ཀྲུང་གོ་བོད་ཀྱི་དྲ་བ།

ས་ཆ་བདག་སྤྲོད་བྱེད་ཕྱོགས་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2020-04-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

སྤྱི་ལོ1986ལོའི་ཟླ6ཚེས25ཉིན། རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་དྲུག་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་དྲུག་པའི་ཐོག་གྲོས་འཆམ་བྱུང་། སྤྱི་ལོ1988ལོའི་ཟླ12ཚེས29ཉིན། རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བདུན་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ལྔ་པའི་ཐོག《〈ས་ཆ་བདག་སྤྲོད་བྱེད་ཕྱོགས་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས〉བཟོ་བཅོས་རྒྱག་རྒྱུའི་སྐོར་གྱི་ཆོད་དོན》བཞག་པར་གཞིགས་ནས་དག་བཅོས་ཐེངས་དང་པོ་བྱས། སྤྱི་ལོ1998ལོའི་ཟླ8ཚེས29ཉིན། རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་དགུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཞི་པའི་ཐོག་དག་བཅོས་གྲོས་འཆམ་བྱུང་། སྤྱི་ལོ2004ལོའི་ཟླ8ཚེས28ཉིན། རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་གཅིག་པའི་ཐོག《ས་ཆ་བདག་སྤྲོད་བྱེད་ཕྱོགས་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས》བཟོ་བཅོས་རྒྱག་རྒྱུའི་སྐོར་གྱི་ཆོད་དོན་བཞག་པར་གཞིགས་ནས་བཟོ་བཅོས་ཐེངས་གཉིས་པ་བརྒྱབ། 

གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།中华人民共和国土地管理法

ཁྱབ་བསྒྲགས་སྡེ་ཁག སྐབས་དྲུག་པའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་།

ལག་བསྟར་ལོ་ཚིགས། སྤྱི་ལོ1987ལོའི་ཟླ1པོའི་ཚེས1ཉིན། 

དཀར་ཆག

1   ལེའུ་དང་པོ། སྤྱིའི་དོན་ཚན།

2   ལེའུ་གཉིས་པ། ས་ཆ་བདག་འཛིན་བྱེད་དབང་དང་བཀོད་སྤྱོད་བྱེད་དབང་སྐོར།

3   ལེའུ་གསུམ་པ། ས་ཆ་སྤྱོད་ཐབས་སྐོར་གྱི་ཁྱོན་ཡོངས་ཀྱི་འཆར་གཞིའི་སྐོར།

4   ལེའུ་བཞི་པ། རྨོ་ཞིང་སྲུང་སྐྱོང་བྱེད་ཕྱོགས་སྐོར།

5   ལེའུ་ལྔ་པ། འཛུགས་སྐྲུན་ལ་མཁོ་བའི་ས་ཆའི་སྐོར།

6   ལེའུ་དྲུག་པ། ལྟ་སྐུལ་དང་ཞིབ་བཤེར་བྱེད་ཕྱོགས་སྐོར།

7   ལེའུ་བདུན་པ། ཁྲིམས་ཀྱི་འགན་འཁྲིའི་སྐོར།

8   ལེའུ་བརྒྱད་པ། ཞར་བྱུང་དོན་ཚན།

 

ལེའུ་དང་པོ། སྤྱིའི་དོན་ཚན།

དོན་ཚན་དང་པོ། ས་ཆ་བདག་སྤྲོད་བྱེད་ཤུགས་ཆེ་རུ་བཏང་ནས་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ལ་དབང་བའི་ས་ཆའི་ལམ་ལུགས་སྲུང་སྐྱོང་དང་། ཐོན་ཁོངས་སུ་གྱུར་པའི་ས་ཆ་སྲུང་སྐྱོང་དང་དེའི་ཐོན་སྒོ་འབྱེད་པ། ས་ཆ་ལུགས་མཐུན་དུ་བེད་སྤྱོད་པ། རྨོ་ཞིང་ཉམས་མེད་དུ་བཟུང་སྟེ་སྤྱི་ཚོགས་ཀྱི་དཔལ་འབྱོར་རྒྱུན་ཆད་མེད་པར་འཕེལ་རྒྱས་འགྲོ་བར་སྐུལ་འདེད་ཡོང་བ་བཅས་བྱེད་ཆེད་རྩ་ཁྲིམས་གཞིར་བཟུང་སྟེ་བཅའ་ཁྲིམས་འདི་ཉིད་བཟོས་པ་ཡིན།

དོན་ཚན་གཉིས་པ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ལ་དབང་བའི་ས་ཆའི་ལམ་ལུགས་ཏེ། དམངས་ཡོངས་ལ་དབང་བའི་ལམ་ལུགས་དང་ངལ་རྩོལ་མང་ཚོགས་ཐུན་མོང་ལ་དབང་བའི་ལམ་ལུགས་ལག་ལེན་བསྟར་རྒྱུ་ཡིན།

དམངས་ཡོངས་ལ་དབང་བ་སྟེ། རྒྱལ་ཁང་གཞུང་གི་ས་ཆ་མཐའ་དག་གི་བདག་དབང་འདི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཁབ་ཀྱི་ཚབ་བྱས་ནས་ལག་ལེན་དུ་བསྟར་རྒྱུ་ཡིན། སྡེ་ཁག་གང་དང་སྐྱེ་བོ་སུས་ཀྱང་ས་ཆ་བཀོལ་སྤྱོད་བྱེད་དབང་ཁྲིམས་ལྟར་བཤུག་སྤྲོད་བྱས་ཆོག་པ་ལས། ས་ཆ་བཙན་བཟུང་དང་ཉོ་ཚོང་ངམ་ཡང་ན་བྱེད་སྟངས་གཞན་དག་ལ་བརྟེན་ནས་ཁྲིམས་དང་མ་མཐུན་པར་བཤུག་སྤྲོད་བྱེད་པའི་རིགས་བྱས་མི་ཆོག  རྒྱལ་ཁབ་གཞུང་ནས་སྤྱི་པའི་ཁེ་ཕན་གྱི་དགོས་མཁོའི་ཆེད་དུ་ས་ཆ་ཁྲིམས་མཐུན་ལྟར་བསྡུ་ལེན་ནམ་བསྡུ་སྤྱོད་བྱས་ཆོག་པ་མ་ཟད་གུན་གསབ་ཀྱང་འཇལ་རྒྱུ། རྒྱལ་ཁབ་གཞུང་ནས་བཅའ་ཁྲིམས་ནང་གཏན་ལ་ཕབ་པའི་ཁྱབ་ཁོངས་སུ་གཏོང་སྤྲོད་བྱས་པའི་རྒྱལ་ཁབ་གཞུང་གི་ས་ཆ་བཀོལ་སྤྱོད་བྱེད་དབང་ཕུད། རྒྱལ་ཁབ་གཞུང་ནས་བཅའ་ཁྲིམས་ལྟར་རྒྱལ་ཁབ་གཞུང་གི་ས་ཆ་དོད་འཇལ་བཀོལ་སྤྱོད་ཀྱི་ལམ་ལུགས་ལག་བསྟར་བྱ་རྒྱུ།

དོན་ཚན་གསུམ་པ། ས་ཆ་གཙིགས་ཆེར་འཛིན་པ་དང་། བེད་སྤྱོད་ཚུལ་མཐུན། རྨོ་ཞིང་སྲུང་སྐྱོང་ཏན་ཏིག་བཅས་བྱ་རྒྱུ་ནི་རང་རྒྱལ་གྱི་གཞི་རྩའི་རྒྱལ་ཇུས་ཡིན་པས། མི་དམངས་སྲིད་གཞུང་རིམ་པ་ཁག་གིས་བྱེད་ཐབས་སྤྱད་དེ་ཕྱོགས་ཡོངས་ནས་འཆར་འགོད་དང་། ནན་གྱིས་བདག་སྤྲོད། ཐོན་ཁུངས་སུ་གྱུར་བའི་ས་ཆ་སྲུང་སྐྱོབ་དང་དེའི་ཐོན་སྒོ་འབྱེད་པ་བཅས་བྱ་དགོས་ཤིང་། ཁྲིམས་འགལ་གྱིས་ས་ཆ་གང་བྱུང་དུ་སྤྱོད་པའི་བྱ་བ་བཀག་འགོག་བྱ་དགོས།

དོན་ཚན་བཞི་པ། རྒྱལ་ཁབ་ཀྱིས་ས་ཆའི་སྤྱོད་སྒོ་རྩིས་སྤྲོད་དོ་དམ་གྱི་ལམ་ལུགས་ལག་བསྟར་བྱ་རྒྱུ།

རྒྱལ་ཁབ་ཀྱིས་ས་ཆ་སྤྱོད་ཐབས་སྐོར་གྱི་ཁྱོན་ཡོངས་ཀྱི་འཆར་གཞི་བཟོ་འགོད་བྱ་རྒྱུ་དང་། ས་ཆའི་སྤྱོད་སྒོ་གཏན་འབེབས་བྱ་ཡུལ་དུ་གྱུར་པ་ལའང་ཁག་གསུམ་སྟེ། ཞིང་སྤྱོད་ས་ཆ་དང་། འཛུགས་སྐྲུན་ལ་མཁོ་བའི་ས་ཆ། བེད་སྤྱོད་མ་བྱུང་བའི་ས་ཆ་བཅས་སོ། ཞིང་སྤྱོད་ས་ཆ་རྣམས་འཛུགས་སྐྲུན་ལ་མཁོ་བའི་ས་ཆར་སྒྱུར་བར་ཚོད་འཛིན་ནན་མོ་བྱ་དགོས་པ་དང་། འཛུགས་སྐྲུན་ལ་མཁོ་བའི་ས་ཆའི་བསྡོམས་གྲངས་ལ་ཚོད་འཛིན་བྱས་ནས་རྨོ་ཞིང་ལ་དམིགས་བསལ་གྱིས་སྲུང་སྐྱོབ་བྱ་རྒྱུ།

གོང་གི་དོན་ཚན་དུ་གསལ་བའི་ཞིང་སྤྱོད་ས་ཆ་ཞེས་པ་དེ་རྨོ་ཞིང་དང་བཅས་པའི་ནགས་ས་དང་། རྩྭ་ཐང་། ཞིང་ཁའི་ཆུ་བེད་དུ་སྤྱོད་རྒྱུའི་ས་ཆ། གསོ་སྤེལ་བྱ་ཡུལ་གྱི་ཆུ་ངོས་སོགས་ཚུད་པའི་ཞིང་ལས་ཐོན་སྐྱེད་ལ་ཐད་ཀར་སྤྱོད་རྒྱུའི་ས་ཆར་ཟེར་བ་དང་། འཛུགས་སྐྲུན་ལ་མཁོ་བའི་ས་ཆ་ཞེས་པ་ནི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡོད་ཁང་སྤྱི་སྤྱོད་སྒྲིག་བཀོད་དུ་སྤྱོད་རྒྱུའི་ས་ཆ་དང་། བཟོ་གཏེར་གྱི་ས་ཆ། འགྲིམ་འགྲུལ་དང་ཆུ་བེད་སྒྲིག་བཀོད་དུ་སྤྱོད་རྒྱུའི་ས་ཆ། ཡུལ་སྐོར་དུ་སྤྱོད་རྒྱུའི་ས་ཆ། དམག་དོན་སྒྲིག་བཀོད་དུ་སྤྱོད་རྒྱུའི་ས་ཆ་བཅས་ཚུད་པའི་བཟོ་བཀོད་དངོས་པོར་སྤྱོད་རྒྱུའི་ས་ཆར་ཟེར། བེད་སྤྱོད་མ་བྱུང་བའི་ས་ཆ་ཞེས་པ་ནི་ཞིང་སྤྱོད་ས་ཆ་དང་འཛུགས་སྐྲུན་ལ་མཁོ་བའི་ས་ཆ་ཕུད་པའི་ས་ཆ་གཞན་དག་ལ་ཟེར།     ས་ཆ་བེད་སྤྱོད་བྱེད་མཁན་སྡེ་ཁག་དང་སྐྱེ་བོས་ངེས་པར་དུ་ནན་ཏན་གྱིས་ས་ཆ་སྤྱོད་ཐབས་སྐོར་གྱི་ཁྱོན་ཡོངས་ཀྱི་འཆར་གཞིའི་ནང་གཏན་ཁེལ་བའི་སྤྱོད་སྒོ་ལྟར་ས་ཆ་བེད་སྤྱོད་བྱ་དགོས།

དོན་ཚན་ལྔ་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་ཁོངས་ཀྱི་ས་དོན་གཙོ་སྐྱོང་སྡེ་ཁག་གིས་རྒྱལ་ཡོངས་ཀྱི་ས་ཆར་གཅིག་གྱུར་གྱིས་དོ་དམ་དང་ལྟ་སྐུལ་བྱེད་འགན་འཁུར་རྒྱུ།  རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གི་ས་དོན་གཙོ་སྐྱོང་སྡེ་ཁག་འཛུགས་རྒྱུ་དང་དེའི་འགན་འཁྲི་ནི་ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་ཀྱི་མི་དམངས་སྲིད་གཞུང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་གཏན་འབེབས་ལྟར་གཏན་འཁེལ་བྱ་རྒྱུ།

དོན་ཚན་དྲུག་པ།  སྡེ་ཁག་གང་དང་སྐྱེ་བོ་ས་ལའང་ས་ཆ་བདག་སྤྲོད་སྐོར་གྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་བརྩི་སྲུང་བྱེད་པའི་འོས་འགན་ཡོད་ལ། ས་ཆ་བདག་སྤྲོད་སྐོར་གྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་དང་འགལ་བའི་བྱ་སྤྱོད་ཐེར་འདོན་དང་ཞུ་གཏུག་བྱེད་དབང་ཡོད།

དོན་ཚན་བདུན་པ།   ཐོན་ཁོངས་སུ་གྱུར་བའི་ས་ཆ་སྲུང་སྐྱོང་དང་ཐོན་སྒོ་འབྱེད་པ་དང་། ས་ཆ་བེད་སྤྱོད་ཚུལ་མཐུན་བྱས་པ། དེ་འབྲེལ་གྱི་ཚན་རིག་ཞིབ་འཇུག་བྱས་པ་སོགས་ཀྱི་ཐད་ལ་བྱས་རྗེས་གཟེངས་ཐོན་ཐོབ་པའི་སྡེ་ཁག་དང་སྐྱེ་བོར་མི་དམངས་སྲིད་གཞུང་གིས་བྱ་དགའ་སྤྲོད་རྒྱུ། 

ལེའུ་གཉིས་པ། ས་ཆ་བདག་འཛིན་བྱེད་དབང་དང་བཀོད་སྤྱོད་བྱེད་དབང་སྐོར།

དོན་ཚན་བརྒྱད་པ། གྲོང་ཁྱེར་གྱི་ས་ཆ་རྣམས་རྒྱལ་ཁབ་གཞུང་གི་ཡིན། གྲོང་གསེབ་དང་གྲོང་ཁྱེར་ཉེ་འདབས་ཀྱི་ས་ཆ་ནས་བཅའ་ཁྲིམས་ཀྱི་གཏན་འབེབས་ལྟར་རྒྱལ་ཁབ་གཞུང་ལ་དབང་བ་རྣམས་ཕུད། དེ་བྱིངས་ཚང་མ་ཞིང་པ་ཐུན་མོང་གི་ཡིན་ལ། ཁང་ས་དང་། རང་བཞག་ས་ཞིང་། རང་བཞག་རི་རྣམས་ཀྱང་ཞིང་པ་ཐུན་མོང་གི་ཡིན།

དོན་ཚན་དགུ་པ།  རྒྱལ་ཁབ་གཞུང་གི་ས་ཆ་དང་ཞིང་པ་ཐུན་མོང་གི་ས་ཆ་བཅའ་ཁྲིམས་ལྟར་སྡེ་ཁག་གམ་སྒེར་གྱིས་བཀོལ་སྤྱོད་བྱ་རྒྱུར་གཏན་ཁེལ་བྱས་ཆོག  ས་ཆ་བཀོལ་སྤྱོད་བྱེད་པའི་སྡེ་ཁག་དང་སྐྱེ་བོ་ཚང་མར་ས་ཆ་སྲུང་སྐྱོབ་དང་། བདག་སྤྲོད། བེད་སྤྱོད་ཚུལ་མཐུན་བཅས་བྱ་རྒྱུའི་འོས་འགན་ཡོད།

དོན་ཚན་བཅུ་པ། བཅའ་ཁྲིམས་ལྟར་ཞིང་པ་ཐུན་མོང་གི་ས་ཆ་དག་གྲོང་ཚོའི་ཞིང་པ་ཐུན་མོང་ལ་དབང་བ་ཡིན་ཞིང་། དེ་དག་གྲོང་ཚོའི་ཐུན་མོང་དཔལ་འབྱོར་རྩ་འཛུགས་སམ་གྲོང་མིའི་ཨུ་ཡོན་ལྷན་ཁང་ནས་གཉེར་སྐྱོང་དོ་དམ་བྱ་རྒྱུ། ཁག་བགོས་ཀྱིས་གྲོང་ཚོ་དེ་གའི་གྲོང་གསེབ་ཀྱི་ཐུན་མོང་དཔལ་འབྱོར་རྩ་འཛུགས་གཉིས་ཡན་གྱི་ཞིང་པ་ཐུན་མོང་གིས་བདག་འཛིན་བྱས་རིགས་རྣམས་གྲོང་ཚོའི་གྲོང་གསེབ་ཀྱི་ཐུན་མོང་དཔལ་འབྱོར་རྩ་འཛུགས་སམ་ཡུལ་མི་ཚོ་ཆུང་སོ་སོས་གཉེར་སྐྱོང་དང་དོ་དམ་བྱ་རྒྱུ། ཞང(གྲོང་རྡལ)གི་ཞིང་པ་ཐུན་མོང་ནས་བདག་འཛིན་བྱས་ཟིན་པ་རྣམས་ཞང(གྲོང་རྡལ)གི་གྲོང་གསེབ་ཐུན་མོང་དཔལ་འབྱོར་རྩ་འཛུགས་ནས་གཉེར་སྐྱོང་དང་དོ་དམ་བྱ་རྒྱུ།

དོན་ཚན་བཅུ་གཅིག་པ།  ཞིང་པ་ཐུན་མོང་གི་ས་ཆ་རྣམས་རྫོང་རིམ་པའི་མི་དམངས་སྲིད་གཞུང་གིས་ཐོ་འགོད་དེབ་གཞུང་བཟོས་ཐོག  ཞིབ་བཤེར་དང་འབྲེལ་ལག་ཁྱེར་སྤྲད་དེ་བདག་འཛིན་བྱེད་དབང་གཏན་འཁེལ་བྱ་རྒྱུ།

བཅའ་ཁྲིམས་ལྟར་ཞིང་པ་ཐུན་མོང་གི་ས་ཆ་ཞིང་ལས་མིན་པའི་འཛུགས་སྐྲུན་གཞན་པར་སྤྱོད་རིགས་རྣམས་རྫོང་རིམ་པའི་མི་དམངས་སྲིད་གཞུང་གིས་ཐོ་འགོད་དེབ་གཞུང་བཟོས་ཐོག  ཞིབ་བཤེར་དང་འབྲེལ་ལག་ཁྱེར་སྤྲད་དེ་འཛུགས་སྐྲུན་ལ་མཁོ་བའི་ས་ཆ་བཀོལ་སྤྱོད་བྱེད་དབང་གཏན་འཁེལ་བྱ་རྒྱུ།

སྡེ་ཁག་དང་སྒེར་ནས་བཅའ་ཁྲིམས་ལྟར་རྒྱལ་ཁབ་གཞུང་གི་ས་ཆ་བཀོལ་སྤྱོད་བྱས་རིགས་རྣམས་རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་ཐོ་འགོད་དེབ་གཞུང་བཟོས་ཏེ་ཞིབ་བཤེར་དང་འབྲེལ་ལག་ཁྱེར་སྤྲད་དེ་བཀོལ་སྤྱོད་བྱེད་དབང་གཏན་འཁེལ་བྱ་རྒྱུ། དེའི་ནང་ཀྲུང་དབྱང་རྒྱལ་ཁབ་ལས་ཁུངས་ནས་བཀོལ་སྤྱོད་བྱེད་པའི་རྒྱལ་ཁབ་གཞུང་གི་ས་ཆའི་ཐོ་འགོད་ལག་ཁྱེར་དངོས་སུ་སྤྲོད་མཁན་ལས་ཁུངས་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གཏན་འཁེལ་བྱ་རྒྱུ།

ནགས་ས་དང་རྩྭ་ཐང་བདག་འཛིན་བྱེད་དབང་ངམ་བཀོལ་སྤྱོད་བྱེད་དབང་དང་། ཆུ་ངོས་དང་གྲམ་ཐང་གསོ་སྤེལ་བྱ་བྱེད་དུ་བཀོལ་སྤྱོད་བྱེད་དབང་ནི་ཁག་སོ་སོར《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ནགས་ཚལ་སྐོར་གྱི་བཅའ་ཁྲིམས》དང《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩྭ་ཐང་སྐོར་གྱི་བཅའ་ཁྲིམས》དང《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉ་ལས་སྐོར་གྱི་བཅའ་ཁྲིམས》ནང་འཁོད་འབྲེལ་ཡོད་གཏན་འབེབས་ལྟར་གཏན་འཁེལ་བྱ་རྒྱུ།

