ཏོག་གསར་གློ་ཚད་སྔོན་འགོག་ཚོད་འཛིན་སྐོར་གྱི་བཅའ་ཁྲིམས་ཤེས་བྱ་ཉེར་གསུམ་མ།

《ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་སྐོར་གྱི་འབྲེལ་ཡོད་བཅའ་ཁྲིམས་ཤེས་བྱ་ཉེར་གསུམ་མ།》


མིག་སྔར། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ཏང་ཡོངས་དང་རྒྱལ་ཡོངས་མི་དམངས་ཀྱིས་ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་ཀྱི་རིམས་ནད་ལ་ནུས་ཤུགས་ཡོད་རྒུས་ཁ་གཏད་གཅོག་བཞིན་ཡོད། རྒྱ་ཆེའི་མི་དམངས་མང་ཚོགས་ཀྱིས་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་གྱི་འབྲེལ་ཡོད་བཅའ་ཁྲིམས་ཤེས་བྱ་ལ་ཤེས་རྟོགས་གཏིང་ཟབ་བྱ་རྒྱུར་ཁྲིད་སྟོན་བྱེད་པ་དང་། རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ཁྲིམས་ལྟར་གོ་རིམ་ལྡན་པའི་ངང་སྤེལ་རྒྱུར་སྐུལ་འདེད་གཏོང་ཆེད། རྒྱལ་ཡོངས་ཁྲིམས་ལུགས་ཁྱབ་གདལ་གཞུང་དོན་ཁང་གིས་སྟོབས་ཤུགས་སྒྲིག་འཛུགས་བྱས་ཏེ། ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་གྱི་འབྲེལ་ཡོད་བཅའ་ཁྲིམས་གཏན་འབེབས་ཕྱོགས་བསྡུས་ལེགས་སྒྲིག་བྱས་ནས་དྲི་བ་དྲིས་ལན་གྱི་ཚུལ་དུ་བཀོད་པ་གཤམ་ལྟར།

 1.རིམས་ནད་ཀྱི་སྐོར་ལ་རང་རྒྱལ་གྱི་བཅའ་ཁྲིམས་ནང་གཏན་འབེབས་ཇི་ལྟར་བྱས་ཡོད་དམ།

《འགོས་ནད་འགོག་བཅོས་བྱེད་ཕྱོགས་སྐོར་གྱི་བཅའ་ཁྲིམས》ཀྱི་དོན་ཚན་གསུམ་པའི་ནང་། “བཅའ་ཁྲིམས་འདིའི་ནང་གཏན་འབེབས་བྱས་པའི་འགོས་ནད་ལ་རིགས་ཀ་པ་དང་། ཁ་པ། ག་པ་བཅས་སུ་དབྱེ་ཡོད།

འགོས་ནད་རིགས་ཀ་པ་ཞེས་པ་ནི་བྱི་རིམས་དང་སྐྱུག་བཤལ་ལ་ཟེར།

རིམས་ནད་རིགས་ཁ་པ་ཞེས་པ་ནི། འགོས་ནད་རང་བཞིན་གྱི་དཔེར་མཚོན་མ་ཡིན་པའི་གློ་ཚད་དང་། ཨེ་ཙི་འགོས་ནད། ནད་དུག་རང་བཞིན་གྱི་མཆིན་ཚད། རྒྱུངས་སྐྱའི་གཉན་ཚད། མིར་ནད་སློང་ཤུགས་ཆེ་བའི་འདབ་ཆགས་ཆམ་རིམས། སིབ་ནད། རིམས་ནད་ཅན་གྱི་ཁྲག་རྡོལ་ཚ་ནད། ཁྱི་སྨྱོན་ནད། རིམས་ནད་ཅན་གྱི་ཀླད་ཚད་ཁ་པ། ཏེང་ཀོ་ཚ་ནད། ས་ནད། འབུ་ཕྲ་རང་བཞིན་དང་ཨ་སྨི་པ་རང་བཞིན་གྱི་འཁྲུ་ནད། གློ་བའི་གཅོང་ནད། རྒྱུ་ཚད་དང་རྒྱུ་ཚད་ཕལ་པ། རིམས་ནད་ཅན་གྱི་ཀླད་རྒྱུངས་སྐྱི་མོའི་གཉན་ཚད། བརྒྱ་ལུ་ནད། མགྲིན་ནད་དཀར་པོ། ཕྲུ་གུ་དམར་འབྱར་གྱི་རྨ་འབུ། མཚེ་དམར། པུའུ་ལུའུ་ཧྲི་འབུ་ཕྲའི་ནད། རྨེན་ནད། རེག་དུག་ནད། ཀྱོ་སྣེ་དུང་འཁྱིལ་གཟུགས་ཀྱི་ནད། ཁྲག་འཇིབ་འབུ་ཕྲའི་ནད། འདར་ནད་བཅས་ལ་ཟེར།  

རིམས་ནད་རིགས་ག་པ་ཞེས་པ་ནི། རིམས་ནད་རང་བཞིན་གྱི་ཆམ་པ་དང་། རིམས་ནད་རང་བཞིན་གྱི་འགྲམ་རྨེན་གཉན་ཚད། རླུང་འབྲུམ། མྱུར་བའི་ཁྲག་རྡོལ་རང་བཞིན་གྱི་མིག་སྐྱིའི་གཉན་ཚད་ཀྱི་ནད། མཛེ་ནད། རིམས་ནད་རང་བཞིན་དང་ས་གནས་རང་བཞིན་གྱི་རྒྱུ་ཚད་ཐོར་སིབ་ནད་དང་། ཚ་ནག ཐུམ་འབུའི་ནད། སི་འབུའི་ནད་བཅས་དང་། སྐྱུག་བཤལ་དང་ཕྲ་སྲིན་རང་བཞིན་དང་ཨ་སྨི་པ་རང་བཞིན་གྱི་འཁྲུ་ནད། རྒྱུ་ཚད་དང་རྒྱུ་ཚད་ཕལ་པ་བཅས་ཕུད་པའི་འགོས་ནད་རང་བཞིན་གྱི་འཁྲུ་བཤལ་ནད་བཅས་ལ་ཟེར།

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འཕྲོད་བསྟེན་སྲིད་འཛིན་སྡེ་ཁག་གིས་རིམས་ནད་འབྱུང་ཚུལ་དང་མཆེད་ཚུལ། གནོད་ཚད་བཅས་ལ་གཞིགས་ནས་རིམས་ནད་རིགས་ཁ་པ་དང་ག་པའི་རྣམ་གྲངས་ཁ་སྣོན་དང་ཉུང་དུ་གཏོང་བའམ། ལེགས་སྒྲིག་བྱས་ཆོག་པར་མ་ཟད། ཁྱབ་བསྒྲགས་ཀྱང་བྱས་ཆོག” ཅེས་གཏན་འབེབས་གནང་ཡོད།

2.ཅི་ཞིག་ལ་འགོས་ནད་ཀྱི“རིགས་ཁ་པའི་དོ་དམ་དང་རིགས་ཀ་པའི་སྔོན་འགོག་ཚོད་འཛིན”ཟེར།

《འགོས་ནད་འགོག་བཅོས་བྱེད་ཕྱོགས་སྐོར་གྱི་བཅའ་ཁྲིམས》ཀྱི་དོན་ཚན་བཞི་པའི་ནང་། “འགོས་ནད་རིགས་ཁ་པའི་ཁྲོད་ཀྱི་འགོས་ནད་རང་བཞིན་གྱི་དཔེར་མཚོན་མ་ཡིན་པའི་གློ་ཚད་དང་། ས་ནད་ཁྲོད་ཀྱི་གློ་བའི་ས་ནད་དང་མི་ལ་ནད་སློང་ཤུགས་ཆེ་བའི་འདབ་ཆགས་ཆམ་རིམས་ལ་བཅའ་ཁྲིམས་འདིའི་ནང་བརྗོད་པའི་རིམས་ནད་རིགས་ཀ་པའི་སྔོན་འགོག་དང་ཚོད་འཛིན་བྱེད་ཐབས་སྤྱོད་དགོས། དེ་མིན་རིམས་ནད་རིགས་ཁ་པ་དང་རྒྱུ་རྐྱེན་མི་གསལ་བའི་ཐོལ་བྱུང་རིམས་ནད་ལ་བཅའ་ཁྲིམས་འདིར་བརྗོད་པའི་རིམས་ནད་རིགས་ཀ་པའི་སྔོན་འགོག་དང་ཚོད་འཛིན་བྱེད་ཐབས་སྤྱོད་དགོས་ན། རྒྱལ་སྲིད་སྤྱི་ཁྱབ་ཁང་འཕྲོད་བསྟེན་སྲིད་འཛིན་སྡེ་ཁག་གིས་དུས་ཐོག་ཏུ་རྒྱལ་སྲིད་སྤྱི་ཁྱབ་ཁང་ལ་སྙན་སེང་ཞུས་ནས་ཆོག་མཆན་ཐོབ་རྗེས་སྤྱི་བསྒྲགས་དང་ལག་བསྟར་བྱ་དགོས།

གོང་གསལ་ནང་གསེས་དོན་ཚན་གྱི་གཏན་འབེབས་ལྟར་རིམས་ནད་རིགས་ཀ་པའི་སྔོན་འགོག་དང་ཚོད་འཛིན་བྱེད་ཐབས་ཕྱིར་འཐེན་བྱ་དགོས་ན། རྒྱལ་སྲིད་སྤྱི་ཁྱབ་ཁང་འཕྲོད་བསྟེན་སྲིད་འཛིན་སྡེ་ཁག་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་ལ་སྙན་སེང་ཞུས་ནས་ཆོག་མཆན་ཐོབ་རྗེས་སྤྱི་བསྒྲགས་བྱ་དགོས།

ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་ཀྱི་མི་དམངས་སྲིད་གཞུང་གིས་སྲིད་འཛིན་ས་ཁོངས་དེ་གའི་ནང་རྒྱུན་དུ་བྱུང་དང་འབྱུང་མང་བའི་ས་གནས་རང་བཞིན་གྱི་འགོས་ནད་གཞན་དག་གནས་ཚུལ་ལ་གཞིགས་ནས། རིམས་ནད་རིགས་ཁ་པའམ་ཡང་ན་རིགས་ག་པའི་དོ་དམ་བྱ་རྒྱུ་ཐག་གཅོད་བྱེད་པ་དང་འབྲེལ་སྤྱི་བསྒྲགས་བྱས་ཏེ། རྒྱལ་སྲིད་སྤྱི་ཁྱབ་ཁང་འཕྲོད་བསྟེན་སྲིད་འཛིན་སྡེ་ཁག་ལ་ཐོ་འགོད་སྙན་སེང་ཞུ་དགོས། " ཞེས་གཏན་འབེབས་གནང་ཡོད།

 3.ཅི་ཞིག་ལ་ཐོལ་བྱུང་སྤྱི་པའི་འཕྲོད་བསྟེན་དོན་རྐྱེན་ཟེར།

 《ཐོལ་བྱུང་སྤྱི་པའི་འཕྲོད་བསྟེན་དོན་རྐྱེན་གྱི་འཕྲལ་བསྟུན་སྲོལ་ཡིག》གི་དོན་ཚན་གཉིས་པའི་ནང་། “སྲོལ་ཡིག་འདིའི་ནང་བརྗོད་པའི་ཐོལ་བྱུང་སྤྱི་པའི་འཕྲོད་བསྟེན་དོན་རྐྱེན(གཤམ་དུ་ཐོལ་བྱུང་དོན་རྐྱེན་ཞེས་བསྡུ་རྒྱུ)ནི་གློ་བུར་དུ་བྱུང་ནས་སྤྱི་ཚོགས་ཀྱི་སྤྱི་དམངས་ཀྱི་བདེ་ཐང་ལ་གནོད་འཚེ་ཚབས་ཆེན་བཟོས་པའམ་བཟོ་སྲིད་པའི་འགོས་ནད་ཚབས་ཆེན་དང་། མི་ཚོགས་རང་བཞིན་གྱི་རྒྱུ་རྐྱེན་མི་གསལ་བའི་ནད། ཟས་རིགས་ཚབས་ཆེན་དང་ལས་རིགས་ནད་དུག་ཕོག་པ། དེ་བཞིན་སྤྱི་དམངས་ཀྱི་བདེ་ཐང་ལ་ཤུགས་རྐྱེན་ཚབས་ཆེན་བཟོ་བའི་དོན་རྐྱེན་གཞན་དག་ལ་ཟེར།” ཞེས་གཏན་འབེབས་གནང་ཡོད།

4.ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བྱ་བའི་ཁྲོད་ལས་ཁུངས་དང་མི་སྒེར་ལ་འོས་འགན་གང་དག་ཡོད།

《འགོས་ནད་འགོག་བཅོས་བྱེད་ཕྱོགས་སྐོར་གྱི་བཅའ་ཁྲིམས》ཀྱི་དོན་ཚན་བཅུ་གཉིས་པའི་ནང་། “ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མངའ་ཁོངས་སུ་ཡོད་པའི་ལས་ཁུངས་དང་མི་སྒེར་ཡོད་ཚད་ཀྱིས་ངེས་པར་དུ་རིམས་ནད་སྔོན་འགོག་ཚོད་འཛིན་ལས་ཁུངས་དང་སྨན་བཅོས་ལས་ཁུངས་ཀྱི་འབྲེལ་ཡོད་རིམས་ནད་བརྟག་དཔྱད་དང་ཞིབ་བཤེར། མ་དཔེ་འཚོལ་བསྡུ། ཟུར་འཇོག་སྨན་བཅོས་སོགས་སྔོན་འགོག་དང་ཚོད་འཛིན་བྱེད་ཐབས་དང་ལེན་བྱས་ནས། འབྲེལ་ཡོད་གནས་ཚུལ་ཇི་མ་ཇི་བཞིན་མཁོ་འདོན་བྱ་དགོས།” ཞེས་དང་།

དོན་ཚན་སོ་གཅིག་པའི་ནང་། “ལས་ཁུངས་གང་དང་མི་སྒེར་སུ་ཞིག་གིས་རིམས་ནད་ཕོག་མཁན་ནམ་ཡང་ན་རིམས་ནད་ཡིན་པར་དོགས་པའི་ནད་པ་ཡིན་པར་ཤེས་ཚེ། ཉེ་འདབས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་ཁུངས་སམ་ཡང་ན་སྨན་བཅོས་ལས་ཁུངས་ལ་དུས་ཐོག་ཏུ་སྙན་སེང་ཞུ་དགོས།” ཞེས་གཏན་འབེབས་གནང་ཡོད་པ་དང་།

 《ཐོལ་བྱུང་དོན་རྐྱེན་ལ་ཁ་གཏད་འཇལ་ཕྱོགས་སྐོར་གྱི་བཅའ་ཁྲིམས》ཀྱི་དོན་ཚན་ང་བཞི་པའི་ནང་། “ལས་ཁུངས་གང་དང་མི་སྒེར་སུ་ཞིག་གིས་ཀྱང་ཐོལ་བྱུང་དོན་རྐྱེན་གྱི་འཕེལ་ཚུལ་ལམ་ཡང་ན་བབ་བསྟུན་ཐག་གཅོད་ལས་ཀའི་སྐོར་གྱི་ཆ་འཕྲིན་རྫུན་མ་རྫུན་བཟོ་དང་ཁྱབ་སྤེལ་བྱས་མི་ཆོག” ཅེས་དང་།

