྲུང་སྐྱོང་གི་སྐོར། ལེ་ཚན་བཞི་པའི་ལེའུ་དྲུག་པའི་ནང་ད་ལྟ་སྤྱོད་བཞིན་པའི་འབྲེལ་ཡོད་བཅའ་ཁྲིམས་ཀྱི་གཏན་འབེབས་ཀྱི་རྨང་གཞིའི་ཐོག མི་སྒེར་གྱི་གསང་དོན་དབང་ཆ་དང་མི་སྒེར་གྱི་ཆ་འཕྲིན་སྲུང་སྐྱོང་བྱེད་ཤུགས་སྔར་བས་ཆེ་རུ་བཏང་བ་མ་ཟད། ཕྱིན་ཆད་མི་སྒེར་གྱི་ཆ་འཕྲིན་སྲུང་སྐྱོང་སྐོར་གྱི་བཅའ་ཁྲིམས་བཟོ་བར་བར་སྟོང་བཞག་ཡོད་དེ། གཅིག་ནི་མི་སྒེར་གྱི་གསང་དོན་གྱི་མཚན་ཉིད་གཏན་འབེབས་བྱས་ཏེ། མི་གཞན་པའི་མི་སྒེར་གྱི་གསང་དོན་སྲུང་དབང་ལ་གནོད་པ་བཟོས་མི་ཆོག་པའི་བྱ་སྤྱོད་ཞིབ་ཕྲ་བཀོད་ཡོད(འཆར་ཟིན་གྱི་དོན་ཚན་ཆིག་སྟོང་བརྒྱ་མེད་སོ་གཉིས་པ་དང་། དོན་ཚན་ཆིག་སྟོང་བརྒྱ་མེད་སོ་གསུམ་པ) གཉིས་ནི་མི་སྒེར་གྱི་ཆ་འཕྲིན་གྱི་མཚན་ཉིད་གཏན་ཁེལ་བྱས་ནས་མི་སྒེར་གྱི་ཆ་འཕྲིན་ཐག་གཅོད་བྱེད་སྐབས་བརྩི་སྲུང་ཞུ་དགོས་པའི་རྩ་དོན་དང་ཆ་རྐྱེན་ཁ་གསལ་བཟོས་ཡོད (འཆར་ཟིན་གྱི་དོན་ཚན་ཆིག་སྟོང་བརྒྱ་མེད་སོ་བཞི་པ་དང་། དོན་ཚན་ཆིག་སྟོང་བརྒྱ་མེད་སོ་ལྔ་པ) གསུམ་ནི་རང་བྱུང་མི་དང་ཆ་འཕྲིན་ཐག་གཅོད་བྱེད་མཁན་བར་གྱི་གཞི་རྩའི་ཁེ་དབང་དང་འོས་འགན་གྱི་གཞི་སྒྲོམ་བཟོས་ནས་མི་སྒེར་གྱི་ཆ་འཕྲིན་ཐག་གཅོད་བྱེད་པར་ཁག་འགན་འཁུར་མི་དགོས་པའི་དམིགས་བསལ་གནས་ཚུལ་ཁ་གསལ་བཟོས་ཏེ། མི་སྒེར་གྱི་ཆ་འཕྲིན་སྲུང་སྐྱོང་དང་སྤྱི་པའི་ཁེ་ཕན་སྲུང་སྐྱོང་བར་གྱི་འབྲེལ་བ་དོ་སྙོམས་ལུགས་མཐུན་ཡོང་བ་བྱས་ཡོད(འཆར་ཟིན་གྱི་དོན་ཚན་ཆིག་སྟོང་བརྒྱ་མེད་སོ་དྲུག་པ་ནས་དོན་ཚན་ཆིག་སྟོང་བརྒྱ་མེད་སོ་བརྒྱད་པའི་བར) བཞི་ནི་རྒྱལ་ཁབ་ལས་ཁུངས་དང་དེའི་ལས་བྱེད་མི་སྣར་རང་བྱུང་མིའི་མི་སྒེར་གྱི་གསང་བ་དང་མི་སྒེར་གྱི་ཆ་འཕྲིན་སྲུང་སྐྱོང་བྱེད་པའི་འོས་འགན་ཡོད་པ་གཏན་འབེབས་བྱས་ཡོད(འཆར་ཟིན་གྱི་དོན་ཚན་ཆིག་སྟོང་བརྒྱ་མེད་སོ་དགུ་པ)

(ལྔ) གཉེན་སྒྲིག་དང་ཁྱིམ་ཚང་གི་ལེ་ཚན། གཉེན་སྒྲིག་དང་ཁྱིམ་ཚང་གི་ལམ་ལུགས་ནི་ཁྱོ་ཤུག་གི་འབྲེལ་བ་དང་ཁྱིམ་ཚང་གི་འབྲེལ་བ་ཚད་ལྡན་དུ་གཏོང་བའི་གཞི་རྩའི་ཚད་གཞི་ཡིན། 1980ལོའི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་ལྔ་པའི་གྲོས་ཚོགས་ཐེངས་གསུམ་པའི་ཐོག་གཉེན་སྒྲིག་སྐོར་གྱི་བཅའ་ཁྲིམས་གསར་པར་གྲོས་འཆམ་བྱུང་ཞིང་། 2001ལོར་བཟོ་བཅོས་བརྒྱབ། 1991ལོའི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བདུན་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་གསུམ་པའི་ཐོག་ཉར་གསོའི་སྐོར་གྱི་བཅའ་ཁྲིམས་ལ་གྲོས་འཆམ་བྱུང་ཞིང་། 1998ལོར་བཟོ་བཅོས་བརྒྱབ། འཆར་ཟིན་གྱི་ལེ་ཚན་ལྔ་པ་“གཉེན་སྒྲིག་དང་ཁྱིམ་ཚང་”ནི་ད་ལྟ་སྤྱོད་བཞིན་པའི་གཉེན་སྒྲིག་སྐོར་གྱི་བཅའ་ཁྲིམས་དང་ཉར་གསོའི་སྐོར་གྱི་བཅའ་ཁྲིམས་རྨང་གཞིར་བྱས་ནས། གཉེན་སྒྲིག་རང་མོས་དང་ཁྱོ་ཤུག་ཆ་རེ་སོགས་གཞི་རྩའི་རྩ་དོན་རྒྱུན་འཁྱོངས་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག སྤྱི་ཚོགས་འཕེལ་རྒྱས་ཀྱི་དགོས་མཁོ་དང་ཟུང་འབྲེལ་བྱས་ཏེ་གཏན་འབེབས་ཁ་ཤས་བཟོ་བཅོས་དང་འཐུས་སྒོ་ཚང་དུ་བཏང་བ་མ་ཟད། གཏན་འབེབས་གསར་པ་ཁ་སྣོན་བྱས་ཡོད། ལེ་ཚན་ལྔ་པ་ལ་ཁྱོན་བསྡོམས་ལེའུ་5དང་དོན་ཚན་79ཡོད་ཅིང་། ནང་དོན་གཙོ་བོ་གཤམ་གསལ།

1.སྤྱིར་བཏང་གི་གཏན་འབེབས་སྐོར། ལེ་ཚན་ལྔ་པའི་ལེའུ་དང་པོའི་ནང་ད་ལྟ་སྤྱོད་བཞིན་པའི་གཉེན་སྒྲིག་སྐོར་གྱི་བཅའ་ཁྲིམས་གཏན་ལ་ཕབ་པའི་རྨང་གཞིའི་ཐོག གཉེན་སྒྲིག་རང་མོས་དང་། ཁྱོ་ཤུག་ཆ་རེ། ཕོ་མོ་འདྲ་མཉམ་སོགས་གཉེན་སྒྲིག་དང་ཁྱིམ་ཚང་ཁྱབ་ཁོངས་ཀྱི་གཞི་རྩའི་རྩ་དོན་དང་སྒྲིག་སྲོལ་བསྐྱར་བསྒྲགས་བྱས་པ་མ་ཟད། ད་ལྟ་སྤྱོད་བཞིན་པའི་གཉེན་སྒྲིག་སྐོར་གྱི་བཅའ་ཁྲིམས་ཀྱི་རྨང་གཞིའི་ཐོག་སྔར་ལས་འཐུས་སྒོ་ཚང་དུ་བཏང་ཡོད་དེ། གཅིག་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཁྱིམ་ཚང་གི་དཔལ་ཡོན་འཛུགས་སྤེལ་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ནས་ཁྱིམ་ཚང་གི་སྤྱོད་བཟང་དེ་བས་ལེགས་པར་དར་སྤེལ་གཏོང་ཆེད། ཁྱིམ་ཚང་གིས་ཁྱིམ་སྲོལ་བཟང་པོ་འཛུགས་པ་དང་། ཁྱིམ་ཚང་གི་སྤྱོད་བཟང་དར་སྤེལ་གཏོང་བ། ཁྱིམ་ཚང་གི་དཔལ་ཡོན་འཛུགས་སྤེལ་ལ་མཐོང་ཆེན་བཅས་བྱེད་དགོས་པའི་གཏན་འབེབས་བྱས་ཡོད(འཆར་ཟིན་གྱི་དོན་ཚན་ཆིག་སྟོང་བརྒྱ་མེད་ཞེ་གསུམ་པའི་ནང་གསེས་དོན་ཚན་དང་པོ) གཉིས་ནི་ཉར་གསོ་བྱས་པའི་ལོ་ན་མ་ལོན་པའི་སྐྱེ་བོའི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་དེ་བས་ལེགས་པར་བྱ་ཆེད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་《བྱིས་པའི་ཁེ་དབང་སྤྱི་ཆིངས》ཀྱི་བྱིས་པའི་ཁེ་ཕན་ཆེ་ཤོས་སུ་འགྱུར་རྒྱུའི་སྐོར་གྱི་རྩ་དོན་དེ་ཉར་གསོ་ལས་ཀའི་ནང་དོན་འཁྱོལ་བྱས་ནས། ཉར་གསོ་བྱ་ཡུལ་ལ་ཕན་ཐོགས་ཆེས་ཆེ་ཤོས་ཡོང་བ་བྱེད་པའི་རྩ་དོན་གཏན་འབེབས་ཁ་སྣོན་བྱས་ཡོད(འཆར་ཟིན་གྱི་དོན་ཚན་ཆིག་སྟོང་བརྒྱ་མེད་ཞེ་བཞི་པའི་ནང་གསེས་དོན་ཚན་དང་པོ) གསུམ་ནི་གཉེན་ཉེ་དང་། གཉེན་ཚན་ཉེ་གྲས། ཁྱིམ་མི་བཅས་ཀྱི་ཁྱབ་ཁོངས་གཏན་ཁེལ་བྱས་ཡོད(འཆར་ཟིན་གྱི་དོན་ཚན་ཆིག་སྟོང་བརྒྱ་མེད་ཞེ་ལྔ་པ)