དོན་ཚན་བཅུ་གཉིས་པ།  བཅའ་ཁྲིམས་ལྟར་ས་ཆ་བདག་འཛིན་བྱེད་པའི་དབང་ཚད་དང་སྤྱོད་སྒོ་གཞན་ལ་བསྒྱུར་དགོས་བྱུང་ན་ངེས་པར་དུ་ས་ཆ་འཛིན་སྤྱོད་བྱེད་དབང་སྒྱུར་བའི་ཐོ་འགོད་ཀྱི་འགྲོ་ལུགས་འགྲིམ་དགོས།

དོན་ཚན་བཅུ་གསུམ་པ། བཅའ་ཁྲིམས་ལྟར་ཐོ་འགོད་བྱས་པའི་ས་ཆ་བདག་འཛིན་བྱེད་དབང་དང་བཀོལ་སྤྱོད་བྱེད་དབང་རྣམས་ལ་བཅའ་ཁྲིམས་ནས་སྲུང་སྐྱོབ་བྱ་རྒྱུ་ཡིན་པས། སྡེ་ཁག་གང་དང་སྐྱེ་བོ་སུས་ཀྱང་དེར་བཙན་གནོད་བྱས་མི་ཆོག

དོན་ཚན་བཅུ་བཞི་པ།    ཞིང་པ་ཐུན་མོང་གི་ས་ཆ་རྣམས་ཐུན་མོང་དཔལ་འབྱོར་རྩ་འཛུགས་འདིའི་ཁོངས་མིས་ཞིང་ནགས་འབྲོག་ཉ་བཅས་པའི་ཐོན་སྐྱེད་བྱེད་འགན་གཙང་བླངས་ཀྱིས་གཉེར་སྐྱོང་བྱ་རྒྱུ། ས་ཆ་གཉེར་འགན་གཙང་ལེན་བྱེད་ཡུལ་ལོ་སུམ་ཅུ་ཡིན། གཉེར་འགན་གཙང་སྤྲོད་བྱེད་མཁན་དང་འགན་གཙང་ལེན་མཁན་བར་འགན་གཙང་ལེན་གྱི་གན་རྒྱ་བཞག་སྟེ་ཕྱོགས་གཉིས་ཀྱི་ཁེ་དབང་དང་འོས་འགན་གྱི་ཁ་ཆད་འཇོག་དགོས། ས་ཆ་གཉེར་སྐྱོང་གི་འགན་གཙང་བླངས་པའི་ཞིང་པས་འགན་གཙང་ལེན་གྱི་གན་རྒྱར་གསལ་བའི་སྤྱོད་སྒོའི་ཁ་ཆད་ལྟར་ས་ཆ་སྲུང་སྐྱོང་དང་ས་ཆ་བེད་སྤྱོད་ཚུལ་མཐུན་བྱ་རྒྱུའི་འོས་འགན་འཁུར་རྒྱུ། ཞིང་པའི་ས་ཆ་འགན་གཙང་ལེན་གྱིས་གཉེར་སྐྱོང་བྱེད་པའི་དབང་ཆ་བཅའ་ཁྲིམས་ཐོག་ནས་སྲུང་སྐྱོང་བྱ་རྒྱུ།

ས་ཆ་འགན་གཙང་ལེན་གྱིས་གཉེར་སྐྱོང་བྱེད་ཡུན་ནང་གཙང་འགན་ལེན་པའི་གཉེར་སྐྱོང་བྱེད་མཁན་རེ་འགའི་བར་གཙང་འགན་བླངས་པའི་ས་ཆ་འོས་འཚམ་གྱིས་ལེགས་སྒྲིག་བྱ་དགོས་རིགས་ལ་ངེས་པར་དུ་གྲོང་མིའི་གྲོས་ཚོགས་ཐོག་གསུམ་ཆ་གཉིས་ཡན་གྱི་ཁོངས་མིའམ་གསུམ་ཆ་གཉིས་ཡན་གྱི་གྲོང་མིའི་འཐུས་མིས་མོས་མཐུན་བྱ་དགོས་པ་དང་འབྲེལ་ཞང(གྲོང་རྡལ)མི་དམངས་སྲིད་གཞུང་དང་རྫོང་རིམ་པའི་མི་དམངས་སྲིད་གཞུང་གི་ཞིང་ལས་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་ལ་སྙན་སེང་བཀའ་འཁྲོལ་ཞུ་དགོས།

དོན་ཚན་བཅོ་ལྔ་པ། རྒྱལ་ཁབ་གཞུང་གི་ས་ཆ་དག་སྡེ་ཁག་གམ་སྒེར་གྱིས་ཞིང་ནགས་འབྲོག་ཉ་བཅས་པའི་ཐོན་སྐྱེད་དུ་འགན་གཙང་བླངས་ནས་གཉེར་སྐྱོང་བྱས་ཆོག  ཞིང་པ་ཐུན་མོང་གི་ས་ཆ་དག་ཐུན་མོང་དཔལ་འབྱོར་རྩ་འཛུགས་འདི་ཉིད་ཕུད་པའི་སྡེ་ཁག་གམ་མི་སྒེར་གྱིས་ཞིང་ནགས་འབྲོག་ཉ་བཅས་པའི་ཐོན་སྐྱེད་དུ་འགན་གཙང་བླངས་ནས་གཉེར་སྐྱོང་བྱས་ཆོག

གཉེར་འགན་གཙང་སྤྲོད་བྱེད་མཁན་དང་འགན་གཙང་ལེན་མཁན་བར་འགན་གཙང་ལེན་གྱི་གན་རྒྱ་བཞག་སྟེ་ཕྱོགས་གཉིས་ཀྱི་ཁེ་དབང་དང་འོས་འགན་གྱི་ཁ་ཆད་འཇོག་རྒྱུ། ས་ཆ་འགན་གཙང་ལེན་གྱིས་གཉེར་སྐྱོང་བྱེད་ཡུན་ནི་འགན་གཙང་ལེན་གྱི་གན་རྒྱར་ཁ་ཆད་འཇོག་དགོས། ས་ཆ་གཉེར་སྐྱོང་གི་འགན་གཙང་བླངས་པའི་སྡེ་ཁག་དང་སྐྱེ་བོས་འགན་གཙང་ལེན་གྱི་གན་རྒྱར་གསལ་བའི་སྤྱོད་སྒོའི་ཁ་ཆད་ལྟར་ས་ཆ་སྲུང་སྐྱོང་དང་ས་ཆ་བེད་སྤྱོད་ཚུལ་མཐུན་བྱ་རྒྱུའི་འོས་འགན་འཁུར་རྒྱུ།

ཞིང་པ་ཐུན་མོང་གི་ས་ཆ་དག་ཐུན་མོང་དཔལ་འབྱོར་རྩ་འཛུགས་འདི་ཉིད་ཕུད་པའི་སྡེ་ཁག་གམ་སྐྱེ་བོས་གཉེར་སྐྱོང་བྱེད་འགན་གཙང་ལེན་བྱེད་བསམས་ན་གྲོང་མིའི་གྲོས་ཚོགས་ཐོག་གསུམ་ཆ་གཉིས་ཡན་གྱི་ཁོངས་མིའམ་གསུམ་ཆ་གཉིས་ཡན་གྱི་གྲོང་མའི་འཐུས་མིས་མོས་མཐུན་བྱ་དགོས་པ་དང་འབྲེལ་ཞང(གྲོང་རྡལ)མི་དམངས་སྲིད་གཞུང་ལ་སྙན་སེང་བཀའ་འཁྲོལ་ཡང་ཞུ་དགོས།

དོན་ཚན་བཅུ་དྲུག་པ། ས་ཆ་བདག་འཛིན་བྱེད་དབང་དང་བཀོལ་སྤྱོད་བྱེད་དབང་ཐོག་རྩོད་པ་བྱུང་རིགས་རྣམས་དོ་བདག་གིས་གྲོས་མོལ་ཐོག་ཐག་གཅོད་རྒྱུ། གྲོས་ཐག་མ་ཆོད་ན་མི་དམངས་སྲིད་གཞུང་གིས་ཐག་གཅོད་རྒྱུ།

སྡེ་ཁག་བར་རྩོད་པ་བྱུང་རིགས་རྣམས་རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་ཐག་གཅོད་རྒྱུ་དང་། སྐྱེ་བོ་སོ་སོའི་བར་དང་། སྒེར་དང་སྡེ་ཁག་བར་རྩོད་པ་བྱུང་རིགས་རྣམས་ཞང་རིམ་པའི་མི་དམངས་སྲིད་གཞུང་ངམ་རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་ཐག་གཅོད་རྒྱུ།

འབྲེལ་ཡོད་མི་དམངས་སྲིད་གཞུང་གིས་ཐག་གཅོད་བྱས་དོན་ལ་དོ་བདག་ཡི་རང་མ་བྱུང་ན་ཐག་གཅོད་བྱས་འབྲས་ཀྱི་བརྡ་ཐོ་འབྱོར་ཉིན་ནས་བཟུང་པའི་ཉིན་སུམ་ཅུའི་ནང་ཚན་དུ་མི་དམངས་ཁྲིམས་ཁང་ལ་ཞུ་སྦྱོར་བྱས་ཆོག

ས་ཆ་བདག་འཛིན་བྱེད་དབང་དང་བཀོལ་སྤྱོད་བྱེད་དབང་སྐོར་གྱི་རྩོད་དོན་ཐག་ཆོད་མ་བྱུང་གོང་ལ་ཕྱོགས་སུས་ཀྱང་ས་ཆ་བེད་སྤྱོད་བྱས་ཚུལ་བསྒྱུར་མི་ཆོག 

ལེའུ་གསུམ་པ། ས་ཆ་སྤྱོད་ཐབས་སྐོར་གྱི་ཁྱོན་ཡོངས་ཀྱི་འཆར་གཞིའི་སྐོར།

དོན་ཚན་བཅུ་བདུན་པ།  མི་དམངས་སྲིད་གཞུང་རིམ་པ་ཁག་གིས་རྒྱལ་དམས་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བའི་འཆར་འགོད་དང་། རྒྱལ་ཁབ་ཀྱི་མངའ་ཁོངས་བཅོས་སྐྱོང་དང་ཐོན་ཁུངས་ཀྱི་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་དགོས་འདུན་དང་། ས་ཆ་མཁོ་འདོན་བྱེད་ནུས་དང་དེ་བཞིན་འཛུགས་སྐྲུན་གྱི་རྣམ་གྲངས་ཁག་ཏུ་མཁོ་བའི་ས་ཆའི་དགོས་མཁོར་གཞིགས་ནས་ས་ཆ་སྤྱོད་ཐབས་སྐོར་གྱི་ཁྱོན་ཡོངས་ཀྱི་འཆར་གཞི་བཟོ་འགོད་བྱེད་དུ་འཇུག་དགོས། 

ས་ཆ་སྤྱོད་ཐབས་སྐོར་གྱི་ཁྱོན་ཡོངས་ཀྱི་འཆར་གཞིའི་འཆར་འགོད་ཡུན་ཚད་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་ནས་གཏན་འབེབས་བྱ་རྒྱུ།

དོན་ཚན་བཅོ་བརྒྱད་པ། འོག་རིམ་གྱི་ས་ཆ་སྤྱོད་ཐབས་སྐོར་གྱི་ཁྱོན་ཡོངས་ཀྱི་འཆར་གཞི་དག་ཀྱང་དེ་ལས་རིམ་པ་གཅིག་གིས་མཐོ་བའི་གོང་རིམ་གྱི་ས་ཆ་སྤྱོད་ཐབས་སྐོར་གྱི་ཁྱོན་ཡོངས་ཀྱི་འཆར་གཞི་ལྟར་བཟོ་དགོས།

ས་གནས་མི་དམངས་སྲིད་གཞུང་རིམ་པ་ཁག་གིས་བཟོ་འགོད་བྱེད་པའི་ས་ཆ་སྤྱོད་ཐབས་སྐོར་གྱི་ཁྱོན་ཡོངས་ཀྱི་འཆར་གཞིའི་ནང་འཛུགས་སྐྲུན་ལ་མཁོ་བའི་ས་ཆའི་བསྡོམས་གྲངས་ནི་དེ་ལས་རིམ་པ་གཅིག་གིས་མཐོ་བའི་གོང་རིམ་གྱི་ས་ཆ་སྤྱོད་ཐབས་སྐོར་གྱི་ཁྱོན་ཡོངས་ཀྱི་འཆར་གཞིའི་ནང་གཏན་འཁེལ་བྱས་པའི་ཚོད་འཛིན་དམིགས་ཚད་ལས་བརྒལ་མི་ཆོག   རྨོ་ཞིང་ཡོད་ཚད་ནི་དེ་ལས་རིམ་པ་གཅིག་མཐོ་བའི་གོང་རིམ་གྱི་ས་ཆ་སྤྱོད་ཐབས་སྐོར་གྱི་ཁྱོན་ཡོངས་ཀྱི་འཆར་གཞིའི་ནང་གཏན་འཁེལ་བྱས་པའི་ཚོད་འཛིན་དམིགས་ཚད་ལས་དམའ་མི་ཆོག

ཞིང་ཆེན་དང་། རང་སྐྱོན་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་ཀྱི་མི་དམངས་སྲིད་གཞུང་གིས་བཟོས་པའི་ས་ཆ་སྤྱོད་ཐབས་སྐོར་གྱི་ཁྱོན་ཡོངས་ཀྱི་འཆར་གཞིའི་ནང་སྲིད་འཛིན་ས་ཁོངས་འདི་ཉིད་ནང་གི་རྨོ་ཞིང་གི་བསྡོམས་གྲངས་ཉུང་དུ་མི་འགྲོ་བར་འགན་ལེན་ཏན་ཏིག་བྱ་དགོས།

དོན་ཚན་བཅུ་དགུ་པ།  ས་ཆ་སྤྱོད་ཐབས་སྐོར་གྱི་ཁྱོན་ཡོངས་གྱི་འཆར་གཞི་གཤམ་གསལ་གྱི་རྩ་དོན་ལྟར་བཟོ་འགོད་བྱ་དགོས་པ་འདི་ལྟ་སྟེ།

(གཅིག)གཞི་རྩའི་ཞིང་ཁ་སྲུང་སྐྱོང་ནན་མོ་བྱ་རྒྱུ་དང་། ཞིང་ལས་མིན་པའི་འཛུགས་སྐྲུན་གྱིས་ཞིང་སྤྱོད་ས་ཆ་བཟུང་རིགས་ལ་ཚོད་འཛིན་བྱ་རྒྱུ་དང་།

(གཉིས)ས་ཆ་བེད་སྤྱོད་བྱེད་ཚད་མཐོ་རུ་གཏོང་རྒྱུ།

(གསུམ)རིགས་སོ་སོ་དང་ས་ཁོངས་སོ་སོས་སྤྱོད་པའི་ས་ཆ་གཅིག་གྱུར་གྱིས་བཀོད་སྒྲིག་བྱ་རྒྱུ།

(བཞི)སྐྱེ་དངོས་ཀྱི་ཁོར་ཡུག་སྲུང་སྐྱོང་དང་ཇེ་ལེགས་སུ་གཏོང་རྒྱུ་དང་། ས་ཆ་རྒྱུན་མཐུད་དེ་བེད་སྤྱོད་ཐུབ་པའི་འགན་ལེན་བྱ་རྒྱུ།

(ལྔ)རྨོ་ཞིང་པཟུང་ཚད་དང་རྨོ་ཞིང་ཡང་བསྐྱར་གསར་སྦོལ་བྱེད་ཚད་གཉིས་དོ་མཉམ་ཡོང་ཐབས་བྱ་རྒྱུ་བཅས་ཡིན།

དོན་ཚན་ཉི་ཤུ་པ།  རྫོང་རིམ་པའི་ས་ཆ་སྤྱོད་ཐབས་སྐོར་གྱི་ཁྱོན་ཡོངས་ཀྱི་འཆར་གཞིའི་ནང་ས་ཆ་བེད་སྤྱོད་བྱེད་ཁུལ་དབྱེ་འབྱེད་བྱས་ནས་ས་ཆའི་སྤྱོད་སྒོ་གཏན་འཁེལ་གསལ་པོ་བྱ་དགོས།

ཞང(གྲོང་རྡལ)གི་ས་ཆ་སྤྱོད་ཐབས་སྐོར་གྱི་ཁྱོན་ཡོངས་ཀྱི་འཆར་གཞིའི་ནང་ས་ཆ་བེད་སྤྱོད་བྱེད་ཁུལ་དབྱེ་འབྱེད་བྱ་དགོས་པ་དང་། ས་ཆ་བཀོལ་སྤྱོད་བྱེད་པའི་ཆ་རྐྱེན་ལ་གཞིགས་ནས་ས་ཆ་དེ་དག་ཚང་མའི་སྤྱོད་སྒོ་གཏན་འཁེལ་བྱ་དགོས་པ་དང་འབྲེལ་དེ་དོན་ཁྱབ་བསྒྲགས་བྱ་དགོས།

དོན་ཚན་ཉེར་གཅིག་པ།  ས་ཆ་སྤྱོད་ཐབས་སྐོར་གྱི་ཁྱོན་ཡོངས་ཀྱི་འཆར་གཞིར་གོ་རིམ་ཕྱེ་ནས་ཞིབ་མཆན་འགོད་པའི་བྱེད་སྟངས་ལག་བསྟར་བྱ་རྒྱུ། ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་ཀྱི་ས་ཆ་སྤྱོད་ཐབས་སྐོར་གྱི་ཁྱོན་ཡོངས་ཀྱི་འཆར་གཞི་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་ལ་སྙན་སེང་བཀའ་འཁྲོལ་ཞུ་དགོས།

ཞིང་ཆེན་དང་རང་སྐྱོང་ལྗོངས་ཀྱི་མི་དམངས་སྲིད་གཞུང་གནས་སའི་གྲོང་ཁྱེར་དང་མི་གྲངས་ས་ཡ་གཅིག་ཡན་ཆད་ཡོད་པའི་གྲོང་ཁྱེར་དང་དེ་བཞིན་རྒྱལ་སྲིད་སྤྱི་ཁྱབ་ཁང་ནས་དམིགས་འཛུགས་བྱས་པའི་གྲོང་ཁྱེར་བཅས་ཀྱི་ས་ཆ་སྤྱོད་ཐབས་སྐོར་གྱི་ཁྱོན་ཡོངས་ཀྱི་འཆར་གཞི་དེ་ཞིང་ཆེན་དང་རང་སྐྱོང་ལྗོངས་ཀྱི་མི་དམངས་སྲིད་གཞུང་གིས་ཞིབ་བཤེར་བྱས་ནས་མོས་མཐུན་བྱུང་རྗེས་རྒྱལ་སྲིད་སྤྱི་ཁྱབ་ཁང་ལ་སྙན་སེང་བཀའ་འཁྲོལ་ཞུ་རྒྱུ།

དོན་ཚན་འདིའི་ནང་གསེས་དོན་ཚན་གཉིས་པ་དང་དོན་ཚན་གསུམ་པའི་ནང་གི་གཏན་འབེབས་ཕུད་པའི་ས་ཆ་སྤྱོད་ཐབས་སྐོར་གྱི་ཁྱོན་ཡོངས་ཀྱི་འཆར་གཞི་དེ་རིམ་པ་ལྟར་ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་ཀྱི་མི་དམངས་སྲིད་གཞུང་ལ་སྙན་སེང་བཀའ་འཁྲོལ་ཞུ་རྒྱུ་དང་། དེའི་ནང་གི་ཞང(གྲོང་རྡལ)གི་ས་ཆ་སྤྱོད་ཐབས་སྐོར་གྱི་ཁྱོན་ཡོངས་ཀྱི་འཆར་གཞི་དེར་ཞིང་ཆེན་རིམ་པའི་མི་དམངས་སྲིད་གཞུང་གིས་དབང་སྐུར་ཞིང་ཆུས་བཙུགས་ཡོང་པའི་གྲོང་ཁྱེར་དང་རང་སྐྱོང་ཁུལ་གྱི་མི་དམངས་སྲིད་གཞུང་ནས་ཆོག་མཆན་བཀོད་ཆོག

ས་ཆ་སྤྱོད་ཐབས་སྐོར་གྱི་ཁྱོན་ཡོངས་ཀྱི་འཆར་གཞིར་ཆོག་མཆན་ཐོབ་རྗེས། ངེས་པར་དུ་ལག་བསྟར་ནན་ཏན་བྱ་དགོས།