དོན་ཚན་ལྔ་དྲུག་པའི་ནང་། “རང་བྱུང་གནོད་འཚེའི་གནོད་སྐྱོན་ཕོག་པའམ་ཡང་ན་ལས་འཛོལ་གྱི་ཆག་སྒོ་དང་། སྤྱི་པའི་འཕྲོད་བསྟེན་དོན་རྐྱེན་བཅས་བྱུང་བའི་ལས་ཁུངས་ཀྱིས་འཕྲལ་མར་ལས་ཁུངས་དེ་གར་འཕྲལ་བསྟུན་རོགས་སྐྱོབ་དཔུང་ཁག་དང་ལས་དོན་མི་སྣ་སྒྲིག་འཛུགས་བྱས་ནས་གནོད་འཚེ་ཕོག་མཁན་སྐྱོབ་པ་དང་། ཉེན་ཁར་འཕྲད་པའི་མི་སྣ་འགྲེམ་པ་དང་། ཕྱིར་འཐེན། བཀོད་སྒྲིག་བཅས་བྱེད་པ། ཉེན་ཁའི་འབྱུང་ཁུངས་ཚོད་འཛིན་དང་། ཉེན་ཁ་ཡོད་སར་རྟགས་འགོད་པ། ཉེན་ཁ་ཡོད་སར་བཀག་སྡོམ་བཅས་བྱེད་དགོས་པ་མ་ཟད། གནོད་འཚེ་ཆེ་རུ་མི་འགྲོ་བའི་དགོས་ངེས་ཀྱི་བྱ་ཐབས་གཞན་དག་སྤྱོད་པ་དང་ཆབས་ཅིག་གནོད་འཚེ་བྱུང་སའི་རྫོང་རིམ་པའི་མི་དམངས་སྲིད་གཞུང་ལ་སྙན་སེང་ཞུ་དགོས་པ་སོགས་དང་།

གློ་བུར་གྱི་དོན་རྐྱེན་བྱུང་སའི་ལས་ཁུངས་གཞན་དག་གིས་མི་དམངས་སྲིད་གཞུང་གིས་ཁྱབ་བསྒྲགས་བྱས་པའི་ཆོད་དོན་དང་བཀའ་རྒྱ་དང་ལེན་བྱ་དགོས་པ་དང་། མི་དམངས་སྲིད་གཞུང་གིས་བབ་བསྟུན་ཐག་གཅོད་བྱེད་ཐབས་སྤྱོད་པར་གཞོགས་འདེགས་བྱས་ནས། ལས་ཁུངས་དེ་གའི་བབ་བསྟུན་རོགས་སྐྱོབ་ལས་ཀ་ལེགས་པར་བསྒྲུབ་དགོས་པར་མ་ཟད། ཧུར་ཐག་གིས་མི་སྣ་སྒྲིག་འཛུགས་བྱས་ཏེ་གང་གནས་སའི་བབ་བསྟུན་རོགས་སྐྱོབ་དང་ཐག་གཅོད་ལས་ཀར་གཞུག་དགོས།” ཞེས་དང་། 

དོན་ཚན་ལྔ་བདུན་པའི་ནང་། “གློ་བུར་དོན་རྐྱེན་བྱུང་སའི་སྤྱི་དམངས་ཀྱིས་མི་དམངས་སྲིད་གཞུང་དང་། སྡོད་དམངས་ཨུ་ཡོན་ལྷན་ཁང་། གྲོང་མིའི་ཨུ་ཡོན་ལྷན་ཁང་ངམ་ཡང་ན་ཁོངས་གཏོགས་ལས་ཁུངས་བཅས་ཀྱི་བཀོད་འདོམས་དང་བཀོད་སྒྲིག་ལ་བརྩི་སྲུང་ཞུ་བ་དང་། མི་དམངས་སྲིད་གཞུང་གིས་བབ་བསྟུན་ཐག་གཅོད་བྱེད་ཐབས་སྤྱོད་པར་གཞོགས་འདེགས་བྱེད་པ། བབ་བསྟུན་རོགས་སྐྱོབ་ཀྱི་ལས་ཀར་ཞུགས་པ། སྤྱི་ཚོགས་ཀྱི་སྒྲིག་ལམ་སྲུང་སྐྱོང་བྱེད་རོགས་བཅས་བྱ་དགོས།” ཞེས་གཏན་འབེབས་གནང་ཡོད།

5.སྨན་བཅོས་ལས་ཁུངས་ཀྱིས་ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་རིམས་ནད་ཀྱི་ནད་པ་དང་། དོགས་ཡོད་ནད་པ། དེ་མིན་ཁོ་ཚོ་དང་འབྲེལ་འདྲིས་ཟབ་པའི་མི་སྣ་ཇི་ལྟར་ཐག་གཅོད་བྱེད་དགོས།

《འགོས་ནད་འགོག་བཅོས་བྱེད་ཕྱོགས་སྐོར་གྱི་བཅའ་ཁྲིམས》ཀྱི་དོན་ཚན་སོ་དགུ་པའི་ནང་གསེས་དོན་ཚན་དང་པོའི་ནང་། “སྨན་བཅོས་ལས་ཁུངས་ཀྱིས་འགོས་ནད་རིགས་ཀ་པ་ཡིན་པར་ཤེས་ཚེ། དུས་ཐོག་ཏུ་གཤམ་གསལ་གྱི་བྱེད་ཐབས་སྤྱོད་དགོས་ཏེ།

(གཅིག)ནད་པ་དང་། ནད་དུག་ཕོག་ཡོད་མཁན་ལ་ཟུར་འཇོག་སྨན་བཅོས་བྱ་རྒྱུ་དང་། ཟུར་འཇོག་དུས་ཡུན་ནི་གསོ་རིག་གི་བརྟག་དཔྱད་བྱས་འབྲས་ལ་གཞིགས་ནས་གཏན་འཁེལ་བྱ་རྒྱུ།

(གཉིས། )དོགས་ཡོད་ནད་པ་ལ། ནད་གཞི་གཏན་འཁེལ་མ་བྱས་གོང་དམིགས་འཛུགས་ཀྱི་གནས་སུ་གཅིག་པོར་ཟུར་འཇོག་བྱས་ནས་སྨན་བཅོས་བྱ་རྒྱུ།

(གསུམ། )སྨན་བཅོས་ལས་ཁུངས་ནང་གི་ནད་པ་དང་། ནད་དུག་ཕོག་ཡོད་མཁན། དོགས་ཡོད་ནད་པ་བཅས་དང་རེག་ཐུག་ཉེ་བཅར་བྱེད་མཁན་ལ་དམིགས་འཛུགས་ཀྱི་གནས་སུ་གསོ་རིག་ལྟ་ཞིབ་དང་དགོས་ངེས་ཀྱི་སྔོན་འགོག་བྱེད་ཐབས་གཞན་དག་སྤྱོད་དགོས།” ཞེས་གཏན་འབེབས་གནང་ཡོད།

6.ཟུར་འཇོག་སྨན་བཅོས་དང་ལེན་མི་བྱེད་པའམ་ཡང་ན་རང་དགར་ཁ་བྲལ་བའི་ནད་པ་དང་དོགས་ཡོད་ནད་པ་ཇི་ལྟར་ཐག་གཅོད་བྱེད་དགོས།

《འགོས་ནད་འགོག་བཅོས་བྱེད་ཕྱོགས་སྐོར་གྱི་བཅའ་ཁྲིམས》ཀྱི་དོན་ཚན་སོ་དགུ་པའི་ནང་གསེས་དོན་ཚན་དང་པོའི་ནང་། “ཟུར་འཇོག་སྨན་བཅོས་དང་ལེན་མི་བྱེད་པའམ་ཡང་ན་ཟུར་འཇོག་དུས་ཡུན་མ་ལོངས་གོང་རང་འདོད་ཀྱིས་ཟུར་འཇོག་སྨན་བཅོས་དང་ཁ་བྲལ་མཁན་ལ། སྤྱི་བདེ་ལས་ཁུངས་ཀྱིས་སྨན་བཅོས་ལས་ཁུངས་ལ་གཞོགས་འདེགས་བྱས་ནས་བཙན་ཐབས་ཀྱིས་ཟུར་འཇོག་སྨན་བཅོས་བྱེད་ཐབས་སྤྱད་ཆོག” ཅེས་གཏན་འབེབས་གནང་ཡོད།

7.ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་རིམས་ནད་ཀྱི་ནད་པ་ཡོད་པར་ཤེས་ཚེ། ནད་རིགས་སྔོན་འགོག་ཚོད་འཛིན་ལས་ཁུངས་ཀྱིས་བྱེད་ཐབས་གང་དག་སྤྱོད་དགོས།

《འགོས་ནད་འགོག་བཅོས་བྱེད་ཕྱོགས་སྐོར་གྱི་བཅའ་ཁྲིམས》ཀྱི་དོན་ཚན་བཞི་བཅུ་པའི་ནང་། “རིམས་ནད་སྔོན་འགོག་ཚོད་འཛིན་ལས་ཁུངས་ཀྱིས་རིམས་ནད་བྱུང་བ་ཤེས་པའམ་ཡང་ན་རིམས་ནད་བྱུང་བའི་སྙན་ཞུ་འབྱོར་ཚེ་དུས་ཐོག་ཏུ་གཤམ་གསལ་གྱི་བྱ་ཐབས་སྤྱོད་དགོས་པ་སྟེ། 

(གཅིག)རིམས་ནད་བྱུང་བ་ལ་ནད་ཡམས་རིག་པའི་བརྟག་དཔྱད་བྱ་རྒྱུ་དང་། བརྟག་དཔྱད་བྱས་ཚུལ་ལ་གཞིགས་ནས་རིམས་ནད་བྱུང་ས་དང་རིམས་ནད་བྱུང་ཁུལ་དབྱེ་མཚམས་གཅོད་དགོས་པའི་གྲོས་འགོ་བཏོན་ཏེ། སྦགས་བཙོག་ཐེབས་པའི་ས་ཆར་དུག་སེལ་གཙང་བཅོས་བྱ་རྒྱུ་དང་། དེ་དང་རེག་ཐུག་ཉེ་བཅར་བྱེད་མཁན་ལ་དམིགས་འཛུགས་ཀྱི་གནས་སུ་གསོ་རིག་ལྟ་ཞིབ་དང་དགོས་ངེས་ཀྱི་སྔོན་འགོག་བྱེད་ཐབས་གཞན་དག་སྤྱོད་རྒྱུ་མ་ཟད། འཕྲོད་བསྟེན་སྲིད་འཛིན་སྡེ་ཁག་ལ་རིམས་ནད་ཚོད་འཛིན་བྱེད་པའི་ཇུས་གཞི་འདོན་རྒྱུ།

(གཉིས། )རིམས་ནད་བྱུང་དྲག་པ་དང་མཆེད་ཆེ་བའི་སྐབས་སུ། རིམས་ནད་བྱུང་གནས་དང་རིམས་ནད་བྱུང་ཁུལ་དུ་དུག་སེལ་གཙང་བཅོས་བྱ་རྒྱུ་དང་། འཕྲོད་བསྟེན་སྲིད་འཛིན་སྡེ་ཁག་ལ་རིམས་ནད་འགོག་པའི་ཇུས་གཞི་འདོན་རྒྱུ་མ་ཟད། འཕྲོད་བསྟེན་སྲིད་འཛིན་སྡེ་ཁག་གི་བླང་བྱ་ལྟར་བྱེད་ཐབས་སྤྱོད་རྒྱུ།

(གསུམ། )འོག་རིམ་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་ཁུངས་ཀྱིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་ཐབས་ལག་ལེན་བསྟར་བར་སློབ་སྟོན་དང་། འབྲེལ་ཡོད་ལས་ཁུངས་ཀྱིས་རིམས་ནད་ཐག་གཅོད་བྱེད་ཐབས་སྒྲིག་འཛུགས་དང་ཁྲིད་སྟོན་བྱ་རྒྱུ་བཅས་གཏན་འཁེལ་བྱས་ཡོད།

8.ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་རིམས་ནད་བྱུང་བའི་ནད་པ་ཡོད་པའི་གནས་ཡུལ་གྱི་མི་སྣར་བྱེད་ཐབས་གང་དག་སྤྱད་ཆོག

《འགོས་ནད་འགོག་བཅོས་བྱེད་ཕྱོགས་སྐོར་གྱི་བཅའ་ཁྲིམས》ཀྱི་དོན་ཚན་ཞེ་གཅིག་པའི་ནང་། “རིམས་ནད་རིགས་ཀ་པའི་ནད་དཔེ་བྱུང་ཡུལ་ལམ་ཡང་ན་གནས་ཡུལ་དེའི་ནང་གི་དམིགས་བསལ་ས་ཁོངས་ཀྱི་མི་སྣ་རྣམས་ལ། ས་གནས་དེ་གའི་རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གིས་ཟུར་འཇོག་བྱེད་ཐབས་སྤྱད་ཆོག་པར་མ་ཟད། དུས་མཚུངས་སུ་རང་ལས་རིམ་པ་གཅིག་གིས་མཐོ་བའི་མི་དམངས་སྲིད་གཞུང་ལ་སྙན་སེང་ཞུ་དགོས། སྙན་ཞུ་འབྱོར་བའི་གོང་རིམ་མི་དམངས་སྲིད་གཞུང་གིས་འཕྲལ་མར་ཆོག་མཆན་འགོད་མིན་གྱི་ཐག་གཅོད་བྱ་དགོས། གོང་རིམ་མི་དམངས་སྲིད་གཞུང་གིས་ཆོག་མཆན་མི་འགོད་པའི་ཆོད་དོན་བཞག་ན། ཟུར་འཇོག་བྱེད་ཐབས་སྤྱོད་མཁན་མི་དམངས་སྲིད་གཞུང་གིས་ཟུར་འཇོག་བྱེད་ཐབས་འཕྲལ་མར་མེད་པར་བཟོ་དགོས།

ཟུར་འཇོག་བྱེད་པའི་རིང་དུ་། ཟུར་འཇོག་བྱེད་ཐབས་སྤྱོད་མཁན་མི་དམངས་སྲིད་གཞུང་གིས་ཟུར་འཇོག་མི་སྣར་འཚོ་བའི་འགན་སྲུང་མཁོ་འདོན་བྱ་དགོས་པ་དང་། ཟུར་འཇོག་མི་སྣར་བྱ་བའི་ལས་ཁུངས་ཡོད་ན། དེ་གནས་སའི་ལས་ཁུངས་ཀྱིས་དེ་གར་ཟུར་འཇོག་བྱེད་རིང་གི་ལས་ཀའི་ཐོབ་ཆ་སྤྲོད་མཚམས་འཇོག་མི་ཆོག

ཟུར་འཇོག་བྱེད་ཐབས་མེད་པར་བཟོ་བར་དེ་སྔའི་ཐག་གཅོད་ལས་ཁུངས་ཀྱིས་ཐག་གཅོད་དང་ཁྱབ་བསྒྲགས་བྱ་དགོས།