2.གཉེན་སྒྲིག་གི་སྐོར། ལེ་ཚན་ལྔ་པའི་ལེའུ་གཉིས་པའི་ནང་གཉེན་སྒྲིག་ལམ་ལུགས་གཏན་ལ་ཕབ་པ་མ་ཟད། ད་ལྟ་སྤྱོད་བཞིན་པའི་གཉེན་སྒྲིག་སྐོར་གྱི་བཅའ་ཁྲིམས་ཀྱི་རྨང་གཞིའི་ཐོག་འབྲེལ་ཡོད་གཏན་འབེབས་འཐུས་ཚང་དུ་བཏང་ཡོད་དེ། གཅིག་ནི་བཙན་ཤེད་མྱོང་མཁན་ཕྱོགས་ཀྱིས་གཉེན་སྒྲིག་ཕྱིར་འཐེན་བྱ་རྒྱུའི་རེ་འདུན་ཞུ་བའི་དུས་ཡུན་གྱི་རྩིས་འགོ་ཚུགས་པའི་དུས་ཚོད་དེ་“གཉེན་སྒྲིག་ཐོ་འགོད་བྱེད་ཉིན་ནས་བཟུང”ཞེས་པ་དེ“བཙན་ཤེད་ཀྱི་བྱ་སྤྱོད་མཚམས་འཇོག་ཉིན་ནས”ཞེས་པར་བཟོ་བཅོས་བརྒྱབ་ཡོད(འཆར་ཟིན་གྱི་དོན་ཚན་ཆིག་སྟོང་བརྒྱ་མེད་ང་གཉིས་པའི་ནང་གསེས་དོན་ཚན་གཉིས་པ) གཉིས་ནི“གསོ་རིག་གི་ཐོག་ནས་གཉེན་སྒྲིག་བྱེད་མི་རུང་བར་འདོད་པའི་ནད་ཕོག་པ་”དེ་གཉེན་སྒྲིག་བྱས་མི་ཆོག་པའི་གནས་ཚུལ་དུ་མི་བརྩི་བ་མ་ཟད། ཕྱོགས་གཅིག་གིས་ནད་གཞི་ཚབས་ཆེན་སྦས་གསང་བྱས་རིགས་ལ་ཕྱོགས་ཅིག་ཤོས་དེས་མི་དམངས་ཁྲིམས་ཁང་ལ་གཉེན་སྒྲིག་ཕྱིར་འཐེན་བྱ་རྒྱུའི་རེ་འདུན་ཞུས་ཆོག་ཅེས་པའི་གཏན་འབེབས་ཁ་སྣོན་བརྒྱབ་ཡོད(འཆར་ཟིན་གྱི་དོན་ཚན་ཆིག་སྟོང་བརྒྱ་མེད་ང་གསུམ་པ) གསུམ་ནི་གཉེན་སྒྲིག་རྩིས་འགྲོ་མེད་པའམ་ཕྱིར་འཐེན་བྱས་ཟིན་ན། བྱས་འཛོལ་མེད་མཁན་ཕྱོགས་ལ་གུན་གསབ་འཇལ་རོགས་ཞུ་དབང་ཡོད(འཆར་ཟིན་གྱི་དོན་ཚན་ཆིག་སྟོང་བརྒྱ་མེད་ང་བཞི་པའི་ནང་གསེས་དོན་ཚན་གཉིས་པ)

3.ཁྱིམ་ཚང་གི་འབྲེལ་བའི་སྐོར། ལེ་ཚན་ལྔ་པའི་ལེའུ་གསུམ་པའི་ནང་ཁྱོ་ཤུག་གི་འབྲེལ་བ་དང་། ཕ་མ་དང་བུ་ཕྲུག་གི་འབྲེལ་བ། གཉེན་ཉེ་གཞན་གྱི་འབྲེལ་བ་བཅས་གཏན་ལ་ཕབ་པ་མ་ཟད། སྤྱི་ཚོགས་འཕེལ་རྒྱས་ཀྱི་དགོས་མཁོར་གཞིགས་ནས་ད་ལྟ་སྤྱོད་བཞིན་པའི་གཉེན་སྒྲིག་སྐོར་གྱི་བཅའ་ཁྲིམས་ཀྱི་རྨང་གཞིའི་ཐོག་འབྲེལ་ཡོད་ནང་དོན་འཐུས་ཚང་དུ་བཏང་ཡོད་པ་སྟེ། གཅིག་ནི་ཁྱོ་ཤུག་ཐུན་མོང་གི་བུ་ལོན་གྱི་ཁྱབ་ཁོངས་ཁ་གསལ་བཟོས་ཡོད། ད་ལྟ་སྤྱོད་བཞིན་པའི་གཉེན་སྒྲིག་བཅའ་ཁྲིམས་ཀྱིས་ཁྱོ་ཤུག་ཐུན་མོང་གི་བུ་ལོན་གྱི་ཁྱབ་ཁོངས་གཏན་ལ་ཕབ་མེད། 2003ལོར་ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་ཁྲིམས་འཛིན་འགྲེལ་བཤད་བཏོན་ཏེ། ཁྱོ་ཤུག་ཐུན་མོང་གི་བུ་ལོན་ངོས་འཛིན་ཐད་གཏན་འབེབས་བྱས་ཡོད་ཅིང་། ཉེ་བའི་ལོ་ཤས་རིང་སྤྱི་ཚོགས་ཀྱིས་དོ་ཁུར་བྱེད་པའི་གླེང་ཆ་ཆེ་བའི་གནད་དོན་ཞིག་ཏུ་གྱུར་ཡོད། 2018ལོའི་ཟླ་དང་པོར་ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་ཁྲིམས་འཛིན་འགྲེལ་བཤད་གསར་པ་བཏོན་ནས་དེ་སྔོན་གྱི་ཁྱོ་ཤུག་ཐུན་མོང་གི་བུ་ལོན་ངོས་འཛིན་བྱེད་པའི་སྐོར་གྱི་གཏན་འབེབས་ལ་བཟོ་བཅོས་བརྒྱབ་ཡོད། ཁྲིམས་འཛིན་འགྲེལ་བཤད་གསར་པ་ལག་བསྟར་བྱས་པའི་ཕན་འབྲས་ལ་བལྟས་ན། སྤྱིའི་ཆ་ནས་ཕྱོགས་སོ་སོའི་ཁེ་ཕན་སྙོམ་སྒྲིག་ནུས་ལྡན་བྱེད་ཐུབ་པ་དང་། ཕྱོགས་སོ་སོར་སྤྱིའི་ཆ་ནས་མོས་མཐུན་ཡོད། དེར་བརྟེན་འཆར་ཟིན་གྱིས་ཁྲིམས་འཛིན་འགྲེལ་བཤད་གསར་པའི་གཏན་འབེབས་བསྡུ་ལེན་བྱས་ནས་ཁྱོ་ཤུག་ཐུན་མོང་གི་བུ་ལོན་གྱི་ཁྱབ་ཁོངས་ཁ་གསལ་བཟོས་ཡོད(འཆར་ཟིན་གྱི་དོན་ཚན་ཆིག་སྟོང་བརྒྱ་མེད་རེ་བཞི་པ) གཉིས་ནི་ཁྲག་རྒྱུད་ཀྱི་འབྲེལ་བར་ཁས་ལེན་པའམ་ཁས་མི་ལེན་པའི་ཞུ་གཏུག་ཚད་ལྡན་བཟོས་ཡོད། ཁྲག་རྒྱུད་ཀྱི་འབྲེལ་བའི་གནད་དོན་དེ་ཁྱིམ་ཚང་གི་བརྟན་ལྷིང་དང་ལོ་ན་མ་ལོན་པའི་སྐྱེ་བོར་སྲུང་སྐྱོང་བྱ་རྒྱུ་དང་འབྲེལ་བས་དམངས་དོན་གྱི་གཞི་རྩའི་བཅའ་ཁྲིམས་ཤིག་ཡིན་པས་འཆར་ཟིན་གྱིས་ཞུ་གཏུག་དེ་རིགས་ཚད་ལྡན་བཟོས་ཡོད(འཆར་ཟིན་གྱི་དོན་ཚན་ཆིག་སྟོང་བརྒྱ་མེད་དོན་གསུམ་པ)

