ཀྲུང་གོ་བོད་ཀྱི་དྲ་བ།

ཞིང་པ་ལས་མིའི་གླ་ཕོགས་སྟེར་བའི་འགན་སྲུང་སྲོལ་ཡིག

ཡོང་ཁུངས། : མདོ་ལྷོ་དྲ་བ།     སྤེལ་དུས། : 2020-05-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

   ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་སྲིད་ཁྱབ་ཁང་གི་བཀའ་རྒྱ།

ཨང༧༢༥པ།

《ཞིང་པ་ལས་མིའི་གླ་ཕོགས་སྟེར་བའི་འགན་སྲུང་སྲོལ་ཡིག 》༢༠༡༩ལོའི་ཟླ༡༢པའི༤ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་ཐེངས༧༣སྟེང་གྲོས་འཆམ་བྱུང་སྟེ།  ༢༠༢༠ལོའི་༥བའི་ཚེས༡ཉིན་ཁྱབ་བསྒྲགས་བྱས་ནས་ལག་བསྟར་བྱ་རྒྱུ།

ཙུང་ལི།  ལི་ཁེ་ཆང་གིས།

༢༠༡༩ལོའི་ཟླ༡༢པའི་ཚེས༣༠ཉིན་ལ།

 ལེའུ་དང་པོ། སྤྱིའི་རྩ་དོན།

དོན་ཚན་དང་པོ། ཞིང་པ་ལས་མིར་གླ་ཕོགས་སྟེར་བའི་བྱ་སྤྱོད་ཚད་ལྡན་དུ་གཏོང་བ་དང་ཞིང་པ་ལས་མིར་དུས་ཐོག་ཏུ་གླ་ཕོགས་འདང་ངེས་སྟེར་རྒྱུར་འགན་སྲུང་བྱ་ཆེད། ༼ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ངལ་རྩོལ་བཅའ་ཁྲིམས༽དང་འབྲེལ་ཡོད་བཅའ་ཁྲིམས་ཀྱི་གཏན་འབེབས་གཞིར་བཟུང་ནས། སྲོལ་ཡིག་འདི་གཏན་འབེབས་བྱས་པ་ཡིན།

དོན་ཚན་གཉིས་པ། ཞིང་པ་ལས་མིར་གླ་ཕོགས་སྟེར་རྒྱུར་འགན་སྲུང་བྱེད་པར་སྲོལ་ཡིག་འདི་སྤྱོད་དགོས།

སྲོལ་ཡིག་འདིའི་ནང་འཁོད་པའི་ཞིང་པ་ལས་མི་ཞེས་པ་ནི་མི་བཀོལ་སྡེ་ཚན་དུ་ངལ་རྩོལ་མཁོ་འདོན་བྱེད་མཁན་གྱི་ཞིང་སྡེའི་སྡེ་མིར་གོ་དགོས།

སྲོལ་ཡིག་འདིའི་ནང་འཁོད་པའི་གླ་ཕོགས་ཞེས་པ་ནི་ཞིང་པ་ལས་མིས་མི་བཀོལ་སྡེ་ཚན་ལ་ངལ་རྩོལ་བྱས་རྗེས་ཐོབ་འོས་པའི་ངལ་རྩོལ་གྱི་གླ་ཆ་ལ་ཟེར།

དོན་ཚན་གསུམ་པ། ཞིང་པ་ལས་མིར་དུས་ཐོག་ཏུ་གླ་ཕོགས་འདང་ངེས་ཐོབ་རྒྱུའི་ཁེ་དབང་ཡོད། ལས་ཁུངས་གང་དང་མི་སྒེར་སུས་ཀྱང་ཞིང་པ་ལས་མིའི་གླ་ཕོགས་འགྱངས་ཆད་བྱ་མི་ཆོག

   ཞིང་པ་ལས་མིས་ངལ་རྩོལ་གྱི་སྒྲིག་ཁྲིམས་དང་ལས་རིགས་ཀྱི་ཀུན་སྤྱོད་བརྩི་སྲུང་བྱ་དགོས་ལ། ངལ་རྩོལ་བདེ་འཇགས་དང་འཕྲོད་བསྟེན་གྱི་སྒྲིག་སྲོལ་ལག་བསྟར་བྱས་ནས། ངལ་རྩོལ་གྱི་ལས་འགན་ལེགས་འགྲུབ་བྱ་དགོས།

དོན་ཚན་བཞི་བ། རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གིས་རང་གི་སྲིད་འཛིན་ས་ཁོངས་ཀྱི་ཞིང་པ་ལས་མིར་གླ་ཕོགས་སྤྲོད་རྒྱུའི་འགན་སྲུང་བྱ་བར་འགན་འཁུར་དགོས་ཏེ། ཞིང་པ་ལས་མིར་གླ་ཕོགས་སྤྲོད་རྒྱུའི་འགན་སྲུང་བྱ་བའི་མཐུན་སྦྱོར་ལམ་སྲོལ་འཛུགས་པ་དང་། ལྟ་སྐུལ་དོ་དམ་བྱེད་ནུས་ཆེ་རུ་གཏོང་རྒྱུར་ཤུགས་སྣོན་པ། ཞིང་པ་ལས་མིར་གླ་ཕོགས་སྤྲོད་རྒྱུའི་འགན་སྲུང་བྱ་བའི་དམིགས་འབེན་འགན་འཁྲིའི་ལམ་ལུགས་འཐུས་ཚང་དུ་གཏོང་དགོས་པ་མ་ཟད། རིམ་པ་དེ་གའི་མི་དམངས་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག་དང་འོག་རིམ་མི་དམངས་སྲིད་གཞུང་ལ་དཔྱད་ཞིབ་དང་ལྟ་སྐུལ་བྱེད་པའི་ནང་དོན་དུ་འཇུག་དགོས།

ཤང་དང་གྲོང་རྡལ་མི་དམངས་སྲིད་གཞུང་དང་། སྲང་ལམ་དོན་གཅོད་ཁང་གིས་ཞིང་པ་ལས་མིའི་གླ་ཕོགས་འགྱངས་ཆད་ཀྱི་འགལ་བ་ཞིབ་བཤེར་འདུམ་འགྲིག་བྱེད་པའི་བྱ་བར་ཤུགས་སྣོན་དགོས་པ་དང་། འགལ་བ་སྔོན་འགོག་དང་འདུམ་པ་བྱས་ནས། དུས་ལྟར་རྩོད་གཞི་འདུམ་འགྲིག་བྱ་དགོས།

དོན་ཚན་ལྔ་བ། ཞིང་པ་ལས་མིར་གླ་ཕོགས་སྤྲོད་རྒྱུར་འགན་སྲུང་བྱེད་པར་ཁྲོམ་རའི་བྱེད་པོས་འགན་འཁུར་དགོས་པ་དང་། སྲིད་གཞུང་གིས་ཁྲིམས་ལྟར་ལྟ་སྐུལ་དོ་དམ་དང་། སྤྱི་ཚོགས་ཀྱིས་མཐུན་སྦྱོར་ལྟ་སྐུལ་རྒྱུན་འཁྱོངས་བྱས་ཏེ། འབྱུང་རྩ་ནས་བཅོས་སྐྱོང་དང་། སྔོན་འགོག་གཙོར་འཛིན། འགོག་བཅོས་ཟུང་འབྲེལ། རྩ་ལག་མཉམ་བཅོས་བཅས་ཀྱི་བླང་བྱ་གཞིར་བཟུང་ནས། ཞིང་པ་ལས་མིའི་གླ་ཕོགས་འགྱངས་ཆད་ཀྱི་གནད་དོན་ཁྲིམས་ལྟར་རྩ་བཅོས་བྱ་དགོས།

དོན་ཚན་དྲུག་པ། མི་བཀོལ་སྡེ་ཚན་གྱིས་ཞིང་པ་ལས་མིའི་ངལ་རྩོལ་ལས་མི་བཀོལ་བར་དངོས་མིང་ལམ་ལུགས་ཀྱི་དོ་དམ་ལག་བསྟར་བྱ་དགོས་པ་དང་། བསྡུ་ལེན་བྱས་པའི་ཞིང་པ་ལས་མི་དང་ཡིག་ཐོག་ནས་ཁ་ཆད་འཇོག་པའམ། ཡང་ན་ཁྲིམས་ལྟར་གཏན་འབེབས་བྱས་པའི་སྒྲིག་སྲོལ་ལམ་ལུགས་ལྟར་གླ་ཕོགས་སྟེར་བའི་ཚད་གཞི་དང་སྟེར་དུས། སྟེར་སྟངས་སོགས་ཀྱི་ནང་དོན་གཏན་འབེབས་བྱ་དགོས།

དོན་ཚན་བདུན་པ། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྲིད་འཛིན་སྡེ་ཁག་གིས་ཞིང་པ་ལས་མིར་གླ་ཕོགས་སྟེར་བའི་བྱ་བ་སྒྲིག་འཛུགས་མཐུན་སྦྱོར་དང་། དོ་དམ་མཛུབ་སྟོན། ཞིང་པ་ལས་མིར་གླ་ཕོགས་སྟེར་བའི་གནས་ཚུལ་བཅས་ལ་ལྟ་སྐུལ་ཞིབ་བཤེར་བྱེད་པའི་འགན་ཁུར་ནས། ཞིང་པ་ལས་མིའི་གླ་ཕོགས་འགྱངས་ཆད་བྱས་པའི་འབྲེལ་ཡོད་གྱོད་གཞི་རྩད་གཅོད་བྱ་དགོས།

 སྡོད་ཁང་དང་མཁར་གྲོང་འཛུགས་སྐྲུན། འགྲིམ་འགྲུལ་སྐྱེལ་འདྲེན། ཆུ་བེད་སོགས་འབྲེལ་ཡོད་ལས་རིགས་ཀྱི་བཟོ་བཀོད་འཛུགས་སྐྲུན་གཙོ་སྐྱོང་སྡེ་ཁག་གིས་འགན་འཁྲི་ལྟར་ལས་རིགས་ལྟ་སྐུལ་དོ་དམ་གྱི་འགན་ཁུར་ལག་བསྟར་བྱས་ནས། ཁྲིམས་འགལ་གྱིས་འགན་གཙང་སྤྲོད་པ་དང་འགན་གཙང་སྐོར་བ། ཁྲིམས་འགལ་གྱིས་འགན་གཙང་བགོ་སྤྲོད་དང་ཟུར་བརྟེན་བྱེད་པ། འཛུགས་སྐྲུན་གྱི་གྲོན་དངུལ་འགྱངས་ཆད་བྱས་པ་སོགས་ཀྱི་རྐྱེན་གྱིས་ཞིང་པ་ལས་མིའི་གླ་ཕོགས་འགྱངས་ཆད་བྱས་པའི་གྱོད་གཞི་སྐུལ་སྒྲུབ་བྱ་དགོས།

འཕེལ་རྒྱས་བཅོས་སྒྱུར་སོགས་སྡེ་ཁག་གིས་འགན་འཁྲི་ལྟར་སྲིད་གཞུང་གིས་མ་དངུལ་བཏང་བའི་ལས་གཞིར་ཞིབ་མཆན་དོ་དམ་བྱེད་འགན་འཁུར་དགོས་ཏེ། ཁྲིམས་ལྟར་སྲིད་གཞུང་གིས་མ་དངུལ་བཏང་བའི་ལས་གཞིའི་མ་དངུལ་ཡོང་ཁུངས་དང་གྲབས་གསོག་བྱེད་སྟངས་ལ་ཞིབ་བཤེར་བྱེད་པ་དང་། གཏན་འབེབས་ལྟར་སྲིད་གཞུང་གི་མ་དངུལ་དུས་ཐོག་ཏུ་བཀོད་སྒྲིག་བྱེད་པ། སྤྱི་ཚོགས་ཀྱི་ཡིད་རྟོན་མ་ལག་འཛུགས་སྐྱོང་ལ་ཤུགས་སྣོན་པ་བཅས་ཀྱི་སྒོ་ནས། ཞིང་པ་ལས་མིའི་གླ་ཕོགས་འགྱངས་ཆད་བྱས་ཡོད་མཁན་ལ་མཉམ་དུ་མི་རྩ་འཛུགས་བྱས་ཏེ་སྒྲིག་ཁྲིམས་ལྟར་ཚད་བཀག་ཆད་པ་གཅོད་དགོས།

ནོར་སྲིད་སྡེ་ཁག་གིས་སྲིད་གཞུང་གིས་མ་དངུལ་བཏང་བར་སྔོན་རྩིས་དོ་དམ་བྱེད་འགན་ཁུར་ནས། ཆོག་མཆན་བཀོད་པའི་སྔོན་རྩིས་ལྟར་གཏན་འབེབས་གཞིར་བཟུང་ནས་དུས་ཐོག་ཏུ་སྲིད་གཞུང་གིས་བཏང་བའི་མ་དངུལ་འདང་ངེས་སྟེར་དགོས།

སྤྱི་བདེ་ལས་ཁུངས་ཀྱིས་ངལ་རྩོལ་ཐོབ་ཆ་མི་སྟེར་བའི་དོགས་ཡོད་ཉེས་དོན་གྱོད་གཞི་དུས་ཐོག་ཏུ་བདག་སྤྲོད་དང་མྱུལ་ཞིབ་བྱེད་པའི་འགན་ཁུར་ནས། ཞིང་པ་ལས་མིར་གླ་ཕོགས་འགྱངས་ཆད་བྱས་པ་ལས་བྱུང་བའི་སྤྱི་ཚོགས་བདེ་འཇགས་ཀྱི་གྱོད་གཞི་ཁྲིམས་ལྟར་ཐག་གཅོད་བྱ་དགོས།

