ཕྱོགས་མིར་ཞབས་ཞུ་དང་དོ་དམ་བྱེད་རྒྱུའི་བོད་རང་སྐྱོང་ལྗོངས་ཀྱི་སྲོལ་ཡིག

(2010ལོའི་ཟླ11ཚེས26ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་དགུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅུ་དགུ་པའི་ཐོག་གྲོས་འཆམ་བྱུང་བ། 2016ལོའི་ཟླ11ཚེས30ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ཉེར་བདུན་པའི་ཐོག་དག་བཅོས་བྱས། 2019ལོའི་ཟླ་7ཚེས་31ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ཉེར་གཉིས་པའི་ཐོག་དག་བཅོས་བྱས)

ལེའུ་དང་པོ། སྤྱིའི་རྩ་དོན།

དོན་ཚན་དང་པོ། ཕྱོགས་མིའི་ཁྲིམས་མཐུན་ཁེ་དབང་འགན་སྲུང་དང་ཕྱོགས་མིར་ཞབས་ཞུ་དང་དོ་དམ་བྱེད་རྒྱུར་ཤུགས་སྣོན། དེ་བཞིན་སྤྱི་ཚོགས་བརྟན་ལྷིང་ལ་སྲུང་སྐྱོང་དང་དཔལ་འབྱོར་དང་སྤྱི་ཚོགས་མཐུན་སྦྱོར་ངང་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་བཅས་གཏོང་ཆེད། འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་གཞིར་བཟུང་རང་སྐྱོང་ལྗོངས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས་སྲོལ་ཡིག་འདི་བཟོས་པ་ཡིན།

དོན་ཚན་གཉིས་པ། སྲོལ་ཡིག་འདི་རང་སྐྱོང་ལྗོངས་སྲིད་འཛིན་ས་ཁོངས་ནང་གི་ཕྱོགས་མིར་ཞབས་ཞུ་དོ་དམ་བྱེད་རྒྱུ་དང་། ཕྱོགས་མིའི་ཁེ་དབང་འགན་སྲུང་བྱེད་རྒྱུའི་ཐད་སྤྱད་ན་འཐུས།

སྲོལ་ཡིག་འདིའི་ནང་འཁོད་ཀྱི་ཕྱོགས་མི་ཞེས་པ་ནི་ཐེམ་ཐོ་ཡོད་ས་ནས་ཁ་བྲལ་ཏེ་འདི་ག་རང་སྐྱོང་ལྗོངས་སུ་གནས་སྤོ་བྱེད་མཁན་དང་རང་སྐྱོང་ལྗོངས་སྲིད་འཛིན་ས་ཁོངས་འདི་གའི་ནང་གི་རྫོང(ཆུས)ཁོངས་སྲིད་འཛིན་ས་ཁོངས་ལས་གྲོལ་ནས་གནས་སྡོད་བྱེད་མཁན་སྤྱི་དམངས་ལ་ཟེར་བ་ཡིན། འོན་ཀྱང་ཆུས་བཙུགས་པའི་གྲོང་ཁྱེར་མངའ་ཁོངས་ནང་ཆུས་དང་ཆུས་དབར་ས་ཆ་གཞན་དུ་གནས་སྡོད་བྱེད་མཁན་ཕུད་པ་ཡིན།

དོན་ཚན་གསུམ་པ། ཕྱོགས་མིར་ཞབས་ཞུ་དང་དོ་དམ་བྱེད་པའི་ལས་དོན་སྒྲུབ་སྐབས་མི་རྩ་བར་འཛིན་རྒྱུ་དང་། ལྟ་སྟངས་འདྲ་མཉམ། ཞབས་ཞུ་ལེགས་པོ། ལུགས་མཐུན་སྣེ་ཁྲིད། ཁྲིམས་བཞིན་དོ་དམ། གནས་སྡོད་བྱེད་སར་ཞབས་ཞུ་དང་དོ་དམ་གཙོ་བོ་བྱེད་པ་བཅས་ཀྱི་རྩ་དོན་མཐའ་འཁྱོངས་བྱེད་རྒྱུ།

དོན་ཚན་བཞི་པ། ཕྱོགས་མིར་ཞབས་ཞུ་དང་དོ་དམ་བྱེད་ཕྱོགས་ཐད་གནས་སྡོད་ཐོ་འགོད་དང་གནས་སྡོད་ལག་ཁྱེར་སྤྲོད་པའི་ལམ་ལུགས་ལག་བསྟར་བྱེད་རྒྱུ།

ཕྱོགས་མིས་གནས་སྡོད་ལག་ཁྱེར་ལ་བརྟེན་ནས་གནས་སྡོད་བྱེད་ས་དེ་རང་དུ་རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱིས་གཏན་འབེབས་བྱས་པའི་གཞི་རྩའི་སྤྱི་པའི་ཞབས་ཞུ་དང་ཕན་བདེ་ལོངས་སུ་སྤྱོད་ཆོག

དོན་ཚན་ལྔ་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གིས་ངེས་པར་དུ་སྲིད་འཛིན་ས་ཁོངས་དེ་གའི་ནང་གི་ཕྱོགས་མིར་ཞབས་ཞུ་དང་དོ་དམ་བྱེད་རྒྱུའི་ལས་དོན་ལ་འགོ་ཁྲིད་བྱེད་པར་ཤུགས་སྣོན་རྒྱག་རྒྱུ་དང་། ཕྱོགས་མིར་ཞབས་ཞུ་དང་དོ་དམ་བྱེད་པའི་ལས་དོན་དེ་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་རྒྱུའི་འཆར་འགོད་ནང་བཅུག་ནས་གཞི་རྩའི་སྤྱི་པའི་ཞབས་ཞུ་སྙོམས་མཚུངས་ཅན་དུ་རིམ་པས་འགྱུར་བ་བྱེད་དགོས། དེའི་ཐད་གཏོང་རྒྱུའི་འགྲོ་གྲོན་དེ་རིམ་པ་གཅིག་མཚུངས་ཀྱི་ལོ་འཁོར་ནོར་སྲིད་སྔོན་རྩིས་ནང་འཇུག་དགོས།

དོན་ཚན་དྲུག་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གིས་ཕྱོགས་མིར་ཞབས་ཞུ་དང་དོ་དམ་བྱེད་པའི་ལས་ཀའི་དགོས་མཁོར་གཞིགས་ནས་མཐུན་སྦྱོར་ལས་ཁུངས་འཛུགས་དགོས་པ་དང་། འབྲེལ་ཡོད་སྡེ་ཚན་ནས་ཕྱོགས་མིར་ཞབས་ཞུ་དང་དོ་དམ་བྱེད་པའི་ལས་དོན་སྤེལ་རྒྱུར་སྒྲིག་འཛུགས་དང་། མཐུན་སྦྱོར། མཛུབ་ཁྲིད། ལྟ་སྐུལ། ཞིབ་བཤེར་བཅས་བྱེད་འགན་འཁུར་དགོས།

དོན་ཚན་བདུན་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཚན་ནས་རང་སོ་སོའི་འགན་འཁྲིའི་ཁྱབ་ཁོངས་ནང་གི་ཕྱོགས་མིར་ཞབས་ཞུ་དང་དོ་དམ་བྱེད་པའི་ལས་དོན་སྒྲུབ་དགོས།

བཟོ་ཚོགས་དང་། གུང་གཞོན་སྡེ་ཚོགས། བུད་མེད་མཉམ་འབྲེལ་ལྷན་ཚོགས་སོགས་མི་དམངས་ཚོགས་པ་ཁག་གིས་རང་སོ་སོའི་འགན་འཁྲི་ལྟར་འབྲེལ་ཡོད་སྡེ་ཚན་ལ་གཞོགས་འདེགས་བྱས་ཏེ་ཕྱོགས་མིར་ཞབས་ཞུ་དང་དོ་དམ་བྱེད་རྒྱུའི་ལས་དོན་སྤེལ་དགོས།