4.བཟའ་ཚང་ཁ་བྲལ་བའི་སྐོར། ལེ་ཚན་ལྔ་པའི་ལེའུ་བཞི་པས་བཟའ་ཚང་ཁ་བྲལ་བའི་ལམ་ལུགས་གཏན་ལ་ཕབ་པ་མ་ཟད། ད་ལྟ་སྤྱོད་བཞིན་པའི་གཉེན་སྒྲིག་སྐོར་གྱི་བཅའ་ཁྲིམས་ཀྱི་རྨང་གཞིའི་ཐོག་སྔར་བས་འཐུས་ཚང་དུ་བཏང་ཡོད་པ་སྟེ། གཅིག་ནི་བཟའ་ཚང་ཁ་བྲལ་བར་སེམས་རྣལ་དུ་ཕབ་པའི་ལམ་ལུགས་ཁ་སྣོན་བྱས་ཡོད། ལག་ལེན་ཁྲོད་འཚབ་འཚུབ་སྒོས་བཟའ་ཚང་ཁ་བྲལ་བའི་སྣང་ཚུལ་མང་པོ་ཡོད་པ་འདིས་གཉེན་སྒྲིག་ཁྱིམ་ཚང་གི་བརྟན་ལྷིང་ལ་ཕན་པ་མེད། དེའི་ཕྱིར། འཆར་ཟིན་གྱིས་བཟའ་ཚང་ཁ་བྲལ་བའི་ཐོ་འགོད་རེ་ཞུ་བྱས་རྗེས་ཀྱི་ཉིན་སུམ་ཅུ་དེས་སེམས་རྣལ་དུ་ཕབ་པའི་དུས་ཚོད་བྱས་པ་གཏན་འཁེལ་བྱས་ཡོད། དེའི་རིང་ལ་ཕྱོགས་གང་རུང་ཞིག་གིས་ཐོ་འགོད་ལས་ཁུངས་ལ་བཟའ་ཚང་ཁ་བྲལ་བའི་ཐོ་འགོད་རེ་ཞུ་ཕྱིར་འཐེན་བྱས་ཆོག(འཆར་ཟིན་གྱི་དོན་ཚན་ཆིག་སྟོང་བརྒྱ་མེད་དོན་བདུན་པ) གཉིས་ནི་བཟའ་ཚང་ཁ་བྲལ་རྒྱུའི་ཞུ་གཏུག་ཁྲོད་ཐོན་པའི་“ཡུན་རིང་འདུམ་འགྲིག་བྱ་རྒྱུ་ལས་ཁ་བྲལ་རུང་བའི་དཔྱད་མཚམས་མི་གཏོང་རིགས”ཀྱི་གནད་དོན་ལ་དམིགས་ནས་མི་དམངས་ཁྲིམས་ཁང་གིས་བཟའ་ཚང་ཁ་བྲལ་མི་རུང་བའི་དཔྱད་མཚམས་བཏང་རྗེས། ཕྱོགས་གཉིས་པོ་སླར་ལོགས་དགར་བསྡད་ནས་ལོ་གཅིག་ཟིན་པ་དང་། ཕྱོགས་གཅིག་གིས་ཡང་བསྐྱར་བཟའ་ཚང་ཁ་བྲལ་རྒྱུའི་ཞུ་གཏུག་བྱས་ན། བཟའ་ཚང་ཁ་བྲལ་རུང་བའི་ཆོག་མཆན་སྤྲོད་དགོས་ཞེས་པའི་ཁ་སྣོན་བྱས་ཡོད(འཆར་ཟིན་གྱི་དོན་ཚན་ཆིག་སྟོང་བརྒྱ་མེད་དོན་དགུ་པའི་ནང་གསེས་དོན་ཚན་ལྔ་པ) གསུམ་ནི་བཟའ་ཚང་ཁ་བྲལ་རྗེས་བུ་ཕྲུག་གསོ་སྐྱོང་བྱ་རྒྱུའི་སྐོར་ལ་ད་ལྟ་སྤྱོད་བཞིན་པའི་གཉེན་སྒྲིག་སྐོར་གྱི་བཅའ་ཁྲིམས་ནང་གཏན་ལ་ཕབ་པའི་“ནུ་མ་བསྣུན་དགོས་པའི་ཕྲུ་གུ་ནི་ནུ་མ་སྣུན་མཁན་ཨ་མས་ཁྲིད་ནས་གསོ་རྒྱུ་རྩ་དོན་དུ་འཛིན་དགོས”ཞེས་པ་དེ“ལོ་འཁོར་མོ་གཉིས་མ་ལོན་པའི་བུ་ཕྲུག་ནི་ཨ་མས་དངོས་སུ་འཚོ་གསོ་བྱ་རྒྱུ་རྩ་དོན་དུ་འཛིན་དགོས”ཞེས་པར་བཟོ་བཅོས་བརྒྱབ་ནས་བཀོལ་སྤྱོད་བྱས་འཐུས་རང་བཞིན་ཆེ་རུ་བཏང་ཡོད(འཆར་ཟིན་གྱི་དོན་ཚན་ཆིག་སྟོང་བརྒྱ་མེད་གྱ་བཞི་པའི་ནང་གསེས་དོན་ཚན་གསུམ་པ) བཞི་ནི་ཁྱོ་ཤུག་གིས་ཁྲིམས་བཀོད་ཐུན་མོང་གི་རྒྱུ་ནོར་ལམ་ལུགས་བཀོལ་སྤྱོད་བྱས་རིགས། བཟའ་ཚང་ཁ་བྲལ་ཚེ་དཔལ་འབྱོར་གསབ་དངུལ་སྤྲོད་པའི་ཁྱབ་ཁོངས་སུ་བཞག་སྟེ། ཁྱིམ་ཚང་གི་ཁུར་པོ་ཅུང་མང་བའི་འོས་འགན་སྒྲུབ་མཁན་ཕྱོགས་དེའི་ཁེ་དབང་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་ཕྱིར་ཡིན(འཆར་ཟིན་གྱི་དོན་ཚན་ཆིག་སྟོང་བརྒྱ་མེད་གྱ་བརྒྱད་པ) ལྔ་ནི་“ནོར་འཁྲུལ་ཚབས་ཆེན་གཞན་དག་ཡོད་པ”ཞེས་པར་གཏན་འབེབས་ཁ་སྣོན་བརྒྱབ་སྟེ་བཟའ་ཚང་ཁ་བྲལ་གྱི་གུན་གསབ་འཇལ་རྒྱུའི་སྤྱད་འཐུས་གནས་ཚུལ་ཞེས་པར་བསྒྱུར་ཡོད(འཆར་ཟིན་གྱི་དོན་ཚན་ཆིག་སྟོང་བརྒྱ་མེད་གོ་གཅིག་པའི་ཡང་གསེས་དོན་ཚན་ལྔ་པ)