ཁྲིམས་འཛིན་སྲིད་འཛིན་དང་། རང་བྱུང་ཐོན་ཁུངས། མི་དམངས་དངུལ་ཁང་། རྩིས་བཤེར། རྒྱལ་དབང་རྒྱུ་ནོར་དོ་དམ། ཁྲལ་དོན། ཚོང་ར་ལྟ་སྐུལ། དངུལ་རྩ་ལྟ་སྐུལ་དོ་དམ་སོགས་སྡེ་ཁག་གིས་འགན་འཁྲི་ལྟར་ཞིང་པ་ལས་མིར་གླ་ཕོགས་སྟེར་རྒྱུར་འབྲེལ་བའི་བྱ་བ་ཡག་པོར་སྒྲུབ་དགོས།

དོན་ཚན་བརྒྱད་པ། བཟོ་ཚོགས་དང་། གུང་ཁྲན་རིང་ལུགས་གཞོན་ནུ་ཚོགས་པ། བུད་མེད་མཉམ་འབྲེལ་ལྷན་ཚོགས། དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་སོགས་རྩ་འཛུགས་ཀྱིས་འགན་འཁྲི་ལྟར་ཞིང་པ་ལས་མིའི་གླ་ཕོགས་ཐོབ་དབང་ཁྲིམས་ལྟར་སྲུང་སྐྱོབ་བྱ་དགོས།

དོན་ཚན་དགུ་བ། གསར་འགྱུར་སྨྱན་སྦྱོར་གྱིས་ཞིང་པ་ལས་མིར་གླ་ཕོགས་སྟེར་རྒྱུ་འགན་སྲུང་བྱེད་པའི་བཅའ་ཁྲིམས་ཁྲིམས་སྲོལ་དང་སྲིད་ཇུས་བཅས་ཀྱི་སྤྱི་ཕན་དྲིལ་བསྒྲགས་དང་སྔོན་ཐོན་དཔེ་མཚོན་གྱི་གནས་ཚུལ་སྒྲོག་གཏོང་བྱ་དགོས་ལ། ཞིང་པ་ལས་མིའི་གླ་ཕོགས་འགྱངས་ཆད་ཀྱི་ཁྲིམས་འགལ་སྤྱོད་སྟངས་ལ་གླེང་ཕྱོགས་ལྟ་སྐུལ་བྱ་རྒྱུར་ཁྲིམས་ལྟར་ཤུགས་སྣོན་དང་། མི་བཀོལ་སྡེ་ཚན་གྱིས་ཁྲིམས་ལྟར་ལས་མི་བཀོལ་བ་དང་། དུས་ཐོག་ཏུ་གླ་ཕོགས་འདང་ངེས་སྟེར་བའི་ཁྲིམས་ལུགས་ཀྱི་འདུ་ཤེས་ཇེ་དྲག་ཏུ་གཏོང་རྒྱུར་ཁྲིད་སྟོན་དང་། ཞིང་པ་ལས་མིས་ཁྲིམས་ལྟར་ཁེ་དབང་སྲུང་སྐྱོང་བྱ་རྒྱུར་ཁྲིད་སྟོན་བྱ་དགོས།

དོན་ཚན་བཅུ་བ། གླ་ཕོགས་འགྱངས་ཆད་བྱས་པའི་ཞིང་པ་ལས་མིར་ཁྲིམས་ལྟར་ཞུ་གཏུག་བྱེད་དབང་ངམ་ཡང་ན་ངལ་རྩོལ་གྱི་རྩོད་གཞི་འདུམ་འགྲིག་ཐག་གཅོད་ཡར་ཞུ་དང་གཏུག་བཤེར་བྱེད་དབང་ཡོད།

ལས་ཁུངས་གང་དང་མི་སྒེར་སུ་ཞིག་ཡིན་རུང་ཞིང་པ་ལས་མིའི་གླ་ཕོགས་འགྱངས་ཆད་བྱས་ཚེ། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྲིད་འཛིན་སྡེ་ཁག་གམ་ཡང་ན་འབྲེལ་ཡོད་སྡེ་ཁག་གཞན་དག་ལ་ཐེར་འདོན་བྱེད་དབང་ཡོད།

མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྲིད་འཛིན་སྡེ་ཁག་དང་འབྲེལ་ཡོད་སྡེ་ཚན་གཞན་དག་གིས་ཐེར་འདོན་ཞུ་གཏུག་ཁ་པར་དང་དྲ་ཚིགས་སོགས་ཀྱི་ཐབས་ལམ་ཡོངས་བསྒྲགས་བྱས་ནས། ཞིང་པ་ལས་མིར་གླ་ཕོགས་འགྱངས་ཆད་བྱས་པའི་བྱ་སྤྱོད་ཐེར་འདོན་དང་ཞུ་གཏུག་བྱས་པ་ཁྲིམས་ལྟར་དང་ལེན་བྱ་དགོས། ཐེར་འདོན་དང་ཞུ་གཏུག་ཐག་གཅོད་བྱེད་པར་ཐོག་མའི་འདྲི་རྩད་འགན་འཁྲི་ལམ་ལུགས་ལག་བསྟར་བྱས་ཏེ། རང་སྡེ་ཁག་གི་བདག་སྤྲོད་ལ་གཏོགས་ཚེ་ཁྲིམས་ལྟར་དུས་ཐོག་ཏུ་ཐག་གཅོད་བྱ་དགོས་པ་དང་། རང་སྡེ་ཁག་གི་བདག་སྤྲོད་ལ་མི་གཏོགས་ཚེ་ངེས་པར་དུ་འབྲེལ་ཡོད་སྡེ་ཁག་ལ་དུས་ཐོག་ཏུ་སྐྱེལ་དགོས། འབྲེལ་ཡོད་སྡེ་ཁག་གིས་ངེས་པར་དུ་ཁྲིམས་ལྟར་དུས་ཐོག་ཏུ་ཐག་གཅོད་བྱ་དགོས་པ་མ་ཟད། ཐག་གཅོད་བྱས་པའི་མཇུག་འབྲས་ཐེར་འདོན་དང་ཞུ་གཏུག་བྱེད་མཁན་ལ་ལན་སློག་དགོས།

   ལེའུ་གཉིས་པ། གླ་ཕོགས་སྟེར་སྟངས་དང་སྟེར་ཡུན།

དོན་ཚན་བཅུ་གཅིག་པ། ཞིང་པ་ལས་མིའི་གླ་ཕོགས་དེ་དངུལ་སྒོར་གྱི་རྣམ་པས་དངུལ་བྱང་དུ་རྒྱག་པའམ། ཡང་ན་དངུལ་རྐྱང་བྱས་ཏེ་ཞིང་པ་ལས་མི་རང་ཉིད་ལ་སྟེར་དགོས་པ་ལས། དངོས་པོའམ་ཡང་ན་རིན་ལྡན་འཛིན་ཤོག་སོགས་རྣམ་པ་གཞན་གྱིས་ཚབ་བྱ་མི་ཆོག

དོན་ཚན་བཅུ་གཉིས་པ། མི་བཀོལ་སྡེ་ཚན་གྱིས་ཞིང་པ་ལས་མི་དང་ཡིག་ཐོག་ནས་ཁ་ཆད་བཞག་པའམ། ཡང་ན་ཁྲིམས་ལྟར་གཏན་འབེབས་བྱས་པའི་སྒྲིག་སྲོལ་ལམ་ལུགས་ལྟར་གླ་ཕོགས་སྟེར་ཡུན་དང་གློ་ཕོགས་སྟེར་བའི་དུས་ཚོད་ནང་ལྟར་གླ་ཕོགས་འདང་ངེས་སྟེར་དགོས།

དོན་ཚན་བཅུ་གསུམ་པ། ཟླ་བ་དང་། གཟའ་འཁོར། ཉི་མ། ཆུ་ཚོད་བཅས་ཀྱི་གླ་ཕོགས་ལམ་ལུགས་ལག་བསྟར་བྱེད་པར། ཟླ་བ་དང་། གཟའ་འཁོར། ཉི་མ། ཆུ་ཚོད་བཅས་ཀྱི་སྟེར་ཡུན་ལྟར་གླ་ཕོགས་སྟེར་དགོས། ཐོན་གྲངས་ལྟར་གླ་ཕོགས་ལམ་ལུགས་ལག་བསྟར་བྱེད་པར། གླ་ཕོགས་སྟེར་བའི་དུས་ཡུན་དེ་ཕྱོགས་གཉིས་ཀྱིས་ཁྲིམས་ལྟར་ཁ་ཆད་འཇོག་དགོས།

དོན་ཚན་བཅུ་བཞི་བ། མི་བཀོལ་སྡེ་ཚན་དང་ཞིང་པ་ལས་མིས་ཡིག་ཐོག་ནས་ཁ་ཆད་བཞག་པའམ་ཡང་ན་ཁྲིམས་ལྟར་གཏན་འབེབས་བྱས་པའི་སྒྲིག་སྲོལ་ལམ་ལུགས་ལྟར་གླ་ཕོགས་སྟེར་བའི་དུས་ཚོད་དེ་ཞིང་པ་ལས་མིས་ངལ་རྩོལ་བྱེད་དུས་སམ་ཡང་ན་ངལ་རྩོལ་བྱས་རྗེས་བརྩི་ཆོག གླ་ཕོགས་སྟེར་བའི་དུས་ཚོད་ཞིབ་ཕྲ་དེ་གལ་ཏེ་ཁྲིམས་བཀོད་དུས་ཆེན་ནམ་ངལ་གསོའི་ཉིན་མོར་ཁེལ་ཡོད་ཚེ། ཁྲིམས་བཀོད་དུས་ཆེན་ནམ་ངལ་གསོའི་ཉིན་མོའི་སྔོན་ལ་སྟེར་དགོས།

མི་བཀོལ་སྡེ་ཚན་ལ་འགོག་ཐབས་བྲལ་བའི་རྐྱེན་ངན་བྱུང་བའི་དབང་གིས་གླ་ཕོགས་དུས་ལྟར་སྟེར་མ་ཐུབ་ན། འགོག་ཐབས་བྲལ་བའི་རྐྱེན་ངན་སེལ་རྗེས་དུས་ཐོག་ཏུ་སྟེར་དགོས།

དོན་ཚན་བཅོ་ལྔ་བ། མི་བཀོལ་སྡེ་ཚན་གྱིས་གླ་ཕོགས་སྟེར་བའི་དུས་ཡུན་ལྟར་ཡིག་ཐོག་གི་གླ་ཕོགས་སྟེར་ཟིན་པའི་རྩིས་ཐོ་བཟོ་དགོས་ལ། མ་མཐར་ཡང་ལོ༣ལ་ཉར་ཚགས་བྱ་དགོས།

ཡིག་ཐོག་གི་གླ་ཕོགས་སྟེར་ཟིན་པའི་རྩིས་ཐོའི་ནང་མི་བཀོལ་སྡེ་ཚན་གྱི་མིང་དང་། སྟེར་བའི་དུས་ཡུན། སྟེར་བའི་དུས་ཚོད། སྟེར་སའི་མིང་། ལག་འཁྱེར་ཐོབ་ཐང་གི་ཨང་གྲངས། འབྲེལ་གཏུག་བྱེད་སྟངས། ལས་ཀའི་དུས་ཡུན། སྟེར་དགོས་པའི་གླ་ཕོགས་ཀྱི་རྣམ་གྲངས་དང་གྲངས་ཀ དེའི་ནང་ནས་ཚབ་འཐེན་དང་ཚབ་སྤྲོད། འཐེན་འཕྲི་བྱས་པའི་རྣམ་གྲངས་དང་གྲངས་ཀ དངོས་སུ་སྟེར་ཟིན་པའི་གླ་ཕོགས་ཀྱི་གྲངས་ཀ དངུལ་ཁང་གིས་གླ་ཕོགས་ཚབ་གཏོང་བྱས་པའི་དཔང་ཡིག་གམ་ཞིང་པ་ལས་མིས་མིང་རྟགས་བཀོད་པ་སོགས་ཀྱི་ནང་དོན་འདུ་དགོས།

མི་བཀོལ་སྡེ་ཚན་གྱིས་ཞིང་པ་ལས་མིར་གླ་ཕོགས་སྟེར་སྐབས། ཞིང་པ་ལས་མི་རང་ཉིད་ཀྱི་གླ་ཕོགས་རྩིས་ཐོ་འདོན་སྤྲོད་བྱ་དགོས།

   ལེའུ་གསུམ་པ། གླ་ཕོགས་གཙང་སྟེར།

དོན་ཚན་བཅུ་དྲུག་པ། མི་བཀོལ་སྡེ་ཚན་གྱིས་ཞིང་པ་ལས་མིའི་གླ་ཕོགས་འགྱངས་ཆད་བྱས་རིགས་ཁྲིམས་ལྟར་གཙང་སྟེར་བྱ་དགོས།

དོན་ཚན་བཅུ་བདུན་པ། ཁྲིམས་མཐུན་གྱི་གཉེར་སྐྱོང་བྱ་དབང་མེད་པའི་སྡེ་ཚན་གྱིས་ཞིང་པ་ལས་མི་བསྡུ་ལེན་བྱས་རྗེས། ཞིང་པ་ལས་མིས་ངལ་རྩོལ་བྱས་རུང་གླ་ཕོགས་མ་སྟེར་ན། འབྲེལ་ཡོད་ཁྲིམས་ལུགས་ཀྱི་གཏན་འབེབས་ལྟར་ལག་བསྟར་བྱ་དགོས།

དོན་ཚན་བཅོ་བརྒྱད་པ། མི་བཀོལ་སྡེ་ཚན་མི་སྒེར་རམ། ཁྲིམས་མཐུན་གྱི་གཉེར་སྐྱོང་བྱ་དབང་མེད་པའི་སྡེ་ཚན། ཡང་ན་ཁྲིམས་ལྟར་ངལ་ལས་མངགས་གཏོང་གི་ཆོག་འཐུས་དཔང་ཡིག་བླངས་མེད་པའི་སྡེ་ཚན་གྱིས་ཞིང་པ་ལས་མི་མངགས་གཏོང་བྱས་ནས་བཀོལ་རྗེས། ཞིང་པ་ལས་མིའི་གླ་ཕོགས་འགྱངས་ཆད་བྱས་ན། མི་བཀོལ་སྡེ་ཚན་གྱིས་གཙང་སྟེར་བྱ་དགོས་པ་མ་ཟད། ཁྲིམས་ལྟར་སྐྱིན་ཚབ་བདའ་འདེད་བྱ་ཆོག