9.ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་རིམས་ནད་བྱུང་དྲག་པ་དང་མཆེད་ཆེ་བའི་ས་ཁུལ་དུ་ས་གནས་སྲིད་གཞུང་གིས་ཛ་དྲག་གི་བྱེད་ཐབས་གང་དག་སྤྱད་ཆོག

《འགོས་ནད་འགོག་བཅོས་བྱེད་ཕྱོགས་སྐོར་གྱི་བཅའ་ཁྲིམས》ཀྱི་དོན་ཚན་ཞེ་གཉིས་པའི་ནང་། “འགོས་ནད་བྱུང་དྲག་པ་དང་མཆེད་ཆེ་བའི་སྐབས་སུ། རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གིས་འཕྲལ་མར་སྟོབས་ཤུགས་སྒྲིག་འཛུགས་བྱས་ཏེ། སྔོན་འགོག་དང་ཚོད་འཛིན་གྱི་སྔོན་ཇུས་ལྟར་འགོག་བཅོས་དང་། རིམས་ནད་མཆེད་ལམ་གཅོད་པ། དགོས་ངེས་བྱུང་ཚེ་རང་ལས་རིམ་པ་གཅིག་གིས་མཐོ་བའི་མི་དམངས་སྲིད་གཞུང་ལ་སྙན་སེང་ཞུས་ཏེ་ཐག་གཅོད་བྱས་པ་བརྒྱུད། གཤམ་གསལ་གྱི་ཛ་དྲག་བྱེད་ཐབས་སྤྱད་ཆོག་པར་མ་ཟད་སྤྱི་བསྒྲགས་ཀྱང་བྱས་ཆོག་པ་སྟེ།

(གཅིག)ཚོང་འདུས་དང་། གློག་བརྙན་ཟློས་གར་ཁང་གི་འཁྲབ་སྟོན་ནམ་མི་ཚོགས་འདུ་འཛོམས་ཀྱི་བྱེད་སྒོ་གཞན་དག་སྤེལ་མཚམས་འཇོག་པའམ་ཚོད་འཛིན་བྱ་རྒྱུ།

(གཉིས། )བཟོ་བསྐྲུན་དང་། ལས་དོན། སློབ་ཁྲིད་བཅས་མཚམས་འཇོག་པ།

(གསུམ། )རིམས་ནད་ཀྱི་ནད་དུག་གིས་སྦགས་པའི་སྤྱི་བའི་འཐུང་ཆུའི་འགོ་ཁུངས་དང་། ཟས་རིགས། དེ་བཞིན་འབྲེལ་ཡོད་དངོས་རྫས་བཅས་བཀག་སྡོམ་མམ་ཡང་ན་བཀག་སྡོམ་ཉར་ཚགས་བྱེད་པ།

(བཞི། )རིམས་ནད་འགོས་པའི་རི་དྭགས་དང་སྒོ་ཕྱུགས་ཁྱིམ་བྱ་བཅས་གསོད་པའམ་ཡང་ན་ཚོད་འཛིན་བྱ་རྒྱུ།

(ལྔ། )རིམས་ནད་མཆེད་ཉེན་ཆེ་བའི་ས་གནས་བཀག་སྡོམ་བྱ་རྒྱུ་བཅས་ཡིན།

གོང་རིམ་མི་དམངས་སྲིད་གཞུང་ལ་གོང་འཁོད་ཛ་དྲག་གི་བྱེད་ཐབས་སྤྱོད་རྒྱུའི་སྐོར་གྱི་འོག་རིམ་མི་དམངས་སྲིད་གཞུང་གི་སྙན་ཞུ་འབྱོར་ཚེ་འཕྲལ་མར་གྲོས་ཐག་གཅོད་དགོས།

ཛ་དྲག་གི་བྱེད་ཐབས་མེད་པར་བཟོ་བར་དེ་སྔའི་ཐག་གཅོད་བྱེད་མཁན་ལས་ཁུངས་ཀྱིས་ཐག་གཅོད་དང་ཁྱབ་བསྒྲགས་བྱ་དགོས།” ཞེས་གཏན་འབེབས་གནང་ཡོད་པ་དང་།

《ཐོལ་བྱུང་དོན་རྐྱེན་ལ་ཁ་གཏད་འཇལ་ཕྱོགས་སྐོར་གྱི་བཅའ་ཁྲིམས》ཀྱི་དོན་ཚན་ཞེ་དགུ་པའི་ནང་། “རང་བྱུང་གནོད་འཚེ་དང་། དོན་རྐྱེན་ཆག་སྒོ། ཡང་ན་སྤྱི་པའི་འཕྲོད་བསྟེན་དོན་རྐྱེན་བཅས་བྱུང་རྗེས་གཅིག་གྱུར་གྱིས་འགོ་ཁྲིད་བྱེད་འགན་འཁུར་མཁན་མི་དམངས་སྲིད་གཞུང་གིས་གཤམ་གསལ་བབ་བསྟུན་ཐག་གཅོད་བྱེད་ཐབས་གཅིག་གམ་དུ་མ་སྤྱད་ཆོག་པ་སྟེ།

(གཅིག)གནོད་འཚེ་ཕོག་མཁན་སྐྱོབ་པ་དང་སྐྱོབ་བཅོས་བྱ་རྒྱུར་རྩ་འཛུགས་བྱེད་པ་དང་། འཇིགས་སྐུལ་ཕོག་པའི་མི་སྣ་ཁ་འགྲེམ་དང་ཕྱིར་འཐེན། བཀོད་སྒྲིག་འོས་འཚམ་བྱེད་པའམ། དེ་བཞིན་རོགས་སྐྱོབ་བྱ་ཐབས་གཞན་དག་སྤྱོད་རྒྱུ།

(གཉིས། )ཉེན་ཁའི་འབྱུང་ཁུངས་འཕྲལ་མར་ཚོད་འཛིན་དང་། ཉེན་ཁ་ཆེ་བའི་ས་ཆར་རྟགས་འགོད་པ། ཉེན་ཁ་ཡོད་སར་བཀག་སྡོམ། ཉེན་ཟོན་ཁུལ་ལ་ཐིག་འཐེན་པ། འགྲིམ་འགྲུལ་རྩིས་སྤྲོད་དོ་དམ་དང་ཚོད་འཛིན་བྱེད་ཐབས་གཞན་དག་སྤྱོད་རྒྱུ།

(གསུམ། )འགྲིམ་འགྲུལ་དང་། འཕྲིན་སྐྱེལ། ཆུ་མཁོ་འདོན། ཆུ་ཕྱིར་འབུད། གློག་མཁོ་འདོན། སོལ་རླངས་མཁོ་འདོན། ཚ་ནུས་མཁོ་འདོན་སོགས་ཀྱི་སྤྱི་པའི་སྒྲིག་བཀོད་གཏོར་སྐྱོན་ཤོར་བ་རྣམས་མྱུར་བཟོ་བྱ་རྒྱུ་དང་། གནོད་འཚེ་ཕོག་མཁན་ལ་གནོད་བྱོལ་བྱེད་ས་དང་འཚོ་བའི་ཉེར་མཁོའི་དངོས་རྫས་མཁོ་འདོན་བྱ་རྒྱུ། སྨན་བཅོས་སྲོག་སྐྱོབ་དང་འཕྲོད་བསྟེན་རིམས་འགོག དེ་བཞིན་འགན་སྲུང་བྱེད་ཐབས་གཞན་དག་ལག་བསྟར་བྱ་རྒྱུ།

(བཞི། )འབྲེལ་ཡོད་སྒྲིག་ཆས་དང་སྒྲིག་བཀོད་བེད་སྤྱོད་གཏོང་བར་བཀག་སྡོམ་མམ་ཚོད་འཛིན་བྱེད་པ་དང་། འབྲེལ་ཡོད་འདུ་གནས་སྒོ་རྒྱག་པའམ་བེད་སྤྱོད་བྱེད་པར་ཚོད་འཛིན་བྱེད་པ། མི་མང་འདུས་པའི་བྱེད་སྒོ་སྤེལ་མཚམས་འཇོག་པའམ་ཡང་ན་གནོད་སྐྱོན་ཆེ་རུ་འགྲོ་སྲིད་པའི་ཐོན་སྐྱེད་གཉེར་སྐྱོང་བྱེད་སྒོ་སྤེལ་མཚམས་འཇོག་ཏུ་འཇུག་པ་དང་། དེ་བཞིན་སྲུང་སྐྱོང་བྱེད་ཐབས་གཞན་དག་སྤྱོད་པ།

(ལྔ། )རིམ་པ་དེ་གའི་མི་དམངས་སྲིད་གཞུང་གིས་བཀོད་སྒྲིག་བྱས་པའི་ནོར་སྲིད་ཀྱི་གྲ་སྒྲིག་གྲོན་དངུལ་དང་གསོག་འཇོག་བྱས་པའི་བབ་བསྟུན་རོགས་སྐྱོབ་དངོས་རྫས་སྤྱོད་འགོ་འཛུགས་རྒྱུ་དང་། དགོས་ངེས་བྱུང་ཚེ་འཕྲལ་མཁོའི་དངོས་རྫས་དང་། སྒྲིག་ཆས། སྒྲིག་བཀོད། ཡོ་བྱད་བཅས་གཞན་དག་འཐེན་སྤྱོད་བྱ་རྒྱུ། 

(དྲུག)སྤྱི་དམངས་བབ་བསྟུན་རོགས་སྐྱོབ་དང་ཐག་གཅོད་ལས་ཀར་ཞུགས་པར་སྒྲིག་འཛུགས་བྱ་རྒྱུ་དང་། དམིགས་བསལ་གྱི་ཡོན་ཏན་ལྡན་པའི་མི་སྣར་ཞབས་ཞུ་མཁོ་འདོན་བྱ་རྒྱུའི་བླང་བྱ་འདོན་རྒྱུ།

(བདུན། )ཟས་རིགས་དང་། འཐུང་ཆུ། འབར་རྫས་སོགས་གཞི་རྩའི་འཚོ་བའི་ཉེར་མཁོའི་དངོས་རྫས་མཁོ་འདོན་བྱེད་པར་འགན་སྲུང་བྱ་རྒྱུ། 

(བརྒྱད། )འབེལ་ཉོ་དཀོན་འཚོང་དང་། རིན་གོང་ཧམ་སྤར། རྫུན་བཟོ་རྫུན་འཚོང་སོགས་ཚོང་རའི་སྒྲིག་ལམ་དཀྲུག་པའི་བྱ་སྤྱོད་ལ་ཁྲིམས་ལྟར་རྡུང་རྡེག་ནན་པོ་བཏང་སྟེ། ཚོང་རའི་རིན་གོང་བརྟན་པོ་ཡོང་བ་དང་། ཚོང་རའི་སྒྲིག་ལམ་སྲུང་སྐྱོང་བྱ་རྒྱུ།

(དགུ། )རྒྱུ་ནོར་ཧམ་འཕྲོག་དང་བབ་བསྟུན་ཐག་གཅོད་ལས་ཀར་གཏོར་བཤིག་གཏོང་བ་སོགས་སྤྱི་ཚོགས་ཀྱི་སྒྲིག་ལམ་དཀྲུག་པའི་བྱ་སྤྱོད་ལ་ཁྲིམས་ལྟར་རྡུང་རྡེག་ནན་པོ་བཏང་སྟེ་སྤྱི་ཚོགས་ཀྱི་བདེ་འཇགས་སྲུང་སྐྱོང་བྱ་རྒྱུ། 

(བཅུ། )ཟུར་བྱུང་དང་སྐྱེད་འབྱུང་དོན་རྐྱེན་འབྱུང་བར་སྔོན་འགོག་བྱེད་པའི་དགོས་ངེས་ཀྱི་བྱེད་ཐབས་སྤྱོད་དགོས།” ཞེས་གཏན་འབེབས་གནང་ཡོད།

10.རིམས་ནད་བྱུང་དྲག་པ་དང་མཆེད་ཆེ་བའི་སྐབས་སུ། རིམ་པ་སོ་སོའི་སྲིད་གཞུང་གིས་མི་སྣ་དང་དངོས་རྫས་གང་དག་སྐོང་འགུག་བྱས་ཆོག

《འགོས་ནད་འགོག་བཅོས་བྱེད་ཕྱོགས་སྐོར་གྱི་བཅའ་ཁྲིམས》ཀྱི་དོན་ཚན་ཞེ་ལྔ་པའི་ནང་། “འགོས་ནད་བྱུང་དྲག་པ་དང་མཆེད་ཆེ་བའི་སྐབས་སུ། རིམས་ནད་བྱུང་ཚུལ་ཚོད་འཛིན་བྱེད་པའི་དགོས་མཁོར་གཞིགས་ནས་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཡོངས་ཀྱི་ཁྱབ་ཁོངས་སམ་ཡང་ན་ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་ལས་བརྒལ་བའི་ཁྱབ་ཁོངས་ནང་། རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་ལ་སྲིད་འཛིན་ས་ཁོངས་དེ་གའི་ནང་མི་སྣ་འཕྲལ་མྱུར་བསྡུ་རུབ་བམ་ཡང་ན་གྲབས་གསོག་དངོས་རྫས་བཀོལ་སྤྱོད་བྱེད་དབང་ཡོད་པ་དང་། ཁང་པ་དང་འགྲིམ་འགྲུལ་ཡོ་བྱད་དེ་བཞིན་འབྲེལ་ཡོད་སྒྲིག་བཀོད་དང་སྒྲིག་ཆས་གནས་སྐབས་བསྡུ་སྤྱོད་བྱེད་དབང་ཡོད།

འཕྲལ་མར་མི་སྣ་སྐོང་བསྡུ་བྱེད་པར། གཏན་འབེབས་ལྟར་ལུགས་མཐུན་གྱི་གླ་ཆ་སྤྲོད་དགོས། ཁང་པ་དང་འགྲིམ་འགྲུལ་ཡོ་བྱད་དེ་བཞིན་འབྲེལ་ཡོད་སྒྲིག་བཀོད་དང་སྒྲིག་ཆས་སྐབས་འཕྲལ་དུ་བསྡུ་སྤྱོད་བྱས་རིགས་ལ་ཁྲིམས་ལྟར་སྐྱིན་ཚབ་སྤྲོད་དགོས། ཕྱིར་སློག་ཐུབ་ན་དུས་ཐོག་ཏུ་ཕྱིར་སློག་དགོས།” ཞེས་གཏན་འབེབས་གནང་ཡོད་པ་དང་།