5.ཉར་གསོའི་སྐོར། ལེ་ཚན་ལྔ་པའི་ལེའུ་ལྔ་པའི་ནང་ཉར་གསོའི་འབྲེལ་བ་འཛུགས་སྟངས་དང་། ཉར་གསོའི་ཁྲིམས་ནུས། ཉར་གསོའི་འབྲེལ་བ་གཅོད་པ་བཅས་གཏན་ལ་ཕབ་ཡོད་པ་མ་ཟད། ད་ལྟ་སྤྱོད་བཞིན་པའི་ཉར་གསོའི་སྐོར་གྱི་བཅའ་ཁྲིམས་ཀྱི་རྨང་གཞིའི་ཐོག་འབྲེལ་ཡོད་ལམ་ལུགས་སྔར་བས་འཐུས་ཚང་དུ་བཏང་ཡོད་དེ། གཅིག་ནི་ཉར་གསོ་བྱ་ཡུལ་གྱི་མིའི་ཁྱབ་ཁོངས་ཆེ་རུ་བཏང་ཡོད་པ་དང་། ཉར་གསོ་བྱ་ཡུལ་གྱི་ལོ་ན་མ་ལོན་པའི་སྐྱེ་བོ་དེ་ལོ་ན་བཅུ་བཞིར་མ་ལོན་པ་ཁོ་ན་ཡིན་དགོས་པའི་ཚད་བཀག་མེད་པར་བཟོས་ཏེ། དེ་ཆ་རྐྱེན་དང་མཐུན་པའི་ལོ་ན་མ་ལོན་པའི་སྐྱེ་བོ་ཚང་མ་ཉར་གསོ་བྱས་ཆོག་ཅེས་པར་བཟོ་བཅོས་བརྒྱབ་ཡོད(འཆར་ཟིན་གྱི་དོན་ཚན་ཆིག་སྟོང་བརྒྱ་མེད་གོ་གསུམ་པ) གཉིས་ནི་རྒྱལ་ཁབ་ཀྱི་འཆར་ལྡན་བུ་བཙའི་སྲིད་ཇུས་ལེགས་སྒྲིག་བྱས་པ་དང་བསྟུན་ནས་ཉར་གསོ་བྱེད་མཁན་ལ་བུ་ཕྲུག་མེད་དགོས་པའི་བླང་བྱ་དེ་ཉར་གསོ་བྱེད་མཁན་ལ་བུ་ཕྲུག་མེད་པའམ་བུ་ཕྲུག་གཅིག་ལས་མེད་པ་ཞེས་པར་བཟོ་བཅོས་བརྒྱབ་ཡོད(འཆར་ཟིན་གྱི་དོན་ཚན་ཆིག་སྟོང་བརྒྱ་མེད་གོ་བརྒྱད་ཀྱི་ནང་གསེས་དོན་ཚན་དང་པོ) གསུམ་ནི་ཉར་གསོ་བྱ་ཡུལ་གྱི་སྐྱེ་བོའི་ཁེ་ཕན་སྲུང་སྐྱོང་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་ཆེད་ཉར་གསོ་བྱེད་མཁན་གྱི་ཆ་རྐྱེན་ནང་“ཉར་གསོ་བྱ་ཡུལ་བདེ་ཐང་ངང་འཚར་ལོངས་ཡོང་བར་གནོད་སྐྱེལ་བའི་ཁྲིམས་འགལ་ཉེས་བསགས་ཀྱི་ཟིན་ཐོ་མེད་པ”ཞེས་པ་ཁ་སྣོན་བརྒྱབ་ཡོད་པ་མ་ཟད། དམངས་སྲིད་སྡེ་ཁག་གིས་ཁྲིམས་ལྟར་ཉར་གསོའི་གནས་ཚུལ་ལ་དཔྱད་དཔོག་བྱེད་དགོས་པའི་གཏན་འབེབས་ཁ་སྣོན་བྱས་ཡོད(འཆར་ཟིན་གྱི་དོན་ཚན་ཆིག་སྟོང་བརྒྱ་མེད་གོ་བརྒྱད་པའི་ནང་གསེས་དོན་ཚན་བཞི་པ་དང་དོན་ཚན་ཆིག་སྟོང་བརྒྱ་དང་བཅུ་མེད་ལྔ་པའི་ནང་གསེས་དོན་ཚན་ལྔ་པ)

(དྲུག) ཤུལ་འཛིན་གྱི་ལེ་ཚན།

ཤུལ་འཛིན་ལམ་ལུགས་ནི་རང་བྱུང་མི་ཚེ་ལས་འདས་རྗེས་རྒྱུ་ནོར་ཤུལ་འཛིན་བྱེད་པའི་གཞི་རྩའི་ལམ་ལུགས་ཤིག་ཡིན། 1985ལོའི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་དྲུག་པའི་གྲོས་ཚོགས་ཐེངས་གསུམ་པའི་ཐོག་ཤུལ་འཛིན་བཅའ་ཁྲིམས་ལ་གྲོས་འཆམ་བྱུང་། མི་དམངས་མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་རྒྱུན་ཆད་མེད་པར་ཇེ་མཐོར་འགྲོ་བ་དང་ཆབས་ཅིག་མི་སྒེར་དང་ཁྱིམ་ཚང་ལ་དབང་བའི་རྒྱུ་ནོར་ཉིན་བཞིན་མང་དུ་འགྲོ་བ་དང་། ཤུལ་འཛིན་ལས་བྱུང་བའི་རྩོད་གཞིའང་ཇེ་མང་དུ་འགྲོ་བཞིན་ཡོད། རང་རྒྱལ་སྤྱི་ཚོགས་ཀྱི་ཁྱིམ་ཚང་གྲུབ་ཚུལ་དང་ཤུལ་འཛིན་འདུ་ཤེས་སོགས་ཐད་ཀྱི་འཕེལ་རྒྱས་དང་འགྱུར་ལྡོག་ལ་གཞིགས་ནས། འཆར་ཟིན་གྱི་ལེ་ཚན་དྲུག་པའི་“ཤུལ་འཛིན་”ནང་མི་དམངས་མང་ཚོགས་ཀྱིས་ཤུལ་བཞག་རྒྱུ་དངོས་ཐག་གཅོད་བྱེད་པའི་དངོས་ཡོད་དགོས་མཁོ་སྐོང་ཕྱིར། ད་ལྟ་སྤྱོད་བཞིན་པའི་ཤུལ་འཛིན་སྐོར་གྱི་བཅའ་ཁྲིམས་ཀྱི་རྨང་གཞིའི་ཐོག་ཤུལ་འཛིན་ལམ་ལུགས་ལ་བཟོ་བཅོས་བྱས་ནས་འཐུས་ཚང་དུ་བཏང་ཡོད། ལེ་ཚན་དྲུག་པར་ཁྱོན་བསྡོམས་ལེའུ་4དང་དོན་ཚན་45ཡོད་ཅིང་ནང་དོན་གཙོ་བོ་གཤམ་གསལ།

1.སྤྱིར་བཏང་གི་གཏན་འབེབས་སྐོར། ལེ་ཚན་དྲུག་པའི་ལེའུ་དང་པོའི་ནང་ཤུལ་འཛིན་ལམ་ལུགས་ཀྱི་གཞི་རྩའི་སྒྲིག་སྲོལ་གཏན་ལ་ཕབ་སྟེ། རྒྱལ་ཁབ་ཀྱིས་རང་བྱུང་མིའི་ཤུལ་འཛིན་བྱེད་དབང་སྲུང་སྐྱོང་བྱ་རྒྱུ་བསྐྱར་བསྒྲགས་བྱས་པ་དང་། ཤུལ་འཛིན་གྱི་གཞི་རྩའི་ལམ་ལུགས་གཏན་ལ་ཕབ་པ་མ་ཟད། ད་ལྟ་སྤྱོད་བཞིན་པའི་ཤུལ་འཛིན་སྐོར་གྱི་བཅའ་ཁྲིམས་ཀྱི་རྨང་གཞིའི་ཐོག་འཐུས་སྒོ་ཇེ་ཚང་དུ་བཏང་ཡོད་དེ།        གཅིག་ནི་ཕན་ཚུན་ཤུལ་འཛིན་གྱི་འབྲེལ་བ་ཡོད་མཁན་འགའ་དོན་རྐྱེན་གཅིག་གི་ཁྲོད་གྲོངས་ཤིང་། གྲོངས་པའི་དུས་ཚོད་གཏན་འཁེལ་བྱེད་དཀའ་བའི་རིགས་ཀྱི་ཤུལ་འཛིན་སྒྲིག་སྲོལ་ཐད་ཀྱི་གཏན་འབེབས་ཁ་སྣོན་བྱས་ཡོད(འཆར་ཟིན་གྱི་དོན་ཚན་ཆིག་སྟོང་ཆིག་བརྒྱ་ཉེར་གཅིག་པའི་ནང་གསེས་དོན་ཚན་གཉིས་པ) གཉིས་ནི་ཤུལ་འཛིན་པར་གུ་ཡངས་གཏོང་བའི་ལམ་ལུགས་ཐད་ཀྱི་གཏན་འབེབས་བསྣན་ནས་ཤུལ་འཛིན་བྱེད་དབང་ནང་དུ་འཁོད་པའི་ཤོར་རུང་བའི་ལམ་ལུགས་འཐུས་ཚང་དུ་བཏང་ཡོད(འཆར་ཟིན་གྱི་དོན་ཚན་ཆིག་སྟོང་བརྒྱ་དང་ཉེར་ལྔ་པའི་ནང་གསེས་དོན་ཚན་གཉིས་པ)

