ཀྲུང་གོ་བོད་ཀྱི་དྲ་བ།

རང་རྒྱལ་གྱི་རྩ་ཁྲིམས་ལས་གཏན་ལ་ཕབ་པའི་མི་རིགས་སྐོར་གྱི་གཏན་འབེབས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2020-01-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

རྩ་ཁྲིམས་ཀྱི་འགོ་བརྗོད་དུ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ནི་རྒྱལ་ཡོངས་མི་རིགས་སོ་སོའི་མི་དམངས་ཀྱིས་ཐུན་མོང་གསར་འཛུགས་བྱས་པའི་གཅིག་གྱུར་གྱི་མི་རིགས་མང་བའི་རྒྱལ་ཁབ་ཅིག་ཡིན། འདྲ་མཉམ་དང་མཐུན་སྒྲིལ། མཉམ་ལས་ཀྱི་སྤྱི་ཚོགས་རིང་ལུགས་མི་རིགས་ཀྱི་འབྲེལ་བ་ཚུགས་ཡོད་པར་མ་ཟད་ད་དུང་མུ་མཐུད་དུ་ཤུགས་སྣོན་བྱེད་དགོས། མི་རིགས་མཐུན་སྒྲིལ་གྱི་འཐབ་རྩོད་འགན་བསྲུང་བྱེད་པའི་ཁྲོད་མི་རིགས་ཆེན་པོའི་རིང་ལུགས་ལ་ངོ་རྒོལ་བྱེད་དགོས་པ་དང་། གཙོ་བོ་རྒྱ་རིགས་ཆེན་པོའི་རིང་ལུགས་ལ་ངོ་རྒོལ་བྱེད་དགོས་པ་དང་། ས་གནས་མི་རིགས་རིང་ལུགས་ལ་ཡང་ངོ་རྒོལ་བྱེད་དགོས། རྒྱལ་ཁབ་ཀྱིས་འབད་བརྩོན་གང་ལེགས་བྱས་ཏེ་རྒྱལ་ཡོངས་མི་རིགས་ཁག་ཐུན་མོང་དར་རྒྱས་གོང་འཕེལ་གཏོང་དགོས་ཞེས་བཀོད་ཡོད།

དོན་ཚན་བཞི་པ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་ཚང་མ་འདྲ་མཉམ་ཡིན་པ་དང་། རྒྱལ་ཁབ་ཀྱིས་གྲངས་ཉུང་མི་རིགས་སོ་སོའི་ཁྲིམས་མཐུན་དབང་ཆ་དང་ཁེ་ཕན་ལ་ཁག་ཐེག་བྱེད་དགོས། མི་རིགས་སོ་སོའི་འདྲ་མཉམ་དང་མཐུན་སྒྲིལ། རོགས་རེས་བཅས་ཀྱི་འབྲེལ་བ་སྲུང་སྐྱོབ་དང་གོང་སྤེལ་བྱེད་དགོས། མི་རིགས་གང་ཞིག་ལ་ཡང་མཐོང་ཆུང་དང་གཉའ་གནོན་བྱེད་པའི་རིགས་ལ་བཀག་སྡོམ་བྱེད་དགོས། མི་རིགས་མཐུན་སྒྲིལ་ལ་གཏོར་བརླག་དང་མི་རིགས་ཁ་བྲལ་གཏོང་བའི་བྱ་སྤྱོད་ལ་བཀག་སྡོམ་བྱེད་དགོས།

རྒྱལ་ཁབ་ཀྱིས་གྲངས་ཉུང་མི་རིགས་ཁག་གི་ཁྱད་ཆོས་དང་དགོས་མཁོ་གཞིར་བཟུང་ནས། གྲངས་ཉུང་མི་རིགས་ས་ཁུལ་ཁག་གི་དཔལ་འབྱོར་དང་རིག་གནས་འཕེལ་ཚད་ཇེ་མགྱོགས་སུ་གཏོང་རོགས་བྱེད་དགོས།

གྲངས་ཉུང་མི་རིགས་འདུས་སྡོད་བྱེད་པའི་ས་གནས་སོ་སོར་ས་ཁོངས་རང་སྐྱོང་བྱས་ཏེ་རང་སྐྱོང་ལས་ཁུངས་འཛུགས་རྒྱུ་དང་། རང་སྐྱོང་དབང་ཆ་ལག་བསྟར་བྱེད་དུ་འཇུག་དགོས། མི་རིགས་རང་སྐྱོང་ས་གནས་ཚང་མ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་གྱི་འབྲལ་ཏུ་མི་རུང་བའི་གྲུབ་ཆ་ཡིན།

མི་རིགས་སོ་སོར་རང་ཉིད་ཀྱི་སྐད་དང་ཡི་གེ་བེད་སྤྱོད་དང་གོང་དུ་སྤེལ་བའི་རང་དབང་ཡོད། མི་རིགས་ཚང་མ་ལ་རང་གི་ཡུལ་སྲོལ་གོམས་གཤིས་རྒྱུད་འཛིན་དང་ཡང་ན་དེ་ལ་བསྒྱུར་བཅོས་བྱེད་པའི་རང་དབང་ཡོད།