དོན་ཚན་བརྒྱད་པ། ཤང་(གྲོང་རྡལ)མི་དམངས་སྲིད་གཞུང་དང་ཁྲོམ་གཞུང་དོན་གཅོད་ཁྲུའུ་ཡིས་ངེས་པར་དུ་ལས་ཀའི་འགན་འཁྲི་གཞིར་བཟུང་ས་ཁོངས་དེ་གའི་ནང་གི་ཕྱོགས་མིར་ཞབས་ཞུ་དང་དོ་དམ་བྱེད་པའི་ལས་དོན་སྤེལ་དགོས།

ཡུལ་མི(གྲོང་མི)ཨུ་ཡོན་ལྷན་ཁང་དང་། ཚན་པ། དེ་བཞིན་མི་སྒེར་སོགས་ཀྱིས་ངེས་པར་དུ་འབྲེལ་ཡོད་སྡེ་ཚན་ལ་གཞོགས་འདེགས་བྱས་ནས་ཕྱོགས་མིར་ཞབས་ཞུ་དང་དོ་དམ་བྱེད་པའི་ལས་དོན་སྤེལ་དགོས།

དོན་ཚན་དགུ་པ། ས་གནས་དང་གྲོང་ཁྱེར་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་ངེས་པར་དུ་ཕྱོགས་མིར་ཞབས་ཞུ་དང་དོ་དམ་བྱེད་པའི་ལས་ཀའི་དགོས་མཁོ་དང་ཟུང་འབྲེལ་བྱས་ནས་ཕྱོགས་མིའི་ཕྱོགས་བསྡུས་ཆ་འཕྲིན་མ་ལག་འཛུགས་པ་དང་ཚགས་ཚུད་དུ་བཏང་སྟེ་ཐོན་ཁུངས་སྒྲིལ་སྤྱོད་དང་ཆ་འཕྲིན་མཉམ་སྤྱོད་ཐུབ་པ་བྱེད་དགོས།

དོན་ཚན་བཅུ་པ། གནས་སྡོད་བྱེད་སའི་ཐེམ་ཐོ་ཡོད་མཁན་དང་ཕྱོགས་མིས་ངེས་པར་དུ་ཕར་ཕྱོགས་ཀྱི་ཡུལ་སྲོལ་གོམས་གཤིས་དང་ཆོས་དད་རང་མོས་ལ་བརྩི་འཇོག་བྱེད་དགོས་པའི་ཁར། རང་འགུལ་ངང་རྒྱལ་ཁབ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་བྱེད་དགོས།

དོན་ཚན་བཅུ་གཅིག་པ། རིམ་ཁག་མི་དམངས་སྲིད་གཞུང་ངམ་ཡང་ན་འབྲེལ་ཡོད་སྡེ་ཚན་གྱིས་ཕྱོགས་མིར་ཞབས་ཞུ་དང་དོ་དམ་བྱེད་པའི་ལས་དོན་ཁྲོད་གྲུབ་འབྲས་གཟེངས་སུ་ཐོན་པའི་ཚན་པ་དང་། མི་སྒེར། དེ་བཞིན་ས་གནས་དེ་གའི་སྤྱི་ཚོགས་བརྟན་ལྷིང་དང་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་གཏོང་བའི་ཁྲོད་མངོན་ཆེའི་ལེགས་སྐྱེས་འབུལ་མཁན་གྱི་ཕྱོགས་མིར་གཟེངས་བསྟོད་དང་བྱ་དགའ་སྤྲོད་དགོས།

ལེའུ་གཉིས་པ། གཞི་རྩའི་སྤྱི་པའི་ཞབས་ཞུ།

དོན་ཚན་བཅུ་གཉིས་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་ནས་ངེས་པར་དུ་ཕྱོགས་མིའི་ཁེ་དབང་འགན་སྲུང་བྱེད་སྲོལ་དང་། སྤྱི་ཚོགས་འགན་སྲུང་མ་ལག སྤྱི་པའི་ཞབས་ཞུ་སྒྲུབ་སྲོལ་བཅས་འཛུགས་པ་དང་ཚགས་ཚུད་དུ་གཏོང་དགོས་ཁར། གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཆར་འགོད་བཟོ་བ་དང་། སྤྱི་སྤྱོད་སྒྲིག་བཀོད་འཛུགས་སྐྲུན་བྱེད་པ། དེ་བཞིན་ངལ་རྩོལ་ལས་ཞུགས་དང་། ལས་རིགས་སྦྱོང་བརྡར། སྤྱི་ཚོགས་འགན་བཅོལ། འགན་བབས་སློབ་གསོ། བཅའ་ཁྲིམས་རོགས་སྐྱོར། ནད་ཡམས་སྔོན་འགོག་དང་ཚོད་འཛིན། མ་བུའི་འཕྲོད་སྦྱོར། འཆར་ལྡན་བུ་བཙའ་སོགས་ཐད་ཀྱི་སྤྱི་པའི་སྲིད་ཇུས་བཟོ་སྐབས་ཕྱོགས་མིའི་ཁྲིམས་མཐུན་ཁེ་དབང་འགན་སྲུང་བྱེད་དགོས་པ་དང་། དེ་མཚུངས་ཀྱི་གཞི་རྩའི་སྤྱི་པའི་ཞབས་ཞུ་མཁོ་འདོན་བྱེད་དགོས།

དོན་ཚན་བཅུ་གསུམ་པ། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྲིད་འཛིན་སྡེ་ཚན་ནས་ངེས་པར་དུ་ཕྱོགས་མིའི་ལས་ཞུགས་དང་། སྤྱི་ཚོགས་འགན་བཅོལ། ངལ་རྩོལ་ཁེ་དབང་སྲུང་སྐྱོང་སོགས་ཀྱི་ཞབས་ཞུའི་ལས་དོན་བསྒྲུབ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ལས་ཤོར་ཐོ་འགོད་དང་། ལས་ཞུགས་སྦྱོང་བརྡར། ལས་རིགས་མཛུབ་ཁྲིད། ལས་རིགས་ངོ་སྤྲོད་སོགས་སྤྱི་པའི་ལས་ཞུགས་ཀྱི་ཞབས་ཞུ་དང་། སྤྱི་ཚོགས་འགན་བཅོལ་ཐོ་འགོད། གྲོན་འཇལ་སྙན་ཞུ། ཐོབ་ཆ་གཏོང་སྤྲོད། སྤྱི་ཚོགས་འགན་བཅོལ་གྱི་འབྲེལ་བ་སྒྱུར་མཐུད་སོགས་ཀྱི་ཞབས་ཞུ་སྒྲུབ་དགོས།

དོན་ཚན་བཅུ་བཞི་པ། སློབ་གསོ་སྲིད་འཛིན་སྡེ་ཚན་ནས་ངེས་པར་དུ་ཕྱོགས་མིའི་ཁྲོད་ཀྱི་སློབ་ལོ་ལོན་པའི་བྱིས་པ་དང་ལོ་ཆུང་གི་འགན་བབས་སློབ་གསོའི་དོ་དམ་ལས་ཀར་ཤུགས་སྣོན་རྒྱག་རྒྱུ་དང་། སློབ་གྲྭ་འབྲིང་ཆུང་ཁག་ནས་ཕྱོགས་མིའི་བུ་ཕྲུག་གི་སློབ་ཞུགས་ལས་དོན་ཡག་པོ་བསྒྲུབ་རྒྱུའི་ཐད་མཛུབ་ཁྲིད་ལྟ་སྐུལ་བྱས་ཏེ་ཕྱོགས་མིའི་བུ་ཕྲུག་ཚོས་ད་ལྟ་གནས་སྡོད་བྱེད་སའི་ཐེམ་ཐོ་ཡོད་མཁན་དང་འདྲ་བར་འགན་བབས་སློབ་གསོ་ཐོབ་པའི་ཁེ་དབང་འགན་སྲུང་བྱེད་དགོས།