དོན་ཚན་བཅུ་དགུ་བ། མི་བཀོལ་སྡེ་ཚན་གྱིས་ལས་ཀའི་འགན་དེ་མི་སྒེར་རམ་ཁྲིམས་མཐུན་གྱི་གཉེར་སྐྱོང་བྱ་དབང་མེད་པའི་སྡེ་ཚན་ལ་འགན་གཙང་སྤྲད་རྗེས། བསྡུ་ལེན་བྱས་པའི་ཞིང་པ་ལས་མིའི་གླ་ཕོགས་འགྱངས་ཆད་བྱས་ན། འབྲེལ་ཡོད་ཁྲིམས་ལུགས་ཀྱི་གཏན་འབེབས་ལྟར་ལག་བསྟར་བྱ་དགོས།

མི་བཀོལ་སྡེ་ཚན་གྱིས་མི་སྒེར་རམ། ཁྲིམས་མཐུན་གྱི་གཉེར་སྐྱོང་བྱ་དབང་མེད་པའམ་ཡང་ན་དེ་བསྟུན་གྱི་ཐོབ་ཐང་བླངས་མེད་པའི་སྡེ་ཚན་ལ་མི་བཀོལ་སྡེ་ཚན་གྱི་མིང་ཐོག་ནས་ཕྱི་ཕྱོགས་སུ་གཉེར་སྐྱོང་བྱེད་དུ་བཅུག་རྗེས། བསྡུ་ལེན་བྱས་པའི་ཞིང་པ་ལས་མིའི་གླ་ཕོགས་འགྱངས་ཆད་བྱས་ན། མི་བཀོལ་སྡེ་ཚན་གྱིས་གཙང་སྟེར་བྱ་དགོས་པ་མ་ཟད། ཁྲིམས་ལྟར་སྐྱིན་ཚབ་བདའ་འདེད་བྱ་ཆོག

དོན་ཚན་ཉི་ཤུ་བ། མཉམ་གཉེར་ཁེ་ལས་དང་། སྒེར་གྱི་མ་རྩ་ཁེར་འཇོག་ཁེ་ལས། སྒེར་གཉེར་དཔལ་འབྱོར་རྩ་འཛུགས་སོགས་མི་བཀོལ་སྡེ་ཚན་གྱིས་ཞིང་པ་ལས་མིའི་གླ་ཕོགས་འགྱངས་ཆད་བྱས་རིགས་ཁྲིམས་ལྟར་གཙང་སྟེར་བྱ་དགོས། གཙང་སྟེར་མ་བྱས་ན་མ་རྩ་གཏོང་མཁན་གྱིས་ཁྲིམས་ལྟར་གཙང་སྟེར་བྱ་དགོས།

དོན་ཚན་ཉེར་གཅིག་པ། མི་བཀོལ་སྡེ་ཚན་ཟླ་སྒྲིལ་ལམ་ཡང་ན་ལོགས་འཛུགས་བྱ་སྐབས། ཟླ་སྒྲིལ་ལམ་ཡང་ན་ལོགས་འཛུགས་མ་བྱས་གོང་འགྱངས་ཆད་བྱས་ཡོད་པའི་ཞིང་པ་ལས་མིའི་གླ་ཕོགས་ཁྲིམས་ལྟར་གཙང་སྟེར་བྱ་དགོས། ཞིང་པ་ལས་མི་དང་ཡིག་ཐོག་ནས་གྲོས་མོལ་གཅིག་མཐུན་བྱུང་ན། ཟླ་སྒྲིལ་ལམ་ལོགས་འཛུགས་བྱས་རྗེས་ཁེ་དབང་དང་འོས་འགན་རྒྱུད་འཛིན་བྱེད་པའི་མི་བཀོལ་སྡེ་ཚན་གྱིས་གཙང་སྟེར་བྱས་ན་ཡང་ཆོག

དོན་ཚན་ཉེར་གཉིས་པ། ལས་མི་བཀོལ་མཁན་སྡེ་ཚན་གྱི་ལས་གཉེར་ལག་ཁྱེར་རམ་ཐོ་འགོད་ལག་ཁྱེར་ཁྲིམས་ལྟར་ཕྱིར་བསྡུས་པ་དང་། སྒོ་རྒྱག་ཏུ་བཅུག་པ། ཕྱིར་འཐེན་ནམ་ཡང་ན་ཁྲིམས་ལྟར་ཁ་གཏོར་བཏང་བ་ཡིན་ན། ཐོ་ཁོངས་ནས་བསུབ་རྒྱུའི་རེ་འདུན་མ་ཞུས་གོང་འགྱངས་ཆད་བྱས་པའི་ཞིང་པ་ལས་མིའི་གླ་ཕོགས་ཁྲིམས་ལྟར་གཙང་འཇལ་བྱ་དགོས།

གོང་གསལ་དོན་ཚན་གྱི་གཏན་འབེབས་ལྟར་ཞིང་པ་ལས་མིའི་གླ་ཕོགས་གཙང་འཇལ་མ་བྱས་པའི་ལས་མི་བཀོལ་མཁན་སྡེ་ཚན་གྱི་མ་དངུལ་གཏོང་མཁན་གཙོ་བོ་ཡིན་ཕྱིན། ལས་མི་བཀོལ་མཁན་སྡེ་ཚན་གསར་བ་ཐོ་འགོད་མ་བྱས་གོང་འགྱངས་ཆད་བྱས་པའི་ཞིང་པ་ལས་མིའི་གླ་ཕོགས་གཙང་འཇལ་བྱ་དགོས།

   ལེའུ་བཞི་བ། བཟོ་བཀོད་འཛུགས་སྐྲུན་ཁྱབ་ཁོངས་ཀྱི་དམིགས་བསལ་གཏན་འབེབས།

དོན་ཚན་ཉེར་གསུམ་པ། འཛུགས་སྐྲུན་སྡེ་ཚན་གྱིས་ཨར་ལས་བྱེད་པར་མཁོ་བའི་མ་དངུལ་བཀོད་སྒྲིག་ཐད་ཀྱི་དགོས་མཁོ་སྐོང་ཐུབ་དགོས། ཨར་ལས་བྱེད་པར་མཁོ་བའི་མ་དངུལ་གྱི་དགོས་མཁོ་སྐོང་མ་ཐུབ་ན། བཟོ་བཀོད་འཛུགས་སྐྲུན་གྱི་ལས་གཞི་འགོ་བཙུགས་ནས་འཛུགས་སྐྲུན་བྱ་མི་ཆོག་པ་དང་། ཁྲིམས་ལྟར་ཨར་ལས་ཀྱི་ཆོག་འཐུས་ཡི་གེ་སྒྲུབ་དགོས་རིགས་ལ་འབྲེལ་ཡོད་ལས་རིགས་ཀྱི་ཨར་ལས་འཛུགས་སྐྲུན་གཙོ་སྐྱོང་སྡེ་ཁག་གིས་ཨར་ལས་ཀྱི་ཆོག་འཐུས་ཡི་གེ་སྤྲོད་མི་ཆོག

སྲིད་གཞུང་གིས་མ་དངུལ་འཇོག་པའི་ལས་གཞི་ལ་མཁོ་བའི་མ་དངུལ་དེ་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་དོན་ཐོག་ཏུ་འཁྱོལ་བར་བྱ་དགོས་པ་ལས་ཨར་ལས་སྡེ་ཚན་གྱིས་མ་དངུལ་བཏང་ནས་འཛུགས་སྐྲུན་བྱ་མི་ཆོག

དོན་ཚན་ཉེར་བཞི་བ། འཛུགས་སྐྲུན་སྡེ་ཚན་གྱིས་ཨར་ལས་སྡེ་ཚན་ལ་བཟོ་བཀོད་གྲོན་དངུལ་སྤྲོད་རྒྱུར་འགན་ལེན་བྱ་དགོས།

འཛུགས་སྐྲུན་སྡེ་ཚན་དང་ཨར་ལས་སྤྱིའི་སྒྲུབ་འགན་གཙང་ལེན་བྱེད་མཁན་སྡེ་ཚན་གཉིས་ཀྱིས་ཁྲིམས་ལྟར་ཡིག་ཐོག་གི་བཟོ་བཀོད་ཨར་ལས་གན་རྒྱ་འཇོག་སྐབས། བཟོ་བཀོད་གྲོན་དངུལ་ཚད་ལེན་དུས་འཁོར་དང་། བཟོ་བཀོད་གྲོན་དངུལ་སྡོམ་རྩིས་རྒྱག་པའི་བྱེད་ཐབས། དེ་བཞིན་མིའི་ཐབས་ཀྱི་འགྲོ་གྲོན་གཏོང་སྤྲོད་དུས་འཁོར་བཅས་དུས་ཆད་བསྒོ་དགོས་པ་མ་ཟད། ཞིང་པ་ལས་མིའི་གླ་ཕོགས་དུས་ཐོག་ཏུ་འདང་ངེས་གཏོང་སྤྲོད་བྱེད་པར་འགན་སྲུང་བྱ་རྒྱུའི་བླང་བྱ་ལྟར་གླ་ཆའི་འགྲོ་གྲོན་དུས་ཆད་བསྒོ་དགོས། གླ་ཆའི་འགྲོ་གྲོན་གཏོང་སྤྲོད་དུས་འཁོར་ཟླ་བ་གཅིག་ལས་བརྒལ་མི་ཆོག

འཛུགས་སྐྲུན་སྡེ་ཚན་དང་ཨར་ལས་སྤྱིའི་སྒྲུབ་འགན་གཙང་ལེན་སྡེ་ཚན་གྱིས་བཟོ་བཀོད་ཨར་ལས་གན་རྒྱ་ཞིབ་བཤེར་བྱ་རྒྱུར་གསོག་ཉར་བྱ་དགོས།

དོན་ཚན་ཉེར་ལྔ་བ། ཨར་ལས་སྤྱིའི་འགན་གཙང་ལེན་སྡེ་ཚན་དང་ཁག་བགོས་འགན་གཙང་ལེན་སྡེ་ཚན་གྱིས་ཁྲིམས་ལྟར་ཡིག་ཐོག་འགན་གཙང་ཁག་བགོས་ཀྱི་གན་རྒྱ་བཞག་ནས་བཟོ་བཀོད་གྲོན་དངུལ་གྱི་ཚད་འཇལ་དུས་འཁོར་དང་བཟོ་བཀོད་དུས་འཁོར་གྱི་མྱུར་ཚད་སྡོམ་རྩིས་རྒྱག་ཐབས་དུས་ཆད་བསྒོ་དགོས།

དོན་ཚན་ཉེར་དྲུག་པ། ཨར་ལས་སྤྱིའི་འགན་གཙང་ལེན་བྱེད་མཁན་སྡེ་ཚན་གྱིས་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་ནས་ཞིང་པ་ལས་མིའི་གླ་ཕོགས་ཆེད་སྤྱོད་རྩིས་ཁྲ་བཟོས་ཏེ་བཟོ་བཀོད་འཛུགས་སྐྲུན་ལས་གཞི་དེའི་ཞིང་པ་ལས་མིའི་གླ་ཕོགས་སྤྲོད་རྒྱུར་ཆེད་དུ་སྤྱོད་དགོས།

ཞིང་པ་ལས་མིའི་གླ་ཕོགས་ཆེད་སྤྱོད་རྩིས་ཐོ་འཛུགས་པ་དང་བེད་སྤྱོད་བྱས་པའི་འབྲེལ་ཡོད་དཔྱད་ཡིག་ངེས་པར་དུ་ཨར་ལས་ཀྱི་སྤྱིའི་འགན་གཙང་ལེན་བྱེད་མཁན་སྡེ་ཚན་གྱིས་གསོག་ཉར་བྱ་དགོས།

དོན་ཚན་ཉེར་བདུན་པ། དངུལ་རྩའི་སྒྲིག་གཞིས་ཞིང་པ་ལས་མིའི་གླ་ཕོགས་ཆེད་སྤྱོད་རྩིས་ཁྲའི་ཞབས་ཞུའི་བརྒྱུད་རིམ་ཇེ་ལེགས་སུ་བཏང་ནས་ཞིང་པ་ལས་མིའི་གླ་ཕོགས་ཆེད་སྤྱོད་རྩིས་ཁྲའི་རྒྱུན་ལྡན་གྱི་དོ་དམ་ལས་དོན་ཡག་པོ་སྒྲུབ་དགོས་པ་དང་། དུས་ཆད་ལྟར་མ་དངུལ་གཏོང་སྤྲོད་མ་བྱས་པ་སོགས་ཀྱི་གནས་ཚུལ་ཤེས་རྟོགས་བྱུང་ཚེ་དུས་ཐོག་ཏུ་ཨར་ལས་ཀྱི་སྤྱིའི་འགན་གཙང་ལེན་སྡེ་ཚན་ལ་བརྡ་ཐོ་གཏོང་དགོས་པ་དང་། ཨར་ལས་ཀྱི་སྤྱིའི་འགན་གཙང་ལེན་མཁན་སྡེ་ཚན་གྱིས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྲིད་འཛིན་སྡེ་ཚན་དང་འབྲེལ་ཡོད་ལས་རིགས་ཀྱི་བཟོ་བཀོད་འཛུགས་སྐྲུན་གཙོ་སྐྱོང་སྡེ་ཚན་ལ་སྙན་ཞུ་བྱ་དགོས་པ་མ་ཟད། གླ་ཆ་འགྱངས་ཆད་ཀྱི་སྔོན་བརྡའི་མ་ལག་ནང་འཇུག་དགོས།