དོན་ཚན་ཉེར་གཉིས་པ། གྲོང་ཁྱེར་གྱི་འཛུགས་སྐྲུན་ལ་མཁོ་བའི་ས་ཆའི་རྒྱ་ཁྱོན་དེ་རྒྱལ་ཁབ་ནས་གཏན་འབེབས་བྱས་པའི་ཚད་གཞི་དང་མཐུན་དགོས་པ་དང་། ད་ཡོད་ཀྱི་འཛུགས་སྐྲུན་ལ་མཁོ་བའི་ས་ཆ་བེད་སྤྱོད་གང་ལེགས་བྱ་དགོས་ཤིང་། ཞིང་སྤྱོད་ས་ཆ་མི་བཟུང་བའམ་ཡང་ན་བཟུང་བ་གང་ཐུབ་ཀྱིས་ཉུང་གཏོང་བྱ་དགོས།

གྲོང་ཁྱེར་གྱི་ཁྱོན་ཡོངས་ཀྱི་འཆར་གཞི་དང་གྲོང་ཚོ་དང་གྲོང་རྡལ་གྱི་འཆར་གཞི་དེ་དག་ས་ཆ་སྤྱོད་ཐབས་སྐོར་གྱི་ཁྱོན་ཡོངས་ཀྱི་འཆར་གཞི་དང་བསྟུན་ཐུབ་པ་བྱ་དགོས་པ་དང་། གྲོང་ཁྱེར་གྱི་ཁྱོན་ཡོངས་ཀྱི་འཆར་གཞི་དང་གྲོང་ཚོ་དང་གྲོང་རྡལ་གྱི་འཆར་གཞིའི་ནང་གི་འཛུགས་སྐྲུན་ལ་མཁོ་བའི་ས་ཆའི་རྒྱ་ཁྱོན་དེ་ས་ཆ་སྤྱོད་ཐབས་སྐོར་གྱི་ཁྱོན་ཡོངས་ཀྱི་འཆར་གཞིའི་ནང་གཏན་འཁེལ་བྱས་པའི་གྲོང་ཁྱེར་དང་། གྲོང་ཚོ། གྲོང་རྡལ་བཅས་ཀྱི་འཛུགས་སྐྲུན་ལ་མཁོ་བའི་ས་ཆའི་རྒྱ་ཁྱོན་ལས་བརྒལ་མི་རུང་།

གྲོང་ཁྱེར་གྱི་འཆར་འགོད་བྱེད་ཁུལ་དང་། གྲོང་ཚོ་དང་གྲོང་རྡལ་གྱི་འཆར་འགོད་བྱེད་ཁུལ་ནང་གི་གྲོང་ཁྱེར་དང་གྲོང་ཚོ། གྲོང་རྡལ་བཅས་ཀྱི་འཛུགས་སྐྲུན་ལ་མཁོ་བའི་ས་ཆ་དེ་གྲོང་ཁྱེར་གྱི་འཆར་གཞི་དང་། གྲོང་ཚོ་དང་གྲོང་རྡལ་གྱི་འཆར་གཞི་དང་མཐུན་པར་བྱ་དགོས།

དོན་ཚན་ཉེར་གསུམ་པ།    གཙང་པོ་དང་མཚེའུ་ཕྱོགས་བསྡུས་ཀྱིས་བཅོས་སྐྱོང་བྱེད་པ་དང་ཐོན་སྒོ་འབྱེད་པ། བེད་སྤྱོད་བྱེད་པའི་འཆར་འགོད་དེ་ས་ཆ་སྤྱོད་ཐབས་སྐོར་གྱི་ཁྱོན་ཡོངས་ཀྱི་འཆར་གཞི་དང་བསྟུན་ཐུབ་པར་བྱ་དགོས། གཙང་པོ་དང་མཚེའུ། ཆུ་མཛོད་བཅས་བདག་སྐྱོང་དང་སྲུང་སྐྱོང་བྱེད་ཁོངས་དང་དེ་བཞིན་ཆུ་ལོག་འཁྱིལ་ཁུལ་དུ་ས་ཆ་བེད་སྤྱོད་བྱེད་སྐབས་གཙང་པོ་དང་མཚེའུ་ཕྱོགས་བསྡུས་ཀྱིས་བཅོས་སྐྱོང་བྱེད་པ་དང་། ཐོན་སྒོ་འབྱེད་པ་དང་བེད་སྤྱོད་བྱེད་པའི་འཆར་འགོད་དང་མཐུན་དགོས་པ་དང་། ཆུ་ལམ་དང་། མཚེའུ་ཡི་ཆུ་ལོག་གསོག་འབུད་དང་ཆུ་འདྲེན་བཅས་ཀྱི་དགོས་མཁོ་དང་མཐུན་པར་བྱ་དགོས།

དོན་ཚན་ཉེར་བཞི་པ།   མི་དམངས་སྲིད་གཞུང་རིམ་པ་ཁག་གིས་ས་ཆ་བེད་སྤྱོད་བྱེད་པར་འཆར་གཞི་ལྟར་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་དང་འཛུགས་སྐྲུན་ལ་མཁོ་བའི་ས་ཆའི་བསྡོམས་གྲངས་ལ་ཚོད་འཛིན་བྱ་དགོས།

ས་ཆ་སྤྱོད་ཐབས་སྐོར་གྱི་ལོ་རེའི་འཆར་གཞི་དེ་རྒྱལ་དམངས་དཔལ་འབྱོར་དང་། སྤྱི་ཚོགས་གོང་དུ་སྤེལ་བའི་འཆར་གཞི། རྒྱལ་ཁབ་ཀྱི་ཐོན་ལས་སྲིད་ཇུས། ས་ཆ་སྤྱོད་ཐབས་སྐོར་གྱི་ཁྱོན་ཡོངས་ཀྱི་འཆར་གཞི་དང་དེ་བཞིན་འཛུགས་སྐྲུན་ལ་མཁོ་བའི་ས་ཆ་དང་ས་ཆ་སྤྱད་ཚུལ་དངོས་བཅས་ལ་གཞིགས་ནས་བཟོ་འགོད་བྱ་རྒྱུ། ས་ཆ་སྤྱོད་ཐབས་སྐོར་གྱི་ལོ་རེའི་འཆར་གཞི་བཟོ་འགོད་དང་ཞིབ་བཤེར་ཆོག་མཆན་འགོད་པའི་གོ་རིམ་དག་ས་ཆ་སྤྱོད་ཐབས་སྐོར་གྱི་ཁྱོན་ཡོངས་ཀྱི་འཆར་གཞི་བཟོ་འགོད་དང་ཞིབ་བཤེར་ཆོག་མཆན་འགོད་པའི་གོ་རིམ་དང་འདྲ་ཞིང་། ཞིབ་བཤེར་ཆོག་མཆན་ཐོབ་ནས་འོག་ལ་བསྒྲགས་པ་ཙམ་དུ་ངེས་པར་དུ་ལག་བསྟར་ནན་མོ་བྱ་དགོས།

དོན་ཚན་ཉེར་ལྔ་པ།  ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་ཀྱི་མི་དམངས་སྲིད་གཞུང་གིས་ས་ཆ་སྤྱོད་ཐབས་སྐོར་གྱི་ལོ་རེའི་འཆར་གཞི་ལག་བསྟར་བྱས་ཚུལ་དེ་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བའི་འཆར་གཞི་ལག་བསྟར་བྱས་ཚུལ་གྱི་ནང་དོན་དུ་བཀོད་དེ་རིམ་པ་གཅིག་མཚུངས་ཀྱི་མི་དམངས་འཐུས་མིའི་ཚོགས་ཆེན་ལ་སྙན་སེང་ཞུ་དགོས།

དོན་ཚན་ཉེར་དྲུག་པ། ཆོག་མཆན་ཐོབ་པའི་ས་ཆ་སྤྱོད་ཐབས་སྐོར་གྱི་ཁྱོན་ཡོངས་ཀྱི་འཆར་གཞི་བཟོ་བཅོས་རྒྱག་དགོས་ན། དེ་སྔ་ཆོག་མཆན་འགོད་མཁན་ལས་ཁུངས་ལ་བཀའ་འཁྲོལ་ཞུ་དགོས། ཆོག་མཆན་མ་ཐོབ་གོང་ལ་ས་ཆ་སྤྱོད་ཐབས་སྐོར་གྱི་ཁྱོན་ཡོངས་ཀྱི་འཆར་གཞིའི་ནང་གཏན་ཁེལ་བྱས་པའི་ས་ཆའི་སྤྱོད་སྒོ་བསྒྱུར་མི་ཆོག

རྒྱལ་སྲིད་སྤྱི་ཁྱབ་ཁང་ནས་ཆོག་མཆན་གནང་བའི་ནུས་པའི་འབྱུང་ཁུངས་དང་། འགྲིམ་འགྲུལ། ཆུ་བེད་སོགས་རྨང་གཞིའི་སྒྲིག་བཀོད་ཆེ་རིགས་ཀྱི་འཛུགས་སྐྲུན་ལ་མཁོ་བའི་ས་ཆའི་ཐད་ས་ཆ་སྤྱོད་ཐབས་སྐོར་གྱི་ཁྱོན་ཡོངས་ཀྱི་འཆར་གཞི་བསྒྱུར་དགོས་རིགས་ལ་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཆོག་མཆན་གནང་བའི་ཡིག་ཆར་གཞིགས་ནས་ས་ཆ་སྤྱོད་ཐབས་སྐོར་གྱི་ཁྱོན་ཡོངས་ཀྱི་འཆར་གཞི་བཟོ་བཅོས་རྒྱག་རྒྱུ།

ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་ཀྱི་མི་དམངས་སྲིད་གཞུང་གིས་ཆོག་མཆན་གནང་བའི་ནུས་པའི་འབྱུང་ཁུངས་དང་། འགྲིམ་འགྲུལ། ཆུ་བེད་སོགས་ཀྱི་རྨང་གཞིའི་སྒྲིག་བཀོད་ཀྱི་འཛུགས་སྐྲུན་ལ་མཁོ་བའི་ས་ཆའི་ཐད་ས་ཆ་སྤྱོད་ཐབས་སྐོར་གྱི་ཁྱོན་ཡོངས་ཀྱི་འཆར་གཞི་བསྒྱུར་དགོས་རིགས་ལ་ཞིང་ཆེན་རིམ་པའི་མི་དམངས་སྲིད་གཞུང་གི་ས་ཆ་སྤྱོད་ཐབས་སྐོར་གྱི་ཁྱོན་ཡོངས་ཀྱི་འཆར་གཞིར་ཆོག་མཆན་སྤྲད་ཆོག་པའི་དབང་མཚམས་སུ་གཏོགས་རིགས་ལ་ཞིང་ཆེན་རིམ་པའི་མི་དམངས་སྲིད་གཞུང་གི་ཆོག་མཆན་གནང་བའི་ཡིག་ཆར་གཞིགས་ནས་ས་ཆ་སྤྱོད་ཐབས་སྐོར་གྱི་ཁྱོན་ཡོངས་ཀྱི་འཆར་གཞི་བཟོ་རྒྱུ།

དོན་ཚན་ཉེར་བདུན་པ།   རྒྱལ་ཁབ་གཞུང་ནས་ས་ཆར་བརྟག་དཔྱད་བྱེད་པའི་ལམ་ལུགས་འཛུགས་རྒྱུ།   རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་ས་དོན་གཙོ་སྐྱོང་སྡེ་ཁག་གིས་རིམ་པ་གཅིག་མཚུངས་ཀྱི་འབྲེལ་ཡོད་སྡེ་ཁག་དང་ལྷན་དུ་ས་ཆར་བརྟག་དཔྱད་བྱ་རྒྱུ། ས་ཆ་ཡོད་མཁན་ནམ་བེད་སྤྱོད་བྱེད་མཁན་གྱིས་བརྟག་དཔྱད་བྱ་བར་གཞོགས་འདེགས་བྱ་དགོས་པ་དང་འབྲེལ་ཡོད་ཀྱི་དཔྱད་ཡིག་འདོན་སྤྲོད་བྱ་དགོས།

དོན་ཚན་ཉེར་བརྒྱད་པ།  རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་ས་དོན་གཙོ་སྐྱོང་སྡེ་ཁག་གིས་རིམ་པ་གཅིག་མཚུངས་ཀྱི་འབྲེལ་ཡོད་སྡེ་ཁག་དང་ལྷན་དུ་ས་ཆར་བརྟག་དཔྱད་བྱས་འབྲས་དང་། འཆར་འགོད་བྱས་པའི་ས་ཆའི་སྤྱོད་སྒོ། རྒྱལ་ཁབ་ནས་གཏན་ལ་ཕབ་པའི་ཚད་གཞི་གཅིག་གྱུར་བཅས་ལ་གཞིགས་ནས་ས་ཆའི་རིམ་པ་དཔྱད་བསྡུར་གཏན་འབེབས་བྱ་རྒྱུ།

དོན་ཚན་ཉེར་དགུ་པ། རྒྱལ་ཁབ་གཞུང་ནས་ས་ཆ་བསྡོམས་རྩིས་བྱེད་པའི་ལམ་ལུགས་འཛུགས་རྒྱུ།

རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་ས་དོན་གཙོ་སྐྱོང་སྡེ་ཁག་དང་རིམ་པ་གཅིག་མཚུངས་ཀྱི་བསྡོམས་རྩིས་སྡེ་ཁག་གིས་མཉམ་དུ་བསྡོམས་རྩིས་དང་བརྟག་དཔྱད་བྱེད་པའི་འཆར་གཞི་བཟོ་རྒྱུ་དང་། བཅའ་ཁྲིམས་ལྟར་ས་ཆ་བསྡོམས་རྩིས་བྱ་རྒྱུ་དང་དུས་ཚོད་གཏན་ཁེལ་གྱིས་ས་ཆ་བསྡོམས་རྩིས་བྱས་པའི་དཔྱད་གཞི་ཡོངས་བསྒྲགས་བྱ་རྒྱུ། ས་ཆ་ཡོད་མཁན་ནམ་བཀོལ་སྤྱོད་བྱེད་མཁན་གྱིས་འབྲེལ་ཡོད་དཔྱད་ཡིག་མཁོ་འདོན་བྱ་དགོས་པ་ལས་རྫུན་ཞུ་དང་། གསང་ཞུ། གོང་ཞུ་མི་བྱེད་པ། འགྱངས་སུ་འཇུག་པ་བཅས་བྱས་མི་ཆོག

ས་དོན་གཙོ་སྐྱོང་སྡེ་ཁག་དང་བསྡོམས་རྩིས་སྡེ་ཁག་གིས་མཉམ་དུ་ཡོངས་བསྒྲགས་བྱས་པའི་ས་ཆའི་རྒྱ་ཁྱོན་གྱི་བསྡོམས་གྲངས་དཔྱད་གཞི་ནི་མི་དམངས་སྲིད་གཞུང་རིམ་པ་ཁག་གིས་ས་ཆ་སྤྱོད་ཐབས་སྐོར་གྱི་ཁྱོན་ཡོངས་ཀྱི་འཆར་གཞི་བཟོ་འགོད་བྱེད་པའི་གཞི་འཛིན་ས་ཡིན།

དོན་ཚན་སུམ་ཅུ་པ།  རྒྱལ་ཁབ་གཞུང་ནས་རྒྱལ་ཡོངས་ཀྱི་ས་ཆ་བདག་སྐྱོང་བྱེད་པའི་ཆ་འཕྲིན་མ་ལག་བཙུགས་ནས་ས་ཆ་སྤྱོད་ཚུལ་ལ་ལྟ་ཞིབ་བྱ་རྒྱུ། 

ལེའུ་བཞི་པ། རྨོ་ཞིང་སྲུང་སྐྱོང་བྱེད་ཕྱོགས་སྐོར།

དོན་ཚན་སོ་གཅིག་པ།   རྒྱལ་ཁབ་གཞུང་ནས་རྨོ་ཞིང་སྲུང་སྐྱོང་བྱ་རྒྱུ་དང་། རྨོ་ཞིང་གཞན་དུ་བསྒྱུར་རིགས་ལ་ཚོད་འཛིན་ནན་ཏན་བྱ་རྒྱུ།

རྒྱལ་ཁབ་གཞུང་ནས་བཟུང་སྤྱོད་བྱས་པའི་རྨོ་ཞིང་ལ་སྐྱིན་ཚབ་འཇལ་བའི་ལམ་ལུགས་ལག་ལེན་བསྟར་རྒྱུ། ཞིང་ལས་མིན་པའི་འཛུགས་སྐྲུན་བྱ་རྒྱུར་ཆོག་མཆན་ཐོབ་ནས་རྨོ་ཞིང་པཟུང་སྤྱོད་བྱས་རིགས་ལ། “གང་ཙམ་བཟུང་སྤྱོད་བྱས་པ་དེ་ཙམ་གསར་སྦོལ་བྱ་རྒྱུའི”རྩ་དོན་ལྟར་རྨོ་ཞིང་པཟུང་སྤྱོད་བྱེད་པའི་སྡེ་ཁག་གིས་བཟུང་སྤྱོད་བྱས་པའི་རྨོ་ཞིང་གི་གཞི་ཁྱོན་དང་སྤུས་ཀ་དང་མཚུངས་པའི་རྨོ་ཞིང་གསར་སྦོལ་བྱེད་འགན་འཁུར་རྒྱུ་དང་། གསར་སྦོལ་བྱེད་པའི་ཆ་རྐྱེན་མ་འཛོམས་པའམ་ཡང་ན་གསར་སྦོལ་བྱས་པའི་རྨོ་ཞིང་བླང་བྱ་དང་མ་མཐུན་ན། ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་ཀྱི་གཏན་འབེབས་གཞིར་བཟུང་ནས་རྨོ་ཞིང་གསར་སྦོལ་གྱི་གྲོན་དངུལ་སྤྲོད་དགོས་ཤིང་། དེ་རྨོ་ཞིང་གསར་སྦོལ་བྱ་རྒྱུ་ཁོ་ནའི་ཐད་ལ་སྤྱོད་དགོས།

ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་ཀྱི་མི་དམངས་སྲིད་གཞུང་ནས་རྨོ་ཞིང་གསར་སྦོལ་བྱ་རྒྱུའི་སྐོར་གྱི་འཆར་གཞི་བཟོ་འགོད་བྱ་དགོས་པ་དང་། རྨོ་ཞི་བཟུང་སྤྱོད་བྱེད་པའི་སྡེ་ཁག་གིས་འཆར་གཞི་ལྟར་རྨོ་ཞིང་གསར་སྦོལ་བྱེད་པའམ་འཆར་གཞི་ལྟར་རྨོ་ཞིང་གསར་སྦོལ་བྱེད་དུ་འཇུག་པར་ལྟ་སྐུལ་བྱ་རྒྱུ་མ་ཟད། དེ་ཞིབ་བཤེར་རྩིས་ལེན་ཡང་བྱ་རྒྱུ།

དོན་ཚན་སོ་གཉིས་པ།  རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་ནས་རྨོ་ཞིང་པཟུང་སྤྱོད་བྱེད་པའི་སྡེ་ཁག་ལ་བཟུང་སྤྱོད་བྱས་པའི་རྨོ་ཞིང་གི་སྟེང་ས་དེ་གསར་དུ་སྦོལ་བའི་རྨོ་ཞིང་དང་། ས་རྒྱུ་ཞན་པའི་ས་ཞིང་ངམ་ཡང་ན་རྨོ་ཞིང་གཞན་དག་གི་ས་རྒྱུ་ལེགས་འགྱུར་བྱ་རྒྱུར་སྤྱོད་དགོས་རྒྱུའི་བླང་བྱ་བཏོན་ཆོག

དོན་ཚན་སོ་གསུམ་པ།  ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་ཀྱི་མི་དམངས་སྲིད་གཞུང་ནས་ས་ཆ་སྤྱོད་ཐབས་སྐོར་གྱི་ཁྱོན་ཡོངས་ཀྱི་འཆར་གཞི་དང་ས་ཆ་སྤྱོད་ཐབས་སྐོར་གྱི་ལོ་རེའི་འཆར་གཞི་ལག་ལེན་ནན་ཏན་བསྟར་བ་དང་བྱེད་ཐབས་སྤྱད་དེ་སྲིད་འཛིན་ས་ཁོངས་འདི་ཉིད་ནང་གི་རྨོ་ཞིང་པསྡོམས་གྲངས་ཉུང་དུ་མི་འགྲོ་བར་འགན་ལེན་བྱ་དགོས། རྨོ་ཞིང་གི་བསྡོམས་གྲངས་ཇེ་ཉུང་དུ་སོང་བའི་རིགས་ལ། རྒྱལ་སྲིད་སྤྱི་ཁྱབ་ཁང་ནས་གཏན་འབེབས་ཀྱི་དུས་བཀག་ནང་ཉུང་དུ་སོང་བའི་རྨོ་ཞིང་གསར་སྦོལ་བྱེད་དུ་འཇུག་རྒྱུའི་འགན་དཀྲི་རྒྱུ་མ་ཟད། རྒྱལ་སྲིད་སྤྱི་ཁྱབ་ཁང་ཁོངས་ཀྱི་ས་དོན་གཙོ་སྐྱོང་སྡེ་ཁག་གིས་ཞིང་ལས་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་དང་ལྷན་དུ་ཞིབ་བཤེར་རྩིས་ལེན་ཡང་བྱ་རྒྱུ། ཞིང་ཆེན་དང་ཐད་སྐྱོང་གྲོང་ཁྱེར་རེ་འགའ་བའི་ས་ཆའི་རྗེས་གྲབས་ཐོན་ཁུངས་དཀོན་པའི་དབང་གིས་འཛུགས་སྐྲུན་ལ་སྤྱོད་པའི་ས་ཞིང་མང་དུ་སོང་རྗེས། གསར་དུ་སྦོལ་བའི་རྨོ་ཞིང་གི་གཞི་ཁྱོན་གྱིས་བཟུང་སྤྱོད་བྱས་པའི་རྨོ་ཞིང་གི་ཚབ་གྲངས་མི་འདང་བའི་ཚེ། རྒྱལ་སྲིད་སྤྱི་ཁྱབ་ཁང་ལ་སྲིད་འཛིན་ས་ཁོངས་འདི་ཉིད་ཀྱི་ཁོངས་སུ་གསར་དུ་སྦོལ་བའི་རྨོ་ཞིང་གི་གཞི་ཁྱོན་ཆག་ཡང་དང་རྩ་ཆག་བཏང་ནས་ས་ཆ་བརྗེས་ནས་གསར་སྦོལ་བྱ་རྒྱུ་སྙན་སེང་བཀའ་འཁྲོལ་ཞུ་དགོས།

