ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་གྱིས་སྲིད་ཇུས་བདུན་བཏོན་ནས་དབུལ་ཕོངས་ངལ་རྩོལ་པ་ལས་ཀར་ཞུགས་པར་རྒྱབ་སྐྱོར་བྱས་པ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2020-04-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

སྲིད་ཇུས་ལག་བསྟར་བྱེད་ཡུན་ནི་ཟླ4པ་ནས་ཟླ7པའི་བར་རེད།    

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་དང་།མཚོ་སྔོན་ཞིང་ཆེན་དབུལ་སྐྱོར་གསར་སྤེལ་ཅུས།མཚོ་སྔོན་ཞིང་ཆེན་ནོར་སྲིད་ཐིང་།མཚོ་སྔོན་ཞིང་ཆེན་དངུལ་ཁང་འགན་བཅོལ་ལྟ་སྐུལ་ཅུས་བཅས་ཀྱིས་རིམས་ནད་ཀྱི་དབང་གིས་ལས་ཀར་ཞུགས་པར་གནོད་པ་ཐེབས་པའི་དབུལ་ཕོངས་ངལ་རྩོལ་པར་རྒྱབ་སྐྱོར་དང་དུད་ཁྱིམ་ཐོན་ལས་འཕེལ་རྒྱས་སུ་བཏང་ནས་ཡོང་སྒོར་འགན་སྲུང་བྱེད་པའི་ཐད་ནས་སྲིད་ཇུས་ཀྱི་བྱེད་ཐབས་བདུན་བཏོན་པ་དང་།སྲིད་ཇུས་ལག་བསྟར་བྱེད་ཡུན་ནི་ད་ལོའི་ཟླ4པ་ནས་ཟླ7པའི་བར་རེད།

དབུལ་ཕོངས་ངལ་རྩོལ་པ་སྤོ་བསྒྱུར་ལས་ཞུགས་བྱེད་པར་སྐུལ་མ་གཏོང་བ།དབུལ་ཕོངས་ངལ་རྩོལ་པ་ངལ་རྩོལ་བར་སྨྱན་པ་དང་སྤྱི་པའི་ལས་ཞུགས་འཇོན་མིའི་ཞབས་ཞུ་ལས་ཁུངས།བདག་གཉེར་མཁན་གྱི་མི་ཤུགས་ཐོན་ཁུངས་ཞབས་ཞུའི་ལས་ཁུངས་དང་ལས་རིགས་མཐུན་ཚོགས་སོགས་བརྒྱུད་དེ།ཁེ་ལས་སོ་སོར་སོང་ནས་ལས་ཀར་ཞུགས་པ་དང་ཡང་ན་རོང་འབྲོག་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་མི་སྡོད་ཁོར་ཡུག་ལེགས་བཅོས་བྱེད་པའི་བྱ་བའི་ནང་ཞུགས་ན།མི་རེར་སྒོར1000གི་ཐེངས་གཅིག་རང་བཞིན་གྱི་ལས་ཞུགས་ཁ་གསབ་སྟེར་རྒྱུ་རེད།

ཁེ་ལས་ཀྱིས་ལས་ཀ་བ་བསྡུ་བར་སྐུལ་མ་གཏོང་བ།ཁེ་ལས་སོ་སོས་དབུལ་ཕོངས་ངལ་རྩོལ་པ་བསྡུས་པར་མ་ཟད་ངལ་རྩོལ་གན་རྒྱ་བཞག་ན།མི་གཅིག་བསྡུས་པར་ཐེངས་གཅིག་རང་བཞིན་གྱི་བྱ་དགའ་སྒོར1000སྟེར་རྒྱུ།

ལས་རིགས་བར་སྨྱན་པའི་ཞབས་ཞུ་བསྒྲུབ་པར་རྒྱབ་སྐྱོར་བྱེད་པ།སྤྱི་པའི་ལས་ཞུགས་འཇོན་མིའི་ཞབས་ཞུ་ལས་ཁུངས་དང་བདག་གཉེར་རང་བཞིན་གྱི་མི་ཤུགས་ཐོན་ཁུངས་ཞབས་ཞུ་ལས་ཁུངས།ལས་རིགས་མཐུན་ཚོགས་བཅས་ཀྱིས་རིན་མ་བླངས་པར་དབུལ་ཕོངས་ངལ་རྩོལ་པར་ལས་ཀ་བཙལ་རོགས་བྱས་ན་ཐེངས་གཅིག་ཅན་གྱི་ཁ་གསབ་སྟེར་རྒྱུ།ངལ་རྩོལ་བར་སྨྱན་པས་རྩ་འཛུགས་དང་སྣེ་ཁྲིད་སྒོས་དབུལ་ཕོངས་ངལ་རྩོལ་པ་སྤོ་བསྒྱུར་ལས་ཞུགས་བྱེད་དུ་བཅུག་ན་ཚད་གཞི་ལྟར་བྱ་དགའ་སྟེར་རྒྱུ།