བཟོ་བཀོད་ལེགས་གྲུབ་བྱུང་བ་མ་ཟད་ཞིང་པ་ལས་མིའི་གླ་ཆ་འགྱངས་ཆད་བྱས་མེད་རིགས་ཀྱིས་ཨར་ལས་སྤྱིའི་འགན་གཙང་ལེན་སྡེ་ཚན་གྱིས་ཉིན30ཡོངས་བསྒྲགས་བྱས་རྗེས་ཞིང་པ་ལས་མིའི་གླ་ཕོགས་ཆེད་སྤྱོད་རྩིས་ཐོ་མེད་པར་བཟོ་རྒྱུའི་རེ་ཞུ་བྱ་ཆོག་པ་དང་། རྩིས་ཐོའི་ནང་གི་ལྷག་དངུལ་ཨར་ལས་སྤྱིའི་འགན་གཙང་ལེན་བྱེད་མཁན་སྡེ་ཚན་ལ་དབང་།

དོན་ཚན་ཉེར་བརྒྱད་པ། ཨར་ལས་སྤྱིའི་འགན་གཙང་ལེན་བྱེད་མཁན་སྡེ་ཚན་ཡང་ན་ཁག་བགོས་འགན་གཙང་ལེན་བྱེད་མཁན་སྡེ་ཚན་གྱིས་ཁྲིམས་ལྟར་བསྡུ་སྤྱོད་བྱས་པའི་ཞིང་པ་ལས་མི་དང་ངལ་རྩོལ་གན་རྒྱ་འཇོག་དགོས་པ་མ་ཟད། ལས་མི་སྤྱོད་པའི་མིང་ངོ་མ་ཐོ་འགོད་བྱ་དགོས་པ་དང་། ཆ་རྐྱེན་འཛོམས་པའི་ལས་རིགས་ཀྱིས་དེ་མཚུངས་ཀྱི་དོ་དམ་ཞབས་ཞུའི་ཆ་འཕྲིན་ལས་སྟེགས་བརྒྱུད་ལས་མི་བཀོལ་སྤྱོད་ཀྱི་དངོས་མིང་ཐོ་འགོད་དང་དོ་དམ་བྱ་དགོས། ཨར་ལས་སྤྱིའི་སྒྲུབ་འགན་གཙང་ལེན་སྡེ་ཚན་ནམ་ཡང་ན་ཁག་བགོས་འགན་གཙང་ལེན་སྡེ་ཚན་དང་ངལ་རྩོལ་གྱི་གན་རྒྱ་མ་བཞག་པར་ལས་མི་བཀོལ་སྤྱོད་ཀྱི་དངོས་མིང་ཐོ་འགོད་བྱས་པའི་མི་སྣ་དེའི་རིགས་ལས་གཞི་སྒྲུབ་ཡུལ་དངོས་སུ་ཨར་ལས་བྱེད་དུ་འགྲོ་མི་ཆོག

ཨར་ལས་ཀྱི་སྤྱིའི་སྒྲུབ་འགན་གཙང་ལེན་སྡེ་ཚན་གྱིས་བཟོ་བཀོད་ལས་གཞི་པུའུ་ལ་མི་དོན་ཆེད་གཉེར་དོ་དམ་པ་བཀོད་སྒྲིག་བྱས་ནས་ཁག་བགོས་སྒྲུབ་འགན་གཙང་ལེན་སྡེ་ཚན་གྱི་ངལ་རྩོལ་ལས་མི་བཀོལ་སྤྱོད་བྱེད་ཚུལ་ལ་ལྟ་སྐུལ་དང་དོ་དམ་བྱ་རྒྱུ་དང་། ཨར་ལས་བྱ་ཡུལ་དུ་ལས་མི་བཀོལ་སྤྱོད་དང་། ལས་ཞུགས་ཞིབ་བཤེར། གླ་ཕོགས་གཏོང་སྤྲོད་སོགས་ཀྱི་གནས་ཚུལ་ཁོང་དུ་ཆུད་པར་བྱས་ཏེ་ཁག་བགོས་སྒྲུབ་འགན་གཙང་ལེན་བྱེད་མཁན་སྡེ་ཚན་གྱིས་སྒྲིག་བཟོ་བྱས་པའི་ཞིང་པ་ལས་མིའི་གླ་ཕོགས་གཏོང་སྤྲོད་རེའུ་མིག་ལ་ཞིབ་བཤེར་གཏན་འབེབས་བྱ་དགོས་ཤིང་། ཁག་བགོས་སྒྲུབ་འགན་གཙང་ལེན་བྱེད་མཁན་སྡེ་ཚན་གྱིས་གཞོགས་འདེགས་བྱ་དགོས།

ཨར་ལས་ཀྱི་སྤྱིའི་འགན་གཙང་ལེན་སྡེ་ཚན་དང་ཁག་བགོས་འགན་གཙང་ལེན་སྡེ་ཚན་གྱིས་ལས་མི་བཀོལ་སྤྱོད་དོ་དམ་གྱི་རྩིས་ཁྲ་བཟོ་དགོས་པ་མ་ཟད། བཟོ་བཀོད་ལེགས་གྲུབ་བྱུང་བ་མ་ཟད་གླ་ཕོགས་ཚང་མ་རྩིས་བརྒྱབ་རྗེས་ཉུང་མཐར་ཡང་ལོ་གསུམ་ལ་ཉར་ཚགས་བྱ་དགོས།

དོན་ཚན་ཉེར་དགུ་བ། འཛུགས་སྐྲུན་སྡེ་ཚན་གྱིས་གན་རྒྱའི་ནང་དུས་ཆད་བསྒོས་པ་གཞིར་བཟུང་དུས་ཐོག་ཏུ་བཟོ་བཀོད་གྲོན་དངུལ་སྤྲོད་དགོས་པ་མ་ཟད། གླ་ཆའི་འགྲོ་གྲོན་དུས་ཐོག་ཏུ་ཁ་ཚང་སྒོས་ཞིང་པ་ལས་མིའི་གླ་ཕོགས་ཆེད་སྤྱོད་རྩིས་ཁྲར་སྤྲོད་དགོས་པ་དང་། ཨར་ལས་སྤྱིའི་འགན་གཙང་ལེན་སྡེ་ཚན་གྱིས་ཞིང་པ་ལས་མིའི་གླ་ཕོགས་དུས་ཐོག་ཏུ་ཁ་ཚང་སྤྲོད་པར་ལྟ་སྐུལ་ཤུགས་སྣོན་རྒྱག་དགོས།

འཛུགས་སྐྲུན་སྡེ་ཚན་གྱིས་གན་རྒྱའི་ནང་དུས་ཆད་བསྒོས་པ་གཞིར་བཟུང་དུས་ཐོག་ཏུ་བཟོ་བཀོད་གྲོན་དངུལ་གཏོང་སྤྲོད་མ་བྱས་པའི་རྐྱེན་གྱིས་ཞིང་པ་ལས་མིའི་གླ་ཆ་འགྱངས་ཆད་བྱས་རིགས་འཛུགས་སྐྲུན་སྡེ་ཚན་གྱིས་ངེས་པར་དུ་དངུལ་ཆད་གཙང་འཇལ་བྱས་མེད་པའི་བཟོ་བཀོད་མ་དངུལ་གྱི་ཚད་གཞི་ལྟར་འགྱངས་ཆད་བྱས་པའི་ཞིང་པ་ལས་མིའི་གླ་ཆ་སྔོན་ལ་ཚབ་སྤྲོད་བྱ་དགོས།

འཛུགས་སྐྲུན་སྡེ་ཚན་གྱིས་ལས་གཞི་སྡེ་ཚན་དུ་བརྩིས་ནས་ཞིང་པ་ལས་མིའི་གླ་ཆ་གཏོང་སྤྲོད་འགན་ལེན་བྱས་པའི་མཐུན་སྦྱོར་སྒྲིག་ལུགས་དང་གླ་ཆ་འགྱངས་ཆད་སྔོན་འགོག་སྒྲིག་ལུགས་བཙུགས་ཏེ་ཨར་ལས་སྤྱིའི་འགན་གཙང་ལེན་སྡེ་ཚན་གྱིས་ངལ་རྩོལ་ལས་མི་བཀོལ་སྤྱོད་དོ་དམ་ལ་ཤུགས་སྣོན་རྒྱག་རྒྱུར་སྐུལ་འདེད་བཏང་ནས་ཞིང་པ་ལས་མིའི་གླ་ཆ་གཏོང་སྤྲོད་དང་འབྲེལ་བའི་འགལ་བ་དང་རྩོད་གཞི་ཐག་གཅོད་འོས་འཚམ་བྱ་དགོས། ཞིང་པ་ལས་མིའི་མཉམ་སྡེབ་གླ་ཆ་ལེན་པའི་དོན་རྐྱེན་བྱུང་བ་ན། འཛུགས་སྐྲུན་སྡེ་ཚན་གྱིས་ཨར་ལས་སྤྱིའི་འགན་གཙང་ལེན་སྡེ་ཚན་དང་མཉམ་དུ་དུས་ཐོག་ཏུ་ཐག་གཅོད་བྱ་དགོས་པ་མ་ཟད། ལས་གཞི་གནས་སའི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྲིད་འཛིན་སྡེ་ཚན་དང་འབྲེལ་ཡོད་ལས་རིགས་བཟོ་བཀོད་འཛུགས་སྐྲུན་གཙོ་སྐྱོང་སྡེ་ཚན་ལ་འབྲེལ་ཡོད་གནས་ཚུལ་སྙན་ཞུ་བྱ་དགོས།

དོན་ཚན་སུམ་ཅུ་བ། ཁག་བགོས་འགན་གཙང་ལེན་སྡེ་ཚན་གྱིས་ཞིང་པ་ལས་མི་བསྡུ་སྤྱོད་བྱེད་པའི་མིང་དངོས་འགོད་པའི་ལམ་ལུགས་ཀྱི་དོ་དམ་དང་གླ་ཕོགས་གཏོང་སྤྲོད་ལ་ཐད་ཀར་འགན་འཁུར་དགོས།

ཨར་ལས་ཀྱི་སྤྱིའི་སྒྲུབ་འགན་གཙང་ལེན་སྡེ་ཚན་གྱིས་ཁག་བགོས་སྒྲུབ་འགན་གཙང་ལེན་སྡེ་ཚན་གྱི་ངལ་རྩོལ་ལས་མི་བཀོལ་སྤྱོད་དང་གླ་ཕོགས་གཏོང་སྤྲོད་སོགས་ཀྱི་གནས་ཚུལ་ལ་ལྟ་སྐུལ་བྱ་དགོས།

ཁག་བགོས་འགན་གཙང་ལེན་སྡེ་ཚན་གྱིས་ཞིང་པ་ལས་མིའི་གླ་ཆ་འགྱངས་ཆད་བྱས་རིགས་ལ་ཨར་ལས་སྤྱིའི་འགན་གཙང་ལེན་སྡེ་ཚན་གྱིས་སྔོན་ལ་གཙང་འཇལ་བྱས་རྗེས་ཁྲིམས་བཞིན་སྐྱིན་ཚབ་འདེད་དགོས།

བཟོ་བཀོད་འཛུགས་སྐྲུན་ལས་གཞི་འགན་གཙང་གཞན་སྤྲོད་བྱས་པར་ཞིང་པ་ལས་མིའི་གླ་ཆ་འགྱངས་ཆད་བྱས་རིགས་ལ་ཨར་ལས་སྤྱིའི་འགན་གཙང་ལེན་སྡེ་ཚན་གྱིས་སྔོན་ལ་གཙང་འཇལ་བྱས་རྗེས་ཁྲིམས་བཞིན་སྐྱིན་ཚབ་འདེད་དགོས།

དོན་ཚན་སོ་གཅིག་པ། བཟོ་བཀོད་འཛུགས་སྐྲུན་ཁྱབ་ཁོངས་སུ་ཁག་བགོས་འགན་གཙང་ལེན་སྡེ་ཚན་གྱི་ཞིང་པ་ལས་མིའི་གླ་ཕོགས་དེ་ཨར་ལས་སྤྱིའི་འགན་གཙང་ལེན་སྡེ་ཚན་ལ་མངགས་བཅོལ་སྒོས་ཚབ་གཏོང་བྱ་རྒྱུའི་ལམ་ལུགས་ཁྱབ་སྤེལ་གཏོང་དགོས།

ཁག་བགོས་འགན་གཙང་ལེན་སྡེ་ཚན་གྱིས་ཟླ་རེ་བཞིན་ཞིང་པ་ལས་མིའི་ལས་ཀའི་མང་ཉུང་ལ་དཔྱད་ཞིབ་བྱ་དགོས་པ་མ་ཟད་གླ་ཕོགས་སྤྲོད་པའི་རེའུ་མིག་བཟོས་ནས་ཞིང་པ་ལས་མི་རང་ཉིད་ཀྱིས་མིང་རྟགས་བཀོད་དེ་ངོས་ལེན་བྱས་རྗེས་ཟླ་བ་དེའི་བཟོ་བཀོད་འཕེལ་རིམ་སོགས་ཀྱི་གནས་ཚུལ་དང་མཉམ་དུ་ཨར་ལས་སྤྱིའི་འགན་གཙང་ལེན་སྡེ་ཚན་ལ་སྤྲོད་དགོས།

ཨར་ལས་ཀྱི་སྤྱིའི་སྒྲུབ་འགན་གཙང་ལེན་སྡེ་ཚན་གྱིས་ཁག་བགོས་སྒྲུབ་འགན་གཙང་ལེན་སྡེ་ཚན་ནས་སྒྲིག་བཟོ་བྱས་པའི་གླ་ཕོགས་གཏོང་སྤྲོད་རེའུ་མིག་གཞིར་བཟུང་སྟེ། ཞིང་པ་ལས་མིའི་གླ་ཕོགས་ཆེད་སྤྱོད་ཐོ་ཁོངས་བརྒྱུད་དེ་ཐད་ཀར་ཞིང་པ་ལས་མི་རང་ཉིད་ཀྱི་དངུལ་ཁང་གི་ཐོ་ཁོངས་སུ་སྤྲོད་དགོས་པ་མ་ཟད། ཁག་བགོས་སྒྲུབ་འགན་གཙང་ལེན་སྡེ་ཚན་ལ་གླ་ཕོགས་ཚབ་སྤྲོད་ཀྱི་དཔང་ཡིག་འདོན་སྤྲོད་བྱ་དགོས།