《ཐོལ་བྱུང་དོན་རྐྱེན་ལ་ཁ་གཏད་འཇལ་ཕྱོགས་སྐོར་གྱི་བཅའ་ཁྲིམས》ཀྱི་དོན་ཚན་ང་གཉིས་པའི་ནང་། “གཅིག་གྱུར་གྱིས་འགོ་ཁྲིད་བྱེད་འགན་འཁུར་བའམ་ཡང་ན་ཐོལ་བྱུང་དོན་རྐྱེན་ཐག་གཅོད་སྒྲིག་འཛུགས་བྱེད་མཁན་མི་དམངས་སྲིད་གཞུང་གིས་དགོས་ངེས་ཀྱི་སྡེ་ཚན་དང་མི་སྒེར་ལ་འཕྲལ་བསྟུན་རོགས་སྐྱོབ་བྱེད་པར་མཁོ་བའི་སྒྲིག་ཆས་དང་། སྒྲིག་བཀོད། ས་ཆ། འགྲིམ་འགྲུལ་ཡོ་བྱད། དངོས་རྫས་གཞན་དག་བཅས་བསྡུ་སྤྱོད་བྱས་ཆོག་པ་དང་། ས་གནས་གཞན་དག་གི་མི་དམངས་སྲིད་གཞུང་ལ་མི་ཤུགས་དང་། དངོས་ཤུགས། ནོར་ཤུགས་སམ་ལག་རྩལ་བཅས་ཀྱི་རོགས་སྐྱོར་བྱེད་རོགས་ཞུ་བ། འཚོ་བའི་ཉེར་མཁོའི་དངོས་རྫས་དང་བབ་བསྟུན་རོགས་སྐྱོབ་དངོས་རྫས་ཐོན་སྐྱེད་དང་མཁོ་འདོན་བྱེད་མཁན་ཁེ་ལས་ལ་ཐོན་སྐྱེད་སྒྲིག་འཛུགས་དང་མཁོ་སྤྲོད་འགན་ལེན་བྱེད་པའི་བླང་བྱ་འདོན་པ། སྨན་བཅོས་དང་འགྲིམ་འགྲུལ་སོགས་སྤྱི་པའི་ཞབས་ཞུ་མཁོ་འདོན་བྱེད་པའི་རྩ་འཛུགས་ལ་བབ་མཚུངས་ཀྱི་བླང་བྱ་བཏོན་ཆོག  

གཅིག་གྱུར་གྱིས་འགོ་ཁྲིད་བྱེད་འགན་འཁུར་བའམ་ཡང་ན་ཐོལ་བྱུང་དོན་རྐྱེན་ཐག་གཅོད་སྒྲིག་འཛུགས་བྱེད་མཁན་གྱི་མི་དམངས་སྲིད་གཞུང་གིས་སྐྱེལ་འདྲེན་གཉེར་སྐྱོང་ལས་ཁུངས་སྒྲིག་འཛུགས་དང་མཐུན་སྦྱོར་བྱས་ཏེ། ཐོལ་བྱུང་དོན་རྐྱེན་ཐག་གཅོད་བྱེད་པར་མཁོ་བའི་དངོས་རྫས་དང་། སྒྲིག་ཆས། ཡོ་བྱད། བབ་བསྟུན་རོགས་སྐྱོབ་མི་སྣ། ཐོལ་བྱུང་དོན་རྐྱེན་གྱི་གནོད་འཚེ་ཕོག་པའི་མི་སྣ་བཅས་དམིགས་སུ་བཀར་ནས་སྔོན་ལ་སྐྱེལ་འདྲེན་བྱ་དགོས།” ཞེས་གཏན་འབེབས་གནང་ཡོད།

11.འགོས་ནད་ཀྱི་ནད་རྐྱེན་འཚོལ་ཆེད་སྨན་བཅོས་ལས་ཁུངས་ཀྱིས་ཇི་ལྟར་བྱ་དགོས།

《འགོས་ནད་འགོག་བཅོས་བྱེད་ཕྱོགས་སྐོར་གྱི་བཅའ་ཁྲིམས》ཀྱི་དོན་ཚན་ཞེ་དྲུག་པའི་ནང་གསེས་དོན་ཚན་གཉིས་པའི་ནང་། “འགོས་ནད་ཀྱི་ནད་རྐྱེན་འཚོལ་ཆེད། དགོས་ངེས་བྱུང་ཚེ་སྨན་བཅོས་ལས་ཁུངས་ཀྱིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འཕྲོད་བསྟེན་སྲིད་འཛིན་སྡེ་ཁག་གི་གཏན་འབེབས་ལྟར་འགོས་ནད་ཕོག་མཁན་གྱི་ཕུང་པོའམ་ཡང་ན་འགོས་ནད་ཡིན་པར་དོགས་པའི་ནད་པའི་ཕུང་པོ་གཤག་དཔྱད་བྱ་དགོས་པར་མ་ཟད། འདས་པོའི་ཁྱིམ་མིར་ཡང་བརྡ་གཏོང་དགོས།” ཞེས་གཏན་འབེབས་གནང་ཡོད།  

12.འགོས་ནད་བྱུང་ཚེ། གནས་ཚུལ་ཅི་འདྲའི་འོག་འགྲིམ་འགྲུལ་འཕྲོད་བསྟེན་རིམས་བཤེར་བྱས་ཆོག

《འགོས་ནད་འགོག་བཅོས་བྱེད་ཕྱོགས་སྐོར་གྱི་བཅའ་ཁྲིམས》ཀྱི་དོན་ཚན་ཞེ་བཞི་པའི་ནང་། “འགོས་ནད་རིགས་ཀ་པ་བྱུང་སྐབས། འགོས་ནད་དེ་འགྲིམ་འགྲུལ་ཡོ་བྱད་དང་། དེའི་ཐོག་གི་སྐྱེལ་འདྲེན་མི་སྣ་དང་དངོས་ཟོག་བརྒྱུད་ནས་མཆེད་པར་སྔོན་འགོག་བྱེད་ཆེད། འགྲིམ་འགྲུལ་འཕྲོད་བསྟེན་རིམས་བཤེར་བྱས་ཆོག བྱེད་ཐབས་ཞིབ་ཕྲ་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གཏན་འབེབས་བྱ་དགོས།” ཞེས་གཏན་འབེབས་གནང་ཡོད།  

13.མེ་འཁོར་དང་གནམ་གྲུ་སོགས་སྤྱི་སྤྱོད་འགྲིམ་འགྲུལ་ཡོ་བྱད་སྟེང་དུ་ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་ནད་པ་ཡོད་པར་ཤེས་ན་ཇི་ལྟར་བྱེད་དགོས།

《ཐོལ་བྱུང་སྤྱི་པའི་འཕྲོད་བསྟེན་དོན་རྐྱེན་གྱི་འཕྲལ་བསྟུན་སྲོལ་ཡིག》གི་དོན་ཚན་སོ་བརྒྱད་པའི་ནང་། “འགྲིམ་འགྲུལ་ཡོ་བྱད་ཐོག་ཏུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འཕྲོད་བསྟེན་སྲིད་འཛིན་གཙོ་གཉེར་སྡེ་ཁག་གི་གཏན་འབེབས་ལྟར་བབ་བསྟུན་ཚོད་འཛིན་གྱི་བྱེད་ཐབས་སྤྱོད་དགོས་པའི་འགོས་ནད་ནད་པ་དང་། འགོས་ནད་ཕོག་དོགས་ཆེ་བའི་ནད་པ་ཡོད་པ་ཤེས་ཚེ། དེའི་འགན་འཁུར་མི་སྣས་ཆེས་མགྱོགས་པའི་བྱ་ཐབས་སྤྱད་དེ་མདུན་ཕྱོགས་ཀྱི་ས་ཚིགས་ལ་བརྡ་ཐོ་གཏོང་དགོས་པར་མ་ཟད། འགྲིམ་འགྲུལ་ཡོ་བྱད་གཉེར་སྐྱོང་ལས་ཁུངས་ལ་སྙན་སེང་ཞུ་དགོས། འགྲིམ་འགྲུལ་ཡོ་བྱད་ཀྱི་མདུན་ཕྱོགས་ཀྱི་ས་ཚིགས་དང་གཉེར་སྐྱོང་ལས་ཁུངས་ཀྱིས་འཕྲལ་མར་འགྲིམ་འགྲུལ་ཡོ་བྱད་གཉེར་སྐྱོང་ལས་ཁུངས་གྱི་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་དང་རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གི་འཕྲོད་བསྟེན་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་ལ་སྙན་སེང་ཞུ་དགོས། འཕྲོད་བསྟེན་སྲིད་འཛིན་གཙོ་འགན་འཁུར་མཁན་སྡེ་ཁག་གིས་སྙན་ཞུ་འབྱོར་རྗེས་འཕྲལ་མར་འབྲེལ་ཡོད་མི་སྣ་སྒྲིག་འཛུགས་བྱས་ཏེ་དེ་མཚུངས་ཀྱི་གསོ་རིག་ཐག་གཅོད་བྱ་ཐབས་སྤྱོད་དགོས།

འགྲིམ་འགྲུལ་ཡོ་བྱད་ཐོག་གི་འགོས་ནད་ཕོག་པའི་ནད་པ་དང་རེག་ཐུག་ཉེ་བཅར་བྱེད་མཁན་ལ་འགྲིམ་འགྲུལ་ཡོ་བྱད་སླེབས་སའི་ས་ཚིགས་ཀྱི་རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་འཕྲོད་བསྟེན་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་གམ། ལྕགས་ལམ་དང་། འགྲིམ་འགྲུལ། དམངས་སྤྱོད་མཁའ་འགྲུལ་བཅས་ཀྱི་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་གིས་སོ་སོའི་འགན་འཁྲི་ལྟར། རིམས་ནད་འགོག་བཅོས་བྱེད་ཕྱོགས་སྐོར་གྱི་བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་གྱི་གཏན་འབེབས་ལ་བསྟུན་ནས་ཚོད་འཛིན་བྱེད་ཐབས་སྤྱོད་དགོས།” ཞེས་གཏན་འབེབས་གནང་ཡོད་པ་དང་།

 《རྒྱལ་མཚམས་འཕྲོད་བསྟེན་རིམས་བཤེར་བཅའ་ཁྲིམས་ཀྱི་ལག་བསྟར་ཞིབ་སྲོལ》གྱི་དོན་ཚན་བཞི་པའི་ནང་། “རང་རྒྱལ་དུ་ཚུར་འོང་མཁན་དང་། ཕྱིར་སྐྱོད་མཁན། འགྲིམ་འགྲུལ་ཡོ་བྱད། དོས་སྒམ་དེ་བཞིན་རིམས་བཤེར་བྱ་རྒྱུའི་འགོས་ནད་མཆེད་ཉེན་ཡོད་པའི་འགྲུལ་ཆས་དང་། དངོས་ཟོག སྦྲག་འབོག་སོགས་ཚང་མས་ཞིབ་སྲོལ་འདིའི་གཏན་འབེབས་ལྟར་རིམས་བཤེར་དང་ལེན་བྱ་དགོས་པ་དང་། འཕྲོད་བསྟེན་རིམས་བཤེར་ལས་ཁུངས་ཀྱི་བཀའ་འཁྲོལ་བྱུང་རྗེས་གཞི་ནས་རང་རྒྱལ་དུ་ཚུར་འོང་ཆོག་པའམ་ཕྱིར་སྐྱོད་བྱས་ཆོག” ཅེས་དང་།

དོན་ཚན་ལྔ་པའི་ནང་། “འཕྲོད་བསྟེན་རིམས་བཤེར་ལས་ཁུངས་ཀྱིས་འགོས་ནད་ཕོག་མཁན་མཐོང་ཚེ། འཕྲལ་དུ་ཟུར་འཇོག་བྱས་ཏེ། མི་སུ་ལའང་མི་འགོས་པར་བྱེད་དགོས་པ་མ་ཟད། ཞིབ་སྲོལ་འདིའི་ལེའུ་བརྒྱད་པའི་གཏན་འབེབས་ལྟར་ཐག་གཅོད་བྱེད་དགོས། འཕྲོད་བསྟེན་རིམས་བཤེར་ལས་ཁུངས་ཀྱིས་འགོས་ནད་ཕོག་དོགས་ཡོད་མཁན་ཤེས་རྟོགས་བྱུང་ཚེ། ཞིབ་སྲོལ་འདིའི་ལེའུ་བརྒྱད་པའི་གཏན་འབེབས་ལྟར་ཐག་གཅོད་བྱེད་དགོས། འོན་ཀྱང་ལེའུ་བརྒྱད་པའི་གཏན་འབེབས་ཕུད་པའི་ནད་རིགས་གཞན་དག་ཕོག་དོགས་ཡོད་པའི་མི་སྣ་ལ། མི་དེ་ནད་འགོས་ཡུལ་དང་ཁ་བྲལ་སྐབས་ནས་བརྩིས་ཏེ་འགོས་ནད་ཀྱི་ནད་རྟགས་མི་མངོན་པའི་དུས་ཡུན་རིང་ཤོས་ལས་མི་བརྒལ་བའི་ས་གནས་སུ་ནད་བཤེར་རམ་ཡང་ན་བརྟག་དཔྱད་བྱ་རྒྱུ་དང་། དེ་བཞིན་འཕྲོད་བསྟེན་གྱི་ཐག་གཅོད་བྱེད་ཐབས་གཞན་དག་ལག་ལེན་བསྟར་ཆོག” ཅེས་གཏན་འབེབས་གནང་ཡོད།

14.རིམས་ནད་སྔོན་འགོག་ཚོད་འཛིན་ལ་མཁོ་བའི་ཡོ་བྱད་དང་སྨན་རྫས་སོགས་དངོས་རྫས་ཐོན་སྐྱེད་དང་མཁོ་སྤྲོད་ལ་འགན་ལེན་ཇི་ལྟར་བྱེད་དགོས།

《འགོས་ནད་འགོག་བཅོས་བྱེད་ཕྱོགས་སྐོར་གྱི་བཅའ་ཁྲིམས》ཀྱི་དོན་ཚན་ཞེ་དགུ་པའི་ནང་། “འགོས་ནད་བྱུང་དྲག་པ་དང་མཆེད་ཆེ་བའི་སྐབས་སུ། སྨན་རྫས་དང་སྨན་བཅོས་ཡོ་བྱད་ཐོན་སྐྱེད་དང་འདོན་སྤྲོད་བྱེད་མཁན་ལས་ཁུངས་ཀྱིས་རིམས་ནད་འགོག་སེལ་གྱི་སྨན་རྫས་དང་སྨན་བཅོས་ཡོ་བྱད་དུས་ཐོག་ཏུ་ཐོན་སྐྱེད་དང་འདོན་སྤྲོད་བྱ་དགོས། ལྕགས་ལམ་དང་། འགྲིམ་འགྲུལ། དམངས་སྤྱོད་མཁའ་འགྲུལ་བཅས་གཉེར་སྐྱོང་ལས་ཁུངས་ཀྱིས་ངེས་པར་དུ་རིམས་ནད་བྱུང་ཚུལ་ཐག་གཅོད་བྱེད་མཁན་མི་སྣ་དང་། དེ་བཞིན་རིམས་ནད་འགོག་སེལ་གྱི་སྨན་རྫས་དང་སྨན་བཅོས་ཡོ་བྱད་དམིགས་སུ་བཀར་ནས་སྔོན་ལ་སྐྱེལ་འདྲེན་བྱ་དགོས། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག་གིས་སྒྲིག་འཛུགས་དང་མཐུན་སྦྱོར་གྱི་ལས་ཀ་ལེགས་པར་བསྒྲུབ་དགོས།” ཞེས་དང་།