དོན་ཚན་སོ་བཞི་པ། རྒྱལ་ཁབ་གཞུང་ནས་གཞི་རྩའི་ཞིང་ཁ་སྲུང་སྐྱོང་བྱེད་པའི་ལམ་ལུགས་ལག་ལེན་བསྟར་རྒྱུ། གཤམ་གསལ་གྱི་རྨོ་ཞིང་དག་ས་ཆ་སྤྱོད་ཐབས་སྐོར་གྱི་ཁྱོན་ཡོངས་ཀྱི་འཆར་གཞིར་གཞིགས་ནས་གཞི་རྩའི་ཞིང་ཁ་སྲུང་སྐྱོང་བྱེད་ཁུལ་དུ་བཅུག་ནས་དོ་དམ་ནན་མོ་བྱ་དགོས་པ་སྟེ།

(གཅིག)རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་གཙོ་སྐྱོང་སྡེ་ཁག་གམ་ཡང་ན་རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གིས་ཆོག་མཆན་གནང་ནས་གཏན་ལ་ཁེལ་བའི་འབྲུ་རིགས་དང་། སྲིང་བལ། ཟ་སྣུམ་བཅས་པའི་ཐོན་སྐྱེད་རྟེན་གཞིའི་ནང་གི་རྨོ་ཞིང་དང་།

(གཉིས)ཆུ་བེད་དང་ས་ཆུ་སྲུང་འཛིན་སྒྲིག་བཀོད་བཟང་པོ་ཡོད་པའི་རྨོ་ཞིང་དང་། བསྒྱུར་བཀོད་འཆར་གཞི་ལག་ལེན་བསྟར་བཞིན་པ་དང་དེ་བཞིན་བསྒྱུར་བཀོད་བྱས་ཆོག་པའི་ཐོན་འབབ་འབྲིང་བ་དང་དམའ་བའི་ཞིང་ཁ།

(གསུམ)སྔོ་ཚལ་འདེབས་སའི་རྟེན་གཞི།

(བཞི)ཞིང་ལས་ཐད་ཀྱི་ཚན་རིག་ཞིབ་འཇུག་དང་སློབ་ཁྲིད་ཀྱི་ཚོད་ལྟའི་ཞིང་ཁ།

(ལྔ)རྒྱལ་སྲིད་སྤྱི་ཁྱབ་ཁང་ནས་གཞི་རྩའི་ཞིང་ཁ་སྲུང་སྐྱོང་བྱེད་ཁུལ་ནང་འཇུག་དགོས་པར་གཏན་ལ་ཕབ་པའི་རྨོ་ཞིང་གཞན་དག་བཅས་ཡིན།

ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་ཁག་གིས་དབྱེ་མཚམས་བཅད་ནས་གཏན་ལ་ཕབ་པའི་གཞི་རྩའི་ཞིང་ཁ་རྣམས་སྲིད་འཛིན་ས་ཁོངས་འདི་གའི་རྨོ་ཞིང་གི་བརྒྱ་ཆ་བརྒྱད་ཅུ་ཡན་ཟིན་དགོས།

གཞི་རྩའི་ཞིང་ཁ་སྲུང་སྐྱོབ་ཁུལ་ནི་ཞང(གྲོང་རྡལ)གིས་རྩིས་གཞི་རེ་བྱས་ནས་ས་མཚམས་ཕྱེ་སྟེ་རྫོང་རིམ་པའི་མི་དམངས་སྲིད་གཞུང་ཁོངས་ས་དོན་གཙོ་གཉེར་ལས་ཁུངས་ཀྱིས་རིམ་པ་གཅིག་པའི་ཞིང་ལས་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་དང་ལྷན་དུ་སྒྲིག་འཛུགས་བྱས་ནས་ལག་ལེན་བསྟར་རྒྱུ།

དོན་ཚན་སོ་ལྔ་པ།  མི་དམངས་སྲིད་གཞུང་རིམ་པ་ཁག་གིས་བྱེད་ཐབས་སྤྱད་ནས་ཞིང་ཆུ་འདྲེན་འབུད་ལས་གྲྭའི་སྒྲིག་བཀོད་སྲུང་སྐྱོང་བྱ་རྒྱུ་དང་། ས་རྒྱུ་ལེགས་འགྱུར་བྱ་རྒྱུ། ས་རྒྱུའི་གཤིན་ཚད་ཇེ་ཆེར་གཏོང་བ་བཅས་བྱས་ཏེ་ས་ཞིང་ས་རྒོད་དུ་འགྱུར་བ་དང་། བ་ཚྭ་ཅན་དུ་འགྱུར་བ། ས་ཆུ་ཤོར་བ། ས་ཞིང་སྦགས་བཙོག་ཏུ་འགྱུར་རིགས་བཅས་བཀག་འགོག་བྱ་དགོས།

དོན་ཚན་སོ་དྲུག་པ།  ཞིང་ལས་མིན་པའི་འཛུགས་སྐྲུན་ཐད་ས་ཆ་བེད་སྤྱོད་བྱ་རྒྱུར་ངེས་པར་དུ་གྲོན་ཆུང་བྱ་དགོས་ཤིང་། ས་རྒོད་བེད་སྤྱོད་ཆོག་ན་རྨོ་ཞིང་བེད་སྤྱོད་བྱེད་མི་རུང་བ་དང་། ས་རྒྱུ་ཞན་པའི་ས་ཞིང་བེད་སྤྱོད་ཆོག་ན་ས་རྒྱུ་གཤིན་པའི་ཞིང་ས་བཟུང་སྤྱོད་བྱེད་མི་རུང་།

རྨོ་ཞིང་པཟུང་སྤྱོད་བྱས་ནས་རྫ་ཐབ་དང་། བང་སོ་བརྩིགས་པའམ་ཡང་ན་རྨོ་ཞིང་ཐོག་རང་དགར་ཁང་པ་རྒྱག་པ་དང་། བྱེ་ས་འདོན་པ། རྡོ་འདོན་པ། གཏེར་ཁ་སྔོག་པ། ས་ལེན་པ་སོགས་བགག་འགོག་བྱ་རྒྱུ།

གཞི་རྩའི་ཞིང་ཁ་བཟུང་སྤྱོད་བྱས་ནས་རྩི་ཤིང་ནགས་ལས་འཕེལ་རྒྱས་གཏོང་བ་དང་རྫིང་བུ་འདྲུས་ནས་ཉ་གསོ་རིགས་བཀག་འགོག་བྱ་རྒྱུ།

དོན་ཚན་སོ་བདུན་པ།  སྡེ་ཁག་གང་དང་མི་སྒེར་སུ་ཞིག་གིས་རྨོ་ཞིང་བེད་མེད་དུ་བཞག་པ་དང་རྨོ་ཞིང་རེངས་པོར་ལུས་སུ་བཅུག་མི་ཆོག   ཞིབ་བཤེར་ཆོག་མཆན་འགོད་པའི་འགྲོ་ལུགས་འགྲིམས་ཟིན་པའི་ཞིང་ལས་མིན་པའི་འཛུགས་སྐྲུན་གྱིས་བཟུང་སྤྱོད་བྱས་པའི་རྨོ་ཞིང་ལོ་གཅིག་ནང་བེད་སྤྱོད་གཏོང་མི་དགོས་པའི་ཐོག་རྨོ་འདེབས་བྱས་ཆོག་ལ་ཐོན་འབབ་ཡོད་ན། སྔར་རྨོ་ཞིང་དེ་རྨོ་འདེབས་བྱེད་མཁན་ཐུན་མོང་ངམ་ཡང་ན་མི་སྒེར་གྱིས་རྨོ་འདེབས་བསྐྱར་གསོ་བྱ་དགོས་ལ། ས་ཞིང་སྤྱོད་པའི་སྡེ་ཁག་གིས་ཀྱང་རྨོ་འདེབས་བྱེད་དུ་བཅུག་ཆོག   ལོ་གཅིག་ཡན་ཆད་ལས་འགོ་ཚུགས་མེད་ན་ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་ཀྱི་གཏན་འབེབས་གཞིར་བཟུང་ནས་རང་འགར་འཇོག་དངུལ་འཇལ་དགོས། ལོ་གཉིས་བསྟུན་མར་བེད་སྤྱོད་བཏང་མེད་ན། སྔར་གྱི་མཆན་འགོད་ལས་ཁུངས་ཀྱི་ཆོག་མཆན་ཐོབ་ནས། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་ས་ཞིང་སྤྱོད་པའི་སྡེ་ཁག་གི་ས་ཞིང་སྤྱོད་དབང་རིན་དོད་མེད་པར་ཚུར་བསྡུ་རྒྱུ། ས་ཞིང་དེ་སྔར་ཞིང་པ་ཐུན་མོང་ལ་དབང་བ་ཡིན་ན། སྔར་གྱི་གྲོང་གསེབ་ཐུན་མོང་དཔལ་འབྱོར་རྩ་འཛུགས་ལ་རྨོ་འདེབས་བསྐྱར་གསོ་བྱ་རྒྱུར་སྤྲོད་དགོས།

གྲོང་ཁྱེར་འཆར་འགོད་ཁུལ་གྱི་ཁྱབ་ཁོངས་ནས། ནང་བཤུག་གཏོང་བའི་བྱེད་ཐབས་ཀྱི་ཐོག་ནས་ས་ཆ་སྤྱོད་དབང་ཐོབ་སྟེ་ས་ཁང་བདག་ཁོངས་གསར་སྤེལ་བྱ་རྒྱུར་རང་དགར་བཞག་པའི་ས་ཆ་ལ《གྲོང་ཁྱེར་གྱི་ས་ཁང་བདག་ཁོངས་དོ་དམ་བྱེད་ཕྱོགས་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས》ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་བསྒྲུབ་རྒྱུ།

རྨོ་ཞིང་འགན་གཙང་བླངས་ནས་གཉེར་སྐྱོང་བྱེད་པའི་སྡེ་ཁག་གམ་ཡང་ན་མི་སྒེར་གྱིས་ལོ་གཉིས་བསྟུད་མར་རྨོ་འདེབས་སྤངས་ནས་ས་རྒོད་དུ་བཞག་ན། སྔར་འགན་གཙང་དུ་སྤྲོད་མཁན་སྡེ་ཁག་གིས་འགན་གཙང་ལེན་གྱི་གན་རྒྱ་སྒྲུབ་མཚམས་བཞག་ནས་འགན་གཙང་སྤྲད་པའི་རྨོ་ཞིང་ཚུར་བསྡུ་དགོས།

དོན་ཚན་སོ་བརྒྱད་པ།    རྒྱལ་ཁབ་གཞུང་ནས་སྡེ་ཁག་དང་མི་སྒེར་གྱིས་ས་ཆ་སྤྱོད་ཐབས་སྐོར་གྱི་ཁྱོན་ཡོངས་ཀྱི་འཆར་གཞིར་བཟུང་ནས་སྐྱེ་དངོས་ཀྱི་ཁོར་ཡུག་སྲུང་སྐྱོང་དང་ལེགས་བཅོས་བྱ་རྒྱུ་དང་། ས་ཆུ་ཤོར་བ་དང་ས་ཞིང་ས་རྒོད་ཅན་དུ་མི་འགྱུར་བར་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག  བེད་སྤྱོད་མ་བྱུང་བའི་ས་ཆ་གསར་སྤེལ་བྱ་རྒྱུར་སྐུལ་འདེད་བྱ་རྒྱུ། ཞིང་སྤྱོད་ས་ཞིང་ལ་གསར་སྤེལ་འོས་ན། དམིགས་སུ་བཀར་ནས་སྔོན་ལ་ཞིང་སྤྱོད་ས་ཞིང་ལ་གསར་སྤེལ་བྱ་དགོས།

རྒྱལ་ཁབ་གཞུང་ནས་ཁྲིམས་ལྟར་གསར་སྤེལ་བྱེད་མཁན་གྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱ་རྒྱུ།

དོན་ཚན་སོ་དགུ་པ།   བེད་སྤྱོད་མ་བྱུང་བའི་ས་ཆ་གསར་སྦོལ་བྱེད་པར་ངེས་པར་དུ་ཚན་རིག་དང་མཐུན་པའི་རིགས་པས་ཁུངས་སྐྱེལ་དང་དཔྱད་དཔོག་བྱས་རྗེས། ས་ཆ་སྤྱོད་ཐབས་སྐོར་གྱི་ཁྱོན་ཡོངས་ཀྱི་འཆར་གཞིའི་ནང་དབྱེ་མཚམས་བཅད་པའི་གསར་སྦོལ་བྱས་ཆོག་པའི་ས་ཁོངས་སུ་ཁྲིམས་ལྟར་ཆོག་མཆན་ཐོབ་རྗེས་གསར་སྦོལ་བྱ་རྒྱུ། ནགས་ཚལ་གཏོར་བརླག་གཏོང་བ་དང་རྩྭ་ཐང་རྨོ་ཞིང་དུ་གསར་སྦོལ་བྱེད་པར་བཀག་འགོག་བྱ་རྒྱུ་དང་། མཚེའུ་ཡི་མཐའ་སྐོར་དུ་ཞིང་ཁ་བཟོ་བ་དང་ཆུ་བོའི་གྲམ་ཐང་བཙན་བཟུང་བྱེད་པར་བཀག་འགོག་བྱ་རྒྱུ།

ས་ཆ་སྤྱོད་ཐབས་སྐོར་གྱི་ཁྱོན་ཡོངས་ཀྱི་འཆར་གཞི་གཞིར་བཟུང་ནས་སྐྱེ་དངོས་ཁོར་ཡུག་གཏོར་སྐྱོན་བཏང་ནས་གསར་སྦོལ་དང་། གྲམ་བསྐོར་རྨོ་འདེབས་བྱས་པའི་ས་ཆ་དག་འཆར་གཞི་ཡོད་པ་དང་གོ་རིམ་ལྡན་པའི་སྒོ་ནས་ཞིང་ཁ་དོར་ནས་ནགས་སྐྱོང་དང་། ཕྱུགས་སྤེལ།  མཚེའུ་སྐྲུན་བཅས་བྱ་རྒྱུ།

དོན་ཚན་བཞི་བཅུ་པ།  བེད་སྤྱོད་བྱེད་དབང་གཏན་ལ་ཁེལ་མེད་པའི་རྒྱལ་ཁབ་གཞུང་ལ་དབང་བའི་རི་རྒོད་དང་། ས་རྒོད། ཐང་རྒོད་བཅས་ལ་འདེབས་འཛུགས་ཀྱི་ལས་རིགས་དང་། ནགས་ལས། ཕྱུགས་ལས། ཉ་ལས་བཅས་པའི་ཐོན་སྐྱེད་གསར་སྤེལ་བྱེད་བསམས་ན། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་ཁྲིམས་ལྟར་ཆོག་མཆན་གནང་རྗེས་གསར་སྤེལ་སྡེ་ཁག་གམ་མི་སྒེར་ལ་ཡུན་རིང་བེད་སྤྱོད་བྱེད་དུ་འཇུག་རྒྱུའི་གཏན་ཁེལ་བྱས་ཆོག་

དོན་ཚན་ཞེ་གཅིག་པ།  རྒྱལ་ཁབ་གཞུང་ནས་ས་ཆ་ལེགས་སྒྲིག་བྱ་རྒྱུར་སྐུལ་འདེབས་བྱ་རྒྱུ། རྫོང་དང་ཞང(གྲོང་རྡལ)མི་དམངས་སྲིད་གཞུང་གིས་གྲོང་གསེབ་ཀྱི་ཐུན་མོང་དཔལ་འབྱོར་རྩ་འཛུགས་སྒྲིག་འཛུགས་བྱས་ནས་ས་ཆ་སྤྱོད་ཐབས་སྐོར་གྱི་ཁྱོན་ཡོངས་ཀྱི་འཆར་གཞི་གཞིར་བཟུང་ནས་ཞིང་ཁ་དང་། ཆུ། ལམ། ནགས། གྲོང་ཚོ་བཅས་ལ་ཕྱོགས་བསྡུས་ཀྱིས་བཅོས་སྐྱོང་བྱས་ནས་རྨོ་ཞིང་གི་སྤུས་ཀ་མཐོར་འདེགས་དང་། ནུས་ལྡན་རྨོ་ཞིང་གི་རྒྱ་ཁྱོན་ཁ་སྣོན། ཞིང་ལས་ཀྱི་ཐོན་སྐྱེད་ཆ་རྐྱེན་དང་སྐྱེ་དངོས་ཀྱི་ཁོར་ཡུག་ལེགས་བཅོས་བཅས་བྱ་རྒྱུ།

ས་གནས་མི་དམངས་སྲིད་གཞུང་རིམ་པ་ཁག་གིས་བྱེད་ཐབས་སྤྱད་ནས་ཐོན་འབབ་འབྲིང་བ་དང་དམའ་བའི་ཞིང་ཁ་བསྒྱུར་བཀོད་བྱ་དགོས་པ་དང་། བེད་མེད་རང་དགར་བཞག་པའི་ས་ཞིང་དང་བེད་མེད་དུ་བསྒྱུར་བའི་ས་ཞིང་ལེགས་བཅོས་བྱ་དགོས།

དོན་ཚན་ཞེ་གཉིས་པ།  དུས་སྐྱོན་དང་། སྡིབ་པ། བཟུང་གནོན་སོགས་ཀྱི་དབང་གིས་ས་ཆར་གཏོར་སྐྱོན་བྱུང་ན། ས་ཆ་སྤྱོད་པའི་སྡེ་ཁག་དང་མི་སྒེར་གྱིས་རྒྱལ་ཁབ་གཞུང་གི་འབྲེལ་ཡོད་གཏན་འབེབས་ལྟར་གསར་སྦོལ་བསྐྱར་མ་བྱེད་འགན་འཁུར་དགོས། བསྐྱར་སྦོལ་བྱེད་པའི་ཆ་རྐྱེན་མ་འཛོམས་པའམ་ཡང་ན་བསྐྱར་སྦོལ་བྱས་པ་བླང་བྱ་དང་མ་མཐུན་ན། ས་ཆ་བསྐྱར་སྦོལ་བྱེད་པར་མཁོ་བའི་གྲོན་དངུལ་འཇལ་དགོས་པ་དང་། གྲོན་དངུལ་དེ་དམིགས་སུ་ས་ཆ་བསྐྱར་སྦོལ་བྱ་རྒྱུའི་ཐོག་ལ་སྤྱོད་དགོས། བསྐྱར་སྦོལ་བྱས་པའི་ས་ཆ་དམིགས་སུ་བཀར་ནས་སྔོན་ལ་ཞིང་ལས་ལ་སྤྱོད་དགོས། 

ལེའུ་ལྔ་པ། འཛུགས་སྐྲུན་ལ་མཁོ་བའི་ས་ཆའི་སྐོར།

དོན་ཚན་ཞེ་གསུམ་པ།  སྡེ་ཁག་གང་དང་མི་སྒེར་སུ་ཞིག་གིས་འཛུགས་སྐྲུན་བྱེད་པར་ས་ཆ་སྤྱོད་དགོས་བྱུང་ན། ངེས་པར་དུ་བཅའ་ཁྲིམས་ལྟར་རྒྱལ་ཁབ་གཞུང་ལ་དབང་བའི་ས་ཆ་བཀོལ་སྤྱོད་ཡོང་རེ་ཞུ་དགོས། འོན་ཀྱང་དེར་ཞང་དང་གྲོང་རྡལ་གྱི་ཁེ་ལས་འཛུགས་བྱེད་དང་གྲོང་གསེབ་ཀྱི་ཡུལ་མིའི་སྡོད་ཁང་རྒྱག་བྱེད་དུ་བཅའ་ཁྲིམས་ལྟར་ཆོག་མཆན་ཐོབ་ནས་ཐུན་མོང་དཔལ་འབྱོར་རྩ་འཛུགས་དང་ཞིང་པ་ཐུན་མོང་རང་ཉིད་ལ་དབང་བའི་ས་ཆ་བེད་སྤྱོད་གཏོང་དགོས་པའམ་ཡང་ན་ཞང(གྲོང་རྡལ)དང་གྲོང་ཚོའི་སྤྱི་པའི་སྒྲིག་བཀོད་དང་སྤྱི་ཕན་གྱི་བྱ་བཞག་སྒྲུབ་བྱེད་དུ་བཅའ་ཁྲིམས་ལྟར་ཆོག་མཆན་ཐོབ་ནས་ཐུན་མོང་ལ་དབང་བའི་ས་ཆ་རྣམས་བེད་སྤྱོད་གཏོང་དགོས་པའི་རིགས་ཚུད་མེད།