རང་སྐྱོང་ལྗོངས་དེ་གར་ཐེམ་ཐོ་ཡོད་པའི་ཕྱོགས་མིར། གནས་སྡོད་བྱེད་སའི་རང་སྐྱོང་ལྗོངས་ཀྱི་དུས་མཚམས་ཁག་གི་སློབ་གསོའི་གཟིགས་སྐྱོང་སྲིད་ཇུས་འདྲ་མཉམ་ཐོག་སྤྱོད་རྒྱུ།

དོན་ཚན་བཅོ་ལྔ་པ། སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་སྲིད་འཛིན་སྡེ་ཚན་ནས་ངེས་པར་དུ་སྤྱི་པའི་བོགས་གཏོང་ཁང་པའི་འགན་སྲུང་མ་ལག་ཟམ་མི་ཆད་པར་འཛུགས་པ་དང་ཚགས་ཚུད་དུ་བཏང་སྟེ་ཆ་རྐྱེན་འཛོམས་པའི་ཕྱོགས་མི་རྣམས་རིམ་བཞིན་སྤྱི་པའི་བོགས་གཏོང་ཁང་པའི་འགན་སྲུང་བྱེད་ཁོངས་སུ་འཇུག་དགོས།

ཕྱོགས་མི་གཅིག་སྡུད་དུ་གནས་སའི་གསར་སྤེལ་ཁུལ་དང་། བཟོ་ལས་སྡེ་གླིང། ཁེ་ལས་བཅས་ཀྱིས་ཕྱོགས་མིར་དམིགས་པའི་ཉལ་ཁང་རྒྱག་པར་རྒྱབ་སྐྱོར་དང་སྐུལ་ལྕག་གཏོང་རྒྱུ།

དོན་ཚན་བཅུ་དྲུག་པ། འཕྲོད་བསྟེན་བདེ་ཐང་སྲིད་འཛིན་སྡེ་ཚན་གྱིས་ངེས་པར་དུ་ཕྱོགས་མིར་བདེ་ཐང་གི་སློབ་གསོ་རྒྱག་རྒྱུ་དང་ནད་ཡམས་སྔོན་འགོག་བྱེད་རྒྱུ་སོགས་གཞི་རྩའི་སྤྱི་པའི་འཕྲོད་བསྟེན་གྱི་ཞབས་ཞུ་སྒྲུབ་དགོས་པ་དང་། ཕྱོགས་མིའི་ཁྲོད་ཀྱི་འཆར་ལྡན་བུ་བཙའི་སྐྱེ་ལོ་སོན་པའི་བཟའ་ཚང་ལ་རྒྱལ་ཁབ་ནས་གཏན་འབེབས་བྱས་པའི་གཞི་རྩའི་རྣམ་གྲངས་ཀྱི་འཆར་ལྡན་བུ་བཙའི་ལག་རྩལ་ཐད་ཀྱི་ཞབས་ཞུ་སྒྲུབ་དགོས།

དོན་ཚན་བཅུ་བདུན་པ། ཁྲོམ་ར་ལྟ་སྐུལ་དོ་དམ་སྡེ་ཚན་ནས་ཐོན་སྐྱེད་གཉེར་སྐྱོང་བྱེད་མཁན་གྱི་ཕྱོགས་མིར་ཁྲིམས་བཞིན་དེབ་སྐྱེལ་ཐོ་འགོད་སོགས་ཀྱི་ཞབས་ཞུ་བསྒྲུབ་རྒྱུ་དང་། ཐོན་སྐྱེད་གཉེར་སྐྱོང་བྱེད་པའི་ཁྲོད་ཕྱོགས་མིའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་དགོས།

དོན་ཚན་བཅོ་བརྒྱད་པ། དམངས་སྲིད་སྡེ་ཚན་ནས་ངེས་པར་དུ་དཀའ་ངལ་ཡོད་པའི་ཕྱོགས་མི་རྣམས་སྤྱི་ཚོགས་རྒུད་སྐྱོབ་མ་ལག་ནང་བཅུག་སྟེ་འཚོ་རྟེན་མེད་པའི་སློང་མོ་འཁྱམ་པོ་དང་དམིགས་བསལ་དཀའ་ངལ་ཡོད་པའི་ཕྱོགས་མིར་སྐབས་འཕྲལ་དུ་རྒུད་སྐྱོབ་དང་བྱམས་སྐྱོང་རྒུད་སྐྱོབ་སོགས་ཀྱི་ཞབས་ཞུ་སྒྲུབ་དགོས་པ་དང་། རྒུད་སྐྱོབ་ཀྱི་སྒྲིག་བཀོད་འཛུགས་སྐྲུན་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ་རྒུད་སྐྱོབ་ཞབས་ཞུ་སྒྲུབ་ནུས་ཚགས་ཚུད་དུ་གཏོང་དགོས།

དོན་ཚན་བཅུ་དགུ་པ། སྤྱི་བདེ་ལས་ཁུངས་ནས་ངེས་པར་དུ་གནས་སྡོད་ཐོ་འགོད་དང་ལག་ཁྱེར་གཉེར་སྒྲུབ་ཞུ་མཁན་ཕྱོགས་མིར་སྟབས་བདེའི་ཞབས་ཞུ་སྒྲུབ་དགོས་པ་དང་། གཞིས་ཆགས་བྱེད་རྒྱུའི་རེ་ཞུ་བྱས་ཁར། རང་སྐྱོང་ལྗོངས་ཀྱི་གཞིས་ཆགས་བྱེད་རྒྱུའི་ཆ་རྐྱེན་དང་འཚམ་པའི་ཕྱོགས་མིར་གཞིས་ཆགས་བྱེད་རྒྱུའི་འགྲོ་ལུགས་གཉེར་དགོས།

དོན་ཚན་ཉི་ཤུ་པ། ཁྲིམས་འཛིན་སྲིད་འཛིན་སྡེ་ཚན་ནས་ངེས་པར་དུ་ཕྱོགས་མིར་ཁྲིམས་ལུགས་དྲིལ་བསྒྲགས་དང་སློབ་གསོ་སྤེལ་རྒྱུ་དེ་ཁྲིམས་ལུགས་ཁྱབ་གདལ་གཏོང་རྒྱུའི་སྤྱིའི་འཆར་འགོད་ནང་འཇུག་རྒྱུ་དང་། གཞི་རིམ་མི་དམངས་འདུམ་འགྲིག་ཨུ་ལྷན་ནས་རྩོད་གཞི་འདུམ་འགྲིག་བྱེད་པའི་ལས་དོན་སྤེལ་རྒྱུར་མཛུབ་ཁྲིད་བྱས་ཏེ་ཁྲིམས་བཞིན་ཕྱོགས་མིའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་པར་ཁྲིད་སྟོན་བྱེད་དགོས།

བཅའ་ཁྲིམས་རོགས་སྐྱོར་ལས་ཁུངས་ཀྱིས་ངེས་པར་དུ་བཅའ་ཁྲིམས་ཀྱི་རོགས་སྐྱོར་བྱེད་པའི་ཆ་རྐྱེན་དང་འཚམ་པའི་ཕྱོགས་མིར་བཅའ་ཁྲིམས་ཐད་ནས་རོགས་སྐྱོར་བྱེད་དགོས།