ཞིང་པ་ལས་མིའི་གླ་ཕོགས་སྤྲོད་པར་སྤྱོད་པའི་དངུལ་ཁང་གི་རྩིས་ཁྲའི་ཐོག་སྦྲེལ་ཡོད་པའི་ཞིང་པ་ལས་མི་རང་ཉིད་ཀྱི་སྤྱི་ཚོགས་འགན་སྲུང་བྱང་བུའམ་ཡང་ན་དངུལ་ཁང་བྱང་བུ་དེ་ལས་མི་བཀོལ་སྤྱོད་སྡེ་ཚན་དང་ཡང་ན་མི་སྣ་གཞན་དག་གིས་རྒྱུ་རྐྱེན་གང་རུང་ལ་ཁ་གཡར་ནས་བཀག་ཉར་རམ་ཡང་ན་རྣམ་པ་གཞན་པའི་སྒོ་ནས་བཀག་ཉར་བྱ་མི་ཆོག

དོན་ཚན་སོ་གཉིས་པ། ཨར་ལས་ཀྱི་སྤྱིའི་འགན་གཙང་ལེན་སྡེ་ཚན་གྱིས་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་ནས་གླ་ཕོགས་ཀྱི་ཁག་ཐེག་མ་དངུལ་གྲབས་གསོག་བྱས་ཏེ། འགན་གཙང་ལེན་བྱས་པའི་བཟོ་བཀོད་ལ་ངལ་རྩོལ་མཁོ་འདོན་བྱེད་མཁན་ཞིང་པ་ལས་མིའི་འགྱངས་ཆད་བྱས་པའི་གླ་ཕོགས་སྤྲོད་རྒྱུར་ཆེད་སྤྱོད་བྱ་དགོས།

གླ་ཕོགས་ཁག་ཐེག་མ་དངུལ་ལ་ཁྱད་པར་ཅན་གྱི་གསོག་འཇོག་བྱེད་ཐབས་ལག་བསྟར་བྱས་ཏེ། དུས་ཡུན་ངེས་ཅན་གྱི་ནང་ཁོངས་སུ་གླ་ཕོགས་ཆད་འགྱངས་མ་བྱུང་བའི་ལས་ཁུངས་ལ་ཆག་ཡང་གཏོང་བའི་བྱེད་ཐབས་སྤྱད་དེ། གླ་ཕོགས་ཆད་འགྱངས་བྱུང་བའི་ལས་ཁུངས་ལ་གསོག་འཇོག་གི་བསྡུར་ཚད་འོས་འཚམ་གྱིས་ཇེ་མཐོར་གཏོང་དགོས། གླ་ཕོགས་ཁག་ཐེག་མ་དངུལ་དེ་དངུལ་རྩའི་ལས་ཁུངས་ཀྱི་ཁག་ཐེག་ཡི་གེའི་ཚབ་བྱས་ཆོག

གླ་ཕོགས་ཁག་ཐེག་མ་དངུལ་གྱི་གསོག་འཇོག་བསྡུར་ཚད་དང་། གསོག་འཇོག་རྣམ་པ། ཆག་ཡང་བྱ་ཐབས་སོགས་ཞིབ་ཕྲའི་བྱེད་ཐབས་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྲིད་འཛིན་སྡེ་ཚན་གྱིས་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་བཟོ་དགོས།

དོན་ཚན་སོ་གསུམ་པ། བཅའ་ཁྲིམས་ནང་གཏན་འབེབས་ལོགས་སུ་བྱས་ཡོད་པ་ཕུད། ཞིང་པ་ལས་མིའི་གླ་ཕོགས་ཆེད་སྤྱོད་རྩིས་ཁྲའི་མ་དངུལ་དང་གླ་ཕོགས་ཁག་ཐེག་མ་དངུལ་དེ་ལས་གཞི་དེ་ལ་ངལ་རྩོལ་བྱེད་པའི་ཞིང་པ་ལས་མིའི་གླ་ཕོགས་སྤྲོད་པའི་རྒྱུ་རྐྱེན་ཕུད་སྒོ་ཐེལ་རྒྱག་པ་དང་། བཀག་འཇོག་བྱེད་པ། ཡང་ན་གཏོང་སྤྲོད་བཅས་བྱ་མི་ཆོག

དོན་ཚན་སོ་བཞི་བ། ཨར་སྐྲུན་གྱི་སྤྱི་འགན་གཙང་ལེན་ལས་ཁུངས་ཀྱིས་ངེས་པར་དུ་ཨར་ལས་བྱ་ཡུལ་གྱི་མངོན་གསལ་དོད་སར་ཁེ་དབང་སྲུང་སྐྱོང་ཆ་འཕྲིན་གྱི་རྩ་ཚིག་བྱང་བུ་བཙུགས་ནས་གཤམ་གསལ་དོན་གནད་གསལ་སྟོན་བྱ་དགོས་པ་སྟེ།

༼གཅིག༽འཛུགས་སྐྲུན་ལས་ཁུངས་དང་། ཨར་སྐྲུན་གྱི་སྤྱི་འགན་གཙང་ལེན་ལས་ཁུངས། གནས་སའི་རྣམ་གྲངས་པུའུ། ཁག་བགོས་འགན་གཙང་ལེན་མཁན་སྡེ་ཚན། འབྲེལ་ཡོད་ལས་རིགས་ལས་གྲྭའི་འཛུགས་སྐྲུན་གཙོ་འགན་སྡེ་ཁག  རྩོལ་དངུལ་ཆེད་གཉེར་དོ་དམ་པ་སོགས་ཀྱི་གཞི་རྩའི་ཆ་འཕྲིན།

༼གཉིས༽ས་གནས་ཀྱི་གླ་ཕོགས་དམའ་ཤོས་ཀྱི་ཚད་གཞི་དང་གླ་ཕོགས་སྤྲོད་པའི་དུས་ཚོད་སོགས་གཞི་རྩའི་ཆ་འཕྲིན།

༼གསུམ༽འབྲེལ་ཡོད་ལས་རིགས་ལས་གྲྭའི་འཛུགས་སྐྲུན་གཙོ་འགན་སྡེ་ཁག་དང་ངལ་རྩོལ་འགན་སྲུང་ལྟ་ཞིབ་ཞུ་གཏུག་ཐེར་འདོན་ཁ་པར། ངལ་རྩོལ་རྩོད་གླེང་འདུམ་འགྲིག་འདུམ་གཅོད་རེ་ཞུའི་ཐབས་ལམ། བཅའ་ཁྲིམས་རོགས་སྐྱོར་རེ་ཞུའི་ཐབས་ལམ། སྤྱི་བའི་བཅའ་ཁྲིམས་ཞབས་ཞུའི་ཐད་སྦྲེལ་ཁ་པར་སོགས་ཀྱི་ཆ་འཕྲིན།

དོན་ཚན་སོ་ལྔ་བ། འཛུགས་སྐྲུན་ལས་ཁུངས་དང་ཨར་སྐྲུན་སྤྱིའི་འགན་གཙང་ལེན་མཁན་ལས་ཁུངས། ཡང་ན་འགན་གཙང་ལེན་བྱེད་མཁན་སྡེ་ཚན་དང་ཁག་བགོས་འགན་གཙང་ལེན་བྱེད་མཁན་ཚན་པའི་དབར་ལས་གྲྭའི་གྲངས་འབོར་དང་། སྤུས་ཚད། བཟོ་སྐྲུན་མ་གནས་སོགས་ཀྱི་རྐྱེན་པས་རྩོད་གཞི་བྱུང་ཚེ་འཛུགས་སྐྲུན་ལས་ཁུངས་ཀྱིས་སྲོལ་ཡིག་འདིའི་དོན་ཚན་ཉེར་བཞི་བའི་གཏན་འབེབས་དང་འགལ་ཏེ་ལས་གྲྭའི་གྲོན་དངུལ་མི་སྤྲོད་པ་བྱེད་མི་ཆོག་པ་དང་། ཨར་སྐྲུན་སྤྱིའི་འགན་གཙང་ལེན་མཁན་ལས་ཁུངས་ཀྱིས་ཀྱང་རྩོད་གླེང་གི་རྐྱེན་པས་གཏན་འབེབས་དང་འགལ་ཏེ་གླ་ཕོགས་ཚབ་སྤྲོད་མི་བྱེད་པ་བྱེད་མི་ཆོག

དོན་ཚན་སོ་དྲུག་པ། འཛུགས་སྐྲུན་ལས་ཁུངས་སམ་ཡང་ན་ཨར་སྐྲུན་གྱི་སྤྱིའི་འགན་གཙང་ལེན་ལས་ཁུངས་ཀྱིས་འཛུགས་སྐྲུན་ལས་གྲྭ་དེ་མི་སྒེར་རམ་ཡང་ན་ཁྲིམས་མཐུན་གཉེར་སྐྱོང་གི་ཐོབ་ཐང་མེད་པའི་སྡེ་ཚན་ལ་ལས་འགན་གཙང་སྤྲོད་དམ་ཁག་བགོས་ཀྱིས་སྤྲད་དེ་ཞིང་པ་ལས་མིའི་གླ་ཕོགས་འགྱངས་ཆད་བྱས་ཚེ་འཛུགས་སྐྲུན་ལས་ཁུངས་སམ་ཡང་ན་ཨར་སྐྲུན་གྱི་སྤྱིའི་འགན་གཙང་ལེན་མཁན་ལས་ཁུངས་ཀྱིས་གཙང་འཇལ་བྱ་དགོས། ཨར་ལས་སྡེ་ཚན་གྱིས་སྡེ་ཚན་དང་མི་སྒེར་གཞན་དག་ལ་ཨར་ལས་སྡེ་ཚན་གྱི་མིང་ཐོག་ནས་ཕྱི་ཕྱོགས་སུ་འཛུགས་སྐྲུན་ལས་གྲྭ་སྒྲུབ་འགན་བླངས་ཏེ་ཞིང་པ་ལས་མིའི་གླ་ཕོགས་ཆད་འགྱངས་བྱས་རིགས་ཨར་ལས་སྡེ་ཚན་ལ་གཙང་འཇལ་བྱེད་དུ་འཇུག་རྒྱུ།

དོན་ཚན་སོ་བདུན་པ། ལས་གྲྭ་འཛུགས་སྐྲུན་རྣམ་གྲངས་ནི་རྒྱལ་ཁོངས་བར་སྟོང་འཆར་འགོད་དང་ལས་གྲྭ་འཛུགས་སྐྲུན་སོགས་བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་འགལ་བས་ཞིང་པ་ལས་མིའི་གླ་ཕོགས་འགྱངས་ཆད་བྱས་རིགས་འཛུགས་སྐྲུན་ལས་ཁུངས་ཀྱིས་གཙང་འཇལ་བྱ་དགོས།

    ལེའུ་ལྔ་བ། ལྟ་སྐུལ་དང་ཞིབ་བཤེར་སྐོར།

དོན་ཚན་སོ་བརྒྱད་པ། རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གིས་ཞིང་པ་ལས་མིའི་གླ་ཕོགས་གཏོང་སྤྲོད་ཀྱི་ལྟ་སྐུལ་ཚོད་འཛིན་དང་ཉེན་ཟོན་ཉེན་བརྡའི་ལས་སྟེགས་བཙུགས་ཏེ། མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་དང་། འཕེལ་རྒྱས་བཅོས་སྒྱུར། ཁྲིམས་འཛིན་སྲིད་འཛིན། ནོར་སྲིད། སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན། འགྲིམ་འགྲུལ་སྐྱེལ་འདྲེན། ཆུ་བེད་སོགས་སྡེ་ཁག་གི་ལས་གྲྭའི་རྣམ་གྲངས་ལ་ཞིབ་མཆན་འགོད་པ་དང་། མ་དངུལ་དངོས་འབེབ། ཨར་ལས་ཆོག་འཐུས། ངལ་རྩོལ་ལས་མི་བཀོལ་བ། གླ་ཕོགས་གཏོང་སྤྲོད་སོགས་ཀྱི་ཆ་འཕྲིན་དུས་ཐོག་ཏུ་མཉམ་སྤྱོད་ཐུབ་པ་བྱ་དགོས།

མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྲིད་འཛིན་སྡེ་ཁག་གིས་ཆུ་གློག་སོལ་རླངས་མཁོ་འདོན་དང་། གཞིས་ལས་དོ་དམ། ཡིད་རྟོན་དངུལ་བུན། ཁྲལ་བསྡུ་སོགས་ཀྱི་ཐོག་ནས་ཁེ་ལས་ཀྱི་ཐོན་སྐྱེད་གཉེར་སྐྱོང་གི་འབྲེལ་ཡོད་དམིགས་ཚད་ལ་འགྱུར་ལྡོག་བྱུང་ཚུལ་མཚོན་པར་གཞིགས་ཏེ། དུས་ཐོག་ཏུ་གླ་ཕོགས་སྤྲོད་པའི་མངོན་མེད་རྐྱེན་ངན་ལ་ལྟ་སྐུལ་ཚོད་འཛིན་དང་ཉེན་བརྡ་གཏོང་བ་དང་། སྔོན་འགོག་ལས་དོན་ཡག་པོ་སྒྲུབ་དགོས་པ་དང་། ཁྲོམ་རའི་ལྟ་སྐུལ་དོ་དམ་དང་། དངུལ་རྩའི་ལྟ་སྐུལ། ཁྲལ་དོན་སོགས་སྡེ་ཁག་གིས་ངེས་པར་དུ་གཞོགས་འདེགས་བྱ་དགོས།