གོང་གསལ་དོན་ཚན་ནང་བཅའ་ཁྲིམས་ལྟར་བཀོལ་སྤྱོད་ཡོང་རེ་ཞུ་དགོས་པའི་རྒྱལ་ཁབ་ལ་དབང་བའི་ས་ཆ་ཞེས་པ་དེར་རྒྱལ་ཁབ་གཞུང་ལ་དབང་བའི་ས་ཆ་དང་དེ་སྔ་ཞིང་པ་ཐུན་མོང་ལ་དབང་རུང་ཕྱིས་སུ་རྒྱལ་ཁབ་གཞུང་ནས་བསྡུས་པའི་ས་ཆ་ཚུད་ཡོད།

དོན་ཚན་ཞེ་བཞི་པ།   འཛུགས་སྐྲུན་གྱི་ཆེད་དུ་ས་ཆ་བཟུང་སྤྱོད་བྱེད་སྐབས་ཞིང་སྤྱོད་ས་ཆ་བེད་སྤྱོད་བྱ་དགོས་བྱུང་ན་ཞིང་སྤྱོད་ས་ཆ་གཞན་དུ་སྤྱོད་པར་ཆོག་མཆན་ཞུ་བའི་འགྲོ་ལུགས་ངེས་པར་འགྲིམ་དགོས།

ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་ཀྱི་མི་དམངས་སྲིད་གཞུང་ནས་བཀའ་འཁྲོལ་བྱུང་བའི་གཞུང་ལམ་དང་། གློག་སྐུད་དང་ལྕགས་མདོང་ལས་གྲྭ། རྨང་གཞིའི་སྒྲིག་བཀོད་ཆེན་མོ་བཅས་ཀྱི་འཛུགས་སྐྲུན་རྣམ་གྲངས་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་ནས་བཀའ་འཁྲོལ་བྱུང་བའི་འཛུགས་སྐྲུན་གྱི་རྣམ་གྲངས་ཁག་གི་ཆེད་དུ་ས་ཆ་བཟུང་སྤྱོད་བྱེད་སྐབས་ཞིང་སྤྱོད་ས་ཆ་སྤྱོད་དགོས་བྱུང་ན་དེར་རྒྱལ་སྲིད་སྤྱི་ཁྱབ་ཁང་ནས་ཆོག་མཆན་སྤྲོད་རྒྱུ།

ས་ཆ་སྤྱོད་ཐབས་སྐོར་གྱི་ཁྱོན་ཡོངས་ཀྱི་འཆར་གཞི་གཏན་ལ་ཕབ་ཟིན་པའི་གྲོང་ཁྱེར་དང་། གྲོང་ཚོ། གྲོང་རྡལ་བཅས་ཀྱི་འཛུགས་སྐྲུན་ལ་མཁོ་བའི་ས་ཆའི་ཁྱབ་ཁོངས་ནང་འཆར་གཞི་དེ་དོན་འཁྱོལ་བྱེད་ཆེད་ཞིང་སྤྱོད་ས་ཞིང་སྤྱོད་དགོས་བྱུང་ན། ས་ཆ་སྤྱོད་ཐབས་སྐོར་གྱི་ལོ་རེའི་འཆར་གཞི་ལྟར་ས་ཆ་སྤྱོད་ཐབས་སྐོར་གྱི་ཁྱོན་ཡོངས་ཀྱི་འཆར་གཞིར་ཆོག་མཆན་འགོད་མཁན་གྱི་དེ་སྔའི་ལས་ཁུངས་ནས་རིམ་པ་ཁག་བགོས་ངང་ཆོག་མཆན་སྤྲོད་རྒྱུ། ཞིང་སྤྱོད་ས་ཆ་འཛུགས་སྐྲུན་ཐོག་སྤྱོད་རྒྱུར་ཆོག་མཆན་བྱུང་ཟིན་པའི་ཁྱབ་ཁོངས་ནང་། འཛུགས་སྐྲུན་གྱི་རྣམ་གྲངས་ཞིབ་ཕྲར་ས་ཆ་སྤྱོད་དགོས་བྱུང་ན་གྲོང་ཁྱེར་དང་རྫོང་མི་དམངས་སྲིད་གཞུང་ནས་ཆོག་མཆན་སྤྲད་ན་ཆོག

དོན་ཚན་འདིའི་ནང་གསེས་དོན་ཚན་གཉིས་པ་དང་གསུམ་པར་གཏན་འབེབས་བྱས་པ་རྣམས་ཕུད། དེ་བྱིངས་ཀྱི་འཛུགས་སྐྲུན་རྣམ་གྲངས་ལ་ས་ཆ་སྤྱོད་དགོས་བྱུང་ན། ཞིང་ཆེན་དང་། རང་སྐྱོང་ལྗོངས།  ཐད་སྐྱོང་གྲོང་ཁྱེར་བཅས་ཀྱི་མི་དམངས་སྲིད་གཞུང་ནས་ཆོག་མཆན་སྤྲོད་རྒྱུ།

དོན་ཚན་ཞེ་ལྔ་པ།   གཤམ་གསལ་གྱི་ས་ཆ་རྣམས་བསྡུ་ལེན་བྱ་དགོས་ན་རྒྱལ་སྲིད་སྤྱི་ཁྱབ་ཁང་ནས་ཆོག་མཆན་སྤྲོད་རྒྱུ་སྟེ།

(གཅིག)གཞི་རྩའི་ས་ཞིང་དང་།

(གཉིས)གཞི་རྩའི་ས་ཞིང་ཕུད་པའི་རྒྱ་ཁྱོན་ལ་སྤྱི་ཆིང་སོ་ལྔ་ལས་བརྒལ་བའི་རྨོ་ཞིང་གི་རིགས།

(གསུམ)རྒྱ་ཁྱོན་ལ་སྤྱི་ཆིང་བདུན་ཅུ་ཡན་ཡོད་པའི་ས་ཞིང་གཞན་པ་བཅས་ཡིན། གོང་གསལ་དོན་ཚན་གྱི་གཏན་འབེབས་ལས་འདས་པའི་ས་ཆ་རྣམས་བསྡུ་ལེན་བྱ་དགོས་ན། དེར་ཞིང་ཆེན་དང་། རང་སྐྱོང་ལྗོངས།  ཐད་སྐྱོང་གྲོང་ཁྱེར་བཅས་ཀྱི་མི་དམངས་སྲིད་གཞུང་ནས་ཆོག་མཆན་སྤྲོད་དགོས་པ་མ་ཟད། རྒྱལ་སྲིད་སྤྱི་ཁྱབ་ཁང་ལ་ཐོ་འགོད་སྙན་སེང་ཡང་ཞུ་རྒྱུ།

ཞིང་སྤྱོད་ས་ཆ་བསྡུ་དགོས་ན། བཅའ་ཁྲིམས་འདིའི་དོན་ཚན་ཞེ་བཞི་པའི་གཏན་འབེབས་ལྟར་སྔོན་ལ་ཞིང་སྤྱོད་ས་ཆ་གཞན་པར་སྤྱོད་རྒྱུའི་ཞིབ་བཤེར་ཆོག་མཆན་ཞུ་དགོས། དེའི་ནང་གི་ཞིང་སྤྱོད་ས་ཆ་གཞན་དུ་སྤྱོད་པར་རྒྱལ་སྲིད་སྤྱི་ཁྱབ་ཁང་ནས་ཆོག་མཆན་བྱུང་ཟིན་པའི་རིགས་རྣམས་དུས་མཚུངས་སུ་ས་ཆ་བསྡུ་ལེན་བྱ་རྒྱུར་ཞིབ་བཤེར་ཆོག་མཆན་ཡོང་རེའི་འགྲོ་ལུགས་འགྲིམ་དགོས་པ་ལས་ཡང་བསྐྱར་ཟུར་ལ་ས་ཆ་བསྡུ་ལེན་བྱེད་ཕྱིར་ཞིབ་བཤེར་ཆོག་མཆན་ཞུ་དགོས་མེད། ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་ཀྱི་མི་དམངས་སྲིད་གཞུང་གིས་ས་ཆ་བསྡུ་ལེན་བྱེད་རྒྱུར་ཆོག་མཆན་འགོད་པའི་དབང་མཚམས་སུ་ཞིང་སྤྱོད་ས་ཆ་གཞན་པར་སྤྱད་འཐུས་ཀྱི་ཆོག་མཆན་སྤྲད་ཟིན་པའི་རིགས་རྣམས་དུས་མཚུངས་སུ་ས་ཆ་བསྡུ་ལེན་བྱ་རྒྱུར་ཞིབ་བཤེར་ཆོག་མཆན་ཡོང་བའི་འགྲོ་ལུགས་འགྲིམ་དགོས་པ་ལས་ཡང་བསྐྱར་ཟུར་ལ་ས་ཆ་བསྡུ་ལེན་བྱ་ཕྱིར་ཞིབ་བཤེར་ཆོག་མཆན་ཞུ་དགོས་མེད། ས་ཆ་བསྡུ་ལེན་བྱེད་པར་ཆོག་མཆན་སྤྲོད་པའི་དབང་མཚམས་ལས་འདས་རིགས་རྣམས་དོན་ཚན་འདིའི་ནང་གསེས་དོན་ཚན་དང་པོའི་གཏན་འབེབས་ལྟར་ཟུར་དུ་ས་ཆ་བསྡུ་ལེན་བྱེད་པའི་ཞིབ་བཤེར་ཆོག་མཆན་ཞུ་དགོས།

དོན་ཚན་ཞེ་དྲུག་པ།   རྒྱལ་ཁབ་གཞུང་ནས་ས་ཆ་བསྡུ་དགོས་བྱུང་ན་བཅའ་ཁྲིམས་ནང་གསལ་གཏན་འབེབས་ཀྱི་གོ་རིམ་ལྟར་ཆོག་མཆན་བྱུང་བའི་རྗེས་སུ་རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་ནས་དེ་དོན་སྤྱི་བསྒྲགས་བྱ་དགོས་པ་མ་ཟད་དོན་འཁྱོལ་སྒྲིག་འཛུགས་ཀྱང་བྱ་དགོས།

བསྡུ་བྱའི་ས་ཆ་རྣམས་ཀྱི་བདག་པོ་དང་བེད་སྤྱོད་བྱེད་མིས་སྤྱི་བསྒྲགས་ནང་གཏན་ལ་ཕབ་པའི་དུས་ཚོད་ལྟར་ས་ཞིང་ལག་ཁྱེར་འཁྱེར་ནས་ས་གནས་འདིའི་མི་དམངས་སྲིད་གཞུང་གི་ས་དོན་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་ལ་ཕྱིན་ནས་ས་ཆ་བསྡུས་པར་ཁ་གསབ་ཡོང་རེའི་ཐོ་འགོད་བྱ་དགོས།

དོན་ཚན་ཞེ་བདུན་པ།  ས་ཆ་བསྡུ་མཁན་གྱིས་ཀྱང་ས་ཆ་དེ་རིགས་ཀྱི་དེ་སྔའི་སྤྱོད་སྒོ་གང་ཡིན་ལ་གཞིགས་ནས་སྐྱིན་ཚབ་སྤྲོད་རྒྱུ།

རྨོ་ཞིང་བསྡུས་པའི་སྐྱིན་ཚབ་ཀྱི་ཁོངས་སུ་ས་རིན་གྱི་སྐྱིན་ཚབ་དང་། བཀོད་སྒྲིག་བྱ་བྱེད་ཀྱི་རོགས་དངུལ། ས་འདིར་ཆགས་པའི་དངོས་རིགས་དང་མྱུ་གུའི་སྐྱིན་ཚབ་བཅས་ཚུད་ཡོད།  རྨོ་ཞིང་བསྡུས་པའི་ས་རིན་གྱི་སྐྱིན་ཚབ་བརྩི་ཐབས་ནི་རྨོ་ཞིང་དེ་མ་བསྡུས་གོང་གི་ལོ་གསུམ་ཆ་སྙོམས་བྱས་ན་ལོ་རེའི་ཐོན་རྫས་ཀྱི་རིན་ཐང་གང་ཙམ་བྱུང་བ་དེའི་ལྡབ་དྲུག་ནས་བཅུ་བར་ཡིན། རྨོ་ཞིང་བསྡུས་པའི་མི་ཆ་བཀོད་སྒྲིག་བྱ་རྒྱུའི་རོགས་དངུལ་བརྩི་ཐབས་ནི་བཀོད་སྒྲིག་བྱ་དགོས་པའི་ཞིང་པའི་མི་གྲངས་ལྟར་བརྩི་རྒྱུ་དང་། བཀོད་སྒྲིག་བྱ་དགོས་པའི་ཞིང་པའི་མི་གྲངས་དེ་ཡང་བསྡུས་པའི་རྨོ་ཞིང་གི་གཞི་ཁྱོན་དེ་ས་ཆ་མ་བསྡུས་གོང་གི་ས་ཆ་བསྡུ་ཡུལ་གྱི་ཚན་པ་དེར་ཆ་སྙོམས་སུ་མི་རེས་བཟུང་བའི་རྨོ་ཞིང་གི་རྒྱ་ཁྱོན་ལ་བགོས་ནས་བརྩི་རྒྱུ་ཡིན། བཀོད་སྒྲིག་བྱ་དགོས་པའི་ཞིང་པ་མི་རེའི་བཀོད་སྒྲིག་བྱེད་པར་མཁོ་བའི་རོགས་དངུལ་གྱི་ཚད་གཞི་ནི་རྨོ་ཞིང་དེ་མ་བསྡུས་གོང་གི་ལོ་གསུམ་ཆ་སྙོམས་བྱས་ན་ལོ་རེའི་ཐོན་རྫས་ཀྱི་རིན་ཐང་དེའི་ལྡབ་བཞི་ནས་དྲུག་བར་ཡིན། འོན་ཀྱང་བསྡུས་པའི་རྨོ་ཞིང་སྤྱི་ཆིང་རེའི་མི་ཆ་བཀོད་སྒྲིག་བྱ་བར་མཁོ་བའི་རོགས་དངུལ་དེ་མང་ཤོས་ལའང་རྨོ་ཞིང་མ་བསྡུས་གོང་གི་ལོ་གསུམ་ཆ་སྙོམས་སུ་ལོ་རེའི་ཐོན་རྫས་ཀྱི་རིན་ཐང་ལས་ལྡབ་བཅོ་ལྔ་ཡན་བརྒལ་མི་ཆོག

ས་ཆ་གཞན་པ་བསྡུས་པའི་ས་རིན་གྱི་སྐྱིན་ཚབ་དང་མི་ཆ་བཀོད་སྒྲིག་བྱ་བར་མཁོ་བའི་རོགས་དངུལ་གྱི་ཚད་གཞི་དེ་ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་ཀྱིས་རྨོ་ཞིང་བསྡུས་པའི་ས་རིན་གྱི་སྐྱིན་ཚབ་དང་མི་ཆ་བཀོད་སྒྲིག་བྱ་བར་མཁོ་བའི་རོགས་དངུལ་གྱི་ཚད་གཞི་ལ་དཔེ་བལྟས་ནས་གཏན་འབེབས་བྱ་རྒྱུ།

བསྡུས་པའི་ས་ཆའི་ཐོག་ཆགས་པའི་དོངས་རིགས་དང་མྱུ་གུའི་རིགས་ལ་སྐྱིན་ཚབ་འཇལ་བྱེད་ཀྱི་ཚད་གཞི་དེ་ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་ཀྱིས་གཏན་འབེབས་བྱ་རྒྱུ།

གྲོང་ཁྱེར་ཉེ་འདབས་ཀྱི་ཚལ་ཞིང་བསྡུས་ན་བསྡུ་མཁན་ལས་ཁུངས་ཀྱིས་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་ཚལ་ཞིང་གསར་པ་བཟོ་བྱེད་ཀྱི་འཛུགས་སྐྲུན་ཐེབས་རྩ་གོང་འབུལ་བྱ་དགོས།

དོན་ཚན་འདིའི་ནང་གསེས་དོན་ཚན་གཉིས་པའི་གཏན་འབེབས་ལྟར་ས་རིན་གྱི་སྐྱིན་ཚབ་དང་མི་ཆ་བཀོད་སྒྲིག་བྱེད་པར་མཁོ་བའི་རོགས་དངུལ་སྤྲད་ཀྱང་ད་དུང་བཀོད་སྒྲིག་བྱ་དགོས་པའི་ཞིང་པ་རྣམས་ཀྱི་འཚོ་བའི་ཆུ་ཚད་སྔར་གྱི་ཚད་ལ་སླེབས་མ་ཐུབ་ན་ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་ཀྱི་མི་དམངས་སྲིད་གཞུང་ལ་ཆོག་མཆན་ཞུས་ནས་མི་ཆ་བཀོད་སྒྲིག་བྱེད་པར་མཁོ་བའི་རོགས་དངུལ་ཁ་གསབ་བྱས་ཆོག འོན་ཀྱང་ས་རིན་གྱི་སྐྱིན་ཚབ་དང་མི་ཆ་བཀོད་སྒྲིག་བྱེད་པར་མཁོ་བའི་རོགས་དངུལ་གཉིས་པོའི་བསྡོམས་གྲངས་དེ་ས་ཆ་མ་བསྡུས་གོང་གི་ལོ་གསུམ་ཆ་སྙོམས་སུ་ལོ་རེའི་ཐོན་རྫས་ཀྱི་རིན་ཐང་ལས་ལྡབ་སུམ་ཅུ་ཡན་བརྒལ་མི་ཆོག

རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སྤྱི་ཚོགས་དང་དཔལ་འབྱོར་འཕེལ་རྒྱས་བྱུང་ཚད་ལ་གཞིགས་ནས་དམིགས་བསལ་གྱི་གནས་ཚུལ་འོག་རྨོ་ཞིང་བསྡུས་པའི་ས་རིན་གྱི་སྐྱིན་ཚབ་དང་མི་ཆ་བཀོད་སྒྲིག་བྱེད་པར་མཁོ་བའི་རོགས་དངུལ་གྱི་ཚད་གཞི་མཐོ་རུ་བཏང་ཆོག

དོན་ཚན་ཞེ་བརྒྱད་པ།    ས་ཞིང་བསྡུས་པའི་ས་རིན་གྱི་སྐྱིན་ཚབ་དང་མི་ཆ་བཀོད་སྒྲིག་བྱེད་པར་མཁོ་བའི་རོགས་དངུལ་སྤྲོད་ཐབས་གཏན་འཁེལ་བྱུང་རྗེས་འབྲེལ་ཡོད་ཀྱི་ས་གནས་མི་དམངས་སྲིད་གཞུང་ནས་དེ་དོན་ཁྱབ་བསྒྲགས་བྱ་དགོས་པ་དང་སྦྲགས་ས་ཞིང་བསྡུ་ཡུལ་གྱི་གྲོང་གསེབ་ཀྱི་ཐུན་མོང་དཔལ་འབྱོར་རྩ་འཛུགས་དང་ཞིང་པའི་བསམ་འཆར་ཉན་འཇོག་ཀྱང་བྱ་དགོས།

དོན་ཚན་ཞེ་དགུ་པ།   ས་ཞིང་བསྡུ་ཡུལ་གྱི་གྲོང་གསེབ་ཀྱི་ཐུན་མོང་དཔལ་འབྱོར་རྩ་འཛུགས་ཀྱིས་ས་ཞིང་བསྡུས་པའི་ས་རིན་གྱི་སྐྱིན་ཚབ་ཏུ་བྱུང་བའི་དངུལ་རྣམས་བསྡུ་ལེན་གཏོང་སྤྲོད་ཇི་ལྟར་བྱས་ཚུལ་ཐུན་མོང་དཔལ་འབྱོར་རྩ་འཛུགས་འདི་གའི་ཁོངས་མིར་ཁྱབ་བསྒྲགས་བྱས་ནས་ཁོ་ཚོའི་ལྟ་སྐུལ་དང་ལེན་བྱ་དགོས།

ས་ཞིང་བསྡུ་ཡུལ་གྱི་ལས་ཁུངས་ལ་སྤྲད་པའི་ས་རིན་གྱི་སྐྱིན་ཚབ་དང་དེ་མིན་གྱི་འབྲེལ་ཡོད་གྲོན་དངུལ་བཙན་ལེན་དང་གཞན་པར་སྤྱོད་པའི་རིགས་གཏན་ནས་བྱས་མི་ཆོག