དོན་ཚན་ཉེར་གཅིག་པ། རང་སྐྱོང་ལྗོངས་ནས་ཁྲིམས་བཞིན་ཐོ་འགོད་བྱས་པའི་ཆོས་ལུགས་བྱེད་སྒོ་སྤེལ་ཁུལ་དུ་ཕྱོགས་མིས་རྒྱུན་ལྡན་གྱི་ཆོས་ལུགས་བྱེད་སྒོ་སྤེལ་བར་སྲུང་སྐྱོང་དང་ཕྱོགས་མིའི་ཆོས་དད་རང་མོས་ཀྱི་ཁེ་དབང་སྲུང་སྐྱོང་བྱེད་རྒྱུ།

དོན་ཚན་ཉེར་གཉིས་པ། མི་བཀོལ་སྤྱོད་བྱེད་མཁན་ཚན་པས་ངེས་པར་དུ་གདན་ཞུས་བྱས་པའི་ཕྱོགས་མི་དང་ཁྲིམས་བཞིན་ངལ་རྩོལ་གན་རྒྱའམ་ཡང་ན་གདན་ཞུས་གན་རྒྱ་བཞག་ནས་ཕྱོགས་མིར་སྤྱི་ཚོགས་འགན་བཅོལ་གྱི་འགྲོ་ལུགས་གཉེར་བ་དང་ངལ་རྩོལ་ཐོབ་ཆ་རྣམས་དུས་བཀག་ལྟར་གྲངས་ཚང་བཞིན་སྤྲོད་དགོས།

ལེའུ་གསུམ་པ། གནས་སྡོད་དོ་དམ།

དོན་ཚན་ཉེར་གསུམ་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་དང་དེའི་འབྲེལ་ཡོད་སྡེ་ཚན་གྱིས་ངེས་པར་དུ་ཕྱོགས་མིའི་དོ་དམ་ལས་ཀར་ཤུགས་སྣོན་བརྒྱབ་ཐོག གཅིག་གྱུར་འགོ་ཁྲིད་དང་། ཕྱོགས་བསྡུས་མཐུན་སྦྱོར། རིགས་དབྱེ་དོ་དམ། འགན་འཁྲི་རིམ་འཁུར་བཅས་བྱེད་པའི་དོ་དམ་ལམ་སྲོལ་ལག་བསྟར་བྱེད་དགོས།

དོན་ཚན་ཉེར་བཞི་པ། ལས་ཁུངས་དང་། ཚོགས་པ། ཁེ་ལས་བྱ་གཞག་ཚན་པ་བཅས་ཀྱིས་ངེས་པར་དུ་ཕྱོགས་མིར་དོ་དམ་དང་། ཁང་པ་བོགས་གཏོང་། ཐོ་འགོད་དོ་དམ་བཅས་བྱེད་འགན་འཁུར་མཁན་སྡེ་ཚན་དང་མི་སྣ་ཁ་གསལ་བཟོ་དགོས་ཁར། ཁོངས་གཏོགས་མངག་གཏོང་ཁང་དང་ཡུལ་མི(གྲོང་མི)ཨུ་ཡོན་ལྷན་ཁང་ལ་གཞོགས་འདེགས་བྱས་ནས་ཚན་པ་དེ་གའི་ནང་སྡོད་མཁན་ཕྱོགས་མིར་དོ་དམ་བྱེད་དགོས།

དོན་ཚན་ཉེར་ལྔ་པ། ཤང་(གྲོང་རྡལ)མི་དམངས་སྲིད་གཞུང་དང་ཁྲོམ་གཞུང་དོན་གཅོད་ཁང་གིས་ངེས་པར་དུ་འབྲེལ་ཡོད་སྡེ་ཚན་ལ་གཞོགས་འདེགས་བྱས་ནས་ཕྱོགས་མིར་དོ་དམ་བྱེད་པའི་ལས་དོན་སྤེལ་དགོས་པ་དང་། ཡུལ་མི(གྲོང་མི)ཨུ་ཡོན་ལྷན་ཁང་ནས་ཕྱོགས་མིའི་དོ་དམ་ལས་དོན་སྤེལ་རྒྱུར་སྒྲིག་འཛུགས་དང་མཛུབ་ཁྲིད་བྱེད་དགོས།

ཡུལ་མི(གྲོང་མི)ཨུ་ཡོན་ལྷན་ཁང་ནས་ངེས་པར་དུ་གཏོགས་ཁོངས་དེ་གའི་ཕྱོགས་མིའི་གནས་སྡོད་ཐོ་འགོད་དང་སྡོད་ཁང་བོགས་གཏོང་གི་ཆ་འཕྲིན་ཐོ་འགོད་བྱེད་རྒྱུ་སོགས་ཀྱི་ལས་དོན་ཡག་པོ་བསྒྲུབ་རྒྱུར་གཞོགས་འདེགས་བྱེད་དགོས།

དོན་ཚན་ཉེར་དྲུག་པ། སྤྱི་བདེ་ལས་ཁུངས་ཀྱིས་གནས་སྡོད་ཐོ་འགོད་དང་གནས་སྡོད་ལག་ཁྱེར་རེ་ཞུ་བདག་སྤྲོད་དང་། བཟོ་བ། སྤྲོད་པ། མཆན་འགོད་སོགས་ཀྱི་དོ་དམ་བྱེད་འགན་འཁུར་རྒྱུ་དང་། འབྲེལ་ཡོད་སྡེ་ཚན་དང་། ཚན་པ། མི་སྒེར་བཅས་ནས་ཕྱོགས་མིའི་ཐོ་འགོད་ལམ་ལུགས་དང་། དེ་བཞིན་བདེ་འཇགས་དོ་དམ་གྱི་འགན་འཁྲི་དང་བྱ་ཐབས་དོན་འཁྱོལ་བྱས་ཚུལ་ལ་ཞིབ་བཤེར་དང་། མཛུབ་ཁྲིད། ལྟ་སྐུལ་བཅས་བྱེད་དགོས།

དོན་ཚན་ཉེར་བདུན་པ། ཆོས་ལུགས་ལས་དོན་སྡེ་ཚན་ནས་ངེས་པར་དུ་སྤྱི་བདེ་ལས་ཁུངས་སོགས་འབྲེལ་ཡོད་སྡེ་ཚན་ལ་གཞོགས་འདེགས་བྱས་ཏེ་ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་དུ་གནས་སྡོད་བྱེད་མཁན་གྱི་ཕྱོགས་མིར་དོ་དམ་བྱེད་རྒྱུར་ཤུགས་སྣོན་རྒྱག་དགོས།

དོན་ཚན་ཉེར་བརྒྱད་པ། ཕྱོགས་མིས་ངེས་པར་དུ་གནས་སྡོད་བྱེད་སར་སླེབས་རྗེས་ལས་ཡུན་ཉིན་གསུམ་གྱི་ནང་ཚུན་དུ་རང་ཉིད་ཀྱི་ཡུལ་མིའི་ཐོབ་ཐང་ལག་ཁྱེར་རམ་ཡང་ན་དེ་མིན་གྱི་གོ་ཆོད་ངོ་སྤྲོད་ཡི་གེ་འཁྱེར་ནས་གནས་སྡོད་བྱེད་སའི་སྤྱི་བདེ་མངག་གཏོང་ཁང་དུ་གནས་སྡོད་ཐོ་འགོད་ཀྱི་རེ་ཞུ་འབུལ་དགོས།

གནས་སྡོད་བྱ་ཡུལ་ལ་འགྱུར་བ་བྱུང་ཚེ། ངེས་པར་དུ་འགྱུར་བ་བྱུང་རྗེས་ཀྱི་ལས་ཡུན་ཉིན་གསུམ་གྱི་ནང་ཚུན་དུ་ད་ལྟ་གནས་སྡོད་བྱེད་སའི་སྤྱི་བདེ་མངག་གཏོང་ཁང་དུ་བརྗེ་སྒྱུར་ཐོ་འགོད་ཀྱི་རེ་ཞུ་འབུལ་དགོས།