དོན་ཚན་སོ་དགུ་བ། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྲིད་འཛིན་སྡེ་ཁག་དང་། འབྲེལ་ཡོད་ལས་རིགས་ལས་གྲྭ་འཛུགས་སྐྲུན་གཙོ་འགན་སྡེ་ཁག དེ་བཞིན་འབྲེལ་ཡོད་སྡེ་ཁག་གཞན་དག་བཅས་ཀྱིས་འགན་འཁྲི་གཞིར་བཟུང་སྟེ། ལས་མི་བཀོལ་སྤྱོད་ལས་ཁུངས་དང་ཞིང་པ་ལས་མིའི་བར་ངལ་རྩོལ་གན་རྒྱ་འཇོག་པ་དང་། གླ་ཕོགས་སྤྲོད་པ། དེ་བཞིན་ལས་གྲྭའི་འཛུགས་སྐྲུན་རྣམ་གྲངས་བཅས་ལ་ཞིང་པ་ལས་མིའི་མིང་ངོ་མ་འགོད་པའི་ལམ་ལུགས་ཀྱི་དོ་དམ་དང་། ཞིང་པ་ལས་མིའི་གླ་ཕོགས་ཆེད་སྤྱོད་རྩིས་ཁྲའི་དོ་དམ། ཨར་སྐྲུན་གྱི་སྤྱིའི་འགན་གཙང་ལེན་ལས་ཁུངས་ཀྱིས་གླ་ཆ་ཚབ་གཏོང་བྱེད་པ། གླ་ཕོགས་ཁག་ཐེག་དངུལ་སྒོར་གསོག་འཇོག དབང་སྲུང་ཆ་འཕྲིན་ཡོངས་བསྒྲགས་སོགས་ཀྱི་གནས་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་ཞིང་པ་ལས་མིའི་གླ་ཕོགས་འགྱངས་ཆད་ཀྱི་བྱ་སྤྱོད་སྔོན་འགོག་དང་ཉུང་དུ་གཏོང་དགོས།

དོན་ཚན་བཞི་བཅུ་བ། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྲིད་འཛིན་སྡེ་ཁག་གིས་ཞིང་པ་ལས་མིའི་གླ་ཕོགས་འགྱངས་ཆད་བྱས་པའི་གྱོད་གཞི་ཞིབ་བཤེར་ཐག་གཅོད་བྱེད་སྐབས།  འབྲེལ་ཡོད་ལས་ཁུངས་ཀྱི་དངུལ་རྩའི་རྩིས་ཐོ་དང་འབྲེལ་ཡོད་དོ་བདག་གི་ཁང་བ་དང་འཁོར་རིགས་སོགས་ཀྱི་གནས་ཚུལ་འདྲི་རྩད་བྱ་དགོས་ཚེ་ངེས་པར་དུ་ཆུས་བཙུགས་པའི་གྲོང་ཁྱེར་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྲིད་འཛིན་སྡེ་ཁག་གི་འགན་འཁུར་བར་ཆོག་མཆན་ཞུ་དགོས་པ་དང་། འབྲེལ་ཡོད་དངུལ་རྩ་ལས་ཁུངས་དང་ཐོ་འགོད་སྡེ་ཁག་གིས་ངེས་པར་དུ་གཞོགས་འདེགས་བྱ་དགོས།

དོན་ཚན་ཞེ་གཅིག་པ། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྲིད་འཛིན་སྡེ་ཁག་གིས་ཞིང་པ་ལས་མིའི་གླ་ཆ་འགྱངས་ཆད་བྱས་པའི་གྱོད་གཞི་ཞིབ་བཤེར་ཐག་གཅོད་བྱེད་སྐབས། ལས་མི་བཀོལ་སྤྱོད་ལས་ཁུངས་ཀྱིས་བརྟག་དཔྱད་བྱ་རྒྱུར་གཞོགས་འདེགས་མི་བྱེད་པ་དང་། འགན་འཁྲི་འཁུར་མཁན་གཙོ་བོ་དང་དེ་བཞིན་འབྲེལ་ཡོད་དོ་བདག་དབར་འབྲེལ་བ་བྱེད་ཐབས་བྲལ་བ་སོགས་ཀྱི་གནས་ཚུལ་ཐོན་ཚེ། སྤྱི་བདེ་ལས་ཁུངས་དང་འབྲེལ་ཡོད་སྡེ་ཁག་གཞན་དག་ལ་གཞོགས་འདེགས་ཐག་གཅོད་བྱེད་རོགས་ཞུས་ཆོག

མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྲིད་འཛིན་སྡེ་ཁག་གིས་ཞིང་པ་ལས་མིའི་གླ་ཆ་འགྱངས་ཆད་བྱས་པའི་ཁྲིམས་འགལ་བྱེད་སྤྱོད་ལས་ངལ་རྩོལ་གླ་ཆ་མི་སྤྲོད་པའི་ཉེས་གསོག་གི་དོགས་གཞི་ཡོད་པ་ཤེས་ཚེ། འབྲེལ་ཡོད་གཏན་འབེབས་གཞིར་བཟུང་ནས་དུས་ཐོག་ཏུ་སྤྱི་བདེ་ལས་ཁུངས་ལ་ཞིབ་བཤེར་བྱ་རྒྱུར་སྐྱེལ་དགོས་ལ་ཐག་གཅོད་གཏན་འབེབས་བྱ་དགོས།

དོན་ཚན་ཞེ་གཉིས་པ། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྲིད་འཛིན་སྡེ་ཁག་གིས་འགྱངས་ཆད་བྱས་པའི་ཞིང་པ་ལས་མིའི་གླ་ཕོགས་སྤྲོད་རྒྱུ་གཏན་འབེབས་བྱས་ཀྱང་། འབྲེལ་ཡོད་ལས་ཁུངས་ཀྱིས་གླ་ཕོགས་གཏོང་སྤྲོད་མ་བྱས་ཚེ་ཁྲིམས་ལྟར་མི་དམངས་ཁྲིམས་ཁང་ལ་བཙན་ཤེད་ཀྱིས་ལག་བསྟར་བྱེད་རེ་ཞུ་ཆོག

དོན་ཚན་ཞེ་གསུམ་པ། འབྲེལ་ཡོད་ལས་རིགས་ཀྱི་ལས་གྲྭ་འཛུགས་སྐྲུན་གཙོ་སྐྱོང་སྡེ་ཁག་གིས་ཁྲིམས་ལྟར་ཁྱབ་ཁོངས་དེ་གའི་འཛུགས་སྐྲུན་ཚོང་རའི་སྒྲིག་ལམ་ཚད་ལྡན་དུ་གཏོང་བ་དང་། ཁྲིམས་འགལ་གྱིས་འགན་གཙང་སྤྲོད་པ་དང་། གཞན་ལ་འགན་གཙང་བཤུག་སྤོ། ཁྲིམས་འགལ་གྱི་ཁག་བགོས་འགན་ལེན།  ཟུར་བརྟེན་སོགས་ཀྱི་བྱ་སྤྱོད་ལ་ཞིབ་བཤེར་ཐག་གཅོད་བྱ་དགོས་པ་མ་ཟད། ཞིང་པ་ལས་མིའི་གླ་ཕོགས་དུས་འགྱངས་ཆད་ལུས་བྱས་པའི་ཁྲིམས་འགལ་བྱ་སྤྱོད་དུས་ཐོག་ཏུ་བཀག་འགོག་དང་ཡོ་བསྲང་ཡང་བྱ་དགོས།

དོན་ཚན་ཞེ་བཞི་བ། ནོར་སྲིད་སྡེ་ཁག་དང་། རྩིས་བཤེར་ལས་ཁུངས། དེ་བཞིན་འབྲེལ་ཡོད་ལས་རིགས་ཀྱི་ལས་གྲྭ་འཛུགས་སྐྲུན་གཙོ་འགན་སྡེ་ཁག་བཅས་ཀྱིས་འགན་འཁྲི་གཞིར་བཟུང་ནས། སྲིད་གཞུང་གི་དངུལ་འཇོག་ལས་གཞིའི་རྣམ་གྲངས་འཛུགས་སྐྲུན་ལས་ཁུངས་ཀྱི་ལས་གྲྭའི་ཨར་ལས་གན་རྒྱའི་ཁ་ཆད་གཞིར་བཟུང་སྟེ་ཞིང་པ་ལས་མིའི་གླ་ཕོགས་ཆེད་སྤྱོད་རྩིས་ཁྲའི་ཐོག་མ་དངུལ་གཏོང་ཚུལ་ལ་ཁྲིམས་ལྟར་ལྟ་སྐུལ་བྱ་དགོས།

དོན་ཚན་ཞེ་ལྔ་བ། ཁྲིམས་འཛིན་སྲིད་འཛིན་སྡེ་ཁག་དང་བཅའ་ཁྲིམས་རོགས་སྐྱོར་ལས་ཁུངས་ཀྱིས་ཞིང་པ་ལས་མི་རྣམས་བཅའ་ཁྲིམས་རོགས་སྐྱོར་བྱ་ཡུལ་གཙོ་བོར་འཇོག་དགོས་པ་མ་ཟད། ཁྲིམས་ལྟར་གླ་ཕོགས་སྤྲོད་རེ་ཞུ་བའི་ཞིང་པ་ལས་མིར་སྟབས་བདེའི་བཅའ་ཁྲིམས་རོགས་སྐྱོར་འདོན་སྤྲོད་བྱ་དགོས།

དོན་ཚན་ཞེ་དྲུག་པ། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྲིད་འཛིན་སྡེ་ཁག་དང་། འབྲེལ་ཡོད་ལས་རིགས་ལས་གྲྭ་འཛུགས་སྐྲུན་གཙོ་འགན་སྡེ་ཁག  དེ་བཞིན་འབྲེལ་ཡོད་སྡེ་ཁག་གཞན་དག་བཅས་ཀྱིས་སུས་ཁྲིམས་འཛིན་བྱས་ན་དེས་ཁྲིམས་ལུགས་ཁྱབ་གདལ་གཏོང་བའི་བཅའ་ཁྲིམས་ཁྱབ་གདལ་འགན་འཁྲིའི་ལམ་ལུགས་ཀྱི་བླང་བྱ་གཞིར་འཛིན་པ་དང་། གྱོད་གཞིར་བརྟེན་ནས་བཅའ་ཁྲིམས་འགྲེལ་བཤད་རྒྱག་པ་སོགས་ཀྱི་བྱ་ཐབས་སྣ་ཚོགས་སྤྱད་དེ་ཞིང་པ་ལས་མིའི་གླ་ཆ་སྤྲོད་རྒྱུར་འགན་ལེན་བྱེད་པའི་འབྲེལ་ཡོད་བཅའ་ཁྲིམས་ཁྲིམས་སྲོལ་ཁྱབ་གདལ་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་དགོས།

དོན་ཚན་ཞེ་བདུན་པ། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྲིད་འཛིན་སྡེ་ཁག་གིས་ངེས་པར་དུ་ལས་མི་བེད་སྤྱོད་ལས་ཁུངས་དང་འབྲེལ་ཡོད་འགན་འཁུར་བས་ངལ་རྩོལ་འགན་སྲུང་དང་ཁྲིམས་སྲུང་ཡིད་རྟོན་གྱི་ཡིག་ཚགས་བཟོས་ཏེ་ལས་མི་བཀོལ་སྤྱོད་ལས་ཁུངས་ལ་ཁྲིམས་སྲུང་ཡིད་རྟོན་གྱི་རིམ་པའི་གདེང་འཇོག་སྤེལ་དགོས།  ལས་མི་བཀོལ་སྤྱོད་ལས་ཁུངས་ཀྱིས་ཞིང་པ་ལས་མིའི་གླ་ཆ་འགྱངས་ཆད་ཀྱི་ཁྲིམས་འགལ་བྱ་སྤྱོད་ཚབས་ཆེན་ཡོད་ཚེ་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྲིད་འཛིན་སྡེ་ཁག་གིས་སྤྱི་ཚོགས་ཐོག་ཡོངས་བསྒྲགས་བྱ་དགོས་པ་དང་། དགོས་མཁོ་ཡོད་ན་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་པ་སོགས་ཀྱི་བྱ་ཐབས་བརྒྱུད་ནས་སྨྱན་སྦྱོར་དུ་ཡོངས་བསྒྲགས་དམར་འདོན་བྱ་དགོས།

དོན་ཚན་ཞེ་བརྒྱད་པ། ལས་མི་བཀོལ་སྤྱོད་ལས་ཁུངས་ཀྱིས་ཞིང་པ་ལས་མིའི་གླ་ཕོགས་འགྱངས་ཆད་བྱས་པའི་གནས་ཚུལ་ཚབས་ཆེ་བའམ་ཡང་ན་སྤྱི་ཚོགས་ལ་ཤུགས་རྐྱེན་ངན་པ་ཚབས་ཆེན་བཟོས་རིགས་ལ། འབྲེལ་ཡོད་སྡེ་ཁག་གིས་ལས་མི་བཀོལ་སྤྱོད་ལས་ཁུངས་དང་དེའི་ཁྲིམས་བཀོད་འཐུས་ཚབ་པའམ་ཡང་ན་འགན་འཁུར་བ་གཙོ་བོ། ཐད་ཀར་འགན་འཁུར་མཁན་ནམ་གཙོ་སྐྱོང་མི་སྣ། ཐད་ཀར་འགན་འཁུར་མཁན་མི་སྣ་གཞན་དག་བཅས་ལ་ཞིང་པ་ལས་མིའི་གླ་ཕོགས་འགྱངས་ཆད་བྱས་ཏེ་ཁ་དན་ཚིག་ལ་མ་གནས་པར། མཉམ་འབྲེལ་ཆད་གཅོད་བསླབ་འདོམས་བྱ་ཡུལ་གྱི་མིང་ཐོའི་ནང་བཅུག་སྟེ། སྲིད་གཞུང་གི་མ་དངུལ་གྱིས་རྒྱབ་སྐྱོར་དང་། སྲིད་གཞུང་གིས་ཉོ་སྒྲུབ། འཇོན་འགུག་འཇོན་སྤྱོད། དངུལ་བསྡུ་དངུལ་བུན། ཚོང་རར་ཞུགས་འཐུས། ཁྲལ་བསྡུ་གཟིགས་སྐྱོང་། ལེགས་འདེམས་སྔོན་འདེམས། འགྲིམ་འགྲུལ་ཕྱིར་སྐྱོད་སོགས་ཀྱི་ཐད་བཅའ་ཁྲིམས་དང་སྒྲིག་སྲོལ་ལྟར་ཚོད་འཛིན་བྱ་དགོས།