དོན་ཚན་ལྔ་བཅུ་པ།   ས་ཞིང་བསྡུས་པའི་གྲོང་གསེབ་ཀྱི་ཐུན་མོང་དཔལ་འབྱོར་རྩ་འཛུགས་དང་ཞིང་པ་རྣམས་ཀྱིས་གསར་སྤེལ་གཉེར་སྐྱོང་དང་ཁེ་ལས་གཉེར་བར་ས་གནས་མི་དམངས་སྲིད་གཞུང་རིམ་པ་ཁག་གིས་རྒྱབ་སྐྱོབ་བྱ་དགོས།

དོན་ཚན་ང་གཅིག་པ།     ཆུ་བེད་དང་ཆུ་གློག་བཟོ་བྱེད་ཀྱི་ལས་གྲྭ་ཆེ་འབྲིང་རྣམས་ལ་བསྡུ་དགོས་པའི་ས་ཞིང་དག་གི་ས་རིན་སྐྱིན་ཚབ་ཀྱི་ཚད་གཞི་དང་འདི་གའི་ཡུལ་མི་ས་ཆ་གཞན་པར་བཀོད་སྒྲིག་བྱེད་ཐབས་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་ནས་ཟུར་དུ་གཏན་འབེབས་བྱ་རྒྱུ།

དོན་ཚན་ང་གཉིས་པ། འཛུགས་སྐྲུན་གྱི་རྣམ་གྲངས་གང་རུང་གཉེར་ཐུབ་མིན་དཔྱད་པ་བྱེད་པའི་ཚེ། ས་དོན་གཙོ་སྐྱོང་སྡེ་ཁག་གིས་ས་ཆ་སྤྱོད་ཐབས་སྐོར་གྱི་ཁྱོན་ཡོངས་ཀྱི་འཆར་གཞི་དང་ས་ཆ་སྤྱོད་ཐབས་ཀྱི་ལོ་རེའི་འཆར་གཞི། འཛུགས་སྐྲུན་ལ་མཁོ་བའི་ས་ཆ་སྤྱོད་ཐབས་ཀྱི་ཚད་གཞི་བཅས་ལ་གཞིགས་ནས་འཛུགས་སྐྲུན་ལ་མཁོ་བའི་ས་ཆའི་སྐོར་གྱི་འབྲེལ་ཡོད་བྱ་བར་ཞིབ་བཤེར་བྱས་ཏེ་བསམ་འཆར་ཡང་འདོན་དགོས།

དོན་ཚན་ང་གསུམ་པ།  ཆོག་མཆན་བྱུང་བའི་འཛུགས་སྐྲུན་གྱི་ལས་གཞི་ཡིས་རྒྱལ་ཁབ་ལ་དབང་བའི་འཛུགས་སྐྲུན་ལ་མཁོ་བའི་ས་ཆ་བེད་སྤྱོད་བྱ་དགོས་བྱུང་ན། འཛུགས་སྐྲུན་བྱེད་མཁན་ལས་ཁུངས་ཀྱིས་བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་ནང་གསལ་བའི་འབྲེལ་ཡོད་ཀྱི་ཡིག་ཆ་ཁྱེར་ནས་ཆོག་མཆན་སྤྲོད་དབང་ཡོད་པའི་རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་ས་དོན་གཙོ་སྐྱོང་སྡེ་ཁག་ལ་འཛུགས་སྐྲུན་བྱེད་ཕྱིར་ས་ཆ་ཡོང་རེ་ཞུ་དགོས་རྒྱུ་དང་། ས་དོན་གཙོ་སྐྱོང་སྡེ་ཁག་ནས་དེར་ཞིབ་བཤེར་བྱས་རྗེས་རིམ་པ་མཉམ་པའི་མི་དམངས་སྲིད་གཞུང་ལ་སྙན་སེང་བཀའ་འཁྲོལ་ཞུ་དགོས།

དོན་ཚན་ང་བཞི་པ།   འཛུགས་སྐྲུན་བྱེད་མཁན་ལས་ཁུངས་ཀྱིས་རྒྱལ་ཁབ་ལ་དབང་བའི་ས་ཆ་བེད་སྤྱོད་བྱ་དགོས་བྱུང་ན་ཕན་ཚུན་བཤུག་རེས་བྱེད་པ་ལ་སོགས་པའི་རིན་དོད་ཡོད་པའི་སྒོ་ནས་བེད་སྤྱོད་བྱེད་ཐབས་སྤྱད་དེ་ལེན་ཐབས་བྱ་དགོས། འོན་ཀྱང་གཤམ་གསལ་གྱི་འཛུགས་སྐྲུན་ལ་མཁོ་བའི་ས་ཆ་རྣམས་རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་ནས་བཅའ་ཁྲིམས་ལྟར་བཀའ་འཁྲོལ་བྱུང་རྗེས་བགོ་འགྲེམ་བྱེད་པའི་ཐབས་ལ་བརྟེན་ནས་བླངས་ཆོག་པ་འདི་ལྟ་སྟེ།

(གཅིག)རྒྱལ་ཁབ་ཀྱི་ལས་ཁུངས་དང་དམག་དོན་ལ་མཁོ་བའི་ས་ཆ་དང་།

(གཉིས)གྲོང་ཁྱེར་གྱི་རྨང་གཞིའི་སྒྲིག་བཀོད་དང་སྤྱི་ཕན་བྱ་བཞག་ལ་མཁོ་བའི་ས་ཆ།

(གསུམ)རྒྱལ་ཁབ་ཀྱིས་རྒྱབ་སྐྱོར་བྱ་ཡུལ་གཙོ་བོར་འགྱུར་བའི་ནུས་པའི་འབྱུང་ཁུངས་དང་། འགྲིམ་འགྲུལ། ཆུ་བེད་ལ་སོགས་པའི་རྨང་གཞིའི་སྒྲིག་བཀོད་ལ་མཁོ་བའི་ས་ཆ།

(བཞི)བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་ཁག་ནང་གཏན་ལ་ཕབ་པའི་ས་ཆ་གཞན་པ་བཅས་ཡིན།

དོན་ཚན་ང་ལྔ་པ།  བཤུག་རེས་བྱེད་པ་སོགས་རིན་དོད་ཡོད་པའི་སྒོ་ནས་བེད་སྤྱོད་བྱེད་ཐབས་ལ་བརྟེན་ནས་རྒྱལ་ཁབ་ལ་དབང་བའི་ས་ཆ་སྤྱོད་དབང་བྱུང་བའི་འཛུགས་སྐྲུན་ལས་ཁུངས་ཀྱིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གཏན་ལ་ཕབ་པའི་ཚད་གཞི་དང་བྱེད་ཐབས་ལ་གཞིགས་ནས་ས་ཞིང་སྤྱོད་དབང་གཞན་ལ་བཤུག་པའི་ཐེབས་རྩ་ལ་སོགས་པའི་ས་ཆ་རིན་དོད་ཡོད་པའི་སྒོ་ནས་བཀོལ་སྤྱོད་བྱེད་པའི་གྲོན་དངུལ་དང་གྲོན་དངུལ་གཞན་པ་གོང་འབུལ་བྱས་པའི་རྗེས་སུ་གཞི་ནས་ས་ཆ་བེད་སྤྱོད་བྱས་ཆོག

བཅའ་ཁྲིམས་འདི་ལག་བསྟར་བྱེད་ཉིན་ནས་བཟུང་འཛུགས་སྐྲུན་ལ་མཁོ་བའི་ས་ཆ་གསར་པ་འཕར་སྣོན་བྱུང་རིགས་རྣམས་ཀྱི་རིན་དོད་ཡོད་པའི་སྒོ་ནས་ས་ཆ་བཀོལ་སྤྱོད་བྱེད་པའི་གྲོན་དངུལ་ནས་བརྒྱ་ཆ་སུམ་ཅུ་ཀྲུང་དབྱང་ནོར་སྲིད་ལ་གོང་འབུལ་བྱ་དགོས་པ་དང་བརྒྱ་ཆ་བདུན་ཅུ་འབྲེལ་ཡོད་ཀྱི་ས་གནས་མི་དམངས་སྲིད་གཞུང་ལ་བཞག་ནས་ཆེད་མངགས་རྨོ་ཞིང་གསར་སྦོལ་བྱེད་པར་གཏོང་རྒྱུ།

དོན་ཚན་ང་དྲུག་པ།   འཛུགས་སྐྲུན་བྱེད་མཁན་ལས་ཁུངས་ཀྱིས་རྒྱལ་ཁབ་ལ་དབང་པའི་ས་ཆ་བེད་སྤྱོད་བྱ་དགོས་བྱུང་ན། ས་ཆ་བེད་སྤྱོད་བྱེད་དབང་བཤུག་རེས་བྱེད་པ་ལ་སོགས་པའི་རིན་དོད་ཡོད་པའི་སྒོ་ནས་བེད་སྤྱོད་བྱེད་པའི་གན་རྒྱའི་གཏན་འབེབས་སམ་ཡང་ན་ས་ཆ་སྤྱོད་དབང་བགོ་བཤའ་བྱུང་བའི་བཀའ་འཁྲོལ་ཡིག་ཆའི་གཏན་འབེབས་ལ་གཞིགས་ནས་ས་ཆ་བེད་སྤྱོད་གཏོང་དགོས། ས་ཆའི་སྤྱོད་སྒོ་དངོས་གནས་བསྒྱུར་དགོས་བྱུང་ན། འབྲེལ་ཡོད་མི་དམངས་སྲིད་གཞུང་གི་ས་དོན་གཙོ་སྐྱོང་སྡེ་ཁག་ནས་མོས་མཐུན་དགོས་པ་མ་ཟད་ས་ཆ་དེ་བེད་སྤྱོད་གཏོང་རྒྱུར་དེ་སྔ་ཆོག་མཆན་འགོད་མཁན་མི་དམངས་སྲིད་གཞུང་ལའང་ཆོག་མཆན་ཞུ་དགོས། དེའི་ནང་གྲོང་ཁྱེར་གྱི་འཆར་འགོད་ཀྱི་ཁོངས་སུ་གཏོགས་པའི་ས་ཆའི་སྤྱོད་སྒོ་བསྒྱུར་བཅོས་བྱ་དགོས་རིགས་རྣམས་ཆོག་མཆན་མ་ཞུས་གོང་སྔོན་ལ་གྲོང་ཁྱེར་གྱི་བཀོད་པ་འཆར་འགོད་སྐོར་གྱི་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་ནས་མོས་མཐུན་བྱ་དགོས།

དོན་ཚན་ང་བདུན་པ། འཛུགས་སྐྲུན་གྱི་ལས་གཞི་ཨར་ལས་བྱེད་པ་དང་ས་གཤིས་བརྟག་པར་རྒྱལ་ཁབ་ལ་དབང་བའི་ས་ཆའམ་ཡང་ན་ཞིང་པ་ཐུན་མོང་ལ་དབང་བའི་ས་ཆ་གནས་སྐབས་སྤྱོད་དགོས་བྱུང་ན་རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་ས་དོན་གཙོ་སྐྱོང་སྡེ་ཁག་ནས་ཆོག་མཆན་སྤྲོད་དགོས། དེའི་ནང་གྲོང་ཁྱེར་གྱི་འཆར་འགོད་ཀྱི་ཁོངས་སུ་གཏོགས་པའི་ས་ཆ་གནས་སྐབས་རིང་སྤྱོད་དགོས་བྱུང་རིགས་རྣམས་ཆོག་མཆན་མ་ཞུས་གོང་སྔོན་ལ་གྲོང་ཁྱེར་གྱི་བཀོད་པ་འཆར་འགོད་སྐོར་གྱི་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་ནས་དེར་མོས་མཐུན་བྱ་དགོས། ས་ཆ་བེད་སྤྱོད་བྱེད་མཁན་གྱིས་ས་ཆའི་བདག་དབང་ལ་གཞིགས་ནས་འབྲེལ་ཡོད་ཀྱི་ས་དོན་གཙོ་སྐྱོང་སྡེ་ཁག་གམ་ཡང་ན་གྲོང་གསེབ་ཀྱི་ཐུན་མོང་དཔལ་འབྱོར་རྩ་འཛུགས། ཡུལ་མིའི་ཨུ་ཡོན་ལྷན་ཁང་སོགས་དང་ས་ཆ་གནས་སྐབས་སུ་བེད་སྤྱོད་བྱ་རྒྱུའི་སྐོར་གྱི་གན་རྒྱ་འཇོག་དགོས་པར་མ་ཟད་གན་རྒྱར་བཞག་པའི་གཏན་འབེབས་ལྟར་ས་ཆ་གནས་སྐབས་སུ་བེད་སྤྱོད་བྱེད་རིང་གི་ས་རིན་གྱི་སྐྱིན་ཚབ་ཀྱང་སྤྲོད་དགོས།

གནས་སྐབས་ས་ཆ་བེད་སྤྱོད་གཏོང་མཁན་གྱིས་གནས་སྐབས་ས་ཆ་བེད་སྤྱོད་གཏོང་རྒྱུའི་གན་རྒྱའི་གཏན་འབེབས་ལྟར་ས་ཆ་བེད་སྤྱོད་བྱ་དགོས་པ་ལས་ཡུན་རིང་གི་ཁང་པ་བརྒྱབ་མི་ཆོག

ས་ཆ་གནས་སྐབས་བེད་སྤྱོད་གཏོང་རྒྱུའི་དུས་ཚོད་ཀྱང་སྤྱིར་བཏང་བྱས་ན་ལོ་གཉིས་ལས་བརྒལ་མི་ཆོག

དོན་ཚན་ང་བརྒྱད་པ།  གཤམ་གསལ་གྱི་གནས་ཚུལ་དག་ལས་གང་རུང་ཞིག་བྱུང་ན། འབྲེལ་ཡོད་མི་དམངས་སྲིད་གཞུང་གི་ས་དོན་གཙོ་སྐྱོང་སྡེ་ཁག་གིས་དེ་སྔ་ས་ཆ་བེད་སྤྱོད་བྱ་རྒྱུར་ཆོག་མཆན་སྤྲོད་མཁན་གྱི་མི་དམངས་སྲིད་གཞུང་ངམ་ཡང་ན་ཆོག་མཆན་སྤྲོད་དབང་ཡོད་པའི་མི་དམངས་སྲིད་གཞུང་ལ་ཆོག་མཆན་ཞུས་ནས་རྒྱལ་ཁབ་ལ་དབང་བའི་ས་ཆ་བེད་སྤྱོད་བྱེད་དབང་ཚུར་བླངས་ཆོག་པ་གཤམ་གསལ།

(གཅིག)སྤྱི་པའི་ཁེ་ཕན་གྱི་ཆེད་དུ་སྤྱོད་རྒྱུའི་ས་ཆ་དང་།

(གཉིས)གྲོང་ཁྱེར་གྱི་འཆར་འགོད་དོན་འཁྱོལ་བྱེད་ཆེད་གྲོང་ཁྱེར་རྙིང་པ་བསྒྱུར་བཀོད་བྱེད་པར་ས་ཆ་བེད་སྤྱོད་བྱ་ཡུལ་ལེགས་སྒྲིག་བྱ་དགོས་བྱུང་རིགས།

(གསུམ)ས་ཆ་བཤུག་རེས་བྱེད་པ་ལ་སོགས་པའི་རིན་དོད་ཡོད་པར་ས་ཆ་བཀོལ་སྤྱོད་བྱེད་པའི་གན་རྒྱའི་གཏན་འབེབས་ནང་གསལ་བའི་བེད་སྤྱོད་དུས་ཡུན་ཐིམ་པ་དང་།  ས་ཆ་བེད་སྤྱོད་བྱེད་མཁན་གྱིས་དུས་འགྱངས་ཡོང་བའི་རེ་བ་ཞུས་མེད་པའམ་ཡང་ན་དུས་འགྱངས་ཡོང་བའི་རེ་བ་ཞུས་ཀྱང་ཆོག་མཆན་མ་བྱུང་བའི་རིགས།

(བཞི)ལས་ཁུངས་མེད་པར་བཟོས་པའམ་ཡང་ན་ཡུལ་གཞན་པར་སྤོས་པའི་རྐྱེན་གྱིས་དེ་སྔ་བགོས་ནས་བྱུང་བའི་རྒྱལ་ཁབ་ལ་དབང་བའི་ས་ཆ་སྤྱོད་མཚམས་བཞག་པའི་རིགས།

(ལྔ)གཞུང་ལམ་དང་། ལྕགས་ལམ། གནམ་གྲུ་ཐང་། གཏེར་གཉེར་ར་བ་སོགས་ཞིབ་བཤེར་བྱས་པ་བརྒྱུད་མེད་པ་བཟོས་ཆོག་པའི་ས་ཆ་བཅས་སོ། །

གོང་གསལ་གྱི་ནང་གསེས་དོན་ཚན(གཅིག)དང(གཉིས)པོའི་གཏན་འབེབས་ལྟར་རྒྱལ་ཁབ་ལ་དབང་བའི་ས་ཆ་སྤྱོད་དབང་རྩིས་ལེན་བྱས་པའི་ཚེ། ས་ཆ་སྤྱོད་དབང་ཡོད་པའི་མི་དེར་ས་རིན་གྱི་སྐྱིན་ཚབ་འོས་འཚམ་ཞིག་སྤྲོད་དགོས།

དོན་ཚན་དགུ་པ། ཞང་དང་གྲོང་རྡལ་གྱི་ཁེ་ལས་དང་། ཞང(གྲོང་རྡལ)གྲོང་གི་སྤྱི་པའི་སྒྲིག་བཀོད། སྤྱི་ཕན་གྱི་བྱ་བཞག གྲོང་གསེབ་ཀྱི་གྲོང་མིའི་སྡོད་ཁང་སོགས་ཞང་(གྲོང་རྡལ)གྲོང་གི་འཛུགས་སྐྲུན་ཁག་གཉེར་སྐབས་གྲོང་ཚོ་དང་གྲོང་རྡལ་གྱི་བཀོད་པའི་འཆར་གཞི་ལྟར་བཀོད་སྒྲིག་བྱེད་ལུགས་འཚམ་ལ་ཕྱོགས་བསྡུས་ཀྱིས་གསར་སྤེལ་དང་ལྷུ་ལག་ཆ་ཚང་བའི་འཛུགས་སྐྲུན་བྱ་དགོས་ཤིང་། འཛུགས་སྐྲུན་ལ་མཁོ་བའི་ས་ཆ་སྤྱོད་རྒྱུ་དེ་ཡང་ཞང(གྲོང་རྡལ)གི་ས་ཆ་སྤྱོད་ཐབས་སྐོར་གྱི་ཁྱོན་ཡོངས་ཀྱི་འཆར་གཞི་དང་ས་ཆ་བཀོལ་སྤྱོད་བྱེད་ཐབས་སྐོར་གྱི་ལོ་རེའི་འཆར་གཞི་དང་འཚམ་དགོས་པར་མ་ཟད། བཅའ་ཁྲིམས་འདིའི་དོན་ཚན་ཞེ་བཞི་པ་དང་། དོན་ཚན་དྲུག་པ། དོན་ཚན་རེ་གཅིག་པ། དོན་ཚན་རེ་གཉིས་པ་བཅས་ཀྱི་ནང་གསལ་གཏན་འབེབས་ལྟར་ཞིབ་བཤེར་གྱིས་ཆོག་མཆན་འགོད་པའི་འགྲོ་ལུགས་ཀྱང་འགྲིམ་དགོས།

དོན་ཚན་དྲུག་ཅུ་པ།  གྲོང་གསེབ་ཀྱི་མུན་མོང་དཔལ་འབྱོར་རྩ་འཛུགས་ཀྱིས་ཞང(གྲོང་རྡལ)གི་ས་ཆ་སྤྱོད་ཐབས་སྐོར་གྱི་ཁྱོན་ཡོངས་ཀྱི་འཆར་གཞིའི་ནང་གཏན་ལ་ཕབ་པའི་འཛུགས་སྐྲུན་ལ་མཁོ་བའི་ས་ཆ་བེད་སྤྱོད་བྱས་ནས་ཁེ་ལས་གཉེར་བའམ་ཡང་ན་ལས་ཁུངས་གཞན་པ་དང་མི་སྒེར་དང་མཉམ་དུ་ས་ཆ་བེད་སྤྱོད་བྱེད་དབང་མ་རྐང་དུ་འཇོག་པ་དང་མཉམ་གཉེར་བྱེད་པ་ལ་སོགས་པའི་ཐབས་ལ་བརྟེན་ནས་ཐུན་མོང་ཐོག་ཁེ་ལས་གཉེར་སྐབས་དེས་ཆོག་མཆན་བྱུང་བའི་འབྲེལ་ཡོད་ཡིག་ཆ་ཁྱེར་ནས་རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གི་ས་དོན་གཙོ་སྐྱོང་སྡེ་ཁག་ལ་རེ་འདུན་ཞུ་དགོས་པ་དང་། ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་ཀྱིས་གཏན་ལ་ཕབ་པའི་དབང་མཚམས་ལྟར་རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་ནས་ཆོག་མཆན་སྤྲོད་རྒྱུ། དེའི་ནང་ཞིང་སྤྱོད་ས་ཆའི་རིགས་ཡོད་ན་བཅའ་ཁྲིམས་འདིའི་དོན་ཚན་ཞེ་བཞི་པའི་གཏན་འབེབས་ལྟར་ཞིབ་བཤེར་གྱིས་ཆོག་མཆན་ཞུ་བའི་འགྲོ་ལུགས་འགྲིམ་དགོས།