དོན་ཚན་ཉེར་དགུ་པ། གཤམ་གསལ་ཕྱོགས་མིས་གནས་སྡོད་ཐོ་འགོད་ཀྱི་རེ་ཞུ་འབུལ་མི་དགོས་པར་གཤམ་གྱི་གཏན་འབེབས་གཞིར་བཟུང་འབྲེལ་ཡོད་ཚན་པས་ཐོབ་ཐང་གི་ཆ་འཕྲིན་ཐོ་འགོད་བྱས་ན་འགྲིག་པ་སྟེ།

(གཅིག)མགྲོན་ཁང་དང་། གསོལ་མགྲོན་ཁང་། འགྲུལ་ཁང་། སྣེ་ལེན་ཁང་། ཁྱིམ་ཚང་མགྲོན་ཁང་སོགས་གཉེར་སྐྱོང་རང་བཞིན་གྱི་ཞབས་ཞུ་སྒྲུབ་ཡུལ་དུ་གནས་སྡོད་བྱེད་མཁན་ཡིན་ཚེ། གཉེར་སྐྱོང་བྱེད་མཁན་ནས་ཞག་སྡོད་ཐོ་འགོད་ཀྱི་འགྲོ་ལུཌ་གཉེར་དགོས་པ་དང་།

(གཉིས)སྨན་ཁང་དུ་བསྡད་དེ་སྨན་བཅོས་བྱེད་མཁན་ཡིན་ཚེ། སྨན་ཁང་ནས་ནད་སྡོད་ཐོ་འགོད་ཀྱི་འགྲོ་ལུགས་གཉེར་དགོས་པ།

(གསུམ)སློབ་གྲྭ་དང་སྦྱོང་བརྡར་ཚན་པར་ཞག་སྡོད་བྱས་ནས་སློབ་སྦྱོང་ངམ་ཡང་ན་སྦྱོང་བརྡར་བྱེད་མཁན་ཡིན་ཚེ། སློབ་གྲྭ་དང་སྦྱོང་བརྡར་ཚན་པས་སློབ་ཞུགས་ཐོ་འགོད་ཀྱི་འགྲོ་ལུགས་གཉེར་དགོས་པ།

(བཞི)གཞུང་དོན་དུ་འགྲོ་བ་སོགས་ཀྱིས་རྐྱེན་པས་ས་ཆ་གཞན་དུ་གནས་སྡོད་བྱས་ནས་སྔོན་དཔག་ལྟར་ཐེམ་ཐོ་ཡོད་སར་ཕྱིར་ལོག་བྱེད་རྩིས་ཡོད་མཁན་བཅས་སོ།

དོན་ཚན་གོང་མའི་གཏན་འབེབས་ལྟར་ཐོབ་ཐང་ཆ་འཕྲིན་ཐོ་འགོད་བྱེད་དགོས་རིགས། ཐོ་འགོད་བྱེད་མཁན་ཚན་པས་ངེས་པར་དུ་ཐོ་འགོད་བྱས་པའི་མི་སྣའི་ཆ་འཕྲིན་དེ་གཏོགས་ཁོངས་སྤྱི་བདེ་མངག་གཏོང་ཁང་དུ་སྐྱེལ་སྤྲོད་བྱེད་དགོས།

དོན་ཚན་སུམ་ཅུ་པ། གཤམ་གསལ་གྱི་ས་ཆར་ཕྱོགས་མི་གནས་སྡོད་བྱེད་དགོས་ཚེ། ངེས་པར་དུ་གཤམ་གྱི་གཏན་འབེབས་གཞིར་བཟུང་གནས་སྡོད་ཐོ་འགོད་ཀྱི་རེ་ཞུ་འབུལ་དགོས་པ་སྟེ།

(གཅིག)ལས་ཁུངས་དང་། ཚོགས་པ། ཁེ་ལས་བྱ་གཞག་ཚན་པ། བོད་དུ་ཡོད་པའི་ཕྱི་ཕྱོགས་ཀྱི་རྒྱུན་བཙུགས་ཚན་པ། ལས་ཡུལ་ལམ་ཡང་ན་སྒེར་གཉེར་བཟོ་ཚོང་ཐེམ་དུད་ཀྱི་གཉེར་སྐྱོང་བྱ་ཡུལ་བཅས་སུ་གནས་སྡོད་བྱེད་དགོས་ཚེ། གནས་སྡོད་བྱེད་སའི་ཚན་པའམ་ཡང་ན་གླ་མཁན་བདག་པོས་རེ་ཞུ་འབུལ་འགན་འཁུར་དགོས་པ་དང་།

(གཉིས)བོགས(གཡར)གཏོང་ཁང་པའི་ནང་གནས་སྡོད་བྱེད་དགོས་ཚེ། ཁང་གླ་གཏོང་མཁན་ནམ་ཡང་ན་དེས་མངགས་བཅོལ་བྱས་པའི་ངོ་ཚབ་པས་རེ་ཞུ་འབུལ་འགན་འཁུར་དགོས་པ།

(གསུམ)ཡུལ་མིའི(གྲོང་མི)ཁྱིམ་ཚང་ནང་གནས་སྡོད་བྱེད་དགོས་ཚེ། ཁྱིམ་བདག་གམ་ཡང་ན་དེས་མངགས་བཅོལ་བྱས་པའི་ངོ་ཚབ་པས་རེ་ཞུ་འབུལ་འགན་འཁུར་དགོས་པ།

(བཞི)ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་དུ་གནས་སྡོད་བྱེད་དགོས་ཚེ། ཆོས་ལུགས་བྱེད་སྒོ་སྤེལ་སའི་དོ་དམ་ཨུ་ཡོན་ལྷན་ཁང་གིས་རེ་ཞུ་འབུལ་འགན་འཁུར་དགོས་པ།

(ལྔ)ས་ཆ་གཞན་དུ་གནས་སྡོད་བྱེད་དགོས་ཚེ། སོ་སོ་རང་ཉིད་ཀྱིས་རེ་ཞུ་འབུལ་དགོས་པ་བཅས་སོ།

དོན་ཚན་སོ་གཅིག་པ། གནས་སྡོད་བྱེད་སར་བསྟུད་མར་ཟླ་བ་དྲུག་ཡན་གནས་སྡོད་བྱས་ཁར། ཁྲིམས་མཐུན་གྱི་ལས་གནས་བརྟན་པོ་ཡོད་པ་དང་། སྡོད་གནས་བརྟན་འཇགས་ཡོད་པ། མུ་མཐུད་སློབ་གྲྭར་འགྲོ་དགོས་པ་བཅས་ཀྱི་ཆ་རྐྱེན་གང་རུང་ཞིག་འཛོམས་པའི་ཕྱོགས་མི་ཡིན་ཚེ། རང་གི་འདོད་མོས་ལྟར་གནས་སྡོད་བྱེད་སའི་སྤྱི་བདེ་ལས་ཁུངས་ལ་གནས་སྡོད་ལག་ཁྱེར་ཞུས་ཆོག གནས་སྡོད་ལག་ཁྱེར་མི་ཞུ་བའི་རིགས་ལ་གནས་སྡོད་ཐོ་འགོད་ལམ་ལུགས་གཞིར་བཟུང་དོ་དམ་བྱེད་དགོས།