ཞིང་པ་ལས་མིའི་གླ་ཕོགས་འགྱངས་ཆད་བྱས་པ་དེ་ཁ་དན་ཚིག་ལ་མ་གནས་པའི་མཉམ་འབྲེལ་ཆད་གཅོད་བསླབ་འདོམས་མིང་ཐོའི་ནང་འཇུག་དགོས་པའི་ཞིབ་ཕྲའི་གནས་ཚུལ་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྲིད་འཛིན་སྡེ་ཁག་གིས་གཏན་འབེབས་བྱ་དགོས།

དོན་ཚན་ཞེ་དགུ་བ། འཛུགས་སྐྲུན་ལས་ཁུངས་ཀྱིས་ཁྲིམས་ལྟར་ལས་གྲྭའི་གྲོན་དངུལ་གཏོང་སྤྲོད་ཀྱི་ཁག་ཐེག་མཁོ་འདོན་མ་བྱས་པའམ་ཡང་ན་སྲིད་གཞུང་གི་དངུལ་འཇོག་རྣམ་གྲངས་ཀྱིས་ལས་གྲྭའི་གྲོན་དངུལ་འགྱངས་ཆད་བྱས་པའི་རྐྱེན་གྱིས་ཞིང་པ་ལས་མིའི་གླ་ཕོགས་འགྱངས་ཆད་བྱས་རིགས་རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གིས་དེའི་གསར་སྐྲུན་རྣམ་གྲངས་ལ་ཚོད་འཛིན་བྱ་རྒྱུ་མ་ཟད། ཡིད་རྟོན་ཟིན་ཐོར་འགོད་རྒྱུ་དང་། རྒྱལ་ཁབ་ཀྱི་ཡིད་རྟོན་ཆ་འཕྲིན་མ་ལག་ནང་བཅུག་ནས་ཡོངས་བསྒྲགས་བྱ་དགོས།

དོན་ཚན་ལྔ་བཅུ་བ། ཞིང་པ་ལས་མི་དང་ལས་མི་བཀོལ་སྤྱོད་ལས་ཁུངས་བར་གླ་ཕོགས་ཆད་འགྱངས་བྱས་པའི་རྩོད་གཞི་ཡོད་ན། ལས་མི་བཀོལ་སྤྱོད་ལས་ཁུངས་ཀྱིས་ཁྲིམས་ལྟར་ཉར་ཚགས་བྱས་པའི་ངལ་རྩོལ་གྱི་གན་རྒྱ་དང་། ལས་བཟོ་བའི་མིང་ཐོ། གླ་ཕོགས་གཏོང་སྤྲོད་ཀྱི་རྩིས་ཐོ། གསལ་ཐོ་སོགས་ཀྱི་དཔྱད་ཡིག་འདོན་སྤྲོད་བྱ་དགོས་པ་དང་། འདོན་སྤྲོད་མ་བྱས་ན། ཁྲིམས་ལྟར་མཐའ་འབྲས་ངན་པ་འཁུར་དགོས།

དོན་ཚན་ང་གཅིག་པ། བཟོ་ཚོགས་ཀྱིས་ཁྲིམས་ལྟར་ཞིང་པ་ལས་མིའི་གླ་ཕོགས་ཁེ་དབང་སྲུང་སྐྱོང་བྱས་ནས་མི་བཀོལ་སྡེ་ཚན་གྱི་གླ་ཕོགས་སྟེར་ཚུལ་ལ་ལྟ་སྐུལ་བྱ་རྒྱུ་དང་། ཞིང་པ་ལས་མིའི་གླ་ཕོགས་འགྱངས་ཆད་བྱས་པ་ཤེས་ཚེ་མི་བཀོལ་སྡེ་ཚན་གྱིས་ཡོ་བསྲང་བྱ་དགོས་པའི་བླང་བྱ་འདོན་ཆོག་ལ། ཡོ་བསྲང་མི་བྱེད་པར་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྲིད་འཛིན་སྡེ་ཚན་དང་འབྲེལ་ཡོད་སྡེ་ཚན་གཞན་དག་གིས་ཁྲིམས་ལྟར་ཐག་གཅོད་བྱ་རྒྱུའི་རེ་བ་འདོན་ཆོག 

དོན་ཚན་ང་གཉིས་པ། སྡེ་ཚན་ནམ་ཡང་ན་མི་སྒེར་གྱིས་དོན་དངོས་རྫུན་མ་བཟོ་བའམ་ཡང་ན་ཁྲིམས་འགལ་གྱི་བྱ་ཐབས་སྤྱད་ནས་ཞིང་པ་ལས་མིའི་གླ་ཕོགས་ལེན་པའམ་ཡང་ན་ཞིང་པ་ལས་མིའི་གླ་ཕོགས་འགྱངས་ཆད་བྱེད་པར་ཁ་གཡར་ནས་ལས་གྲྭའི་གྲོན་དངུལ་ལེན་པའི་རིགས་ལ་ཁྲིམས་ལྟར་ཐག་གཅོད་བྱ་དགོས།

    ལེའུ་དྲུག་པ། བཅའ་ཁྲིམས་ཀྱི་འགན་འཁྲི།

དོན་ཚན་ང་གསུམ་པ། སྲོལ་ཡིག་འདིའི་གཏན་འབེབས་ལ་འགལ་ནས་ཞིང་པ་ལས་མིའི་གླ་ཕོགས་འགྱངས་ཆད་བྱས་རིགས་འབྲེལ་ཡོད་ཀྱི་བཅའ་ཁྲིམས་གཏན་འབེབས་གཞིར་བཟུང་ལག་བསྟར་བྱེད་པ། 

དོན་ཚན་ང་བཞི་བ། གཤམ་གྱི་གནས་ཚུལ་ལས་རིགས་གཅིག་ཡོད་ན། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྲིད་འཛིན་སྡེ་ཁག་གིས་དུས་བཅད་ནང་དག་བཅོས་བྱེད་པར་བཀའ་འབབ་རྒྱུ་དང་། དུས་གཟུར་ན་ཡང་དག་བཅོས་མ་བྱས་པར་སྡེ་ཚན་ལ་སྒོར་ཁྲི༢ཡན་ནས་སྒོར་ཁྲི༥མན་གྱི་ཆད་པ་གཅོད་རྒྱུ་དང་། ཁྲིམས་བཀོད་འཐུས་ཚབ་པའམ་ཡང་ན་འགན་འཁུར་བ་གཙོ་བོ་དང་། ཐད་ཀར་འགན་འཁྲི་ཡོད་པའི་གཙོ་སྐྱོང་མི་སྣ་དང་ཐད་ཀར་འགན་འཁྲི་ཡོད་པ་གཞན་དག་བཅས་ལ་སྒོར་ཁྲི༡ཡན་ནས་སྒོར་ཁྲི༣མན་གྱི་ཆད་པ་གཅོད་རྒྱུ།

༼གཅིག༽དངོས་རྫས་དང་རིན་ལྡན་དངུལ་འཛིན་སོགས་ཀྱི་རྣམ་པའི་ཐོག་ནས་དངུལ་ལོར་གྱི་ཚབ་བྱས་ནས་ཞིང་པ་ལས་མིའི་གླ་ཕོགས་སྟེར་བ།

༼གཉིས༽གླ་ཕོགས་གཏོང་སྤྲོད་ཀྱི་རྩིས་ཁྲ་སྒྲིག་བཟོ་བྱས་མེད་པ་མ་ཟད་ཁྲིམས་ལྟར་ཉར་ཚགས་ཀྱང་བྱས་མེད་ལ། ཞིང་པ་ལས་མིར་གླ་ཕོགས་ཀྱི་རྩིས་ཐོའང་མཁོ་འདོན་བྱས་མེད་པ།

༼གསུམ༽ཞིང་པ་ལས་མིར་གླ་ཕོགས་སྟེར་བའི་དངུལ་ཁང་གི་རྩིས་ཁྲའི་ཐོག་སྦྲེལ་ཡོད་པའི་ཞིང་པ་ལས་མིའི་སྤྱི་ཚོགས་འགན་སྲུང་གི་དངུལ་བྱང་དང་དངུལ་ཁང་གི་བྱང་བུ་བཀག་ཉར་བྱེད་པའམ་ཡང་ན་རྣམ་པ་གཞན་པ་སྤྱད་དེ་བཀག་ཉར་བྱེད་པ་བཅས་སོ། 

དོན་ཚན་ང་ལྔ་བ།  གཤམ་གྱི་གནས་ཚུལ་ལས་རིགས་གཅིག་ཡོད་ན། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྲིད་འཛིན་སྡེ་ཁག་དང་། འབྲེལ་ཡོད་ལས་རིགས་ཀྱི་བཟོ་བཀོད་འཛུགས་སྐྲུན་གཙོ་སྐྱོང་སྡེ་ཁག་གིས་འགན་འཁྲི་ལྟར་དུས་བཅད་ནང་ཡོ་བསྲང་བྱེད་པར་བཀའ་འབབ་རྒྱུ་དང་། དུས་གཟུར་ན་ཡང་དག་བཅོས་མ་བྱས་ཚེ་རྣམ་གྲངས་ལས་མཚམས་འཇོག་པ་དང་ཆབས་ཅིག་སྒོར་ཁྲི༥ཡན་ནས་སྒོར་ཁྲི༡༠མན་གྱི་ཆད་པ་གཅོད་རྒྱུ།  ཉེས་ཚབས་ཆེ་རིགས་ལ་ཨར་ལས་སྡེ་ཚན་གྱི་ལས་གྲྭ་གསར་བ་དང་ལེན་བྱེད་པ་བཀག་འགོག་དང་། ཐོབ་ཐང་གི་རིམ་པ་དམའ་རུ་གཏོང་བ། ཐོབ་ཐང་ལག་ཁྱེར་མེད་པར་བཟོ་བ་སོགས་ཀྱི་ཆད་པ་གཅོད་རྒྱུ་སྟེ། 

༼གཅིག༽ཨར་ལས་ཀྱི་སྤྱིའི་འགན་འཁུར་བའི་ལས་ཁུངས་ཀྱིས་གཏན་འབེབས་གཞིར་བཟུང་ནས་ཞིང་པ་ལས་མིའི་གླ་ཕོགས་ཆེད་སྤྱོད་རྩིས་ཁྲ་མ་བཟོས་པའམ་ཡང་ན་བེད་སྤྱོད་མ་བྱས་པ།

༼གཉིས༽ཨར་ལས་ཀྱི་སྤྱིའི་འགན་འཁུར་བའི་ལས་ཁུངས་ཀྱིས་གཏན་འབེབས་ལྟར་གླ་ཕོགས་ཀྱི་ཁག་ཐེག་དངུལ་གསོག་འཇོག་མ་བྱས་པའམ་ཡང་ན་དངུལ་རྩའི་ལས་ཁུངས་ཀྱི་ཁག་ཐེག་ཡི་གེ་འདོན་སྤྲོད་མ་བྱས་པ།

༼གསུམ༽ཨར་ལས་ཀྱི་སྤྱིའི་འགན་འཁུར་བའི་ལས་ཁུངས་དང་ཁག་བགོས་འགན་ལེན་སྡེ་ཚན་གྱིས་ངལ་རྩོལ་ལས་མི་བཀོལ་སྤྱོད་ཀྱི་དངོས་མིང་ལམ་ལུགས་ཀྱི་དོ་དམ་ལག་བསྟར་མ་བྱས་པ་བཅས་སོ།

དོན་ཚན་ང་དྲུག་པ། གཤམ་གྱི་གནས་ཚུལ་ལས་རིགས་གཅིག་ཡོད་ན།  མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྲིད་འཛིན་སྡེ་ཁག་དང་། འབྲེལ་ཡོད་ཀྱི་ལས་རིགས་བཟོ་བཀོད་འཛུགས་སྐྲུན་གཙོ་སྐྱོང་སྡེ་ཁག་གིས་འགན་འཁྲི་ལྟར་དུས་བཅད་ནང་དག་བཅོས་བྱེད་པར་བཀའ་འབབ་རྒྱུ་དང་། དུས་གཟུར་ན་ཡང་དག་བཅོས་མ་བྱས་པར་སྒོར་ཁྲི་༥ཡན་ནས་སྒོར་ཁྲི༡༠མན་གྱི་ཆད་པ་གཅོད་རྒྱུ་སྟེ།

༼གཅིག༽ཁག་བགོས་འགན་འཁུར་བའི་ལས་ཁུངས་ཀྱིས་ཟླ་རེ་བཞིན་ཞིང་པ་ལས་མིའི་ལས་ཀ་ལྕི་ཡང་ལ་དཔྱད་ཞིབ་མི་བྱེད་པ་དང་གླ་ཕོགས་སྟེར་བའི་རེའུ་མིག་སྒྲིག་བཟོ་བྱེད་པ་མ་ཟད་ཞིང་པ་ལས་མི་རང་གིས་མིང་རྟགས་བཀོད་དེ་ཁས་ལེན་མ་བྱེད་པ།