དོན་ཚན་སུམ་ཅུ་པ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་ས་ཁོངས་དབྱེ་སྟངས་གཤམ་གསལ་ལྟར།

དང་པོ། རྒྱལ་ཡོངས་ལ་ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་བཅས་སུ་དབྱེ་ཡོད།

གཉིས་པ། ཞིང་ཆེན་དང་རང་སྐྱོང་ལྗོངས་ལ་རང་སྐྱོང་ཁུལ་དང་རྫོང་། རང་སྐྱོང་རྫོང་། གྲོང་ཁྱེར་བཅས་སུ་དབྱེ་ཡོད།

གསུམ་པ། རྫོང་དང་རང་སྐྱོང་རྫོང་ལ་ཞང་དང་མི་རིགས་ཞང་། གྲོང་རྡལ་བཅས་སུ་དབྱེ་ཡོད། ཐད་གཏོགས་གྲོང་ཁྱེར་དང་གྲོང་ཁྱེར་ཅུང་ཆེ་བ་རྣམས་ལ་ཆུས་དང་རྫོང་དུ་དབྱེ་ཡོད། རང་སྐྱོང་ཁུལ་ལ་རྫོང་དང་། རང་སྐྱོང་རྫོང་། གྲོང་ཁྱེར་བཅས་སུ་དབྱེ་ཡོད། རང་སྐྱོང་ལྗོངས་དང་རང་སྐྱོང་ཁུལ། རང་སྐྱོང་རྫོང་བཅས་ནི་མི་རིགས་རང་སྐྱོང་གི་ས་གནས་ཡིན།

ས་བཅད་དྲུག་པ། མི་རིགས་རང་སྐྱོང་ས་གནས་ཀྱི་རང་སྐྱོང་ལས་ཁུངས།

དོན་ཚན་བརྒྱ་དང་བཅུ་གཉིས་པ། མི་རིགས་རང་སྐྱོང་ས་གནས་ཀྱི་རང་སྐྱོང་ལས་ཁུངས་ནི་རང་སྐྱོང་ལྗོངས་དང་། རང་སྐྱོང་ཁུལ། རང་སྐྱོང་རྫོང་བཅས་ཀྱི་མི་དམངས་འཐུས་མིའི་ཚོགས་ཆེན་དང་མི་དམངས་སྲིད་གཞུང་ཡིན།

དོན་ཚན་བརྒྱ་དང་བཅུ་གསུམ་པ། རང་སྐྱོང་ལྗོངས་དང་རང་སྐྱོང་ཁུལ། རང་སྐྱོང་རྫོང་གི་མི་དམངས་འཐུས་མིའི་ཚོགས་ཆེན་དང་ས་ཁོངས་རང་སྐྱོང་ལག་བསྟར་བྱེད་པའི་མི་རིགས་ཀྱི་འཐུས་མི་དགོས་པ་མ་ཟད། སྲིད་འཛིན་ས་ཁོངས་དེར་གནས་སྡོད་བྱེད་པའི་མི་རིགས་གཞན་དག་ལ་ཡང་རང་རང་གི་འཐུས་མིའི་ཁ་གྲངས་འོས་འཚམས་རེ་ཡོད་དགོས།

རང་སྐྱོང་རྫོང་གི་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ནམ་ཀྲུའུ་རེན་གཞོན་པའི་ལས་འགན་འཁུར་མཁན་གྱི་གྲས་སུ་ས་ཁོངས་རང་སྐྱོང་དངོས་སུ་ལག་བསྟར་བྱེད་པའི་མི་རིགས་ཀྱི་སྤྱི་དམངས་ཡོད་དགོས།

དོན་ཚན་བརྒྱ་དང་བཅུ་བཞི་པ། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་དང་རང་སྐྱོང་ཁུལ་གྱི་འགོ་འཛིན། རང་སྐྱོང་རྫོང་གི་རྫོང་དཔོན་བཅས་ཀྱི་འགན་དེ་ས་ཁོངས་རང་སྐྱོང་དངོས་སུ་ལག་བསྟར་བྱེད་པའི་མི་རིགས་ཀྱི་སྤྱི་དམངས་ཀྱིས་འཁུར་རྒྱུ།