དོན་ཚན་དོན་གཉིས་པའི་ནང་། “ལྕགས་ལམ་དང་། འགྲིམ་འགྲུལ། དམངས་སྤྱོད་མཁའ་འགྲུལ་གཉེར་སྐྱོང་ལས་ཁུངས་ཀྱིས་བཅའ་ཁྲིམས་འདིའི་གཏན་འབེབས་ལྟར་རིམས་ནད་བྱུང་ཚུལ་ཐག་གཅོད་བྱེད་མཁན་དང་། དེ་བཞིན་རིམས་ནད་འགོག་སེལ་གྱི་སྨན་རྫས་དང་སྨན་བཅོས་ཡོ་བྱད་སྔོན་ལ་སྐྱེལ་འདྲེན་མ་བྱས་ན། འབྲེལ་ཡོད་སྡེ་ཁག་གིས་དུས་བཀག་ནང་ཡོ་བསྲང་བྱེད་འགན་དཀྲི་རྒྱུ་དང་ཐ་ཚིག་སྒྲོག་རྒྱུ། ངན་འབྲས་ཚབས་ཆེན་བཟོས་རིགས་ལ་ཁག་འགན་ཡོད་པའི་གཙོ་སྐྱོང་མི་སྣ་དང་ཁག་འགན་ཐད་ཀར་འཁུར་དགོས་པའི་མི་གཞན་དག་ལ། ཁྲིམས་ལྟར་རིམ་པ་འབེབས་པ་དང་། གནས་དབྱུང་གཏོང་བ། ཕྱིར་འབུད་བྱེད་པ་བཅས་ཀྱི་ཆད་པ་གཅོད་རྒྱུ།” ཞེས་གཏན་འབེབས་གནང་ཡོད་པ་དང་།

《ལྕགས་ལམ་བཅའ་ཁྲིམས》ཀྱི་དོན་ཚན་བཅོ་ལྔ་པའི་ནང་གསེས་དོན་ཚན་གཉིས་པའི་ནང་། “ཉེན་སྐྱོབ་གནོད་སེལ་གྱི་དངོས་རྫས་དང་རྒྱལ་ཁབ་ཀྱིས་གཏན་འབེབས་བྱས་པའི་སྔོན་ལ་སྐྱེལ་འདྲེན་བྱ་དགོས་པའི་དངོས་རྫས་གཞན་དག་སྔོན་ལ་སྐྱེལ་འདྲེན་བྱ་དགོས།” ཞེས་གཏན་འབེབས་གནང་ཡོད།

 《རྒྱལ་ནང་གི་ཆུ་ཐོག་སྐྱེལ་འདྲེན་དོ་དམ་སྲོལ་ཡིག》གི་དོན་ཚན་ཉེར་གསུམ་པའི་ནང་། “ཆུ་ཐོག་སྐྱེལ་འདྲེན་གཉེར་སྐྱོང་མཁན་གྱིས་བཅའ་ཁྲིམས་དང་། སྲིད་འཛིན་ཁྲིམས་སྲོལ། རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་བཅས་ལ་གཞིགས་ནས། ཐོལ་བྱུང་དོན་རྐྱེན་ཐག་གཅོད་བྱེད་པར་མཁོ་བའི་དངོས་ཟོག་དང་། སྒྲིག་ཆས། ཡོ་བྱད། འཕྲལ་བསྟུན་རོགས་སྐྱོབ་མི་སྣ། ཐོལ་བྱུང་དོན་རྐྱེན་གྱི་གནོད་འཚེ་ཕོག་པའི་མི་སྣ་བཅས་སྔོན་ལ་སྐྱེལ་འདྲེན་བྱས་ནས་ཛ་དྲག་དང་གལ་ཆེའི་དམག་དོན་སྐྱེལ་འདྲེན་ལ་གཙོ་གནད་ཐོག་འགན་ལེན་བྱེད་དགོས།

རྒྱལ་ཇུས་དམངས་འཚོ་དང་འབྲེལ་བ་ཡོད་པའི་བྲེལ་མྱུར་གྱི་སྐྱེལ་འདྲེན་དགོས་མཁོ་བྱུང་ཚེ། རྒྱལ་སྲིད་སྤྱི་ཁྱབ་ཁང་འགྲིམ་འགྲུལ་སྐྱེལ་འདྲེན་གཙོ་གཉེར་སྡེ་ཁག་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་སྒྲིག་ལྟར། ཆུ་ཐོག་སྐྱེལ་འདྲེན་ལས་གཉེར་བྱེད་མཁན་ལ་བྲེལ་མྱུར་གྱིས་སྐྱེལ་འདྲེན་བྱ་དགོས་པའི་དངོས་རྫས་དམིགས་བསལ་གྱིས་སྔོན་ལ་སྐྱེལ་འདྲེན་བྱེད་དགོས་པའི་བླང་བྱ་བཏོན་ཆོག ཆུ་ཐོག་སྐྱེལ་འདྲེན་གཉེར་སྐྱོང་བྱེད་མཁན་གྱིས་བླང་བྱ་ལྟར་དུས་ཐོག་ཏུ་སྐྱེལ་འདྲེན་བྱ་དགོས།” ཞེས་གཏན་འབེབས་གནང་ཡོད།

15.ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད“རིམས་བཤེར་འགོས་ནད”ཀྱི་དོ་དམ་ནང་བཅུག་པ་དེས་རྒྱལ་མཚམས་ནས་འགྲོ་འོང་བྱེད་མཁན་ལ་ཤུགས་རྐྱེན་གང་དག་ཐེབས་ཡོད།

《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གི་སྤྱི་བསྒྲགས》(2020ལོའི་ཨང་དང་པོ)ནང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད། ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་མཚམས་འཕྲོད་བསྟེན་རིམས་བཤེར་བཅའ་ཁྲིམས》ནང་གཏན་འབེབས་བྱས་པའི་རིམས་བཤེར་གྱི་འགོས་ནད་དོ་དམ་ནང་བཅུག་ཡོད་ཅེས་གཏན་འབེབས་གནང་ཡོད།

《རྒྱལ་མཚམས་འཕྲོད་བསྟེན་རིམས་བཤེར་བྱེད་ཕྱོགས་སྐོར་གྱི་བཅའ་ཁྲིམས》ཀྱི་དོན་ཚན་བཞི་པའི་ནང་། “རང་རྒྱལ་དུ་ཚུར་འོང་མཁན་དང་། ཕྱིར་སྐྱོད་མཁན། འགྲིམ་འགྲུལ་ཡོ་བྱད། སྐྱེལ་འདྲེན་སྒྲིག་ཆས་བཅས་དང་། དེ་བཞིན་རིམས་བཤེར་བྱ་རྒྱུའི་འགོས་ནད་མཆེད་ཉེན་ཡོད་པའི་འགྲུལ་ཆས་དང་། དངོས་ཟོག སྦྲག་འབོག་སོགས་ཀྱི་དངོས་རྫས་ཚང་མ་རིམས་བཤེར་བྱ་དགོས་ཤིང་། རྒྱལ་མཚམས་འཕྲོད་བསྟེན་རིམས་བཤེར་ལས་ཁུངས་ཀྱི་བཀའ་འཁྲོལ་བྱུང་རྗེས་གཞི་ནས་རང་རྒྱལ་གྱི་མངའ་ཁོངས་སུ་ཚུར་འོང་ཆོག་པའམ་ཕྱིར་སྐྱོད་བྱས་ཆོག” ཞེས་དང་།

དོན་ཚན་བཅུ་གཉིས་པའི་ནང་། “རྒྱལ་མཚམས་ཀྱི་རིམས་བཤེར་འཕྲོད་བསྟེན་ལས་ཁུངས་ཀྱིས་རིམས་བཤེར་བྱ་རྒྱུའི་འགོས་ནད་འགོས་པའི་མིར་ངེས་པར་དུ་འཕྲལ་དུ་ཟུར་འཇོག་བྱ་དགོས་པ་དང་། ཟུར་འཇོག་དུས་བཀག་ནི་གསོ་རིག་གི་ཞིབ་བཤེར་བྱས་འབྲས་ལ་གཞིགས་ནས་གཏན་འཁེལ་བྱ་དགོས། རིམས་བཤེར་བྱ་རྒྱུའི་འགོས་ནད་འགོས་དོགས་ཡོད་མཁན་དེ་རིམས་བཤེར་བྱ་ཡུལ་དུ་ཉར་དགོས་པ་དང་། ཞིབ་བཤེར་བྱ་ཡུལ་དུ་བཞག་པའི་དུས་ཡུན་དེ་རིམས་ནད་དེ་མི་མངོན་པའི་དུས་ཡུན་ལ་གཞིགས་ནས་གཏན་འཁེལ་བྱ་དགོས། རིམས་བཤེར་འགོས་ནད་ཕོག་ནས་ཤི་བའི་བེམ་རོ་ངེས་པར་དུ་ཐག་ཉེ་སར་མེར་བསྲེག་དགོས།” ཞེས་དང་།

དོན་ཚན་བཅུ་བཞི་པའི་ནང་གསེས་དོན་ཚན་དང་པོའི་ནང་། “རྒྱལ་མཚམས་འཕྲོད་བསྟེན་རིམས་བཤེར་ལས་ཁུངས་ཀྱིས་རིམས་ནད་བྱུང་ཁུལ་ནས་འོང་བ་དང་། རིམས་བཤེར་བྱ་རྒྱུའི་འགོས་ནད་འགོས་པའམ་རིམས་བཤེར་བྱ་རྒྱུའི་འགོས་ནད་མཆེད་བྱེད་མཚམས་སྦྱོར་དུ་འགྱུར་ཉེན་ཡོད་པའི་འགྲུལ་ཆས་དང་། དངོས་ཟོག སྦྲག་འབོག་སོགས་ཀྱི་དངོས་རྫས་ལ་འཕྲོད་བསྟེན་ཞིབ་བཤེར་བྱ་དགོས་པ་དང་། དུག་སེལ་དང་། བྱི་ནད་དང་གནོད་འབུ་རྩ་མེད་བཟོ་བའམ་འཕྲོད་བསྟེན་ཐག་གཅོད་བྱེད་ཐབས་གཞན་དག་ལག་བསྟར་བྱ་དགོས།” ཞེས་གཏན་འབེབས་གནང་ཡོད།

16.རྒྱལ་མཚམས་ནས་འགྲོ་འོང་བྱེད་མཁན་གྱིས་རིམས་བཤེར་དང་ལེན་མི་བྱེད་པའམ་འཕྲོད་བསྟེན་ལྟ་སྐུལ་དང་ལེན་མི་བྱེད་པ། འཕྲོད་བསྟེན་ཐག་གཅོད་དང་ལེན་མི་བྱེད་པ་བཅས་ལ་བཅའ་ཁྲིམས་ཀྱི་མཇུག་འབྲས་གང་དག་ཡོད།

 《རྒྱལ་མཚམས་འཕྲོད་བསྟེན་རིམས་བཤེར་བཅའ་ཁྲིམས་ཀྱི་ལག་བསྟར་ཞིབ་སྲོལ》ནང་འཁོད་དོན་ཚན་བརྒྱ་དང་དགུ་པའི་ནང་གསེས་དོན་ཚན་གསུམ་པ་དང་། དོན་ཚན་བརྒྱ་དང་བཅུ་པའི་ནང་གསེས་དོན་ཚན་དང་པོའི་ནང་། རིམས་བཤེར་དང་ལེན་མ་བྱས་པའམ་འཕྲོད་བསྟེན་ལྟ་སྐུལ་དང་ལེན་མ་བྱས་པ་དང་། འཕྲོད་བསྟེན་གྱི་ཐག་གཅོད་དང་ལེན་མ་བྱས་ན། ཐ་ཚིག་སྒྲོག་པའམ་ཡང་ན་སྒོར100ཡན་ནས་སྒོར5000མན་གྱི་དངུལ་ཆད་གཅོད་རྒྱུ་ཞེས་གཏན་འབེབས་གནང་ཡོད།

17.རིམས་ནད་ཀྱི་གནས་ཚུལ་རྫུན་མ་བཟོ་བ་དང་བསམ་བཞིན་དུ་ཁྱབ་སྤེལ་བྱེད་མཁན་གྱིས་བཅའ་ཁྲིམས་ཀྱི་འགན་འཁྲི་ཅི་ཞིག་འཁུར་དགོས།

《ཐོལ་བྱུང་དོན་རྐྱེན་ལ་ཁ་གཏད་འཇལ་ཕྱོགས་སྐོར་གྱི་བཅའ་ཁྲིམས》ཀྱི་དོན་ཚན་རེ་ལྔ་པའི་ནང་། “བཅའ་ཁྲིམས་འདིའི་གཏན་འབེབས་དང་འགལ་ཏེ་ཐོལ་བྱུང་དོན་རྐྱེན་གྱི་གནས་ཚུལ་འཕེལ་ཚུལ་ལམ། ཡང་ན་བབ་བསྟུན་ཐག་གཅོད་ལས་ཀའི་སྐོར་གྱི་ཆ་འཕྲིན་རྫུན་མ་རྫུན་བཟོ་དང་ཁྱབ་སྤེལ་བྱས་པའམ། ཡང་ན་ཐོལ་བྱུང་དོན་རྐྱེན་གྱི་གནས་ཚུལ་འཕེལ་ཚུལ་ལམ་བབ་བསྟུན་ཐག་གཅོད་ལས་ཀའི་སྐོར་གྱི་ཆ་འཕྲིན་རྫུན་མ་ཡིན་པ་ཤེས་བཞིན་དུ་ཁྱབ་སྤེལ་བྱས་རིགས་ལ་ཡོ་བསྲང་བྱེད་འགན་དཀྲི་རྒྱུ་དང་། ཐ་ཚིག་སྒྲོག་རྒྱུ། མཇུག་འབྲས་ཚབས་ཆེན་བཟོས་རིགས་ལ་ཁྲིམས་ལྟར་དེའི་ལས་སྒོ་གནས་སྐབས་སྤེལ་མཚམས་འཇོག་ཏུ་འཇུག་པའམ་ཡང་ན་དེའི་ལས་གཉེར་ཆོག་འཐུས་ལག་ཁྱེར་རྩིས་མེད་དུ་གཏོང་རྒྱུ། འགན་ཐད་ཀར་འཁུར་བའི་མི་སྣ་རྒྱལ་ཁབ་ཀྱི་ལས་བྱེད་མི་སྣ་ཡིན་ན། ད་དུང་དེར་ཁྲིམས་ལྟར་ཆད་པ་གཅོད་དགོས། བདེ་འཇགས་དོ་དམ་དང་འགལ་བའི་བྱ་སྤྱོད་དུ་གྲུབ་ན། སྤྱི་བདེ་ལས་ཁུངས་ཀྱིས་ཁྲིམས་ལྟར་ཆད་པ་གཅོད་རྒྱུ།” ཞེས་གཏན་འབེབས་གནང་ཡོད་པ་དང་།