རང་ལོ་16ཧྲིལ་པོར་སླེབས་མེད་པའི་ནར་མ་སོན་པའི་མི་དང་། འགུལ་སྐྱོད་སྟབས་བདེ་མེད་པའི་རྒན་རྒོན། དབང་པོ་སྐྱོན་ཅན་སོགས་ཀྱི་རིགས་ལ་ལྟ་སྐྱོང་བྱེད་མཁན་དང་གཉེན་ཉེ་ཡིས་དེའི་ཚབ་བྱས་ཏེ་གནས་སྡོད་ལག་ཁྱེར་རེ་ཞུ་བྱེད་ཆོག

དོན་ཚན་སོ་གཉིས་པ། ཕྱོགས་མིས་གནས་སྡོད་ལག་ཁྱེར་རེ་ཞུ་བྱེད་སྐབས་ངེས་པར་དུ་གནས་སྡོད་བྱེད་སའི་རྫོང་རིམ་སྤྱི་བདེ་ལས་ཁུངས་སམ་ཡང་ན་མངག་གཏོང་ལས་ཁུངས་ལ་རང་ཉིད་ཀྱི་ཐོབ་ཐང་ལག་ཁྱེར་དང་འབྲེལ་ཡོད་ངོ་སྤྲོད་དཔྱད་ཡིག་ཇི་མ་ཇི་བཞིན་མཁོ་འདོན་བྱེད་དགོས། རེ་ཞུ་འབུལ་མཁན་དང་དེ་བཞིན་འབྲེལ་ཡོད་ངོ་སྤྲོད་དཔྱད་ཡིག་འདོན་མཁན་གྱིས་ངེས་པར་དུ་ངོ་སྤྲོད་དཔྱད་ཡིག་བདེན་པ་ཡིན་མིན་དང་ཁྲིམས་མཐུན་ཡིན་མིན་ཐད་འགན་འཁུར་དགོས།

གནས་སྡོད་ལག་ཁྱེར་རེ་ཞུ་བྱེད་པའི་ཆ་རྐྱེན་དང་འཚམ་པའི་རིགས་སྤྱི་བདེ་ལས་ཁུངས་ཀྱིས་ངེས་པར་དུ་རེ་ཞུའི་དཔྱད་ཡིག་ལག་ཐོག་ཏུ་འབྱོར་རྗེས་ཀྱི་ཉིན་བཅོ་ལྔའི་ནང་ཚུན་དུ་གནས་སྡོད་ལག་ཁྱེར་སྤྲོད་དགོས། ཐག་རིང་ས་ཁུལ་ལམ་ཡང་ན་དམིགས་བསལ་གནས་ཚུལ་གྱིས་རྐྱེན་པས་དུས་ཐོག་ཏུ་གཉེར་སྒྲུབ་བྱེད་མ་ཐུབ་པའི་རིགས་དུས་ཚོད་རིང་ཤོས་ལའང་ཉིན་སུམ་ཅུ་ནས་བརྒལ་མི་ཆོག

དོན་ཚན་སོ་གསུམ་པ། མི་རེར་གནས་སྡོད་ལག་ཁྱེར་རེ་ཡོད་དགོས་པའི་ཁར། ལོ་ལྟར་མཆན་འགོད་ཐེངས་རེ་བྱེད་དགོས།

གནས་སྡོད་ལག་ཁྱེར་ཡོད་མཁན་ལ་གཞིས་ཆགས་བྱེད་པའི་ཆ་རྐྱེན་འཛོམས་ཚེ། མི་སྒེར་གྱི་འདོད་མོས་ལྟར་རྒྱུན་སྡོད་ཐེམ་ཐོ་དེ་དེ་སྔའི་ཐེམ་ཐོ་གནས་ཡུལ་ནས་གནས་སྡོད་བྱེད་ཡུལ་དུ་བསྒྱུར་ན་འགྲིག

དོན་ཚན་སོ་བཞི་པ། སྤྱི་བདེ་ལས་ཁུངས་ཀྱིས་ཁྲིམས་ལྟར་ལས་འགན་སྒྲུབ་སྐབས་གནས་སྡོད་ལག་ཁྱེར་ལ་ཞིབ་བཤེར་བྱེད་དགོས་ཚེ། ཞིབ་བཤེར་བྱེད་ཡུལ་གྱི་ཕྱོགས་མིས་ངེས་པར་དུ་གཞོགས་འདེགས་བྱེད་དགོས།

དེ་མིན་འབྲེལ་ཡོད་སྲིད་འཛིན་དོ་དམ་སྡེ་ཚན་དང་། ཕྱོགས་མིར་ཞབས་ཞུ་དང་དོ་དམ་བྱེད་མཁན་ལས་བྱས་ཁྲིམས་བཅད་ཀྱི་འགན་འཁྲི་སྒྲུབ་སྐབས་གནས་སྡོད་ལག་ཁྱེར་སྟོན་དགོས་པའི་རེ་བ་བཏོན་ཚེ་ཕྱོགས་མིས་ངེས་པར་དུ་གཞོགས་འདེགས་བྱེད་དགོས།

དོན་ཚན་སོ་ལྔ་པ། ཕྱོགས་མིས་གནས་སྡོད་ལག་ཁྱེར་ཐོག་མར་རེ་ཞུ་བྱེད་སྐབས་སྒྲུབ་གཉེར་ཚན་པས་གླ་རིན་གང་ཡང་བསྡུ་མི་ཆོག གནས་སྡོད་ལག་ཁྱེར་བོར་བརླག་དང་རལ་ནས་གསར་པ་ལེན་དགོས་པ་དང་བརྗེ་པོ་རྒྱག་དགོས་ཚེ། ངེས་པར་དུ་ལག་ཁྱེར་གྱི་མ་གནས་ཀྱི་གྲོན་དངུལ་སྤྲོད་དགོས།

ཞིབ་ཕྲའི་རིན་བསྡུའི་ཚད་གཞི་དེ་རང་སྐྱོང་ལྗོངས་ཟོག་གོང་སྡེ་ཚན་ནས་རང་སྐྱོང་ལྗོངས་ནོར་སྲིད་སྡེ་ཚན་དང་མཉམ་དུ་བཟོ་རྒྱུ།

དོན་ཚན་སོ་དྲུག་པ། ཚན་པ་དང་མི་སྒེར་སུ་འདྲ་ཞིག་གིས་ཀྱང་གནས་སྡོད་ལག་ཁྱེར་རྫུན་བཟོ་དང་། སུབ་བཅོས། ཉོ་ཚོང་། གཡོ་ལེན། བརྫུས་སྤྱོད། བོགས་གཏོང་། གཡར་སྤྱོད། ནང་བཤུག་བཅས་བྱེད་མི་ཆོག

སྤྱི་བདེ་ལས་ཁུངས་ནས་ཁྲིམས་ལྟར་ལས་འགན་སྒྲུབ་པ་ཕུད་ཚན་པ་དང་མི་སྒེར་སུ་འདྲ་ཞིག་གིས་ཀྱང་གནས་སྡོད་ལག་ཁྱེར་བསྡུ་ལེན་བྱེད་པའམ་ཡང་ན་བཙན་ཉར་བྱེད་མི་ཆོག