ལས་གནས་སུ་འབྱོར་བའི་ངལ་རྩོལ་པར་འགྲིམ་འགྲུལ་གྲོན་དངུལ་གྱི་ཁ་གསབ་སྟེར་བ།དབུལ་ཕོངས་ངལ་རྩོལ་པ་སྤྱི་པའི་ལས་ཞུགས་འཇོན་མིའི་ཞབས་ཞུའི་ལས་ཁུངས་དང་།བདག་གཉེར་རང་བཞིན་གྱི་མི་ཤུགས་ཐོན་ཁུངས་ཞབས་ཞུའི་ལས་ཁུངས། ལས་རིགས་མཐུན་ཚོགས། ངལ་རྩོལ་བར་སྨྱན་པ་སོགས་བརྒྱུད་དེ་ལས་གནས་སུ་འབྱོར་ནས་ལས་མགོ་བརྩམས་ཤིང་།ཁྱབ་ཁོངས་བརྒལ་ཏེ་སྤོ་བསྒྱུར་ལས་ཞུགས་བྱས་ན།དོན་དངོས་ཀྱི་འགྲིམ་འགྲུལ་གྲོན་དངུལ་ལྟར་རྫོང་རིམ་པའི་སྲིད་གཞུང་གིས་ཁ་གསབ་སྟེར་རྒྱུ།

སྡེ་བ་རིམ་པའི་གནས་སྐབས་ཀྱི་སྤྱི་པའི་ལས་རྐང་འཛུགས་པ།སྡེ་བ་རེ་རེས་འབྲེལ་ཡོད་གནས་སྐབས་རང་བཞིན་གྱི་སྤྱི་པའི་ལས་རྐང་བཙུགས་ནས།གཙོ་བོ་དབུལ་ཕོངས་ཁྱིམ་ཚང་དང་ཡོང་སྒོ་དམའ་བའི་ཁྱིམ་ཚང་གི་ངལ་རྩོལ་པ་གཉོམ་ཞན་ཅན་ལ་བཀོད་སྒྲིག་བྱེད་དགོས་པར་མ་ཟད།མི་རེར་ཐེངས་གཅིག་རང་བཞིན་གྱི་ལས་རྐང་ཟླ་ཕོགས5000རེ་སྟེར་རྒྱུ།

དབུལ་ཕོངས་ཁྱིམ་ཚང་གིས་ཐོན་སྐྱེད་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་བྱེད་རྒྱུ།ད་ལོའི་ཟླ་དང་པོའི་ཚེས1ཉིན་གྱི་རྗེས་སུ་དངུལ་བུན་འཇལ་བའི་དུས་ཚོད་ཐོན་མཁན་ལ།དངུལ་བུན་འཇལ་བའི་དུས་ཡུན་འོས་འཚམ་གྱིས་ཕྱིར་འགྱངས་བྱེད་རྒྱུ་དང་།ཕྱིར་འགྱངས་བྱས་པའི་དུས་ཚོད་ཆེས་མང་ནའང་ཟླ6ལས་བརྒལ་མི་ཆོག ཆ་རྐྱེན་དང་མཐུན་པའི་དབུལ་ཕོངས་ཁྱིམ་ཚང་གིས་ཐོན་སྐྱེད་འཕེལ་རྒྱས་གཏོང་བའི་ཐད་ཡང་བསྐྱར་དངུལ་བུན་ལེན་པའི་དགོས་མཁོ་ཡོད་ན།དངུལ་བུན་སྟེར་དགོས་པ་ཚང་མར་སྟེར་བ་དང་།དེའི་ཐད་ཀྱི་སྲིད་ཇུས་སྣ་ཚོགས་མི་འགྱུར་བ་བྱེད་དགོས།དབུལ་ཕོངས་ཁྱིམ་ཚང་གིས་ཐོན་སྐྱེད་འཕེལ་རྒྱས་གཏོང་ཆེད་རོགས་རེས་མ་དངུལ་བསྐྱི་དགོས་ན།ད་ལོའི་ལོ་འདིའི་ནང་དུ་བསྐྱི་དངུལ་ཁ་གྲངས་སྒོར་ཁྲི2ནས་སྒོར་ཁྲི4རུ་ཇེ་མང་དུ་གཏོང་རྒྱུ།

ཡོང་སྒོ་དམའ་བའི་ཁྱིམ་ཚང་གི་ཐོན་སྐྱེད་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་རྒྱུ། ཁྱིམ་ཚང་གི་མིའི་ཆ་སྙོམས་ཀྱིས་བཀོལ་ཆོག་པའི་ཡོང་སྒོ་རྫོང་དེའི2019ལོའི་ཞིང་སྡེའི་རྒྱུན་སྡོད་གཞིས་དམངས་ཀྱི་མི་རེའི་ཆ་སྙོམས་ཀྱིས་བཀོལ་ཆོག་ཡོང་སྒོའི70%ལས་དམའ་བ་དང་།ཐོན་ལས་འཕེལ་རྒྱས་གཏོང་བར་མ་དངུལ་གྱི་རྒྱབ་སྐྱོར་མཁོ་བའི་ཡོང་སྒོ་དམའ་བའི་རོང་འབྲོག་ཁྱིམ་ཚང་ལ།དབུལ་ཕོངས་ཁྱིམ་ཚང་གི་དབུལ་སྐྱོར་འབོར་ཆུང་དངུལ་བུན་སྲིད་ཇུས་ལྟར།དུས་ཡུན་ལོ་གཅིག་ཅན་གྱི་སྒོར་ཁྲི3མན་གྱི་འབོར་ཆུང་དངུལ་བུན་བསྐྱིས་ནས་རྒྱབ་སྐྱོར་བྱེད་རྒྱུ། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།