གོང་གསལ་དོན་ཚན་གྱི་གཏན་འབེབས་ལྟར་ཁེ་ལས་གཉེར་བའི་འཛུགས་སྐྲུན་ལ་མཁོ་བའི་ས་ཆ་རྣམས་ངེས་པར་དུ་ཚོད་འཛིན་ནན་མོ་བྱ་དགོས། ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་ཀྱིས་ཞང་དང་གྲོང་རྡལ་ཁེ་ལས་ཀྱི་ལས་རིགས་མི་འདྲ་བ་དང་གཉེར་སྐྱོང་གི་གཞི་རྒྱ་ཆེ་ཆུང་མི་འདྲ་བར་གཞིགས་ནས་ས་ཞིང་བཀོལ་སྤྱོད་བྱེད་པའི་ཚད་གཞི་སོ་སོར་གཏན་འབེབས་བྱས་ཆོག

དོན་ཚན་རེ་གཅིག་པ།  ཞང(གྲོང་རྡལ)གྲོང་གི་སྤྱི་པའི་སྒྲིག་བཀོད་དང་སྤྱི་ཕན་གྱི་བྱ་གཞག་སྒྲུབ་པར་ས་ཆ་སྤྱོད་དགོས་བྱུང་ན། ཞང(གྲོང་རྡལ)མི་དམངས་སྲིད་གཞུང་ནས་ཞིབ་བཤེར་བྱས་པ་བརྒྱུད་རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གི་ས་དོན་གཙོ་སྐྱོང་སྡེ་ཁག་ལ་རེ་འདུན་ཞུ་དགོས་ཤིང་། ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་ཀྱིས་གཏན་ལ་ཕབ་པའི་དབང་མཚམས་ལྟར་རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་ནས་ཆོག་མཆན་སྤྲོད་རྒྱུ། དེའི་ནང་ས་སྤྱོད་ས་ཆ་ཡོད་ན། བཅའ་ཁྲིམས་འདིའི་དོན་ཚན་ཞེ་བཞི་པའི་ནང་གསལ་གཏན་འབེབས་ལྟར་ཞིབ་བཤེར་གྱིས་ཆོག་མཆན་ཡོང་བའི་འགྲོ་ལུགས་འགྲིམ་དགོས།

དོན་ཚན་རེ་གཉིས་པ། གྲོང་གསེབ་ཀྱི་ཞིང་པ་དུད་ཚང་རེས་སྡོད་གནས་རེ་ལས་ཉར་མི་ཆོག་པར་མ་ཟད། དེའི་གཞི་ཁྱོན་ཡང་ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་ཀྱིས་གཏན་ལ་ཕབ་པའི་ཚད་གཞི་ལས་བརྒལ་མི་ཆོག

གྲོང་གསེབ་ཀྱི་གྲོང་མི་རྣམས་ཀྱིས་ཁང་པ་རྒྱག་དགོས་ན། དེ་ཞང(གྲོང་རྡལ)གི་ས་ཆ་སྤྱོད་ཐབས་སྐོར་གྱི་ཁྱོན་ཡོངས་ཀྱི་འཆར་གཞི་དང་འཚམ་དགོས་པར་མ་ཟད་སྔར་ཡོད་ཀྱི་ཁང་པ་གནས་སའི་རྨང་གཞི་དང་གྲོང་ཚོའི་ནང་གི་ས་ཆ་སྟོང་པ་ཁོ་ན་བེད་སྤྱོད་གང་ཐུབ་ཀྱང་བྱ་དགོས།

གྲོང་གསེབ་ཀྱི་གྲོང་མིའི་ཁང་པ་རྒྱག་བྱེད་དུ་སྤྱོད་པའི་ས་ཆ་རྣམས་ཞང(གྲོང་རྡལ)མི་དམངས་སྲིད་གཞུང་ནས་ཞིབ་བཤེར་བྱས་པ་བརྒྱུད་རྫོང་རིམ་པའི་མི་དམངས་སྲིད་གཞུང་ནས་དེར་ཆོག་མཆན་སྤྲོད་རྒྱུ། དེའི་ནང་ཞིང་སྤྱོད་ས་ཆ་ཡོད་ན། བཅའ་ཁྲིམས་འདིའི་དོན་ཚན་ཞེ་བཞི་པའི་ནང་གསལ་གཏན་འབེབས་ལྟར་ཞིབ་བཤེར་གྱིས་ཆོག་མཆན་ཡོང་བའི་འགྲོ་ལུགས་འགྲིམ་དགོས།

གྲོང་གསེབ་ཀྱི་གྲོང་མིས་རང་གི་སྡོད་ཁང་གཞན་པར་བཙོང་བའམ་ཡང་ན་བོགས་མར་བཏང་རྗེས་ཡང་བསྐྱར་ཁང་ས་ཡོང་བའི་རེ་འདུན་ཞུས་ཚེ། དེར་ཆོག་མཆན་སྤྲད་མི་ཆོག

དོན་ཚན་རེ་གསུམ་པ།  ཞིང་པ་ཐུན་མོང་ལ་དབང་བའི་ས་ཆ་བེད་སྤྱོད་བྱེད་དབང་གཞན་ལ་འཚོང་བ་དང་གཞན་པར་བཤུག་པའམ་ཡང་ན་ཞིང་ལས་མིན་པའི་འཛུགས་སྐྲུན་ལ་བོགས་མར་གཏོང་བའི་རིགས་བྱས་མི་ཆོག  འོན་ཀྱང་ས་ཆ་སྤྱོད་ཐབས་སྐོར་གྱི་ཁྱོན་ཡོངས་ཀྱི་འཆར་གཞི་དང་འཚམ་པར་མ་ཟད། ཁྲིམས་ལྟར་འཛུགས་སྐྲུན་ལ་ས་ཆ་སྤྱོད་དབང་ཐོབ་པའི་ཁེ་ལས་རྣམས་མ་རྩ་སྟོངས་པའམ་ཡང་ན་གཞན་དང་ཟླ་སྒྲིལ་བཏང་པའི་དབང་གིས་ས་ཆ་བཀོལ་སྤྱོད་བྱེད་དབང་ཁྲིམས་ལྟར་གཞན་པར་བསྒྱུར་དགོས་བྱུང་རིགས་དེར་ཚུད་མེད།

དོན་ཚན་རེ་བཞི་པ། ས་ཆ་སྤྱོད་ཐབས་སྐོར་གྱི་ཁྱོན་ཡོངས་ཀྱི་འཆར་གཞི་མ་བཟོས་གོང་ལ་བསྐྲུན་ཚར་ཞིང་ས་ཆ་སྤྱོད་ཐབས་སྐོར་གྱི་ཁྱོན་ཡོངས་ཀྱི་འཆར་གཞིའི་ནང་གཏན་ལ་ཕབ་པའི་སྤྱོད་སྒོ་དང་ཡོངས་སུ་ལྡོག་པའི་རྩིག་བཟོའི་བཀོད་པ་དང་སྒྲིག་བཟོའི་བཀོད་པ་རྣམས་བསྐྱར་སྐྲུན་དང་རྒྱས་སྐྲུན་བྱས་མི་ཆོག

དོན་ཚན་རེ་ལྔ་པ།  གཤམ་གསལ་གྱི་གནས་ཚུལ་ལས་གང་རུང་ཞིག་བྱུང་བའི་ཚེ། གྲོང་གསེབ་ཀྱི་ཐུན་མོང་དཔལ་འབྱོར་རྩ་འཛུགས་ཀྱིས་ས་ཆ་དེར་དེ་སྔ་ཆོག་མཆན་སྤྲོད་མཁན་མི་དམངས་སྲིད་གཞུང་ལ་ཆོག་མཆན་ཞུས་ནས་ས་ཆ་དེའི་བེད་སྤྱོད་བྱེད་དབང་ཚུར་བླངས་ན་ཆོག་པ་གཤམ་གསལ་ལྟར།

(གཅིག)ཞང(གྲོང་རྡལ)གྲོང་གི་སྤྱི་པའི་སྒྲིག་བཀོད་དང་སྤྱི་ཕན་གྱི་བྱ་བཞག་སྒྲུབ་པར་མཁོ་བའི་ས་ཆ་དང་།

(གཉིས)ཆོག་མཆན་བྱུང་བའི་སྤྱོད་སྒོ་ལྟར་བེད་སྤྱོད་མ་བྱུང་བའི་ས་ཆ།

(གསུམ)མེད་པར་བཟོས་པ་དང་གཞན་པར་སྤོས་པའི་དབང་གིས་བེད་སྤྱོད་བྱེད་མཚམས་ཆད་པའི་ས་ཆ་བཅས་ཡིན།

གོང་གསལ་གྱི་ནང་གསེས་དོན་ཚན(དང་པོ)རུ་གསལ་བའི་གཏན་འབེབས་ལྟར་ཞིང་པ་ཐུན་མོང་ལ་དབང་བའི་ས་ཆ་ཡང་བསྡུས་པའི་ཚེ། ས་ཆ་བཀོལ་སྤྱོད་བྱེད་དབང་ཡོད་པའི་མི་དེར་ས་རིན་གྱི་སྐྱིན་ཚབ་འོས་འཚམ་ཞིག་སྤྲོད་དགོས། 

ལེའུ་དྲུག་པ། ལྟ་སྐུལ་དང་ཞིབ་བཤེར་བྱེད་ཕྱོགས་སྐོར།

དོན་ཚན་རེ་དྲུག་པ།  རྫོང་རིམ་པ་དང་དེའི་ཡན་གྱི་མི་དམངས་སྲིད་གཞུང་གི་ས་དོན་གཙོ་སྐྱོང་སྡེ་ཁག་གིས་ས་ཆ་བདག་སྤྲོད་བྱེད་ཕྱོགས་སྐོར་གྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་དང་འགལ་བའི་བྱ་སྤྱོད་སྤེལ་རིགས་ལ་ལྟ་སྐུལ་དང་ཞིབ་བཤེར་བྱ་རྒྱུ།

ས་ཆ་བདག་སྤྲོད་དང་ལྟ་སྐུལ་དང་ཞིབ་བཤེར་བྱེད་མིས་ས་ཆ་བདག་སྤྲོད་བྱེད་ཕྱོགས་སྐོར་གྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་རྒྱུས་ལོན་བྱེད་དགོས་ཤིང་། ལྷན་བསམ་རྣམ་དག་གིས་ལས་གནས་སུ་འཁོད་པ་དང་ཁྲིམས་འཛིན་དྲང་གཞག་བྱ་དགོས།

དོན་ཚན་རེ་བདུན་པ།  རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་ས་དོན་གཙོ་སྐྱོང་སྡེ་ཁག་གིས་ལྟ་སྐུལ་དང་ཞིབ་བཤེར་གྱི་འཁུར་འཁྲི་སྒྲུབ་སྐབས་གཤམ་གསལ་གྱི་བྱེད་ཐབས་དག་སྤྱོད་དབང་ཡོད་པ་སྟེ།

(གཅིག)ཞིབ་བཤེར་བྱ་ཡུལ་སྡེ་ཁག་གམ་མི་སྒེར་ལ་ས་ཆའི་ཁེ་དབང་སྐོར་གྱི་འབྲེལ་ཡོད་ཡིག་ཆ་དང་དཔྱད་ཡིག་འདོན་སྤྲོད་བྱས་ཏེ་ཀློག་བཤེར་རམ་འདྲ་བཟོ་བྱ་རྒྱུའི་བླང་བྱ་འདོན་རིགས་དང་།

(གཉིས)ཞིབ་བཤེར་བྱ་ཡུལ་སྡེ་ཁག་གམ་མི་སྒེར་ནས་ས་ཆའི་ཁེ་དབང་སྐོར་གྱི་འབྲེལ་ཡོད་གནད་དོན་ཐད་གསལ་བཤད་བྱ་རྒྱུའི་བླང་བྱ་འདོན་རིགས།

(གསུམ)ཞིབ་བཤེར་བྱ་ཡུལ་སྡེ་ཁག་གམ་མི་སྒེར་གྱིས་ཁྲིམས་དང་མི་མཐུན་པར་ས་ཆ་བཙན་སྤྱོད་བྱེད་སར་རྩད་ཞིབ་ཐིག་ལེན་བྱེད་རིགས།

(བཞི)ཁྲིམས་དང་མི་མཐུན་པའི་སྒོ་ནས་ས་ཆ་བཙན་སྤྱོད་བྱེད་མཁན་སྡེ་ཁག་གམ་མི་སྒེར་ལ་ས་ཆ་བདག་སྤྲོད་བྱེད་ཕྱོགས་སྐོར་གྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་དང་འགལ་བའི་བྱ་སྤྱོད་སྤེལ་མཚམས་འཇོག་ཏུ་འཇུག་རིགས་བཅས་སོ། །

དོན་ཚན་རེ་བརྒྱད་པ།  ས་ཆ་བདག་སྤྲོད་དང་ལྟ་སྐུལ་དང་ཞིབ་བཤེར་བྱེད་མིས་འཁུར་འཁྲི་སྒྲུབ་སྐབས་ལས་ཡུལ་དངོས་སུ་ཕྱིན་ནས་རྩད་ཞིབ་ཐིག་ལེན་བྱ་དགོས་པའི་དབང་གིས་འབྲེལ་ཡོད་སྡེ་ཁག་གམ་མི་སྒེར་ལ་ཡིག་ཆ་དང་དཔྱད་ཡིག་མཁོ་འདོན་དང་གསལ་བཤད་བྱ་རྒྱུའི་བླང་བྱ་འདོན་པར་ས་ཆ་བདག་སྤྲོད་དང་ལྟ་སྐུལ་དང་ཞིབ་བཤེར་བྱས་འཐུས་ཀྱི་ལག་ཁྱེར་བསྟན་དགོས།

དོན་ཚན་རེ་དགུ་པ།  རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་ས་དོན་གཙོ་སྐྱོང་སྡེ་ཁག་གིས་ས་ཆའི་ཐད་ཀྱི་ཁྲིམས་འགལ་སྤྱོད་སྤེལ་རིགས་ལ་ལྟ་སྐུལ་དང་ཞིབ་བཤེར་བྱེད་པར་འབྲེལ་ཡོད་ཀྱི་སྡེ་ཁག་གམ་མི་སྒེར་གྱིས་རྒྱབ་སྐྱོར་དང་གཞོགས་འདེགས་བྱ་དགོས་པར་མ་ཟད་ལས་ཀ་སྟབས་བདེ་ཡོང་བ་མཁོ་འདོན་བྱ་དགོས་ཤིང་། ས་ཆ་བདག་སྤྲོད་དང་ལྟ་སྐུལ་དང་ཞིབ་བཤེར་བྱེད་མིས་ཁྲིམས་ལྟར་འཁུར་འཁྲིའི་བྱ་བ་སྒྲུབ་པར་ཁས་མི་ལེན་པ་དང་བཀག་འགོག་བྱས་མི་ཆོག །

དོན་ཚན་བདུན་ཅུ་པ།  རྫོམ་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་ས་དོན་གཙོ་སྐྱོང་སྡེ་ཁག་གིས་ལྟ་སྐུལ་དང་ཞིབ་བཤེར་ལས་ཀ་བྱེད་རིང་དུ་རྒྱལ་ཁབ་ཀྱི་ལས་བྱེད་མི་སྣར་ཁྲིམས་འགལ་བྱ་སྤྱོད་ཡོད་པ་ཤེས་ནས་ཁྲིམས་ལྟར་སྲིད་འཛིན་ཐོག་གི་ཆད་པ་གཅོད་དགོས་རིགས་ལ་ཁྲིམས་ལྟར་ཐག་གཅོད་བྱ་དགོས་པ་དང་། རང་ཁོངས་ལ་ཐག་གཅོད་བྱེད་དབང་མེད་པར་རང་དང་རིམ་པ་གཅིག་མཚུངས་སམ་གོང་རིམ་མི་དམངས་སྲིད་གཞུང་གི་སྲིད་འཛིན་ལྟ་ཞིབ་ལས་ཁུངས་ལ་སྲིད་འཛིན་ཐོག་གི་ཆད་པ་གཅོད་རྒྱུའི་གྲོས་གཞིའི་ཡི་གེ་འདོན་དགོས་ཤིང་། འབྲེལ་ཡོད་སྲིད་འཛིན་ལྟ་ཞིབ་ལས་ཁུངས་ཀྱིས་ཁྲིམས་ལྟར་ཐག་གཅོད་བྱ་དགོས།

དོན་ཚན་དོན་གཅིག་པ།  རྫོམ་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་ས་དོན་གཙོ་སྐྱོང་སྡེ་ཁག་གིས་ལྟ་སྐུལ་དང་ཞིབ་བཤེར་ལས་ཀ་བྱེད་རིང་དུ་ས་ཆའི་ཐད་ཀྱི་ཁྲིམས་འགལ་བྱ་སྤྱོད་སྤེལ་ཏེ་བྱས་ཉེས་སུ་གྲུབ་རིགས་ཤེས་ཚེ་གྱོད་གཞི་དེ་རིགས་འབྲེལ་ཡོད་ལས་ཁུངས་ལ་བསྐྱལ་ནས་ཁྲིམས་ལྟར་ཉེས་འགལ་བདའ་འདེད་བྱ་དགོས་པ་དང་། ཉེས་ཚད་ལོན་མེད་རིགས་ལ་ཁྲིམས་ལྟར་སྲིད་འཛིན་ཐོག་གི་ཆད་པ་གཅོད་དགོས།

དོན་ཚན་དོན་གཉིས་པ། བཅའ་ཁྲིམས་འདི་ཉིད་ཀྱི་གཏན་འབེབས་ལྟར་སྲིད་འཛིན་ཐོག་གི་ཆད་པ་གཅོད་དགོས་ཀྱང་འབྲེལ་ཡོད་ས་དོན་གཙོ་སྐྱོང་སྡེ་ཁག་གིས་སྲིད་འཛིན་ཐོག་གི་ཆད་པ་བཅད་མེད་རིགས་ལ་གོང་རིམ་མི་དམངས་སྲིད་གཞུང་གི་ས་དོན་གཙོ་སྐྱོང་སྡེ་ཁག་ལ་འབྲེལ་ཡོད་ས་དོན་གཙོ་སྐྱོང་སྡེ་ཁག་ནས་སྲིད་འཛིན་ཐོག་གི་ཆད་པ་གཅོད་རྒྱུའི་ཐག་གཅོད་བྱ་རྒྱུའམ་ཐད་ཀར་སྲིད་འཛིན་ཐོག་གི་ཆད་པ་གཅོད་འགན་དཀྲི་དབང་ཡོད་པར་མ་ཟད་འབྲེལ་ཡོད་ས་དོན་གཙོ་སྐྱོང་སྡེ་ཁག་གི་འགན་འཁུར་པར་སྲིད་འཛིན་ཐོག་གི་ཆད་པའང་གཅོད་རྒྱུ། 

ལེའུ་བདུན་པ། ཁྲིམས་ཀྱི་འགན་འཁྲིའི་སྐོར།

དོན་ཚན་དོན་གསུམ་པ། ཉོ་འཚོང་ངམ་རྣམ་པ་གཞན་གྱི་ཐོག་ནས་ཁྲིམས་དང་མི་མཐུན་པར་ས་ཆ་བཤུག་སྤྲོད་བྱེད་རིགས་ལ་རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་ས་དོན་གཙོ་སྐྱོང་སྡེ་ཁག་ནས་ཁྲིམས་འགལ་ཐོབ་ཆ་གཞུང་བཞེས་གཏོང་རྒྱུ་དང་། ས་ཆ་སྤྱོད་ཐབས་སྐོར་གྱི་ཁྱོན་ཡོངས་ཀྱི་འཆར་གཞི་དང་འགལ་ཏེ་རང་དགར་ཞིང་སྤྱོད་ས་ཆ་དེ་འཛུགས་སྐྲུན་ལ་མཁོ་བའི་ས་ཆར་བསྒྱུར་རིགས་ལ་ཁྲིམས་དང་མི་མཐུན་པར་བཤུག་སྤྲོད་བྱས་པའི་ས་ཆའི་ཐོག་གསར་དུ་བརྒྱབ་པའི་ཁང་པ་དང་སྒྲིག་བཀོད་གཞན་དུས་བཀག་ནང་བཤིག་ཏུ་བཅུག་ནས་ས་ཆའི་སྔར་ཡོད་རྣམ་པ་སླར་གསོ་བྱ་རྒྱུ། ས་ཆ་སྤྱོད་ཐབས་སྐོར་གྱི་ཁྱོན་ཡོངས་ཀྱི་འཆར་གཞི་དང་མཐུན་རིགས་ལ་ཁྲིམས་དང་མི་མཐུན་པར་བཤུག་སྤྲོད་བྱས་པའི་ས་ཆའི་ཐོག་གསར་དུ་བརྒྱབ་པའི་ཁང་པ་དང་སྒྲིག་བཀོད་གཞན་གཞུང་བཞེས་གཏོང་རྒྱུ་དང་དངུལ་ཆད་ཆབས་སྦྲགས་སུ་བཅད་ཆོག་པ་དང་། འགན་དངོས་སུ་འཁུར་མཁན་གཙོ་སྐྱོང་མི་སྣ་དང་ཁག་འགན་དངོས་སུ་འཁུར་མི་གཞན་ལ་ཁྲིམས་ལྟར་སྲིད་འཛིན་ཐོག་གི་ཆད་པ་གཅོད་རྒྱུ་དང་། ཉེས་ཚད་ལོན་རིགས་ལ་ཁྲིམས་ལྟར་ཉེས་འགན་བདའ་འདེད་བྱ་རྒྱུ།