《བདེ་འཇགས་དོ་དམ་གྱི་ཆད་པ་གཅོད་ཕྱོགས་སྐོར་གྱི་བཅའ་ཁྲིམས》ཀྱི་དོན་ཚན་ཉེར་ལྔ་པའི་ནང་། “གཤམ་གསལ་གྱི་བྱ་སྤྱོད་ལས་རིགས་གཅིག་ཡོད་ན། ཉིན་ལྔ་ཡན་ནས་ཉིན་བཅུ་མན་བཀག་ཉར་བྱ་རྒྱུ་མ་ཟད། དངུལ་ཆད་སྒོར་ལྔ་བརྒྱ་མན་བཅད་ཆོག ཉེས་ཚབས་ཆུང་ཙམ་ཡིན་རིགས་ལ་ཉིན་ལྔ་མན་བཀག་ཉར་བྱ་རྒྱུའམ་ཡང་ན་དངུལ་ཆད་སྒོར་ལྔ་བརྒྱ་མན་གཅོད་རྒྱུ་ཡིན་ཏེ། (གཅིག)དཀྲོག་གཏམ་བཤད་པ་དང་། ཉེན་ཁའི་གནས་ཚུལ། རིམས་ནད་བྱུང་ཚུལ། ཉེན་ཟོན་གནས་ཚུལ་བཅས་རྫུན་ཞུ་བྱས་པའམ་ཡང་ན་བྱེད་ཐབས་གཞན་དག་ལ་བརྟེན་ནས་སྤྱི་པའི་སྒྲིག་ལམ་བསམ་བཞིན་དུ་དཀྲུག་རྐྱེན་བཟོ་མཁན་ལ།……” ཞེས་གཏན་འབེབས་གནང་ཡོད།

《ཉེས་ཁྲིམས》ཀྱི་དོན་ཚན་ཉིས་བརྒྱ་གོ་གཅིག་པའི་ནང་གསེས་དོན་ཚན་གཉིས་པའི་ནང་། “ཉེན་ཁའི་གནས་ཚུལ་དང་། རིམས་ནད་བྱུང་ཚུལ། གནོད་འཚེའི་གནས་ཚུལ། ཉེན་ཟོན་གནས་ཚུལ་བཅས་རྫུན་མ་བཟོས་ནས་ཆ་འཕྲིན་དྲ་རྒྱ་དང་ཡང་ན་སྨྱན་སྦྱོར་གཞན་དག་གི་ཐོག་ཁྱབ་སྤེལ་བྱེད་པའམ། ཡང་ན་གོང་གསལ་ཆ་འཕྲིན་རྫུན་མ་ཡིན་པ་ཤེས་བཞིན་དུ་ཆ་འཕྲིན་དྲ་རྒྱ་དང་ཡང་ན་སྨྱན་སྦྱོར་གཞན་དག་ཐོག་བསམ་བཞིན་དུ་ཁྱབ་སྤེལ་བྱས་ནས་སྤྱི་ཚོགས་ཀྱི་སྒྲིག་ལམ་དཀྲུགས་ཚབས་ཆེ་རིགས་ལ་དུས་བཙོན་ལོ་གསུམ་མན་ནམ་བཙན་ཉར་ལས་བསྐུལ་ལམ་རྩིས་སྤྲོད་དོ་དམ་གྱི་ཉེས་ཆད་གཅོད་རྒྱུ་དང་། ངན་འབྲས་ཚབས་ཆེན་བཟོས་རིགས་ལ་དུས་བཙོན་ལོ་གསུམ་ཡན་ནས་ལོ་བདུན་མན་བར་གྱི་ཉེས་ཆད་གཅོད་རྒྱུ།” ཞེས་གཏན་འབེབས་གནང་ཡོད།

18. ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་སྔོན་འགོག་ཚོད་འཛིན་བྱེད་པར་གནོད་པ་དང་། སྲིད་གཞུང་གི་ཆོད་དོན་དང་བཀའ་རྒྱ། བྱེད་ཐབས་སོགས་བརྩི་སྲུང་དང་གཞོགས་འདེགས་ཡང་ན་ལག་བསྟར་མི་བྱེད་པའི་བྱ་སྤྱོད་ལ་བཅའ་ཁྲིམས་ཀྱི་འགན་འཁྲི་གང་དག་ཡོད།

 《ཐོལ་བྱུང་དོན་རྐྱེན་ལ་ཁ་གཏད་འཇལ་ཕྱོགས་སྐོར་གྱི་བཅའ་ཁྲིམས》ཀྱི་དོན་ཚན་རེ་དྲུག་པའི་ནང་། “ལས་ཁུངས་སམ་མི་སྒེར་གྱིས་བཅའ་ཁྲིམས་འདིའི་གཏན་འབེབས་དང་འགལ་ནས། ས་གནས་དེའི་མི་དམངས་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཁག་གིས་ཁྱབ་བསྒྲགས་བྱས་པའི་ཆོད་དོན་དང་བཀའ་རྒྱ་ལ་མ་བསྟུན་པའམ་དེས་ཁྲིམས་ལྟར་བྱེད་ཐབས་སྤྱོད་པར་གཞོགས་འདེགས་མ་བྱས་པར་བདེ་སྐྱོང་དོ་དམ་དང་འགལ་བའི་བྱ་སྤྱོད་དུ་གྲུབ་ན། སྤྱི་བདེ་ལས་ཁུངས་ཀྱིས་ཁྲིམས་ལྟར་ཆད་པ་གཅོད་རྒྱུ།” ཞེས་གཏན་འབེབས་གནང་ཡོད་པ་དང་།

《བདེ་འཇགས་དོ་དམ་གྱི་ཆད་པ་གཅོད་ཕྱོགས་སྐོར་གྱི་བཅའ་ཁྲིམས》ཀྱི་དོན་ཚན་ལྔ་བཅུ་པའི་ནང་། “གཤམ་གསལ་གྱི་བྱ་སྤྱོད་ལས་རིགས་གཅིག་ཡོད་ན། ཐ་ཚིག་སྒྲོག་པའམ་ཡང་ན་སྒོར་ཉིས་བརྒྱ་མན་གྱི་དངུལ་ཆད་གཅོད་རྒྱུ་དང་། ཉེས་ཚབས་ཆེ་རིགས་ལ་ཉིན་ལྔ་ཡན་ནས་ཉིན་བཅུ་མན་བར་བཀག་ཉར་བྱ་རྒྱུ་མ་ཟད། དངུལ་ཆད་སྒོར་ལྔ་བརྒྱ་མན་བཅད་ཆོག་སྟེ། (གཅིག)མི་དམངས་སྲིད་གཞུང་གིས་གནས་ཚུལ་ཛ་དྲག་ཆེན་པོའི་འོག་ཁྲིམས་ལྟར་ཁྱབ་བསྒྲགས་བྱས་པའི་ཆོད་དོན་དང་བཀའ་རྒྱ་ལག་བསྟར་གཏན་ནས་མི་བྱེད་པ་དང་། (གཉིས)རྒྱལ་ཁབ་ལས་ཁུངས་ཀྱི་ལས་དོན་མི་སྣས་ཁྲིམས་ལྟར་ལས་འགན་སྒྲུབ་པར་འགོག་རྐྱེན་བཟོས་པ། …… ” ཞེས་གཏན་འབེབས་གནང་ཡོད།

《ཉེས་ཁྲིམས》ཀྱི་དོན་ཚན་ཉིས་བརྒྱ་དོན་བདུན་པའི་ནང་གསེས་དོན་ཚན་དང་པོའི་ནང་། “རྒྱལ་ཁབ་གཞུང་གི་ལས་ཁུངས་ཀྱི་ལས་བྱེད་པས་བཅའ་ཁྲིམས་ལྟར་ལས་སྒྲུབ་བྱེད་པར་དྲག་ཐབས་དང་འཇིགས་སྐུལ་གྱིས་བཀག་འགོག་བྱས་རིགས་ལ་དུས་བཙོན་ལོ་གསུམ་མན་དང་། བཙན་ཉར་ལས་སྐུལ། རྩིས་སྤྲོད་དོ་དམ་གྱི་ཉེས་ཆད་གཅོད་རྒྱུའམ་དངུལ་ཆད་གཅོད་རྒྱུ།” ཞེས་དང་། ནང་གསེས་དོན་ཚན་གསུམ་པའི་ནང་། “རང་བྱུང་གནོད་འཚེ་དང་ཐོལ་བྱུང་དོན་རྐྱེན་སྐབས་སུ། རྒྱ་གྲམ་དམར་པོའི་ཚོགས་པའི་ལས་སྒྲུབ་མི་སྣས་ཁྲིམས་ལྟར་འགན་འཁྲི་སྒྲུབ་པར་དྲག་ཤུགས་དང་འཇིགས་སྐུལ་གྱི་ཐབས་ལ་བརྟེན་ནས་བཀག་འགོག་བྱས་ན། ནང་གསེས་དོན་ཚན་དང་པོའི་གཏན་འབེབས་ལྟར་ཉེས་ཆད་གཅོད་རྒྱུ།” ཞེས་གཏན་འབེབས་གནང་ཡོད།

 《ཉེས་ཁྲིམས》ཀྱི་དོན་ཚན་སུམ་བརྒྱ་དང་སུམ་ཅུ་པའི་ནང་གསེས་དོན་ཚན་དང་པོའི་ནང་། “འགོས་ནད་འགོག་བཅོས་བྱེད་ཕྱོགས་སྐོར་གྱི་བཅའ་ཁྲིམས་ནང་འཁོད་པའི་གཏན་འབེབས་དང་འགལ་ནས་གཤམ་གསལ་གྱི་གནས་ཚུལ་ལས་རིགས་གཅིག་ཡོད་པས་འགོས་ནད་རིགས་ཀ་པ་མཆེད་པར་བཟོས་པའམ་ཡང་ན་མཆེད་པའི་ཉེན་ཁ་ཚབས་ཆེན་ཡོད་རིགས་ལ་དུས་བཙོན་ལོ་གསུམ་མན་ནམ་བཙན་ཉར་ལས་སྐུལ་གྱི་ཉེས་ཆད་གཅོད་རྒྱུ་དང་། ངན་འབྲས་ལྷག་པར་ཚབས་ཆེན་བཟོས་རིགས་ལ་དུས་བཙོན་ལོ་གསུམ་ཡན་ནས་ལོ་བདུན་མན་བར་གྱི་ཉེས་ཆད་གཅོད་རྒྱུ་སྟེ། …… (བཞི། )རིམས་འགོག་འཕྲོད་བསྟེན་ལས་ཁུངས་ཀྱིས་འགོས་ནད་འགོག་བཅོས་བྱེད་ཕྱོགས་སྐོར་གྱི་བཅའ་ཁྲིམས་ལྟར་བཏོན་པའི་སྔོན་འགོག་དང་ཚོད་འཛིན་བྱེད་ཐབས་ལག་ལེན་མི་བསྟར་མཁན་ལ།” ཞེས་གཏན་འབེབས་གནང་ཡོད།

19.ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་རིམས་ནད་མཆེད་པའམ་མཆེད་པར་ཉེན་ཁ་ཚབས་ཆེན་བཟོས་ཡོད་ན་ཉེས་དོན་འགན་འཁྲི་འཁུར་དགོས་སམ།

《རྒྱལ་མཚམས་འཕྲོད་བསྟེན་རིམས་བཤེར་བཅའ་ཁྲིམས》ཀྱི་དོན་ཚན་ཉེར་གཉིས་པའི་ནང་། “བཅའ་ཁྲིམས་འདིའི་གཏན་འབེབས་དང་འགལ་ནས་ཞིབ་བཤེར་བྱ་རྒྱུའི་འགོས་ནད་མཆེད་པའམ་ཡང་ན་ཞིབ་བཤེར་བྱ་རྒྱུའི་འགོས་ནད་མཆེད་པར་ཉེན་ཁ་ཚབས་ཆེན་བཟོས་རིགས་ལ་ཉེས་ཁྲིམས་ནང་འཁོད་པའི་འབྲེལ་ཡོད་གཏན་འབེབས་ལྟར་ཉེས་འགན་བདའ་འདེད་གཏོང་རྒྱུ།” ཞེས་གཏན་འབེབས་གནང་ཡོད་པ་དང་།

《ཉེས་ཁྲིམས》ཀྱི་དོན་ཚན་སུམ་བརྒྱ་སོ་གཉིས་པའི་ནང་། “རྒྱལ་མཚམས་འཕྲོད་བསྟེན་རིམས་བཤེར་གྱི་གཏན་འབེབས་དང་འགལ་ནས་ཞིབ་བཤེར་བྱ་རྒྱུའི་འགོས་ནད་མཆེད་པའམ་ཡང་ན་མཆེད་པའི་ཉེན་ཁ་ཚབས་ཆེན་བཟོས་རིགས་ལ། དུས་བཙོན་ལོ་གསུམ་མན་ནམ་བཙན་ཉར་ལས་སྐུལ་གྱི་ཉེས་ཆད་གཅོད་རྒྱུ་དང་དངུལ་ཆད་སྦྲགས་མར་རམ་གཅིག་པུར་གཅོད་རྒྱུ། ལས་ཁུངས་ཀྱིས་གོང་གསལ་ནང་གསེས་དོན་ཚན་ནང་འཁོད་བྱས་ཉེས་བསགས་ན། ལས་ཁུངས་དེར་དངུལ་ཆད་གཅོད་རྒྱུ་མ་ཟད། དེའི་འགན་ཐད་ཀར་འཁུར་བའི་གཙོ་སྐྱོང་མི་སྣ་དང་ཁག་འགན་ཐད་ཀར་འཁུར་བའི་མི་སྣ་གཞན་དག་ལ། གོང་གསལ་ནང་གསེས་དོན་ཚན་གྱི་གཏན་འབེབས་ལྟར་ཉེས་ཆད་གཅོད་རྒྱུ།” ཞེས་གཏན་འབེབས་གནང་ཡོད།

20.རི་སྐྱེས་སྲོག་ཆགས་ཀྱིས་བཟོ་སྲིད་པའི་གནོད་འཚེ་སྔོན་འགོག་དང་ཚོད་འཛིན་བྱེད་པར་བཅའ་ཁྲིམས་དང་ཁྲིམས་སྲོལ་ནང་གཏན་འབེབས་ཅི་ཡོད།

《རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་བྱེད་པའི་བཅའ་ཁྲིམས》ཀྱི་དོན་ཚན་བཅོ་བརྒྱད་པའི་ནང་། “འབྲེལ་ཡོད་ས་གནས་མི་དམངས་སྲིད་གཞུང་གིས་བྱེད་ཐབས་སྤྱད་དེ་རི་སྐྱེས་སྲོག་ཆགས་ཀྱིས་བཟོ་སྲིད་པའི་གནོད་འཚེ་སྔོན་འགོག་དང་ཚོད་འཛིན་བྱས་ཏེ། མི་ཕྱུགས་ཀྱི་བདེ་འཇགས་དང་། ཞིང་ལས་དང་ནགས་ལས་ཐོན་སྐྱེད་ལ་འགན་སྲུང་བྱ་དགོས།” ཞེས་དང་།

དོན་ཚན་ཉེར་བདུན་པའི་ནང་། “རྒྱལ་ཁབ་ཀྱིས་གཙོ་གནད་དུ་སྲུང་སྐྱོང་བྱ་རྒྱུའི་རི་སྐྱེས་སྲོག་ཆགས་དང་དེའི་གྲུབ་རྫས་ཕྱིར་འཚོང་དང་། ཉོ་སྒྲུབ། བེད་སྤྱོད་བཅས་བྱས་མི་ཆོག