2.ཁྲིམས་བཀོད་ཤུལ་འཛིན་གྱི་སྐོར། ཁྲིམས་བཀོད་ཤུལ་འཛིན་ནི་ཤུལ་བཞག་ནོར་བདག་གིས་དེའི་ཤུལ་བཞག་རྒྱུ་དངོས་ཐག་གཅོད་བྱ་རྒྱུའི་ཁ་ཆེམས་བཞག་མེད་པའི་གནས་ཚུལ་འོག ཤུལ་འཛིན་པའི་ཁྱབ་ཁོངས་དང་ཤུལ་འཛིན་གོ་རིམ་སོགས་ཚང་མ་བཅའ་ཁྲིམས་ཀྱི་གཏན་འབེབས་ལྟར་ཁས་ལེན་བྱེད་པའི་ཤུལ་འཛིན་བྱེད་སྟངས་ཤིག་ཡིན། ལེ་ཚན་དྲུག་པའི་ལེའུ་གཉིས་པའི་ནང་ཁྲིམས་བཀོད་ཤུལ་འཛིན་ལམ་ལུགས་གཏན་ལ་ཕབ་ཡོད་པ་དང་། ཤུལ་འཛིན་བྱེད་དབང་ཕོ་མོ་འདྲ་མཉམ་ཡིན་པའི་རྩ་དོན་ཁ་གསལ་བཟོས་ཡོད་ལ། ཁྲིམས་བཀོད་ཤུལ་འཛིན་པའི་གོ་རིམ་དང་ཁྱབ་ཁོངས། དེ་བཞིན་ཤུལ་བཞག་རྒྱུ་དངོས་བགོ་བཤའ་རྒྱག་པའི་གཞི་རྩའི་ལམ་ལུགས་བཅས་གཏན་ལ་ཕབ་ཡོད། དུས་མཚུངས་སུ། ད་ལྟ་སྤྱོད་བཞིན་པའི་ཤུལ་འཛིན་བཅའ་ཁྲིམས་ཀྱི་རྨང་གཞིའི་ཐོག་ཚབ་འཛིན་ཤུལ་འཛིན་ལམ་ལུགས་འཐུས་ཚང་དུ་བཏང་ཡོད་དེ། ཤུལ་བཞག་ནོར་བདག་གི་ཕུ་ནུ་མིང་སྲིང་གང་ཞིག་ཤུལ་བཞག་ནོར་བདག་གི་སྔོན་དུ་གྲོངས་ན། ཤུལ་བཞག་ནོར་བདག་དེའི་ཕུ་ནུ་མིང་སྲིང་གི་བུ་ཕྲུག་གིས་ཚབ་ཏུ་ཤུལ་འཛིན་བྱ་རྒྱུ་ཞེས་པའི་གཏན་འབེབས་ཁ་སྣོན་བྱས་ཡོད(འཆར་ཟིན་གྱི་དོན་ཚན་ཆིག་སྟོང་བརྒྱ་དང་ཉེར་བརྒྱད་པའི་ནང་གསེས་དོན་ཚན་གཉིས་པ)

3.ཁ་ཆེམས་ལྟར་ཤུལ་འཛིན་བྱ་རྒྱུ་དང་ཁ་ཆེམས་ལྟར་སྤྲོད་རྒྱུའི་སྐོར། ཁ་ཆེམས་ལྟར་ཤུལ་འཛིན་བྱེད་པ་ནི་ཤུལ་བཞག་ནོར་བདག་འཚོ་བཞུགས་སྐབས་བཞག་པའི་ཁ་ཆེམས་ལྟར་ཤུལ་བཞག་རྒྱུ་དངོས་ཐག་གཅོད་བྱེད་པའི་ཤུལ་འཛིན་བྱ་ཐབས་ཤིག་ཡིན། ལེ་ཚན་དྲུག་པའི་ལེའུ་གསུམ་པའི་ནང་ཁ་ཆེམས་ལྟར་ཤུལ་འཛིན་བྱ་རྒྱུ་དང་ཁ་ཆེམས་ལྟར་སྤྲོད་རྒྱུའི་ལམ་ལུགས་གཏན་ལ་ཕབ་པ་མ་ཟད། ད་ལྟ་སྤྱོད་བཞིན་པའི་ཤུལ་འཛིན་སྐོར་གྱི་བཅའ་ཁྲིམས་ཀྱི་རྨང་གཞིའི་ཐོག་ཁ་ཆེམས་ལྟར་ཤུལ་འཛིན་བྱེད་པའི་ལམ་ལུགས་ལ་དག་བཅོས་བྱས་ནས་འཐུས་ཚང་དུ་བཏང་ཡོད་དེ། གཅིག་ནི་པར་འདེབས་དང་། བརྙན་ཕབ་སོགས་ཁ་ཆེམས་ཀྱི་རྣམ་པ་གསར་པ་ཁ་སྣོན་བྱས་ཡོད(འཆར་ཟིན་གྱི་དོན་ཚན་ཆིག་སྟོང་བརྒྱ་དང་སོ་དྲུག་པ་དང་། དོན་ཚན་ཆིག་སྟོང་བརྒྱ་དང་སོ་བདུན་པ) གཉིས་ནི་ཁ་ཆེམས་ཀྱི་ཁྲིམས་ནུས་སྒྲིག་སྲོལ་ལ་དག་བཅོས་བྱས་ཡོད་དེ། ད་ལྟ་སྤྱོད་བཞིན་པའི་ཤུལ་འཛིན་བཅའ་ཁྲིམས་ཀྱི་གཞུང་དཔང་ཁ་ཆེམས་ཀྱི་ཁྲིམས་ནུས་སྔོན་ཐོབ་སྐོར་གྱི་གཏན་འབེབས་མེད་པར་བཟོས་ཏེ། ཁ་ཆེམས་འཇོག་མཁན་གྱི་འདོད་མོས་ངོ་མར་བརྩི་འཇོག་བྱས་ཡོད།

4.ཤུལ་བཞག་རྒྱུ་དངོས་བགོ་རྒྱུའི་སྐོར། ལེ་ཚན་དྲུག་པའི་ལེའུ་བཞི་པའི་ནང་ཤུལ་བཞག་རྒྱུ་དངོས་བགོས་པའི་གོ་རིམ་དང་སྒྲིག་སྲོལ་གཏན་ལ་ཕབ་ཡོད་པ་མ་ཟད། ད་ལྟ་སྤྱོད་བཞིན་པའི་ཤུལ་འཛིན་སྐོར་གྱི་བཅའ་ཁྲིམས་ཀྱི་རྨང་གཞིའི་ཐོག་ཤུལ་བཞག་རྒྱུ་དངོས་བགོ་བའི་འབྲེལ་ཡོད་ལམ་ལུགས་སྔར་བས་འཐུས་ཚང་དུ་བཏང་ཡོད་པ་སྟེ། གཅིག་ནི་ཤུལ་བཞག་རྒྱུ་དངོས་དོ་དམ་བྱེད་མཁན་གྱི་ལམ་ལུགས་ཁ་སྣོན་བྱས་ཡོད། ཤུལ་བཞག་རྒྱུ་དངོས་ལ་དོ་དམ་ཡག་པོ་དང་བགོ་བཤའ་བདེ་བླག་ཡོང་བ་དང་། ཤུལ་འཛིན་པ་དང་བུན་བདག་གི་ཁེ་ཕན་དེ་བས་ལེགས་པར་སྲུང་ཆེད། འཆར་ཟིན་གྱིས་ཤུལ་བཞག་རྒྱུ་དངོས་དོ་དམ་བྱེད་མཁན་གྱི་ལམ་ལུགས་ཐད་ཀྱི་གཏན་འབེབས་བསྣན་ནས་ཤུལ་བཞག་རྒྱུ་དངོས་དོ་དམ་བྱེད་མི་ཐོན་སྟངས་དང་། དེའི་འགན་འཁྲི་དང་ཁེ་དབང་བཅས་གསལ་པོར་བཟོས་ཡོད(འཆར་ཟིན་གྱི་དོན་ཚན་ཆིག་སྟོང་བརྒྱ་དང་ཞེ་ལྔ་པ་ནས་དོན་ཚན་ཆིག་སྟོང་བརྒྱ་དང་ཞེ་དགུ་པའི་བར) གཉིས་ནི་ཁ་ཆེམས་ལྟར་གསོ་སྐྱོང་བྱེད་པའི་གྲོས་མཐུན་ལམ་ལུགས་འཐུས་ཚང་དུ་བཏང་ནས་གསོ་སྐྱོང་བྱེད་མཁན་གྱི་ཁྱབ་ཁོངས་འོས་འཚམ་གྱིས་ཆེ་རུ་བཏང་སྟེ། ཤུལ་འཛིན་བྱེད་མཁན་ཕུད་པའི་རྩ་འཛུགས་སམ་མི་སྒེར་ཚང་མས་གསོ་སྐྱོང་བྱེད་མཁན་བྱས་ཆོག་པར་ཁས་བླངས་ནས་རྒན་གསོའི་རྣམ་པ་སྣ་མང་ཡོང་བའི་དགོས་མཁོ་སྐོང་ཐུབ་པ་བྱས་ཡོད(འཆར་ཟིན་གྱི་དོན་ཚན་ཆིག་སྟོང་བརྒྱ་དང་ང་བརྒྱད་པ) གསུམ་ནི་ཤུལ་འཛིན་བྱེད་མཁན་མེད་པའི་ཤུལ་བཞག་རྒྱུ་དངོས་ཀྱི་བདག་ཁོངས་ལམ་ལུགས་འཐུས་ཚང་དུ་བཏང་བ་དང་། རྒྱལ་ཁབ་ལ་དབང་བའི་ཤུལ་འཛིན་པ་མེད་པའི་ཤུལ་བཞག་རྒྱུ་དངོས་རྣམས་སྤྱི་ཕན་ལས་དོན་ཐད་སྤྱོད་དགོས་པ་ཁ་གསལ་བཟོས་ཡོད(འཆར་ཟིན་གྱི་དོན་ཚན་ཆིག་སྟོང་བརྒྱ་དང་དྲུག་ཅུ་པ)