༼གཉིས༽ཨར་ལས་ཀྱི་སྤྱིའི་འགན་འཁུར་བའི་ལས་ཁུངས་ཀྱིས་ཁག་བགོས་འགན་ལེན་སྡེ་ཚན་གྱི་ངལ་རྩོལ་ལས་མི་བཀོལ་བར་ལྟ་སྐུལ་དང་དོ་དམ་མ་བྱས་པ།

༼གསུམ༽ཁག་བགོས་འགན་འཁུར་བའི་ལས་ཁུངས་ཀྱིས་ཨར་ལས་ཀྱི་སྤྱིའི་འགན་འཁུར་བའི་ལས་ཁུངས་ལ་ངལ་རྩོལ་ལས་མི་བཀོལ་བར་ལྟ་སྐུལ་དང་དོ་དམ་བྱེད་པར་གཞོགས་འདེགས་མ་བྱས་པ།

༼བཞི༽ཨར་ལས་ཀྱི་སྤྱིའི་འགན་འཁུར་བའི་ལས་ཁུངས་ཀྱིས་བཟོ་བཀོད་བྱ་ཡུལ་གྱི་ཁེ་དབང་སྲུང་སྐྱོབ་བྱེད་པའི་ཆ་འཕྲིན་ཡོངས་བསྒྲགས་ལམ་ལུགས་ལག་བསྟར་བྱས་མེད་པ་བཅས་སོ།

དོན་ཚན་ང་བདུན་པ། གཤམ་གྱི་གནས་ཚུལ་ལས་རིགས་གཅིག་ཡོད་ན། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྲིད་འཛིན་སྡེ་ཁག་དང་། འབྲེལ་ཡོད་ལས་རིགས་ཀྱི་བཟོ་བཀོད་འཛུགས་སྐྲུན་གཙོ་སྐྱོང་སྡེ་ཁག་གིས་འགན་འཁྲི་ལྟར་དུས་བཅད་ནང་ཡོ་བསྲང་བྱེད་པར་བཀའ་འབབ་རྒྱུ་དང་། དུས་གཟུར་ན་ཡང་ཡོ་བསྲང་མ་བྱས་ཚེ་ལས་གཞི་ལས་མཚམས་འཇོག་པ་དང་ཆབས་ཅིག་སྒོར་ཁྲི༥ཡན་ནས་སྒོར་ཁྲི༡༠མན་གྱི་ཆད་པ་གཅོད་པ་རྒྱུ་སྟེ།

༼གཅིག༽འཛུགས་སྐྲུན་སྡེ་ཚན་གྱིས་ཁྲིམས་ལྟར་ལས་གྲྭའི་གྲོན་དངུལ་གཏོང་སྤྲོད་ཀྱི་ཁག་ཐེག་འདོན་སྤྲོད་མ་བྱས་པ།

༼གཉིས༽འཛུགས་སྐྲུན་སྡེ་ཚན་གྱིས་ཁ་ཆད་ལྟར་ཞིང་པ་ལས་མིའི་གླ་ཕོགས་ཆེད་སྤྱོད་ཐོ་ཁོངས་ལ་ལས་གྲྭའི་གྲོན་དངུལ་གཏོང་སྤྲོད་ཁྲོད་ཀྱི་མི་ཤུགས་ཀྱི་འགྲོ་གྲོན་དུས་ཐོག་ཏུ་འདང་མོ་མ་སྤྲད་པ།

༼གསུམ༽འཛུགས་སྐྲུན་སྡེ་ཚན་ནམ་ཡང་ན་ཨར་ལས་ཀྱི་སྤྱིའི་འགན་འཁུར་བའི་ལས་ཁུངས་ཀྱིས་ཨར་ལས་གན་རྒྱ་དང་། ཞིང་པ་ལས་མིའི་གླ་ཕོགས་ཆེད་སྤྱོད་རྩིས་ཁྲའི་འབྲེལ་ཡོད་དཔྱད་ཡིག་མཁོ་འདོན་མི་བྱེད་པའམ་ཡང་ན་མཁོ་འདོན་མི་ཐུབ་པ།

དོན་ཚན་ང་བརྒྱད་པ། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྲིད་འཛིན་སྡེ་ཚན་གྱིས་འབྲེལ་ཡོད་སྡེ་ཚན་གྱི་དངུལ་རྩའི་རྩིས་ཐོ་འདྲི་རྩད་བྱེད་པར་ཁྲིམས་ལྟར་གཞོགས་འདེགས་མི་བྱེད་པར་དངུལ་རྩའི་ལྟ་སྐུལ་དོ་དམ་སྡེ་ཚན་གྱིས་ཡོ་བསྲང་བྱེད་དུ་འཇུག་རྒྱུ་དང་། ཡོ་བསྲང་མི་བྱེད་པ་ལ་སྒོར་ཁྲི༢ཡན་ནས་སྒོ

༥མན་གྱི་ཆད་པ་གཅོད་རྒྱུ།

དོན་ཚན་ང་དགུ་བ། སྲིད་གཞུང་གིས་མ་དངུལ་འཇོག་པའི་ལས་གཞི་ལ་སྲིད་གཞུང་གིས་མ་དངུལ་བཞག་པ་དམིགས་སར་མ་འབྱོར་བ་དང་ཞིང་པ་ལས་མིའི་གླ་ཕོགས་འགྱངས་ཆད་བྱས་པར། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྲིད་འཛིན་སྡེ་ཁག་གིས་རིམ་པ་དེ་གའི་མི་དམངས་སྲིད་གཞུང་ལ་ཞུས་ནས་ཆོག་མཆན་འགོད་པར་འཇུག་རྒྱུ་དང་།  དུས་བཅད་ནང་ཆད་ཁ་བྱེད་པའི་མ་དངུལ་འདང་མོ་སྟེར་བར་བཀའ་འབབ་པ་དང་། དུས་ལས་གཟུར་ཡང་མ་སྟེར་ཚེ་རིམ་པ་གོང་མའི་མི་དམངས་སྲིད་གཞུང་གི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྲིད་འཛིན་སྡེ་ཚན་གྱིས་ཐད་ཀར་འགན་འཁྲི་འཁུར་བའི་ལས་ཁུངས་དང་འབྲེལ་ཡོད་ལྟ་སྐུལ་དོ་དམ་སྡེ་ཚན་གྱི་འགན་འཁུར་བ་ལ་སྐོང་འདྲི་བྱ་དགོས་པ་དང་། དགོས་ངེས་སྐབས་སུ་བརྡ་ཁྱབ་བཏང་ནས་ས་གནས་མི་དམངས་སྲིད་གཞུང་གི་འགན་འཁུར་བར་སྐོང་འདྲི་བྱ་དགོས། བྱས་ཉེས་ཚབས་ཆེན་ཡིན་ན། ས་གནས་མི་དམངས་སྲིད་གཞུང་དང་དེའི་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བ་དང་། ཐད་ཀར་འགན་འཁུར་བའི་གཙོ་སྐྱོང་མི་སྣ། ཐད་ཀར་འགན་འཁུར་བའི་མི་སྣ་གཞན་དག་བཅས་ལ་བཅའ་ཁྲིམས་དང་ཁྲིམས་སྲོལ་ལྟར་ཆད་པ་གཅོད་རྒྱུ།

དོན་ཚན་དྲུག་ཅུ་བ། སྲིད་གཞུང་གི་དངུལ་འཇོག་ལས་གཞི་འཛུགས་སྐྲུན་སྡེ་ཚན་གྱིས་ཆོག་འཐུས་མ་ཐོབ་པར་འཛུགས་སྐྲུན་རྣམ་གྲངས་འཛུགས་པ་དང་། རང་འདོད་ལྟར་འཛུགས་སྐྲུན་གཞི་ཁྱོན་རྒྱ་ཆེར་གཏོང་བ་དང་།  མ་འཇོག་རགས་རྩིས་མང་དུ་གཏོང་བ། ལས་གྲྭའི་གྲོན་དངུལ་དུས་ཐོག་ཏུ་མ་སྟེར་བ་སོགས་རྒྱུ་རྐྱེན་གྱིས་ཞིང་པ་ལས་མིའི་གླ་ཕོགས་འགྱངས་ཆད་བྱེད་རིགས་ཁྲིམས་ལུགས་ལྟར་འགན་འཁྲི་འཁུར་དགོས་པ་དང་། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྲིད་འཛིན་སྡེ་ཚན་དང་འབྲེལ་ཡོད་སྡེ་ཚན་གཞན་དག་གིས་འགན་འཁྲི་གཞིར་བཟུང་སྟེ་འཛུགས་སྐྲུན་སྡེ་ཚན་གྱི་འགན་འཁུར་བ་སྐོང་འདྲི་བྱ་དགོས་པ་མ་ཟད། དེའི་མཛད་རྗེས་དཔྱད་ཞིབ་དང་། གླ་ཕོགས་བགོ་བཤའ། ལེགས་འདེམ་སྔོན་འདེམ། གོ་གནས་སྤར་བ་སོགས་ཀྱི་གཞི་འཛིན་ས་གལ་ཆེན་དུ་བརྩི་དགོས་སོ།

དོན་ཚན་རེ་གཅིག་པ། འཛུགས་སྐྲུན་མ་དངུལ་དམིགས་སར་འབྱོར་མེད་པ་དང་། ཁྲིམས་འགལ་སྒྲིག་འགལ་གྱིས་ལས་འགོ་བཙུགས་ནས་འཛུགས་སྐྲུན་བྱས་པའི་སྤྱི་ཚོགས་ཀྱི་མ་དངུལ་འཇོག་པའི་བཟོ་བཀོད་འཛུགས་སྐྲུན་ལས་གཞིས་ཞིང་པ་ལས་མིའི་གླ་ཕོགས་འགྱངས་ཆད་བྱས་རིགས་ལ། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྲིད་འཛིན་སྡེ་ཁག་དང་འབྲེལ་ཡོད་སྡེ་ཁག་གཞན་དག་གིས་འགན་འཁྲི་ལྟར་འཛུགས་སྐྲུན་སྡེ་ཚན་ལ་ཁྲིམས་ལྟར་ཆད་པ་གཅོད་རྒྱུ་དང་། འཛུགས་སྐྲུན་སྡེ་ཚན་གྱི་འགན་འཁུར་བར་བཅའ་ཁྲིམས་དང་སྒྲིག་སྲོལ་ལྟར་ཆད་པ་གཅོད་དགོས་ཤིང་། འབྲེལ་ཡོད་སྡེ་ཁག་གི་ལས་བྱེད་མི་སྣས་ཁྲིམས་ལྟར་འགན་འཁྲི་མ་བསྒྲུབས་པར། འབྲེལ་ཡོད་ལས་ཁུངས་ཀྱིས་བཅའ་ཁྲིམས་དང་སྒྲིག་སྲོལ་ལྟར་ཆད་པ་གཅོད་རྒྱུ།

དོན་ཚན་རེ་གཉིས་པ། རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་དང་། འཕེལ་རྒྱས་བཅོས་སྒྱུར། ནོར་སྲིད། སྤྱི་བདེ་སོགས་སྡེ་ཚན་དང་འབྲེལ་ཡོད་ལས་རིགས་ཀྱི་བཟོ་བཀོད་འཛུགས་སྐྲུན་གཙོ་གཉེར་སྡེ་ཚན་གྱི་བྱ་བྱེད་མི་སྣས་ཞིང་པ་ལས་མིའི་གླ་ཕོགས་སྟེར་བར་ལྟ་སྐུལ་དོ་དམ་བྱེད་པའི་འགན་འཁྲིའི་བརྒྱུད་རིམ་ཁྲོད་འགན་དབང་གང་འདོད་དུ་སྤྱོད་པ་དང་། རང་འགན་སྣང་མེད་དུ་འཇོག་པ། ཉེར་ཕྱོགས་གཡོ་ཟོལ་བྱེད་པ་བཅས་བྱས་རིགས་ལ་བཅའ་ཁྲིམས་དང་ཁྲིམས་སྲོལ་གཞིར་བཟུང་སྟེ་ཆད་པ་གཅོད་རྒྱུ་དང་། བྱས་ཉེས་སུ་གྲུབ་པའི་རིགས་ལ་ཁྲིམས་ལྟར་ཉེས་དོན་འགན་འཁྲི་རྩད་གཅོད་བྱ་རྒྱུ།

ལེའུ་བདུན་པ། ཞར་བྱུང་དོན་ཚན།

དོན་ཚན་རེ་གསུམ་པ། མི་བཀོལ་སྡེ་ཚན་གྱིས་སྐབས་ཐོག་འགྱངས་ཆད་བྱས་པའི་ཞིང་པ་ལས་མིའི་གླ་ཕོགས་སྟེར་དཀའ་བའམ་ཡང་ན་ཞིང་པ་ལས་མིའི་གླ་ཕོགས་འགྱངས་ཆད་བྱས་ནས་བྲོས་བྱོལ་དུ་སོང་བའི་རིགས་ལ་རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གིས་བབ་བསྟུན་འཁོར་རྒྱུག་མ་དངུལ་སྤྱད་དེ་མི་བཀོལ་སྡེ་ཚན་གྱིས་འགྱངས་ཆད་བྱས་པའི་ཞིང་པ་ལས་མིའི་གླ་ཕོགས་ཆ་ཤས་སམ་ཡང་ན་གཞི་རྩའི་འཚོ་བའི་འགྲོ་སོང་སྔོན་ལ་སྟེར་ཆོག སྔ་སྤྲོད་བྱས་པའི་བབ་བསྟུན་འཁོར་རྒྱུག་མ་དངུལ་དེ་ཞིང་པ་ལས་མིའི་གླ་ཕོགས་འགྱངས་ཆད་བྱས་པའི་མི་བཀོལ་སྡེ་ཚན་ལ་ཁྲིམས་ལྟར་སྐྱིན་ཚབ་འཇལ་དུ་འཇུག་དགོས།

དོན་ཚན་རེ་བཞི་བ། སྲོལ་ཡིག་འདི༢༠༢༠ལོའི་ཟླ༥ཚེས༡ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ།  །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།