དོན་ཚན་སོ་བདུན་པ། ཕྱོགས་མིའི་ཁྲོད་ཀྱི་བུ་བཙའི་ན་ཚོད་ལ་སླེབས་པའི་བུད་མེད་ཀྱིས་ཐེམ་ཐོ་ཡོད་ས་ནས་ཁ་མ་བྲལ་གོང་ལ་ངེས་པར་དུ་ཐེམ་ཐོ་ཡོད་སའི་ཤང་(གྲོང་རྡལ)མི་དམངས་སྲིད་གཞུང་ངམ་ཡང་ན་ཁྲོམ་གཞུང་དོན་གཅོད་ཁང་ནས་གཉེན་སྒྲིག་མངལ་འཁོར་གྱི་ངོ་སྤྲོད་དཔང་ཡིག་ལེན་དགོས་པ་དང་། ད་ལྟའི་གནས་སྡོད་བྱེད་སར་སླེབས་རྗེས་ཉིན་30ཡི་ནང་ཚུན་དུ་ད་ལྟའི་གནས་སྡོད་བྱེད་སའི་ཤང་(གྲོང་རྡལ)མི་དམངས་སྲིད་གཞུང་ངམ་ཡང་ན་ཁྲོམ་གཞུང་དོན་གཅོད་ཁང་ལ་གཉེན་སྒྲིག་མངལ་འཁོར་གྱི་ངོ་སྤྲོད་དཔང་ཡིག་རྩིས་སྤྲོད་བྱེད་དགོས།

དོན་ཚན་སོ་བརྒྱད་པ། ཁང་གླ་གཏོང་མཁན་ནམ་ཡང་ན་དེས་མངགས་བཅོལ་བྱས་པའི་ངོ་ཚབ་པས་ངེས་པར་དུ་ཕྱོགས་མི་གནས་སྡོད་བྱས་རྗེས་ཀྱི་ཆུ་ཚོད་ཉེར་བཞིའི་ནང་ཚུན་དུ་དེའི་མིང་དང་། ཐོབ་ཐང་ལག་ཁྱེར་གྱི་ཨང་གྲངས་སོགས་གཞི་རྩའི་གནས་ཚུལ་ཐོ་འགོད་བྱེད་དགོས་པ་མ་ཟད། ལས་ཀའི་ཉིན་གསུམ་ནང་ཚུན་དུ་གནས་སྡོད་བྱེད་སའི་སྤྱི་བདེ་མངག་གཏོང་ཁང་ལ་ཕྱོགས་མི་གནས་སྡོད་ཐོ་འགོད་བྱ་རྒྱུའི་རེ་ཞུ་འབུལ་དགོས།

ཁང་པ་བོགས་གཏོང་གི་གན་རྒྱ་མེད་པ་བཟོ་བའམ་ཡང་ན་མཚམས་འཇོག་བྱེད་དགོས་ཚེ། ཁང་གླ་གཏོང་མཁན་ནམ་ཡང་ན་དེས་མངགས་བཅོལ་བྱས་པའི་ངོ་ཚབ་པས་ངེས་པར་དུ་གན་རྒྱ་མེད་པ་བཟོ་བའམ་ཡང་ན་མཚམས་འཇོག་བྱས་ཉིན་ནས་བཟུང་ལས་ཀའི་ཉིན་གསུམ་ནང་ཚུན་དུ་གནས་སྡོད་བྱེད་སའི་སྤྱི་བདེ་མངག་གཏོང་ཁང་ལ་སྙན་སེང་ཞུ་དགོས།

དོན་ཚན་སོ་དགུ་པ། ཕྱོགས་མིས་ཁང་པ་གླ་སྐབས་ངེས་པར་དུ་ཁང་པ་གླ་མཁན་གྱི་མི་གྲངས་ཇི་ཡོད་གསལ་བཤད་དང་ཐོབ་ཐང་ལག་ཁྱེར་བསྟན་ནས་ཁང་པ་གླ་མཁན་གྱི་ཆ་འཕྲིན་ཐོ་འགོད་རེའུ་མིག་འབྲི་དགོས། མཉམ་དུ་སྡོད་མཁན་ལ་འགྱུར་བ་བྱུང་ཚེ་ངེས་པར་དུ་ལས་ཀའི་ཉིན་གསུམ་གྱི་ནང་ཚུན་དུ་ཁང་གླ་གཏོང་མཁན་ལ་ཤོད་དགོས།

དོན་ཚན་བཞི་བཅུ་པ།  རྒྱལ་ཁབ་ལས་ཁུངས་དང་། སྤྱི་པའི་ཞབས་ཞུ་སྒྲུབ་མཁན་ལས་ཁུངས། ཚོང་ལས་རང་བཞིན་གྱི་ཞབས་ཞུའི་སྒྲིག་འཛུགས། དེ་བཞིན་ལས་བྱ་བཅས་ཀྱིས་ངེས་པར་དུ་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱིས་གཏན་འབེབས་བྱས་པའི་འགན་འཁྲིའི་ཁྱབ་ཁོངས་ནང་ལས་དོན་སྤེལ་དགོས། ཤེས་རྟོགས་བྱུང་བའི་ཕྱོགས་མི་སྒེར་གྱི་ཆ་འཕྲིན་ངེས་པར་དུ་སྦས་གསང་བྱེད་དགོས་པ་ལས་ཁྲིམས་བཅད་ཀྱི་འགན་འཁྲི་ཕུད་པའི་སྤྱོད་གོ་གཞན་བྱེད་མི་ཆོག

ཚན་པ་དང་མི་སྒེར་སུ་འདྲ་ཞིག་གིས་ཀྱང་ཁྲིམས་འགལ་ཐོག་ནས་ཕྱོགས་མིའི་གཞི་རྩའི་ཆ་འཕྲིན་འདྲི་རྩད་དམ་ཡང་ན་བེད་སྤྱོད་བྱེད་མི་ཆོག

ལེའུ་བཞི་པ། བཅའ་ཁྲིམས་ཀྱི་འགན་འཁྲི།

དོན་ཚན་ཞེ་གཅིག་པ། སྲོལ་ཡིག་འདིའི་གཏན་འབེབས་ལས་འགལ་ཞིང་བཅའ་ཁྲིམས་དང་ཁྲིམས་སྲོལ་ནང་ཆད་གཅོད་ཀྱི་གཏན་འབེབས་ཡོད་ཕྱིན་གཏན་འབེབས་དེ་ལྟར་ལག་བསྟར་བྱེད་དགོས།

དོན་ཚན་ཞེ་གཉིས་པ། སྲོལ་ཡིག་འདིའི་གཏན་འབེབས་ལས་འགལ་ཏེ་ཕྱོགས་མིས་དུས་ཐོག་ཏུ་གནས་སྡོད་ཐོ་འགོད་དང་གནས་སྡོད་ཐོ་འགོད་འགྱུར་བ་འགྲོ་ཚུལ་མ་ཞུས་ཚེ་སྤྱི་བདེ་ལས་ཁུངས་ནས་ཐ་ཚིག་སྒྲོག་རྒྱུ་དང་དུས་བཀག་ནང་ཡོ་བསྲང་བྱེད་དུ་འཇུག་རྒྱུ།

དོན་ཚན་ཞེ་གསུམ་པ། སྲོལ་ཡིག་འདིའི་དོན་ཚན་སོ་དྲུག་པའི་ནང་གསེས་དང་པོའི་གཏན་འབེབས་ལས་འགལ་ཏེ་གནས་སྡོད་ལག་ཁྱེར་གཡོ་ལེན་དང་། བོགས་གཏོང་། གཡར་སྤྱོད། ནང་བཤུག་བཅས་བྱས་ཚེ་སྤྱི་བདེ་ལས་ཁུངས་ནས་ཐ་ཚིག་སྒྲོག་རྒྱུ་དང་དུས་བཀག་ནང་ཡོ་བསྲང་བྱེད་དུ་འཇུག་རྒྱུ་མ་ཟད། དངུལ་ཆད་སྒོར་200མན་འགེལ་རྒྱུ་དང་། ཁྲིམས་འགལ་གྱི་ཐོབ་ཆ་རྣམས་གཞུང་བཞེས་གཏོང་རྒྱུ། གནས་སྡོད་ལག་ཁྱེར་བརྫུས་སྤྱོད་བྱས་ཚེ་སྤྱི་བདེ་ལས་ཁུངས་ནས་དངུལ་ཆད་སྒོར་200ཡན་དང་སྒོར་1000མན་འགེལ་རྒྱུ་དང་། ཁྲིམས་འགལ་གྱི་ཐོབ་ཆ་རྣམས་གཞུང་བཞེས་གཏོང་རྒྱུ། གནས་སྡོད་ལག་ཁྱེར་རྫུན་བཟོ་དང་། བསྒྱུར་བཟོ། ཉོ་ཚོང་བཅས་བྱས་ཚེ《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བདེ་འཇགས་དོ་དམ་ཆད་གཅོད་བཅའ་ཁྲིམས》ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་ཆད་པ་གཅོད་རྒྱུ།