(བདུན) དབང་གནོད་ཁག་འགན་གྱི་ལེ་ཚན།

དབང་གནོད་ཁག་འགན་ནི་དམངས་དོན་གྱི་བྱེད་པོས་སྐྱེ་བོ་གཞན་གྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་འཁུར་དགོས་པའི་བཅའ་ཁྲིམས་ཀྱི་མཇུག་འབྲས་ཡིན། 2009ལོའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་གཉིས་པའི་ཐོག་དབང་གནོད་ཁག་འགན་སྐོར་གྱི་བཅའ་ཁྲིམས་ལ་གྲོས་འཆམ་བྱུང་ཡོད། དབང་གནོད་ཁག་འགན་སྐོར་གྱི་བཅའ་ཁྲིམས་ལག་བསྟར་བྱས་ཚུན། དམངས་དོན་གྱི་བྱེད་པོའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་དང་། དབང་གནོད་བྱ་སྤྱོད་སྔོན་འགོག་དང་བཀག་སྡོམ་བྱེད་པའི་ཐད་ནུས་པ་གལ་ཆེན་ཐོན་ཡོད། འཆར་ཟིན་གྱི་ལེ་ཚན་བདུན་པའི“དབང་གནོད་ཁག་འགན”ནང་ལག་ལེན་གྱི་ཉམས་མྱོང་ལ་ཕྱོགས་བསྡོམས་བྱས་པའི་རྨང་གཞིའི་ཐོག་དབང་གནོད་ཁྱབ་ཁོངས་སུ་བྱུང་བའི་གནས་ཚུལ་གསར་པར་དམིགས་ཏེ། ཁྲིམས་འཛིན་འགྲེལ་བཤད་ཀྱི་འབྲེལ་ཡོད་གཏན་འབེབས་བསྡུ་ལེན་དང་དཔྱད་གཞིར་བཟུང་སྟེ། དབང་གནོད་ཁག་འགན་ལམ་ལུགས་ལ་དགོས་ངེས་ཀྱི་ཁ་གསབ་བརྒྱབ་ནས་འཐུས་ཚང་དུ་བཏང་ཡོད། ལེ་ཚན་བདུན་པར་ཁྱོན་བསྡོམས་ལེའུ་10དང་དོན་ཚན་95ཡོད་ཅིང་ནང་དོན་གཙོ་བོ་གཤམ་གསལ།

1.སྤྱིར་བཏང་གི་གཏན་འབེབས་སྐོར། ལེ་ཚན་བདུན་པའི་ལེའུ་དང་པོའི་ནང་དབང་གནོད་ཁག་འགན་གྱི་འགན་ཁག་དཀྲི་བའི་རྩ་དོན་དང་། མི་མང་པོས་དབང་གནོད་ཀྱི་ཁག་འགན་འཁུར་བ། དབང་གནོད་ཁག་འགན་ཡང་དུ་གཏོང་བའམ་མེད་པར་བཟོ་བ་སོགས་ཀྱི་སྤྱིར་བཏང་གི་སྒྲིག་སྲོལ་གཏན་ལ་ཕབ་ཡོད་པ་མ་ཟད། ད་ལྟ་སྤྱོད་བཞིན་པའི་དབང་གནོད་ཁག་འགན་བཅའ་ཁྲིམས་ཀྱི་རྨང་གཞིའི་ཐོག་སྔར་བས་འཐུས་ཚང་དུ་བཏང་ཡོད་པ་སྟེ། གཅིག་ནི“ཁག་འགན་རང་ཉིད་ཀྱིས་འཁུར་དགོས་པའི”སྒྲིག་སྲོལ་ཁ་གསལ་བཟོས་ཡོད་དེ། ཉེན་ཁ་ངེས་ཅན་ཡོད་པའི་རིག་རྩལ་གྱི་བྱེད་སྒོར་རང་མོས་ཀྱིས་ཞུགས་སྐབས་དེའི་ནང་ཞུགས་མཁན་གཞན་དག་གི་བྱ་སྤྱོད་ཀྱི་དབང་གིས་གནད་འཚེ་ཕོག་ན། གནད་འཚེ་ཕོག་མཁན་གྱིས་རྐང་བཙུགས་ནས་བྱས་པ་མིན་པའམ་འགལ་འཛོལ་ཚབས་ཆེན་ཤོར་མེད་པ་དེའི་ནང་ཞུགས་མཁན་གཞན་དག་ལ་དབང་གནོད་ཁག་འགན་འཁུར་དགོས་པའི་རེ་འདུན་ཞུས་མི་ཆོག་ཅེས་པའི་གཏན་འབེབས་བྱས་ཡོད(འཆར་ཟིན་གྱི་དོན་ཚན་ཆིག་སྟོང་བརྒྱ་དང་དོན་དྲུག་པའི་ནང་གསེས་དོན་ཚན་དང་པོ) གཉིས་ནི“རང་རོགས་ཀྱི་བྱ་སྤྱོད”ལམ་ལུགས་གཏན་འབེབས་བྱས་ནས་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་ཕོག་ཅིང་། གནས་ཚུལ་ཛ་དྲག་ཆེ་ལ་དུས་ཐོག་ཏུ་རྒྱལ་ཁབ་ལས་ཁུངས་ཀྱི་སྲུང་སྐྱོང་འཐོབ་མི་ཐུབ་པ་དང་། འཕྲལ་མར་བྱེད་ཐབས་མ་སྤྱད་ན་དེའི་ཁྲིམས་མཐུན་ཁེ་དབང་ལ་གསབ་ཐབས་བྲལ་བའི་གནད་འཚེ་ཕོག་སྲིད་པའི་རིགས། གནོད་འཚེ་ཕོག་མཁན་གྱིས་རང་ཉིད་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་པའི་དགོས་ངེས་ཀྱི་ཁྱབ་ཁོངས་ནང་དབང་ཆར་གནོད་འཚེ་གཏོང་མཁན་གྱི་རྒྱུ་དངོས་བཀག་ཉར་བྱེད་པ་སོགས་ལུགས་མཐུན་གྱི་བྱ་ཐབས་སྤྱད་ཆོག འོན་ཀྱང་འཕྲལ་མར་རྒྱལ་ཁབ་ཀྱི་འབྲེལ་ཡོད་ལས་ཁུངས་ལ་ཐག་གཅོད་གནང་རོགས་ཞུ་དགོས། གནོད་འཚེ་ཕོག་མཁན་གྱིས་བྱ་ཐབས་ཚུལ་མིན་སྤྱད་པས་མི་གཞན་པར་གནོད་འཚེ་བཟོས་ན། དབང་གནོད་ཁག་འགན་འཁུར་དགོས་ཞེས་ཁ་གསལ་བཟོས་ཡོད(འཆར་ཟིན་གྱི་དོན་ཚན་ཆིག་སྟོང་བརྒྱ་དང་དོན་བདུན་པ)

2.གྱོང་གུན་སྐྱིན་ཚབ་འཇལ་འགན་སྐོར། ལེ་ཚན་བདུན་པའི་ལེའུ་གཉིས་པའི་ནང་མི་ལུས་ཀྱི་ཁེ་དབང་དང་རྒྱུ་ནོར་གྱི་ཁེ་དབང་ལ་གནོད་འཚེ་བཏང་བའི་གུན་གསབ་འཇལ་བའི་སྒྲིག་སྲོལ་དང་། སེམས་ཁམས་ལ་གནོད་པའི་གུན་གསབ་འཇལ་བའི་སྒྲིག་སྲོལ་སོགས་གཏན་ལ་ཕབ་ཡོད་པ་དང་། དུས་མཚུངས་སུ། ད་ལྟ་སྤྱོད་བཞིན་པའི་གྱོང་གུན་སྐྱིན་ཚབ་འཇལ་འགན་སྐོར་གྱི་བཅའ་ཁྲིམས་ཀྱི་རྨང་གཞིའི་ཐོག་འབྲེལ་ཡོད་གཏན་འབེབས་སྔར་བས་འཐུས་ཚང་དུ་བཏང་ཡོད་དེ། གཅིག་ནི་སེམས་ཁམས་ལ་གནོད་པའི་གུན་གསབ་འཇལ་བའི་ལམ་ལུགས་འཐུས་ཚང་དུ་བཏང་ཡོད། རྐང་བཙུགས་ནས་བྱས་པའམ་འགལ་འཛོལ་ཚབས་ཆེན་ཤོར་བའི་དབང་གིས་རང་བྱུང་མིའི་མི་ལུས་ལ་དོན་སྙིང་ལྡན་པའི་ཆེད་བཀོད་རྒྱུ་རྫས་ལ་གནོད་འཚེ་ཐེབས་པས་དེའི་སེམས་ཁམས་ལ་གནོད་འཚེ་ཚབས་ཆེན་བཟོས་ན། དབང་ཆར་གནོད་འཚེ་ཕོག་མཁན་གྱིས་རང་གི་སེམས་ཁམས་ལ་གནོད་པའི་གུན་གསབ་འཇལ་རོགས་ཞུས་ཆོག་པའི་གཏན་འབེབས་བྱས་ཡོད(འཆར་ཟིན་གྱི་དོན་ཚན་ཆིག་སྟོང་བརྒྱ་དང་གྱ་གསུམ་པའི་ནང་གསེས་དོན་ཚན་གཉིས་པ) གཉིས་ནི་ཤེས་བྱའི་ཐོན་དངོས་བདག་དབང་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། དབང་གནོད་ཁྲིམས་འགལ་གྱི་མ་གནས་མཐོ་རུ་གཏོང་ཆེད། འཆར་ཟིན་གྱིས་སྐྱེ་བོ་གཞན་གྱི་ཤེས་བྱའི་ཐོན་དངོས་བདག་དབང་ལ་རྐང་བཙུགས་ནས་གནོད་འཚེ་བཏང་བ་དང་། གནས་ཚུལ་ཚབས་ཆེན་ཡིན་ན། དབང་ཆར་གནོད་འཚེ་ཕོག་མཁན་གྱིས་བབ་མཚུངས་ཀྱི་ཆད་གཅོད་རང་བཞིན་གྱི་སྐྱིན་ཚབ་སྤྲོད་རོགས་ཞུས་ཆོག་ཅེས་གཏན་འབེབས་ཁ་སྣོན་བྱས་ཡོད(འཆར་ཟིན་གྱི་དོན་ཚན་ཆིག་སྟོང་བརྒྱ་དང་གྱ་ལྔ་པ)