དོན་ཚན་དོན་བཞི་པ།  བཅའ་ཁྲིམས་འདི་ཉིད་ཀྱི་གཏན་འབེབས་དང་འགལ་ཏེ་རྨོ་ཞིང་བཟུང་སྤྱོད་བྱས་ཏེ་རྫ་ཐབ་དང་བང་སོ་བརྩིགས་པའམ་རྨོ་ཞིང་ཐོག་རང་དགར་ཁང་པ་རྒྱག་པ་དང་། བྱེ་ས་འདོན་པ། རྡོ་འདོན་པ། གཏེར་ཁ་སྔོག་པ། ས་ལེན་པ་སོགས་འདེབས་འཛུགས་བྱེད་པའི་ཆ་རྐྱེན་གཏོར་བཤིག་གཏོང་བ་དང་ཡང་ན་ས་ཆ་གསར་སྤེལ་བྱས་པ་ལས་ས་ཆ་ཐང་རྒོད་ཅན་དང་བ་ཚྭ་ཅན་དུ་གྱུར་རིགས་ལ་རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་ས་དོན་གཙོ་སྐྱོང་སྡེ་ཁག་གིས་དུས་བཀག་ནང་ཡོ་བསྲང་བྱེད་པའམ་བཅོས་སྐྱོང་བྱེད་འགན་དཀྲི་རྒྱུ་དང་དངུལ་ཆད་ཆབས་སྦྲགས་སུ་བཅད་ཆོག་པ་དང་། ཉེས་ཚད་ལོན་རིགས་ལ་ཁྲིམས་ལྟར་ཉེས་འགན་བདའ་འདེད་བྱ་རྒྱུ།

དོན་ཚན་དོན་ལྔ་པ། བཅའ་ཁྲིམས་འདི་ཉིད་ཀྱི་གཏན་འབེབས་དང་འགལ་ཏེ་ས་ཆ་བསྐྱར་སྦོལ་བྱ་རྒྱུའི་འོས་འགན་བསྒྲུབ་རྒྱུ་ཁས་མི་ལེན་པར་རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་ས་དོན་གཙོ་སྐྱོང་སྡེ་ཁག་ནས་དུས་བཀག་ནང་ཡོ་བསྲང་བྱེད་འགན་དཀྲི་རྒྱུ་དང་། དུས་ཚད་ལས་ཡོལ་རུང་ཡོ་བསྲང་མི་བྱེད་པར་ས་ཆ་བསྐྱར་སྦོལ་བྱེད་གྲོན་འཇལ་སྤྲོད་བྱེད་དུ་འཇུག་རྒྱུ་དང་དངུལ་དེ་དག་ཆེད་མངགས་ས་ཆ་བསྐྱར་སྦོལ་བྱ་རྒྱུའི་ཐད་ལ་སྤྱོད་རྒྱུ་དང་སྦྲགས་དངུལ་ཆད་ཀྱང་བཅད་ཆོག

དོན་ཚན་དོན་དྲུག་པ། ཆོག་མཆན་མ་ཐོབ་པའམ་མགོ་སྐོར་གཏོང་ཐབས་ལ་བརྟེན་ནས་གཡོ་ཐབས་ཀྱིས་ཆོག་མཆན་ཐོབ་པར་བྱས་ཏེ་ཁྲིམས་དང་མི་མཐུན་པར་ས་ཆ་བཟུང་སྤྱོད་བྱས་རིགས་ལ་རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་ས་དོན་གཙོ་སྐྱོང་སྡེ་ཁག་ནས་ཁྲིམས་དང་མི་མཐུན་པར་ས་ཆ་བཟུང་སྤྱོད་བྱས་པ་དེ་དག་ཕྱིར་སློག་བྱེད་འགན་དཀྲི་རྒྱུ་དང་། ས་ཆ་སྤྱོད་ཐབས་སྐོར་གྱི་ཁྱོན་ཡོངས་ཀྱི་འཆར་གཞི་དང་འགལ་ཏེ་རང་འགར་ཞིང་སྤྱོད་ས་ཞིང་འཛུགས་སྐྲུན་ལ་མཁོ་བའི་ས་ཆར་བསྒྱུར་རིགས་ལ་ཁྲིམས་དང་མི་མཐུན་པར་བཟུང་སྤྱོད་བྱས་པའི་ས་ཆའི་ཐོག་གསར་དུ་བརྒྱབ་པའི་ཁང་པ་དང་སྒྲིག་བཀོད་གཞན་རྣམས་དུས་བཀག་ནང་བཤིག་ཏུ་བཅུག་ནས་ས་ཆའི་སྔར་ཡོད་ཀྱི་རྣམ་པ་ཇི་བཞིན་སླར་གསོ་བྱེད་རྒྱུ་དང་། ས་ཆ་སྤྱོད་ཐབས་སྐོར་གྱི་ཁྱོན་ཡོངས་ཀྱི་འཆར་གཞི་དང་མཐུན་རིགས་ལ་ཁྲིམས་དང་མི་མཐུན་པར་བཟུང་སྤྱོད་བྱས་པའི་ས་ཆའི་ཐོག་གསར་དུ་བརྒྱབ་པའི་ཁང་པ་དང་སྒྲིག་བཀོད་གཞན་རྣམས་གཞུང་བཞེས་གཏོང་རྒྱུ་དང་དངུལ་ཆད་ཆབས་སྦྲགས་སུ་བཅད་ཆོག་པ་དང་། ཁྲིམས་དང་མི་མཐུན་པར་ས་ཆ་བཟུང་སྤྱོད་བྱེད་མཁན་སྡེ་ཁག་གི་འགན་དངོས་སུ་འཁུར་མཁན་གཙོ་སྐྱོང་མི་སྣ་དང་ཁག་འགན་དངོས་སུ་འཁུར་མི་གཞན་ལ་ཁྲིམས་ལྟར་སྲིད་འཛིན་ཐོག་གི་ཆད་པ་གཅོད་རྒྱུ་དང་། ཉེས་ཚད་ལོན་རིགས་ལ་ཁྲིམས་ལྟར་ཉེས་འགན་བདའ་འདེད་བྱ་རྒྱུ།

ཆོག་མཆན་བཀོད་པའི་གྲངས་ཚད་ལས་བརྒལ་ཏེ་ས་ཆ་བཟུང་སྤྱོད་བྱས་ཡོད་ན་འཐོལ་པ་བཟུང་བའི་ས་ཆ་དེ་དག་ཁྲིམས་དང་མི་མཐུན་པར་ས་ཆ་བཟུང་སྤྱོད་བྱས་པར་བརྩིས་ཏེ་ཆད་པ་གཅོད་རྒྱུ།

དོན་ཚན་དོན་བདུན་པ། གྲོང་གསེབ་ཀྱི་ཡུལ་མིས་ཆོག་མཆན་མ་ཐོབ་པའམ་མགོ་སྐོར་གཏོང་ཐབས་ལ་བརྟེན་ནས་གཡོ་ཐབས་ཀྱིས་ཆོག་མཆན་ཐོབ་པར་བྱས་ཏེ་ཁྲིམས་དང་མི་མཐུན་པར་ས་ཆ་བཟུང་སྤྱོད་བྱས་པའི་ཐོག་སྡོད་ཁང་རྒྱག་རིགས་ལ་རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་ས་དོན་གཙོ་སྐྱོང་སྡེ་ཁག་ནས་ཁྲིམས་དང་མི་མཐུན་པར་བཟུང་སྤྱོད་བྱས་པའི་ས་ཆ་ཕྱིར་སློག་བྱེད་འགན་དཀྲི་རྒྱུ་དང་། ཁྲིམས་དང་མི་མཐུན་པར་བཟུང་སྤྱོད་བྱས་པའི་ས་ཆའི་ཐོག་གསར་དུ་བརྒྱབ་པའི་ཁང་པ་དུས་བཀག་ནང་བཤིག་ཏུ་འཇུག་རྒྱུ།

ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་ཀྱིས་གཏན་འབེབས་བྱས་པའི་ཚད་གཞི་ལས་བརྒལ་ཏེ་ས་ཆ་འཐོལ་པ་བཟུང་རིགས་ཁྲིམས་དང་མི་མཐུན་པར་ས་ཆ་བཟུང་སྤྱོད་བྱས་པར་བརྩིས་ཏེ་ཆད་པ་གཅོད་རྒྱུ།

དོན་ཚན་དོན་བརྒྱད་པ། ས་ཆ་བསྡུ་བ་དང་བེད་སྤྱོད་བྱ་རྒྱུའི་ཆོག་མཆན་འགོད་དབང་མེད་པའི་སྡེ་ཁག་གམ་མི་སྒེར་གྱིས་ཁྲིམས་དང་མི་མཐུན་པར་ཆོག་མཆན་བཀོད་ནས་ས་ཆ་བཟུང་སྤྱོད་བྱས་རིགས་དང་། ཆོག་མཆན་འགོད་པའི་དབང་ཚད་ལས་བརྒལ་ནས་ཁྲིམས་དང་མི་མཐུན་པར་ས་ཆ་བཟུང་སྤྱོད་བྱ་རྒྱུའི་ཆོག་མཆན་བཀོད་རིགས། ས་ཆ་སྤྱོད་ཐབས་སྐོར་གྱི་ཁྱོན་ཡོངས་ཀྱི་འཆར་གཞིའི་ནང་གཏན་འཁེལ་བྱས་པའི་སྤྱོད་སྒོར་མ་བརྟེན་པར་ས་ཆ་སྤྱོད་རྒྱུའི་ཆོག་མཆན་འགོད་རིགས་དང་ཡང་ན་བཅའ་ཁྲིམས་སུ་གཏན་ལ་ཕབ་པའི་གོ་རིམ་དང་འགལ་ཏེ་ས་ཆ་བཟུང་སྤྱོད་དང་བསྡུ་རྒྱུའི་ཆོག་མཆན་བཀོད་རིགས་བཅས་ཀྱི་མཆན་བཀོད་ཡིག་ཆ་རྣམས་གོ་མི་ཆོད་པར་བརྩི་རྒྱུ་དང་། ཁྲིམས་དང་མི་མཐུན་པར་ས་ཆ་བསྡུ་བ་དང་བེད་སྤྱོད་བྱ་རྒྱུའི་ཆོག་མཆན་འགོད་མཁན་གྱི་འགན་དངོས་སུ་འཁུར་མཁན་གཙོ་སྐྱོང་མི་སྣ་དང་ཁག་འགན་དངོས་སུ་འཁུར་མི་གཞན་ལ་ཁྲིམས་ལྟར་སྲིད་འཛིན་ཐོག་གི་ཆད་པ་གཅོད་རྒྱུ་དང་། ཉེས་ཚད་ལོན་པར་ཁྲིམས་ལྟར་ཉེས་འགལ་བདའ་འདེད་བྱ་རྒྱུ། ཁྲིམས་དང་མི་མཐུན་པར་ཆོག་མཆན་བཀོད་པ་དང་བེད་སྤྱོད་བྱས་པའི་ས་ཆ་ཕྱིར་བསྡུ་བྱ་དགོས་ཤིང་། འབྲེལ་ཡོད་དོ་བདག་གིས་ཕྱིར་སྤྲོད་བྱ་རྒྱུ་ཁས་མི་ལེན་པའི་རིགས་ཁྲིམས་དང་མི་མཐུན་པར་ས་ཆ་བཟུང་སྤྱོད་བྱས་པར་བརྩིས་ཏེ་ཆད་པ་གཅོད་རྒྱུ།

ཁྲིམས་དང་མི་མཐུན་པར་ས་ཆ་བསྡུ་བ་དང་བེད་སྤྱོད་བྱ་རྒྱུར་ཆོག་མཆན་བཀོད་ནས་དོ་བདག་ལ་གྱོང་གུན་བཟོས་རིགས་ལ་ཁྲིམས་ལྟར་སྐྱིན་ཚབ་འཇལ་འགན་འཁུར་དགོས།

དོན་ཚན་དོན་དགུ་པ། ས་ཆ་བསྡུ་སྤྱོད་བྱ་ཡུལ་སྡེ་ཁག་གི་ས་བསྡུས་སྐྱིན་དངུལ་དང་འབྲེལ་ཡོད་ཀྱི་འགྲོ་གྲོན་གཞན་བཙན་བཟུང་དང་གཞན་སྤྱོད་བྱས་ཏེ་ཉེས་ཚད་ལོན་རིགས་ལ་ཁྲིམས་ལྟར་ཉེས་འགན་བདའ་འདེད་བྱ་རྒྱུ་དང་། ཉེས་ཚད་ལོན་མེད་རིགས་ལ་ཁྲིམས་ལྟར་སྲིད་འཛིན་ཐོག་གི་ཆད་པ་གཅོད་རྒྱུ།

དོན་ཚན་བརྒྱད་ཅུ་པ། ཁྲིམས་ལྟར་རྒྱལ་ཁབ་ལ་དབང་བའི་ས་ཆ་སྤྱོད་དབང་ཕྱིར་བསྡུ་དགོས་ཀྱང་དོ་བདག་གིས་ས་ཆ་མི་སྤྲོད་པ་དང་། གནས་སྐབས་ས་ཆ་སྤྱོད་རྒྱུའི་དུས་ཚད་སླེབས་ཀྱང་ཕྱིར་སློག་མི་བྱེད་པ་དང་ཡང་ན་ཆོག་མཆན་ཐོབ་པའི་སྤྱོད་སྒོ་དང་འགལ་ཏེ་རྒྱལ་ཁབ་ལ་དབང་བའི་ས་ཆ་བེད་སྤྱོད་བྱེད་རིགས་བཅས་ལ་རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་ས་དོན་གཙོ་སྐྱོང་སྡེ་ཁག་ནས་ས་ཆ་ཕྱིར་སློག་བྱེད་འགན་དཀྲི་རྒྱུ་དང་དངུལ་ཆད་གཅོད་རྒྱུ།

དོན་ཚན་གྱ་གཅིག་པ། ཞིང་པ་ཐུན་མོང་ལ་དབང་བའི་ས་ཆ་སྤྱོད་དབང་རང་དགར་ནང་བཤུག་དང་བརྒྱུད་བཤུག་བྱེད་པའམ་ཞིང་ལས་མ་ཡིན་པའི་འཛུགས་སྐྲུན་བྱ་བར་བོགས་མར་གཏོང་རིགས་ལ་རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་ས་དོན་གཙོ་སྐྱོང་སྡེ་ཁག་ནས་དུས་བཀག་ནང་ཡོ་བསྲང་བྱེད་འགན་དཀྲི་རྒྱུ་དང་། ཁྲིམས་འགལ་ཐོབ་ཆ་གཞུང་བཞེས་གཏོང་རྒྱུ་དང་དངུལ་ཆད་ཆབས་སྦྲགས་སུ་གཅོད་རྒྱུ།

དོན་ཚན་གྱ་གཉིས་པ། བཅའ་ཁྲིམས་འདི་ཉིད་ཀྱི་གཏན་འབེབས་ལྟར་ས་ཆ་གཞན་སྤྱོད་ཀྱི་སྒྱུར་ཐོ་མ་བཀོད་པའི་རིགས་ལ་རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་ས་དོན་གཙོ་སྐྱོང་སྡེ་ཁག་ནས་དུས་བཀག་ནང་ས་ཆ་གཞན་སྤྱོད་ཀྱི་སྒྱུར་ཐོ་འགོད་དུ་འཇུག་རྒྱུ།

དོན་ཚན་གྱ་གསུམ་པ། བཅའ་ཁྲིམས་འདི་ཉིད་ཀྱི་ནང་གསལ་གཏན་འབེབས་ལྟར་དུས་བཀག་ནང་ཁྲིམས་དང་མི་མཐུན་པར་བཟུང་སྤྱོད་བྱས་པའི་ས་ཆའི་ཐོག་ཁང་པ་དང་སྒྲིག་བཀོད་གཞན་གསར་དུ་བརྒྱབ་པའི་རིགས་བཤིག་ཏུ་འཇུག་པའི་རིགས་ལ་འཛུགས་སྐྲུན་སྡེ་ཁག་གམ་མི་སྒེར་གྱིས་ངེས་པར་དུ་འཕྲལ་མར་ཨར་ལས་བྱེད་མཚམས་བཞག་ནས་རང་འགྲོས་སུ་བཤིག་དགོས་པ་དང་། མུ་མཐུད་དུ་ཨར་ལས་བྱེད་རིགས་ལ་ཆད་པ་གཅོད་མཁན་ལས་ཁུངས་ལ་བཀག་འགོག་བྱེད་དབང་ཡོད། འཛུགས་སྐྲུན་སྡེ་ཁག་གམ་མི་སྒེར་གྱིས་དུས་བཀག་ནང་བཤིག་ཏུ་འཇུག་པའི་སྲིད་འཛིན་ཐད་ཀྱི་ཆད་པ་བཅད་དོན་དེ་བློར་མ་བབས་ན་དུས་བཀག་ནང་བཤུག་ཏུ་འཇུག་པའི་ཆོད་དོན་འབྱོར་ཉིན་ནས་བཟུང་གི་ཉིན་བཅོ་ལྔའི་ནང་ཚུན་དུ་མི་དམངས་ཁྲིམས་ཁང་ལ་ཞུ་སྦྱོར་བྱས་ཆོག་པ་དང་། དུས་ཚོད་སླེབས་ནའང་ཞུ་སྦྱོར་མི་བྱེད་ལ་རང་འགྲོས་སུའང་མི་བཤིགས་པའི་རིགས་ལ་ཆད་པ་གཅོད་མཁན་ལས་ཁུངས་ཀྱིས་ཁྲིམས་ལྟར་མི་དམངས་ཁྲིམས་ཁང་ལ་བཙན་ཐབས་ཀྱིས་ལག་བསྟར་བྱེད་དུ་འཇུག་རྒྱུའི་རེ་འདུན་ཞུ་རྒྱུ་དང་། རེ་འདུན་དེ་དག་གི་འགྲོ་གྲོན་དག་ཁྲིམས་འགལ་པས་གཏོང་རྒྱུ།

དོན་ཚན་གྱ་བཞི་པ། ས་དོན་གཙོ་སྐྱོང་སྡེ་ཁག་གི་ལས་བྱེད་མི་སྣས་འཁུར་འཁྲིའི་ལས་འགན་སྣང་མེད་ལྷོད་གཡེང་དུ་གཏོང་པ་དང་། འགན་བབ་དབང་ཆ་གང་བྱུང་དུ་སྤྱོད་པ། ཉེར་ཕྱོགས་གཡོ་ཟོལ་བཅས་བྱེད་པ་ལས་བྱས་ཉེས་སུ་གྲུབ་རིགས་ལ་ཁྲིམས་ལྟར་ཉེས་འགན་བདའ་འདེད་བྱ་རྒྱུ་དང་། ཉེས་ཚད་ལོན་མེད་རིགས་ལ་ཁྲིམས་ལྟར་སྲིད་འཛིན་ཐོག་གི་ཆད་པ་གཅོད་རྒྱུ། 

ལེའུ་བརྒྱད་པ། ཞར་བྱུང་དོན་ཚན།

དོན་ཚན་གྱ་ལྔ་པ། ཀྲུང་གོ་དང་ཕྱི་རྒྱལ་གྱི་མ་དངུལ་མཉམ་བཞག་གིས་གཉེར་བའི་ཁེ་ལས་དང་། ཀྲུང་གོ་དང་ཕྱི་རྒྱལ་གྱིས་མཉམ་གཉེར་བྱེད་པའི་ཁེ་ལས། ཕྱི་རྒྱལ་ནས་མ་དངུལ་བཞག་པའི་ཁེ་ལས་བཅས་ཀྱིས་ས་ཆ་སྤྱོད་པར་བཅའ་ཁྲིམས་འདི་ཉིད་སྤྱད་འཐུས་པ་དང་། བཅའ་ཁྲིམས་ནང་ལོགས་སུ་གཏན་འབེབས་གཞན་དག་ཡོད་པ་རྣམས་གཏན་འབེབས་དེ་ཉིད་ལ་བརྩི་སྲུང་ཞུ་རྒྱུ།

དོན་ཚན་གྱ་དྲུག་པ། བཅའ་ཁྲིམས་འདི་ཉིད1999ལོའི་ཟླ1ཚེས1ཉིན་ནས་ལག་བསྟར་བྱས་པ་ཡིན།

རྩོམ་སྒྲིག་པ། : གསང་བདག་རྒྱལ།