གནས་སྡོད་ལག་ཁྱེར་རྫུན་བཟོ་དང་། བསྒྱུར་བཟོ། གཡོ་ལེན་བཅས་བྱས་ཚེ་སྤྱི་བདེ་ལས་ཁུངས་ནས་བསྡུ་ལེན་བྱེད་རྒྱུ།

དོན་ཚན་ཞེ་བཞི་པ། སྲོལ་ཡིག་འདིའི་གཏན་འབེབས་ལས་འགལ་ཏེ་འགྲུལ་ཁང་ལས་རིགས་གཉེར་མཁན་དང་ཁང་པ་བོགས་མར་གཏོང་མཁན་ནམ་ཡང་ན་མངགས་བཅོལ་ངོ་ཚབ་པས་གཏན་འབེབས་བཞིན་ཕྱོགས་མིའི་གཞི་རྩའི་ཆ་འཕྲིན་ཐོ་འགོད་མི་བྱེད་པའམ་ཡང་ན་ཕྱོགས་མིར་ཁང་པ་བོགས་མར་གཏོང་བའི་གན་རྒྱ་མེད་པ་བཟོས་པ་དང་མཚམས་འཇོག་བྱས་པའི་གནས་ཚུལ་སྙན་སེང་མི་ཞུ་བའི་རིགས་ལ། སྤྱི་བདེ་ལས་ཁུངས་ནས་དུས་བཀག་ནང་ཡོ་བསྲང་བྱེད་དུ་འཇུག་དགོས། དུས་བཅད་ཡོལ་ཡང་ཡོ་བསྲང་མ་བྱས་ཚེ་དངུལ་ཆད་སྒོར་200ཡན་ནས་སྒོར་500མན་འགེལ་རྒྱུ།

དོན་ཚན་ཞེ་ལྔ་པ། རྒྱལ་ཁབ་ལས་ཁུངས་དང་དེའི་ལས་བྱར་གཤམ་གསལ་གྱི་བྱ་སྤྱོད་གང་རུང་ཞིག་ཡོད་ཚེ་གཙོ་འགན་སྡེ་ཚན་ནམ་ཡང་ན་དེའི་གཏོགས་ཁོངས་ཚན་པས་གཙོ་འགན་འཁུར་མཁན་དང་ཐད་ཀའི་འགན་འཁྲི་ཡོད་མཁན་གཞན་དག་ལ་སྲིད་འཛིན་ཐད་ཀྱི་ཆད་པ་གཅོད་རྒྱུ་དང་། ཉེས་གསོག་གི་དོགས་པ་ཡོད་རིགས་ཁྲིམས་འཛིན་ལས་ཁུངས་ནས་ཐག་གཅོད་བྱེད་པར་རྩིས་སྤྲོད་རྒྱུ་སྟེ།

(གཅིག)ཕྱོགས་མིས་ཁྲིམས་བཞིན་ཞབས་ཞུ་དང་དོ་དམ་གྱི་རྣམ་གྲངས་གཉེར་རེ་ཞུ་སྐབས་གཉེར་སྒྲུབ་མི་བྱེད་པའི་རིགས་དང་།

(གཉིས)ཕྱོགས་མིའི་ཁྲིམས་མཐུན་ཁེ་དབང་ལ་བཙན་གནོད་གཏོང་བའི་བྱེད་སྤྱོད་ལ་ཁྲིམས་བཞིན་ཐག་གཅོད་མི་བྱེད་པའི་རིགས།

(གསུམ)འབྲེལ་ཡོད་གཏན་འབེབས་ལས་འགལ་ཏེ་གྲོན་དངུལ་བསྡུ་བའི་རིགས།

(བཞི)འགན་དབང་ལས་བརྒལ་བའམ་ཡང་ན་ཁྲིམས་བཅད་ཀྱི་ཆད་གཅོད་རིགས་དང་གྲངས་འབོར་ལས་འགལ་ཏེ་ཕྱོགས་མིའམ་ཡང་ན་འབྲེལ་ཡོད་ཚན་པ་དང་མི་སྒེར་ལ་ཆད་པ་གཅོད་རིགས།

(ལྔ)ཕྱོགས་མིར་ཞབས་ཞུ་དང་དོ་དམ་བྱེད་པའི་ཆ་འཕྲིན་ལ་གསང་སྲུང་གི་འོས་འགན་འཁུར་མི་ཐུབ་པའམ་ཡང་ན་ཁྲིམས་བཅད་ཀྱི་འགན་འཁྲི་ཕུད་པའི་སྤྱོད་སྒོ་གཞན་བྱེད་པའི་རིགས།

(དྲུག)གནས་སྡོད་ཐོ་འགོད་དང་གནས་སྡོད་ལག་ཁྱེར་གྱི་ཆ་འཕྲིན་བཟོ་བཅོས་རྒྱག་པའི་རིགས།

(བདུན)ཕྱོགས་མིས་གནས་སྡོད་ལག་ཁྱེར་རེ་ཞུ་བྱེད་པར་ངོ་སྤྲོད་དཔྱད་ཡིག་རྫུན་མ་མཁོ་འདོན་བྱེད་པའི་རིགས།

(བརྒྱད)སྲོལ་ཡིག་འདི་དང་འགལ་བའི་བྱེད་སྤྱོད་གཞན་དག་རིགས་བཅས་སོ།

ལེའུ་ལྔ་པ། ཞར་བྱུང་།

དོན་ཚན་ཞེ་དྲུག་པ། འདི་ག་རང་སྐྱོང་ལྗོངས་སུ་གནས་སྡོད་བྱེད་མཁན་གྱི་ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་གྲོང་མི་དང་། ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་གྲོང་མི། ཐའེ་ཝན་ས་ཁུལ་གྱི་གྲོང་མི། ཕྱི་རྒྱལ་བ། རྒྱལ་ཁོངས་མེད་པའི་མི་སྣ་བཅས་ལ་ཞབས་ཞུ་དང་དོ་དམ་གྱི་ལས་དོན་བསྒྲུབ་རྒྱུའི་ཐད་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་ལག་བསྟར་བྱེད་རྒྱུ།

དོན་ཚན་ཞེ་བདུན་པ། སྲོལ་ཡིག་འདི་2017ལོའི་ཟླ་2ཚེས་1ཉིན་ནས་བཟུང་ལག་བསྟར་བྱེད་རྒྱུ། 2010ལོའི་ཟླ་11ཚེས་26ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་དགུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅུ་དགུ་པའི་ཐོག་གྲོས་འཆམ་བྱུང་བའི《ཕྱོགས་མིར་ཞབས་ཞུ་དང་དོ་དམ་བྱེད་རྒྱུའི་བོད་རང་སྐྱོང་ལྗོངས་ཀྱི་སྲོལ་ཡིག》དེ་དུས་གཅིག་ཏུ་རྩིས་མེད་གཏོང་རྒྱུ།

(བོད་རང་སྐྱོང་ལྗོངས་རྩོམ་སྒྱུར་ཅུས་ནས་མཁོ་འདོན་བྱས་པ་གཞིར་བཟུང) 

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།