ཚན་རིག་ཞིབ་འཇུག་དང་། མི་ཐབས་ལ་བརྟེན་ནས་གསོ་སྤེལ། སྤྱི་དམངས་ཀྱིས་འགྲེམས་སྟོན་དང་འཁྲབ་སྟོན། རིག་དངོས་སྲུང་སྐྱོང་ངམ་དམིགས་བསལ་གྱི་གནས་ཚུལ་གཞན་དག་བཅས་ཀྱི་རྐྱེན་གྱིས་རྒྱལ་ཁབ་ཀྱིས་གཙོ་གནད་དུ་སྲུང་སྐྱོང་བྱ་རྒྱུའི་རི་སྐྱེས་སྲོག་ཆགས་དང་། དེའི་གྲུབ་རྫས་ཕྱིར་འཚོང་དང་། ཉོ་སྒྲུབ། བེད་སྤྱོད་བཅས་བྱ་དགོས་བྱུང་ན། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཆོག་མཆན་འགོད་མཁན་ལས་ཁུངས་ལ་གཏན་འབེབས་ལོགས་སུ་བྱས་ཡོད་པ་ཕུད། ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་ཀྱི་མི་དམངས་སྲིད་གཞུང་གི་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་གཙོ་སྐྱོང་སྡེ་ཁག་གི་ཆོག་མཆན་ཐོབ་དགོས་པ་མ་ཟད། གཏན་འབེབས་ལྟར་ཆེད་སྤྱོད་མཚོན་རྟགས་ཐོབ་པ་དང་བེད་སྤྱོད་བྱས་ཏེ་ཁུངས་འདེད་ཐུབ་པའི་འགན་ལེན་བྱ་དགོས།

རྒྱལ་ཁབ་ཀྱིས་གཙོ་གནད་དུ་སྲུང་སྐྱོང་བྱ་རྒྱུའི་རི་སྐྱེས་སྲོག་ཆགས་དང་དེའི་གྲུབ་རྫས་ཀྱི་ཆེད་སྤྱོད་མཚོན་རྟགས་ཀྱི་ཁྱབ་ཁོངས་དང་དོ་དམ་བྱེད་ཐབས་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་གཙོ་སྐྱོང་སྡེ་ཁག་གིས་གཏན་འབེབས་བྱ་རྒྱུ།

རྒྱལ་ཁབ་ཀྱིས་གཙོ་གནད་དུ་སྲུང་སྐྱོབ་བྱེད་ཁོངས་སུ་མ་ཚུད་པའི་རི་སྐྱེས་སྲོག་ཆགས་ཕྱིར་འཚོང་དང་བེད་སྤྱོད་བྱས་ན། རྔོན་རྒྱག་དང་ཕྱིར་གཏོང་ནང་འདྲེན་སོགས་ཀྱི་ཁྲིམས་མཐུན་འབྱུང་ཁུངས་ཀྱི་དཔང་ཡིག་འདོན་སྤྲོད་བྱ་དགོས།

དོན་ཚན་འདིའི་ནང་གསེས་དོན་ཚན་གཉིས་པ་དང་བཞི་པར་གཏན་འབེབས་བྱས་པའི་རི་སྐྱེས་སྲོག་ཆགས་ཕྱིར་འཚོང་བྱས་ན། ད་དུང་ཁྲིམས་ལྟར་རིམས་ནད་ཞིབ་བཤེར་གྱི་དཔང་ཡིག་ཟུར་དུ་ཡོད་དགོས།” ཞེས་དང་།

དོན་ཚན་སུམ་ཅུ་པའི་ནང་། “རྒྱལ་ཁབ་ཀྱིས་གཙོ་གནད་དུ་སྲུང་སྐྱོང་བྱ་རྒྱུའི་རི་སྐྱེས་སྲོག་ཆགས་དང་དེའི་གྲུབ་རྫས་ཀྱིས་བཟོས་པའི་བཟའ་ཆས་ཐོན་སྐྱེད་དང་། གཉེར་སྐྱོང་བྱས་པའམ། ཡང་ན་ཁྲིམས་མཐུན་གྱི་འབྱུང་ཁུངས་དཔང་ཡིག་མེད་པའི་རྒྱལ་ཁབ་ཀྱིས་གཙོ་གནད་དུ་སྲུང་སྐྱོང་བྱ་རྒྱུའི་རི་སྐྱེས་སྲོག་ཆགས་མིན་པ་དང་དེའི་གྲུབ་རྫས་ཀྱིས་བཟོས་པའི་བཟའ་ཆས་བེད་སྤྱོད་བྱས་མི་ཆོག

ཁྲིམས་འགལ་ངང་རྒྱལ་ཁབ་ཀྱིས་གཙོ་གནད་དུ་སྲུང་སྐྱོང་བྱེད་པའི་རི་སྐྱེས་སྲོག་ཆགས་དང་དེའི་གྲུབ་རྫས་ཉོས་མི་ཆོག” ཅེས་དང་།

དོན་ཚན་ཞེ་དགུ་པའི་ནང་། “བཅའ་ཁྲིམས་འདིའི་དོན་ཚན་སུམ་ཅུ་པའི་གཏན་འབེབས་དང་འགལ་ནས་རྒྱལ་ཁབ་ཀྱིས་གཙོ་གནད་དུ་སྲུང་སྐྱོང་བྱ་རྒྱུའི་རི་སྐྱེས་སྲོག་ཆགས་དང་དེའི་གྲུབ་རྫས་སམ། ཡང་ན་ཁྲིམས་མཐུན་གྱི་འབྱུང་ཁུངས་དཔང་ཡིག་མེད་པའི་རྒྱལ་ཁབ་ཀྱིས་གཙོ་གནད་དུ་སྲུང་སྐྱོང་བྱ་རྒྱུའི་རི་སྐྱེས་སྲོག་ཆགས་དང་དེའི་གྲུབ་རྫས་བཟོ་བའམ། ཡང་ན་རྒྱལ་ཁབ་ཀྱིས་གཙོ་གནད་དུ་སྲུང་སྐྱོང་བྱེད་པའི་རི་སྐྱེས་སྲོག་ཆགས་དང་དེའི་གྲུབ་རྫས་ཁྲིམས་འགལ་གྱིས་ཉོ་སྒྲུབ་བྱེད་པར་རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་གཙོ་གཉེར་སྡེ་ཁག་གམ་ཚོང་རའི་ལྟ་སྐུལ་དོ་དམ་སྡེ་ཁག་གིས་འགན་འཁྲི་བགོས་ཚུལ་ལྟར་ཁྲིམས་འགལ་གྱི་བྱ་སྤྱོད་སྤེལ་མཚམས་འཇོག་ཏུ་འཇུག་རྒྱུ་དང་། རི་སྐྱེས་སྲོག་ཆགས་དང་དེའི་གྲུབ་རྫས་དང་ཁྲིམས་འགལ་གྱི་ཐོབ་ཆ་གཞུང་བཞེས་གཏོང་རྒྱུ་དང་། རི་སྐྱེས་སྲོག་ཆགས་དང་དེའི་གྲུབ་རྫས་ཀྱི་རིན་ཐང་གི་ལྡབ་གཉིས་ཡན་ནས་ལྡབ་བཅུ་མན་བར་གྱི་དངུལ་ཆད་གཅོད་རྒྱུ། ཉེས་གསོག་གི་ཚད་ལ་སླེབས་རིགས་ལ་ཁྲིམས་ལྟར་ཉེས་དོན་འགན་འཁྲི་བདའ་འདེད་གཏོང་རྒྱུ།” ཞེས་གཏན་འབེབས་གནང་ཡོད་པ་དང་།

《སྐམ་སའི་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་ལག་བསྟར་སྲོལ་ཡིག》གི་དོན་ཚན་ཉེར་དྲུག་པའི་ནང་། “རྒྱལ་ཁབ་ཀྱིས་གཙོ་གནད་དུ་སྲུང་སྐྱོབ་བྱ་རྒྱུའི་རི་སྐྱེས་སྲོག་ཆགས་དང་དེའི་ཐོན་རྫས་ཕྱིར་འཚོང་དང་ཉོ་སྒྲུབ་བྱེད་པ་གཏན་འགོག་བྱེད་དགོས།

རྔོན་རྒྱག་འཁྲོལ་འཛིན་ཡོད་པའི་ལས་ཁུངས་དང་མི་སྒེར་གྱིས་ཁྲིམས་ལྟར་ཐོབ་པའི་རྒྱལ་ཁབ་ཀྱིས་གཙོ་གནད་དུ་སྲུང་སྐྱོང་བྱ་རྒྱུའི་རི་སྐྱེས་སྲོག་ཆགས་སམ་དེའི་ཐོན་རྫས་ཕྱིར་འཚོང་བྱ་དགོས་ན། རྔོན་རྒྱག་འཁྲོལ་འཛིན་ནང་གཏན་འབེབས་བྱས་པའི་སྣ་ཁ་དང་གྲངས་འབོར་ལྟར་ཞིབ་མཆན་ཐོ་འགོད་བྱས་པའི་ལས་ཁུངས་ལ་འཚོང་རྒྱུའམ། ཡང་ན་ས་གནས་དེ་གའི་མི་དམངས་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག་གིས་དམིགས་འཛུགས་བྱས་པའི་ཚོང་འདུས་ཀྱི་ཚོང་རར་འཚོང་དགོས།” ཞེས་གཏན་འབེབས་གནང་ཡོད།

21.ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་པའི་བརྒྱུད་རིམ་ཁྲོད། ཚོང་གཉེར་བྱེད་མཁན་གྱི་བྱ་སྤྱོད་གང་དག་ནི་རིན་གོང་ཐད་ཀྱི་ཁྲིམས་འགལ་བྱ་སྤྱོད་ཡིན།

《རིན་གོང་སྐོར་གྱི་བཅའ་ཁྲིམས》ཀྱི་དོན་ཚན་བཅུ་གསུམ་པའི་ནང་། “ཚོང་གཉེར་བྱེད་མཁན་གྱིས་ཚོང་ཟོག་ཕྱིར་ཚོང་ཉོ་སྒྲུབ་བྱེད་པ་དང་ཞབས་ཞུ་མཁོ་འདོན་བྱེད་སྐབས། ངེས་པར་དུ་སྲིད་གཞུང་གི་རིན་གོང་གཙོ་འགན་འཁུར་མཁན་སྡེ་ཁག་གི་གཏན་འབེབས་གཞིར་བཟུང་ནས། རིན་གོང་གསལ་འགོད་བྱེད་དགོས་པ་དང་། ཚོང་ཟོག་གི་མིང་དང་། ཐོན་ཡུལ། ཚད་གཞི། རིམ་པ། རིན་གོང་རྩིས་གཞི། རིན་གོང་ངམ་ཞབས་ཞུའི་རྣམ་གྲངས་དང་གྲོན་བསྡུའི་ཚད་གཞི་སོགས་འབྲེལ་ཡོད་གནས་ཚུལ་གསལ་འགོད་བྱེད་དགོས།

ཚོང་གཉེར་བྱེད་མཁན་གྱིས་རིན་གོང་གསལ་འགོད་ལས་གཞན་ཚོང་ཟོག་རིན་སྤར་ཕྱིར་འཚོང་བྱས་མི་ཆོག་པ་དང་། གསལ་འགོད་བྱས་མེད་པའི་གྲོན་དངུལ་གང་ཡང་བསྡུ་ལེན་བྱས་མི་ཆོག” ཅེས་གཏན་འབེབས་གནང་ཡོད་པ་དང་།  

《རིན་གོང་སྐོར་གྱི་བཅའ་ཁྲིམས》ཀྱི་དོན་ཚན་བཅུ་བཞི་པའི་ནང་། “ཚོང་གཉེར་བྱེད་མཁན་གྱིས་གཤམ་གསལ་ཚུལ་མིན་གྱི་རིན་གོང་སྐོར་གྱི་བྱ་སྤྱོད་སྤེལ་མི་ཆོག་པ་སྟེ།

(གཅིག)ཕན་ཚུན་ལྐོག་འབྲེལ་བྱས་ཏེ་ཚོང་རའི་རིན་གོང་ཁ་ལོ་བསྒྱུར་ནས་གཉེར་སྐྱོང་བྱེད་མཁན་ནམ་འཛད་སྤྱོད་པ་གཞན་དག་གི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་གཏོང་རིགས་དང་།

(གཉིས། )ཚོང་ཟོག་སོས་པ་དང་གསོན་པོ། དུས་ཚིགས་ཀྱི་རང་བཞིན་ལྡན་པའི་ཚོང་ཟོག བཀག་གསོག་ཚོང་ཟོག་སོགས་བཅའ་ཁྲིམས་ལྟར་གོང་བཅག་ནས་ཕྱིར་འཚོང་བ་ཕུད། འགྲན་རྩོད་ཁ་གཏད་ཟུར་འབུད་དམ་ཚོང་ར་སྒེར་བཟུང་བྱེད་ཆེད་མ་གནས་ལས་དམའ་བའི་རིན་གོང་ཐོག་ནས་ཕམ་ཚོང་བརྒྱབ་སྟེ། རྒྱུན་ལྡན་གྱི་ཐོན་སྐྱེད་གཉེར་སྐྱོང་སྒྲིག་ལམ་དཀྲུག་པ་དང་། རྒྱལ་ཁབ་ཀྱི་ཁེ་ཕན་ནམ་གཉེར་སྐྱོང་བྱེད་མཁན་གཞན་དག་གི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་གཏོང་རིགས།

(གསུམ། )རིན་གོང་སྤར་བའི་ཆ་འཕྲིན་རྫུན་བཟོ་དང་ཁྱབ་སྤེལ་བྱས་ནས་རིན་གོང་ཧམ་སྤར་བྱས་ཏེ་ཚོང་ཟོག་གི་རིན་གོང་སྤར་ཐལ་ཤོར་བར་སྐུལ་འདེད་བཏང་རིགས།

(བཞི། )རིན་གོང་གི་བྱ་ཐབས་རྫུན་མའམ་མི་རྣམས་གོ་ནོར་ཐེབས་སུ་འཇུག་པའི་རིགས་ལ་བརྟེན་ནས་འཛད་སྤྱོད་བྱེད་མཁན་ནམ་གཉེར་སྐྱོང་བྱེད་མཁན་གཞན་དག་ལ་མགོ་སྐོར་བསླུ་བྲིད་ཀྱིས་དེ་དང་ཉོ་ཚོང་བྱེད་དུ་འཇུག་པ།

(ལྔ། )ཚོང་ཟོག་གམ་ཞབས་ཞུ་འདྲ་མཚུངས་འདོན་སྤྲོད་བྱས་ནས་ཉོ་ཚོང་གི་ཆ་རྐྱེན་འདྲ་མཚུངས་འཛོམས་པའི་གཉེར་སྐྱོང་བྱེད་མཁན་གཞན་དག་ལ་རིན་གོང་ཐོག་ནས་མཐོང་ཆུང་བྱེད་པ།

(དྲུག)རིམ་པ་སྤར་བའམ་དམའ་རུ་གཏོང་བ་སོགས་ཀྱི་བྱེད་ཐབས་སྤྱད་དེ་ཚོང་ཟོག་ཉོ་སྒྲུབ་དང་ཕྱིར་འཚོང་ངམ་ཞབས་ཞུ་འདོན་སྤྲོད་བྱས་ཏེ་ཐབས་ཚུལ་བསྒྱུར་ནས་རིན་གོང་སྤར་བའམ་གཅོག་པ།