3.འགན་འཁུར་བྱེད་པོའི་དམིགས་བསལ་གཏན་འབེབས་སྐོར། ལེ་ཚན་བདུན་པའི་ལེའུ་གསུམ་པའི་ནང་དུ་དམངས་དོན་བྱ་སྤྱོད་སྤེལ་ནུས་མེད་པའི་སྐྱེ་བོ་དང་། དམངས་དོན་བྱ་སྤྱོད་སྤེལ་ནུས་ཆ་ཚང་མེད་པའི་སྐྱེ་བོ་དང་དེའི་ལྟ་སྐྱོང་པའི་དབང་གནོད་ཁག་འགན་དང་། མི་སྤྱོད་མཁན་སྡེ་ཚན་གྱི་དབང་གནོད་ཁག་འགན། དྲ་སྦྲེལ་གྱི་དབང་གནོད་ཁག་འགན། དེ་བཞིན་མི་མང་འདུ་སའི་བདེ་འཇགས་འགན་སྲུང་འོས་འགན་སོགས་གཏན་ལ་ཕབ་ཡོད་པ་དང་། དུས་མཚུངས་སུ། འཆར་ཟིན་གྱིས་ད་ལྟ་སྤྱོད་བཞིན་པའི་དབང་གནོད་ཁག་འགན་སྐོར་གྱི་བཅའ་ཁྲིམས་ཀྱི་རྨང་གཞིའི་ཐོག་སྔར་བས་འཐུས་ཚང་དུ་བཏང་ཡོད་པ་སྟེ། གཅིག་ནི་ལྟ་སྐྱོང་མངགས་བཅོལ་བྱས་པའི་དབང་གནོད་ཁག་འགན་གྱི་གཏན་འབེབས་ཁ་སྣོན་བྱས་ཡོད(འཆར་ཟིན་གྱི་དོན་ཚན་ཆིག་སྟོང་བརྒྱ་དང་གྱ་དགུ་པ) གཉིས་ནི་དྲ་སྦྲེལ་གྱི་དབང་གནོད་ཁག་འགན་ལམ་ལུགས་འཐུས་ཚང་དུ་བཏང་ཡོད། ཁེ་དབང་འཛིན་མཁན་གྱི་ཁེ་ཕན་སྲུང་སྐྱོང་སྔར་ལས་ལེགས་པར་བྱེད་པ་དང་། དྲ་སྦྲེལ་སྤྱོད་མཁན་དང་དྲ་སྦྲེལ་ཞབས་ཞུ་མཁོ་འདོན་བྱེད་མཁན་བར་གྱི་ཁེ་ཕན་དོ་མཉམ་ལེགས་པོ་ཡོང་ཆེད། འཆར་ཟིན་གྱིས་དྲ་སྦྲེལ་གྱི་དབང་གནོད་ཁག་འགན་སྐོར་གྱི་གཏན་འབེབས་ཞིབ་ཕྲ་བཟོས་པ་དང་། ཁེ་དབང་འཛིན་མཁན་ལ་བརྡ་ཐོ་གཏོང་བའི་སྒྲིག་སྲོལ་དང་དྲ་སྦྲེལ་ཞབས་ཞུ་མཁོ་འདོན་བྱེད་མཁན་ལ་བརྒྱུད་གཏོང་བྱེད་པའི་སྒྲིག་སྲོལ་འཐུས་སྒོ་ཚང་དུ་བཏང་ཡོད(འཆར་ཟིན་གྱི་དོན་ཚན་ཆིག་སྟོང་བརྒྱ་དང་གོ་ལྔ་པ་དང་། དོན་ཚན་ཆིག་སྟོང་བརྒྱ་དང་གོ་དྲུག་པ)

4.ཞིབ་ཕྲའི་དབང་གནོད་ཁག་འགན་སྣ་ཚོགས་ཀྱི་སྐོར། ལེ་ཚན་བདུན་པའི་ལེའུ་ཁག་གིས་ཐོན་རྫས་ཐོན་སྐྱེད་ཕྱིར་འཚོང་དང་། འཕྲུལ་སྒུལ་འཁོར་ལོའི་འགྲིམ་འགྲུལ་དོན་རྐྱེན། སྨན་བཅོས། ཁོར་ཡུག་སྦགས་བཙོག་དང་སྐྱེ་ཁམས་གཏོར་སྐྱོན། ཉེན་ཁ་ཚབས་ཆེན། སྲོག་ཆགས་གསོ་ཚགས། བཟོ་བཀོད་དངོས་པོ་དང་དངོས་རྫས་སོགས་ཁྱབ་ཁོངས་ཀྱི་དབང་གནོད་ཁག་འགན་སྒྲིག་སྲོལ་ལ་གཏན་འབེབས་ཞིབ་ཕྲ་བྱས་ཡོད་པ་མ་ཟད། ད་ལྟ་སྤྱོད་བཞིན་པའི་དབང་གནོད་ཁག་འགན་སྐོར་གྱི་བཅའ་ཁྲིམས་ཀྱི་རྨང་གཞིའི་ཐོག་འབྲེལ་ཡོད་ནང་དོན་འཐུས་སྒོ་ཇེ་ཚང་དུ་བཏང་ཡོད་པ་སྟེ། གཅིག་ནི་ཐོན་སྐྱེད་བྱེད་མཁན་དང་འཚོང་མཁན་གྱིས་སྐྱོན་ཆ་ཡོད་པའི་ཐོན་རྫས་ཕྱིར་བསྡུ་བའི་ཁག་འགན་འཐུས་ཚང་དུ་གཏོང་ཆེད། འབྲེལ་ཡོད་གཏན་འབེབས་ལྟར་ཕྱིར་བསྡུ་བའི་བྱ་ཐབས་སྤྱད་རིགས། གནོད་འཚེ་ཕོག་མཁན་གྱིས་དེའི་རྐྱེན་གྱིས་བཏང་བའི་དགོས་ངེས་ཀྱི་འགྲོ་གྲོན་དག་ཐོན་སྐྱེད་བྱེད་མཁན་དང་འཚོང་མཁན་གྱིས་གཏོང་འགན་འཁུར་དགོས་ཞེས་པའི་གཏན་འབེབས་ཁ་སྣོན་བྱས་ཡོད(འཆར་ཟིན་གྱི་དོན་ཚན་ཆིག་སྟོང་ཉིས་བརྒྱ་བཅུ་མེད་དྲུག་པའི་ནང་གསེས་དོན་ཚན་གཉིས་པ) གཉིས་ནི་འགྲིམ་འགྲུལ་གྱི་དོན་རྐྱེན་བྱུང་རྗེས་ཀྱི་གུན་གསབ་འཇལ་བའི་གོ་རིམ་ཁ་གསལ་བཟོས་ཡོད་དེ། ཐོག་མར་འཕྲུལ་སྒུལ་འཁོར་ལོའི་བཙན་འདོམས་འགན་བཅོལ་འགན་འཁྲི་འཁུར་མཁན་གྱིས་སྐྱིན་ཚབ་སྤྲོད་འགན་འཁུར་དགོས་པ་དང་། མ་འདང་བའི་ཆ་དེ་འཕྲུལ་སྒུལ་འཁོར་ལོའི་ཚོང་ལས་འགན་བཅོལ་འགན་ལེན་བྱེད་མཁན་གྱིས་སྐྱིན་ཚབ་སྤྲོད་འགན་འཁུར་དགོས་པ། ད་དུང་མི་འདང་ན་དབང་ཆར་གནོད་འཚེ་གཏོང་མཁན་གྱིས་སྐྱིན་ཚབ་སྤྲོད་འགན་འཁུར་དགོས(འཆར་ཟིན་གྱི་དོན་ཚན་ཆིག་སྟོང་ཉིས་བརྒྱ་བཅུ་གསུམ་པ) གསུམ་ནི་ནད་པས་ཚུལ་རྟོགས་མོས་མཐུན་དབང་ཆར་འགན་ལེན་སྔར་ལྷག་བྱས་ནས་སྨན་བཅོས་མི་སྣའི་འབྲེལ་ཡོད་གསལ་བཤད་འོས་འགན་ཁ་གསལ་བཟོས་ཤིང་། སྨན་བཅོས་ལས་ཁུངས་དང་དེའི་སྨན་བཅོས་མི་སྣས་ནད་པའི་གསང་དོན་དང་མི་སྒེར་གྱི་ཆ་འཕྲིན་སྲུང་སྐྱོང་བྱེད་པར་ཤུགས་སྣོན་བརྒྱབ་ཡོད(འཆར་ཟིན་གྱི་དོན་ཚན་ཆིག་སྟོང་ཉིས་བརྒྱ་བཅུ་དགུ་པ་དང་། དོན་ཚན་ཆིག་སྟོང་ཉིས་བརྒྱ་ཉེར་དྲུག་པ) བཞི་ནི་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་ལག་བསྟར་དོན་འཁྱོལ་བྱས་ཏེ། སྐྱེ་ཁམས་ཁོར་ཡུག་ལ་གནོད་སྐྱོན་བཟོས་པར་ཆད་གཅོད་རང་བཞིན་གྱི་གུན་གསབ་ལམ་ལུགས་ཀྱི་གཏན་འབེབས་བསྣན་པ་མ་ཟད། སྐྱེ་ཁམས་ཁོར་ཡུག་གི་གནོད་འཚེར་ཉམས་གསོ་དང་གུན་གསབ་སྤྲོད་པའི་སྒྲིག་སྲོལ་གཏན་འཁེལ་གསལ་པོ་བྱས་ཡོད(འཆར་ཟིན་གྱི་དོན་ཚན་ཆིག་སྟོང་ཉིས་བརྒྱ་སོ་གཉིས་པ་དང་། དོན་ཚན་ཆིག་སྟོང་ཉིས་བརྒྱ་སོ་བཞི་པ། དོན་ཚན་ཆིག་སྟོང་ཉིས་བརྒྱ་སོ་ལྔ་པ) ལྔ་ནས་སྐྱེ་དངོས་བདེ་འཇགས་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས་ཉེན་ཁ་ཆེ་བའི་འགན་འཁྲི་འཐུས་སྒོ་ཚང་དུ་བཏང་བ་དང་། ནད་སློང་ཤུགས་ཆེ་བའི་ཉེན་ཆེའི་དངོས་པོ་བདག་བཟུང་ངམ་ཡང་ན་བེད་སྤྱོད་བྱས་ནས་སྐྱེ་བོ་གཞན་ལ་གནོད་འཚེ་བཟོས་ཚེ་དབང་གནོད་ཁག་འགན་འཁུར་དགོས་ལུགས་ཁ་གསལ་བཟོས་ཡོད(འཆར་ཟིན་གྱི་དོན་ཚན་ཆིག་སྟོང་ཉིས་བརྒྱ་སོ་དགུ་པ) དྲུག་ནས་མཐོ་དབྱིངས་ནས་དངོས་པོ་འཕངས་པ་དང་ལྷུངས་པའི་གནད་དོན་བཅོས་སྐྱོང་སྒྲིག་སྲོལ་འཐུས་ཚང་དུ་བཏང་ཡོད། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་འགན་ལེན་ཡག་པོ་བྱ་ཆེད། འཆར་ཟིན་གྱིས་མཐོ་དབྱིངས་ནས་དངོས་པོ་འཕངས་པ་དང་ལྷུངས་པའི་གནད་དོན་བཅོས་སྐྱོང་སྒྲིག་སྲོལ་སྔར་བས་འཐུས་སྒོ་ཚང་དུ་བཏང་ནས། བཟོ་བཀོད་དངོས་པོ་ལས་དངོས་པོ་མར་འཕངས་མི་ཆོག་པའི་གཏན་འབེབས་བྱས་ཡོད། དེ་དང་ཆབས་ཅིག་དོན་རྐྱེན་དེ་རིགས་ཐག་གཅོད་བྱེད་པའི་དཀའ་ངལ་གཙོ་བོ་ནི་བྱ་སྤྱོད་སྤེལ་མཁན་སུ་ཡིན་མིན་གཏན་འཁེལ་མི་ཐུབ་པ་ཡིན་པར་དམིགས་ནས། འབྲེལ་ཡོད་ལས་ཁུངས་ཀྱིས་ཁྲིམས་ལྟར་དུས་ཐོག་ཏུ་བརྟག་དཔྱད་བྱས་ནས་ཁག་འགན་འཁུར་དགོས་མཁན་རྩད་གཅོད་གསལ་པོ་བྱེད་དགོས་པ་མ་ཟད། སྡེ་ལས་ཞབས་ཞུའི་ཁེ་ལས་སོགས་བཟོ་བཀོད་དངོས་པོ་དོ་དམ་པས་ངེས་པར་དུ་དགོས་ངེས་ཀྱི་ཉེན་མེད་བྱ་ཐབས་སྤྱད་དེ་བྱ་སྤྱོད་དེ་རིགས་མི་འཐོན་པ་བྱེད་དགོས་པའི་གཏན་འབེབས་བྱས་ཡོད(འཆར་ཟིན་གྱི་དོན་ཚན་ཆིག་སྟོང་ཉིས་བརྒྱ་ང་བཞི་པ)

(བརྒྱད) ཞར་བྱུང་དོན་ཚན།

འཆར་ཟིན་འདིའི་མཇུག་མཐའི་ཆ་ཤས“ཞར་བྱུང་དོན་ཚན”གྱིས་དམངས་དོན་ཁྲིམས་གཞུང་དང་གཉེན་སྒྲིག་སྐོར་གྱི་བཅའ་ཁྲིམས། ཤུལ་འཛིན་སྐོར་གྱི་བཅའ་ཁྲིམས། དམངས་ཁྲིམས་ཀྱི་སྤྱི་འགྲོས་རྩ་སྲོལ། ཉར་གསོའི་སྐོར་གྱི་བཅའ་ཁྲིམས། ཁག་ཐེག་སྐོར་གྱི་བཅའ་ཁྲིམས། གན་རྒྱའི་སྐོར་གྱི་བཅའ་ཁྲིམས། དངོས་པོའི་བདག་དབང་སྐོར་གྱི་བཅའ་ཁྲིམས། དབང་གནོད་ཁག་འགན་སྐོར་གྱི་བཅའ་ཁྲིམས། དམངས་ཁྲིམས་ཀྱི་སྤྱིའི་རྩ་དོན་བཅས་བར་གི་འབྲེལ་བ་ཁ་གསལ་བཟོས་ཡོད། དམངས་དོན་ཁྲིམས་གཞུང་ལག་ལེན་བསྟར་རྗེས་གོང་གསལ་དམངས་དོན་ཁེར་སྤྱོད་བཅའ་ཁྲིམས་དག་འདིས་ཚབ་བྱེད་ཀྱི་ཡོད། དེར་བརྟེན་འཆར་ཟིན་གྱིས་དམངས་དོན་ཁྲིམས་གཞུང་ལག་བསྟར་བྱེད་སྐབས་གོང་གསལ་དམངས་དོན་ཁེར་སྤྱོད་བཅའ་ཁྲིམས་རྣམས་དུས་མཚུངས་སུ་ལག་བསྟར་བྱེད་མཚམས་འཇོག་རྒྱུའི་གཏན་འབེབས་བྱས་ཡོད(འཆར་ཟིན་གྱི་དོན་ཚན་ཆིག་སྟོང་ཉིས་བརྒྱ་དྲུག་ཅུ་པ) གསལ་བཤད་བྱ་དགོས་པ་ཞིག་ནི། 2014ལོར་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་གཅིག་པའི་ཐོག་གྲོས་འཆམ་བྱུང་བའི《〈ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་ཁྲིམས་ཀྱི་སྤྱི་འགྲོས་རྩ་སྲོལ〉གྱི་དོན་ཚན་གོ་དགུ་པའི་ནང་གསེས་དོན་ཚན་དང་པོ་དང〈ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཉེན་སྒྲིག་བཅའ་ཁྲིམས〉ཀྱི་དོན་ཚན་ཉེར་གཉིས་པའི་སྐོར་གྱི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འགྲེལ་བཤད》དེ་དམངས་ཁྲིམས་ཀྱི་སྤྱི་འགྲོས་རྩ་སྲོལ་དང་གཉེན་སྒྲིག་སྐོར་གྱི་བཅའ་ཁྲིམས་དང་འབྲེལ་བ་ཡོད་པའི་བཅའ་ཁྲིམས་ཀྱི་འགྲེལ་བཤད་ཡིན་པས་དུས་མཚུངས་སུ་ལག་བསྟར་བྱེད་མཚམས་འཇོག་རྒྱུ་ཡིན།

《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་དོན་ཁྲིམས་གཞུང(འཆར་ཟིན)》དང་གོང་གསལ་གྱི་གསལ་བཤད་དག་ལ་གྲོས་ཞིབ་གནང་རོགས་ཞུ།

(རྒྱལ་ཡོངས་ཚོགས་འདུ་གཉིས་ཀྱི་དྲུང་ཡིག་ཁྲུའུ་ནས་མཁོ་འདོན་བྱས་པ་གཞིར་བཟུང) 

རྩོམ་སྒྲིག་པ། : ཀླུ་མོ་མཚོ།