(བདུན། )བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་གཏན་འབེབས་དང་འགལ་ཏེ་ཚུལ་མིན་ཁེ་ཆེན་ཧམ་ལེན་བྱེད་པ།

(བརྒྱད)བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་ནང་བཀག་སྡོམ་བྱས་པའི་ཚུལ་མིན་གྱི་རིན་གོང་བྱ་སྤྱོད་གཞན་དག” ཅེས་གཏན་འབེབས་གནང་ཡོད།

གཞན་ཡང་། 《རིན་གོང་སྐོར་གྱི་བཅའ་ཁྲིམས》དང་《རིན་གོང་ཁྲིམས་འགལ་བྱ་སྤྱོད་ཀྱི་སྲིད་འཛིན་ཆད་གཅོད་གཏན་འབེབས》ཀྱི་གཏན་འབེབས་གཞིར་བཟུང་། གཉེར་སྐྱོང་བྱེད་མཁན་གྱི་རིན་གོང་ཁྲིམས་འགལ་བྱ་སྤྱོད་ཐད། གཉེར་སྐྱོང་པས་སྲིད་གཞུང་གི་མཛུབ་ཁྲིད་རིན་གོང་དང་། སྲིད་གཞུང་གི་གཏན་འཁེལ་རིན་གོང་། དེ་བཞིན་ཁྲིམས་ཀྱིས་གཏན་འཁེལ་བྱས་པའི་རིན་གོང་ཐེ་ཇུས་བྱ་ཐབས་དང་འཕྲལ་བསྟུན་བྱ་ཐབས་བཅས་ལག་བསྟར་མི་བྱེད་པའི་བྱ་སྤྱོད་དང་། དེ་བཞིན་རིན་གོང་གསལ་སྟོན་གྱི་རིན་གོང་གཏན་འབེབས་དང་རྒྱབ་འགལ་བྱེད་པ་སོགས་ཀྱི་བྱ་སྤྱོད་ཀྱང་ཚུད་ཡོད།

22.ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་པའི་བརྒྱུད་རིམ་ཁྲོད། ཚོང་གཉེར་བྱེད་མཁན་གྱི་རིན་གོང་ཁྲིམས་འགལ་བྱ་སྤྱོད་ལ་ཆད་པ་ཇི་ལྟར་གཅོད་དགོས།

《རིན་གོང་སྐོར་གྱི་བཅའ་ཁྲིམས》ཀྱི་ལེའུ་དྲུག་པ་དང་། 《རིན་གོང་ཁྲིམས་འགལ་བྱ་སྤྱོད་ཀྱི་སྲིད་འཛིན་ཆད་གཅོད་གཏན་འབེབས》ཀྱི་དོན་ཚན་བཞི་པ་ནས་དོན་ཚན་བཅོ་ལྔ་པའི་བར་རིན་གོང་ཁྲིམས་འགལ་བྱ་སྤྱོད་ཁག་ལ་ཆད་གཅོད་བྱ་ཐབས་ཞིབ་ཕྲ་གཏན་འབེབས་བྱས་ཡོད།

དཔེར་ན། “རིན་གོང་སྤར་བའི་ཆ་འཕྲིན་རྫུན་བཟོ་དང་། རིན་གོང་ཧམ་སྤར། ཚོང་ཟོག་གི་རིན་གོང་སྤར་དྲགས་པར་སྐུལ་འདེད་གཏོང་བ”བཅས་ཀྱི་བྱ་སྤྱོད་ལ། 《རིན་གོང་སྐོར་གྱི་བཅའ་ཁྲིམས》ཀྱི་དོན་ཚན་བཞི་བཅུ་པའི་ནང་། “ཚོང་གཉེར་བྱེད་མཁན་ལ་བཅའ་ཁྲིམས་འདིའི་དོན་ཚན་བཅུ་བཞི་པའི་ནང་འཁོད་བྱ་སྤྱོད་ལས་རིགས་གཅིག་ཡོད་ན། དེར་ཡོ་བསྲང་བྱེད་དུ་འཇུག་རྒྱུ་དང་། ཁྲིམས་འགལ་གྱི་ཐོབ་ཆ་གཞུང་བཞེས་གཏོང་རྒྱུ་མ་ཟད། ཁྲིམས་འགལ་གྱི་ཐོབ་ཆའི་ལྡབ་ལྔ་མན་གྱི་དངུལ་ཆད་བཅད་ཆོག ཁྲིམས་འགལ་གྱི་ཐོབ་ཆ་མེད་ན། ཐ་ཚིག་སྒྲོག་པ་དང་དངུལ་ཆད་བཅད་ཆོག ཉེས་ཚབས་ཆེ་རིགས་ལ་ལས་མཚམས་བཞག་ནས་དག་ཐེར་བྱེད་དུ་འཇུག་རྒྱུའམ་ཡང་ན་བཟོ་ཚོང་སྲིད་འཛིན་དོ་དམ་ལས་ཁུངས་ཀྱིས་དེའི་ལས་གཉེར་བྱས་འཐུས་ལག་ཁྱེར་ཕྱིར་འཐེན་བྱ་རྒྱུ། འབྲེལ་ཡོད་བཅའ་ཁྲིམས་ནང་བཅའ་ཁྲིམས་འདིའི་དོན་ཚན་བཅུ་བཞི་པའི་ནང་འཁོད་བྱ་སྤྱོད་ལ་ཉེས་ཆད་གཅོད་རྒྱུ་དང་ཆད་པ་གཅོད་མཁན་ལས་ཁུངས་ཀྱིས་ལོགས་སུ་གཏན་འབེབས་བྱས་ཡོད་ན། འབྲེལ་ཡོད་བཅའ་ཁྲིམས་ཀྱི་གཏན་འབེབས་ལྟར་ལག་བསྟར་བྱས་ཆོག” ཅེས་གཏན་འབེབས་གནང་ཡོད་པ་དང་།

《རིན་གོང་ཐད་ཀྱི་ཁྲིམས་འགལ་བྱ་སྤྱོད་ཀྱི་སྲིད་འཛིན་ཆད་གཅོད་གཏན་འབེབས》ཀྱི་དོན་ཚན་དྲུག་པའི་ནང་། “ཚོང་གཉེར་བྱེད་མཁན་གྱིས་རིན་གོང་བཅའ་ཁྲིམས་ཀྱི་དོན་ཚན་བཅུ་བཞི་པའི་གཏན་འབེབས་དང་འགལ་ནས་གཤམ་གསལ་ཚོང་ཟོག་གི་རིན་གོང་མགྱོགས་དྲགས་པ་དང་འཕར་ཐལ་ཆེ་བའི་བྱ་སྤྱོད་ལས་རིགས་གཅིག་ཡོད་ན། དེར་ཡོ་བསྲང་བྱེད་དུ་འཇུག་རྒྱུ་དང་། ཁྲིམས་འགལ་གྱི་ཐོབ་ཆ་གཞུང་བཞེས་གཏོང་རྒྱུ་མ་ཟད། ཁྲིམས་འགལ་གྱི་ཐོབ་ཆའི་ལྡབ་ལྔ་མན་གྱི་དངུལ་ཆད་གཅོད་རྒྱུ། ཁྲིམས་འགལ་གྱི་ཐོབ་ཆ་མེད་རིགས་ལ་སྒོར་ཁྲི་ལྔ་ཡན་ནས་སྒོར་ཁྲི་ལྔ་བཅུ་མན་གྱི་དངུལ་ཆད་འགེལ་རྒྱུ་དང་། ཉེས་ཚབས་ཅུང་ཆེ་རིགས་ལ་སྒོར་ཁྲི་ལྔ་བཅུ་ཡན་ནས་སྒོར་ཁྲི་སུམ་བརྒྱ་མན་གྱི་དངུལ་ཆད་འགེལ་རྒྱུ། ཉེས་ཚབས་ཆེ་རིགས་ལ་ལས་མཚམས་བཞག་ནས་དག་ཐེར་བྱེད་དུ་འཇུག་རྒྱུའམ་ཡང་ན་བཟོ་ཚོང་སྲིད་འཛིན་དོ་དམ་ལས་ཁུངས་ཀྱིས་ལས་གཉེར་བྱས་འཐུས་ལག་ཁྱེར་ཕྱིར་བསྡུ་བྱ་རྒྱུ་སྟེ།

(གཅིག)རིན་གོང་སྤར་བའི་ཆ་འཕྲིན་རྫུན་བཟོ་དང་ཁྱབ་སྤེལ་བྱས་ནས་ཚོང་རའི་རིན་གོང་གི་སྒྲིག་ལམ་དཀྲུག་རིགས་དང་།

(གཉིས། )ཐོན་སྐྱེད་རང་སྤྱོད་བྱེད་པ་ཕུད། རྒྱུན་ལྡན་གྱི་གསོག་ཉར་གྲངས་འབོར་རམ་གསོག་ཉར་དུས་འཁོར་ལས་བརྒལ་ཏེ། ཚོང་རའི་མཁོ་སྤྲོད་མི་འདང་བ་དང་། རིན་གོང་རྒྱུན་ལྡན་མིན་པའི་འཕར་ཆག་བྱུང་བའི་ཚོང་ཟོག་འབོར་ཆེན་གསོག་ཉར་བྱས་རིགས། རིན་གོང་གཙོ་སྐྱོང་སྡེ་ཁག་གིས་བསླབ་བྱ་གནང་ཡང་སྔར་བཞིན་མུ་མཐུད་དུ་གསོག་ཉར་བྱས་རིགས།

(གསུམ། )བྱེད་ཐབས་གཞན་དག་ལ་བརྟེན་ནས་རིན་གོང་ཧམ་སྤར་བྱས་ཏེ་ཚོང་ཟོག་གི་རིན་གོང་མགྱོགས་དྲགས་པ་དང་འཕར་ཐལ་ཤོར་བར་སྐུལ་འདེད་བཏང་རིགས་བཅས་ཡིན།

ལས་རིགས་མཐུན་ཚོགས་སམ་ཡང་ན་ཚོང་ཟོག་ཉོ་ཚོང་ལ་ཞབས་འདེགས་ཞུ་བའི་ལས་ཁུངས་ལ་གོང་གསལ་ནང་གསེས་དོན་ཚན་ནང་གཏན་འབེབས་བྱས་པའི་ཁྲིམས་འགལ་བྱ་སྤྱོད་ཡོད་ན། སྒོར་ཁྲི་ལྔ་བཅུ་མན་གྱི་དངུལ་ཆད་བཅད་ཆོག ཉེས་ཚབས་ཆེ་རིགས་ལ་ཐོ་འགོད་དོ་དམ་ལས་ཁུངས་ཀྱིས་ཁྲིམས་ལྟར་ཐོ་འགོད་ཕྱིར་འཐེན་དང་ལག་ཁྱེར་རྩིས་མེད་དུ་གཏོང་རྒྱུ།

གོང་གསལ་ནང་གསེས་དོན་ཚན་གཉིས་ཀྱི་གཏན་འབེབས་ཕུད་པའི་ལས་ཁུངས་གཞན་དག་གིས་རིན་གོང་འཕར་བའི་ཆ་འཕྲིན་རྫུན་མ་སྤེལ་བ་དང་། ཚོང་རའི་རིན་གོང་གི་སྒྲིག་ལམ་དཀྲུགས་ནས་ཁྲིམས་ལྟར་གཙོ་སྐྱོང་ལས་ཁུངས་གཞན་དག་གིས་ཞིབ་བཤེར་ཐག་གཅོད་བྱ་དགོས་རིགས་ཡིན་ན། རིན་གོང་གཙོ་སྐྱོང་སྡེ་ཁག་གིས་ཁྲིམས་ལྟར་ཆད་པ་གཅོད་རྒྱུའི་གྲོས་འགོ་བཏོན་ཆོག་པ་དང་། འབྲེལ་ཡོད་གཙོ་སྐྱོང་ལས་ཁུངས་ཀྱིས་ཁྲིམས་ལྟར་ཆད་པ་གཅོད་དགོས།” ཞེས་གཏན་འབེབས་གནང་ཡོད།

23. ཏོག་དབྱིབས་ནད་དུག་གིས་སྦགས་པའི་བཙོག་ཆུ་དང་དངོས་པོ། གནས་ཡུལ། དངོས་རྫས་སོགས་ཇི་ལྟར་ཐག་གཅོད་བྱེད་དགོས།

《འགོས་ནད་འགོག་བཅོས་བྱེད་ཕྱོགས་སྐོར་གྱི་བཅའ་ཁྲིམས》ཀྱི་དོན་ཚན་ཉེར་བདུན་པའི་ནང་། “འགོས་ནད་ཀྱི་ནད་སློང་དུག་གཞིས་སྦགས་པའི་བཙོག་ཆུ་དང་། བཙོག་དངོས། ས་ཆ། དངོས་རྫས་བཅས་ལ་འབྲེལ་ཡོད་ལས་ཁུངས་དང་མི་སྒེར་གྱིས་ངེས་པར་དུ་རིམས་ནད་སྔོན་འགོག་ཚོད་འཛིན་ལས་ཁུངས་ཀྱི་ཁྲིད་སྟོན་འོག་གམ་ཡང་ན་དེས་བཏོན་པའི་འཕྲོད་བསྟེན་གྱི་བླང་བྱ་ལྟར་དུག་སེལ་ནན་མོ་བྱ་དགོས། དུག་སེལ་དང་ལེན་མི་བྱེད་མཁན་ལ། ས་གནས་དེ་གའི་འཕྲོད་བསྟེན་སྲིད་འཛིན་སྡེ་ཁག་གམ་ཡང་ན་རིགས་ནད་སྔོན་འགོག་ཚོད་འཛིན་ལས་ཁུངས་ཀྱིས་བཙན་ཤེད་ཀྱིས་དུག་སེལ་ཐག་གཅོད་བྱེད་དགོས།” ཞེས་དང་།

དོན་ཚན་ཞེ་བདུན་པའི་ནང་། “རིམས་ནད་བྱུང་ཁུལ་དུ་རིམས་ནད་ཀྱི་ནད་སློང་དུག་གཞིས་སྦགས་པའམ་ཡང་ན་རིམས་ནད་ཀྱི་ནད་སློང་དུག་གཞིས་སྦགས་ཤས་ཆེ་བའི་དངོས་རྫས་ལ་དུག་སེལ་བྱས་རྗེས་བེད་སྤྱོད་བྱས་ཆོག་རིགས་རྣམས། ས་གནས་དེ་གའི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་ཁུངས་ཀྱི་ཁྲིད་སྟོན་འོག་དུག་སེལ་བྱས་རྗེས་གཞི་ནས་བེད་སྤྱོད་དང་། ཕྱིར་འཚོང་། སྐྱེལ་འདྲེན་བཅས་བྱས་ཆོག” ཅེས་གཏན་འབེབས་གནང་ཡོད། །

རྩོམ་སྒྲིག་པ། གསང་བདག་རྒྱལ།

དཔྱད་མཆན 0 ཡོད།