དོན་ཚན་བརྒྱ་དང་བཅོ་ལྔ་པ།  རང་སྐྱོང་ལྗོངས་དང་རང་སྐྱོང་ཁུལ། རང་སྐྱོང་རྫོང་བཅས་ཀྱི་རང་སྐྱོང་ལས་ཁུངས་ཀྱིས་རྩ་ཁྲིམས་ཀྱི་ལེའུ་གསུམ་པའི་ས་བཅད་ལྔ་པར་གཏན་ལ་ཕབ་པའི་ས་གནས་ཀྱི་རྒྱལ་ཁབ་ལས་ཁུངས་ཀྱི་འགན་དབང་སྤྱོད་རྒྱུ་དང་། དུས་མཚུངས་སུ་རྩ་ཁྲིམས། མི་རིགས་ས་ཁོངས་རང་སྐྱོང་གི་བཅའ་ཁྲིམས། བཅའ་ཁྲིམས་གཞན་དག་ནང་གཏན་ལ་ཕབ་པའི་དབང་ཚད་ལྟར་རང་སྐྱོང་དབང་ཆ་ལོངས་སུ་སྤྱོད་རྒྱུ། ས་གནས་སོ་སོའི་གནས་ཚུལ་དངོས་ལ་གཞིགས་ནས་རྒྱལ་ཁབ་ཀྱི་རྩ་ཁྲིམས་ལག་ལེན་མཐར་ཕྱིན་དང་། སྲིད་ཇུས་བཅས་ལག་ལེན་མཐའ་འཁྱོལ་བྱ་རྒྱུ།

དོན་ཚན་བརྒྱ་དང་བཅུ་དྲུག་པ། མི་རིགས་རང་སྐྱོང་ས་གནས་ཀྱི་མི་དམངས་འཐུས་མིའི་ཚོགས་ཆེན་ལ་ས་གནས་དེ་གའི་མི་རིགས་ཀྱི་ཆབ་སྲིད་དང་དཔལ་འབྱོར། རིག་གནས་བཅས་ཀྱི་ཁྱད་ཆོས་ལ་གཞིགས་ནས། རང་སྐྱོང་ཁྲིམས་སྲོལ་དང་གཅིག་སྤྱོད་ཁྲིམས་སྲོལ་གཏན་འབེབས་བྱེད་དབང་ཡོད། རང་སྐྱོང་ལྗོངས་ཀྱི་རང་སྐྱོང་སྲོལ་ཡིག་དང་ཁེར་སྤྱོད་སྲོལ་ཡིག་དག་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་སྙན་སེང་ཞུས་ཏེ་ཆོག་མཆན་ཐོབ་རྗེས་ནུས་པ་ཐོན་རྒྱུ། རང་སྐྱོང་ཁུལ་དང་རང་སྐྱོང་རྫོང་གི་རང་སྐྱོང་ཁྲིམས་སྲོལ་དང་གཅིག་སྤྱོད་ཁྲིམས་སྲོལ་ནི་ཞིང་ཆེན་ནམ་རང་སྐྱོང་ལྗོངས་ཀྱི་མི་དམངས་འཐུས་མི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་ནས་ཆོག་མཆན་ཞུས་རྗེས་རྩིས་འགྲོ་གཏོང་རྒྱུ། གཞན་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་ཐོ་འགོད་སྙན་སེང་ཞུ་དགོས།

དོན་ཚན་བརྒྱ་དང་བཅུ་བདུན་པ། མི་རིགས་རང་སྐྱོང་ས་གནས་ཀྱི་རང་སྐྱོང་ལས་ཁུངས་ལ་ས་གནས་ཀྱི་ནོར་སྲིད་དོ་དམ་བྱེད་པའི་རང་སྐྱོང་དབང་ཆ་ཡོད་པ་དང་། རྒྱལ་ཁབ་ཀྱི་ནོར་སྲིད་སྒྲིག་སྲོལ་ལྟར་མི་རིགས་རང་སྐྱོང་ས་གནས་ལ་དབང་བའི་ནོར་སྲིད་ཡོང་འབབ་རྣམས་མི་རིགས་རང་སྐྱོང་ས་གནས་ཀྱི་རང་སྐྱོང་ལས་ཁུངས་ཀྱིས་རང་ཐག་རང་གཅོད་ཀྱི་སྒོ་ནས་བཀོད་སྒྲིག་དང་བེད་སྤྱོད་བྱ་རྒྱུ།

དོན་ཚན་བརྒྱ་དང་བཅོ་བརྒྱད་པ། རྒྱལ་ཁབ་ཀྱི་འཆར་གཞིས་མཛུབ་ཁྲིད་འོག མི་རིགས་རང་སྐྱོང་ས་གནས་ཀྱི་རང་སྐྱོང་ལས་ཁུངས་ཀྱིས་ས་གནས་ཀྱི་རང་བཞིན་ལྡན་པའི་དཔལ་འབྱོར་འཛུགས་སྐྲུན་བྱ་གཞག་ལ་རང་ཐག་རང་གཅོད་ཀྱིས་བཀོད་སྒྲིག་དང་དོ་དམ་བྱ་རྒྱུ།

རྒྱལ་ཁབ་ཀྱིས་མི་རིགས་རང་སྐྱོང་ས་གནས་སུ་ཐོན་སྒོ་འབྱེད་པ་དང་ཁེ་ལས་འཛུགས་སྐྲུན་བྱེད་སྐབས། མི་རིགས་རང་སྐྱོང་ས་གནས་ཀྱི་ཁེ་ཕན་ལ་ལྟ་རྟོག་བྱ་དགོས།

དོན་ཚན་བརྒྱ་དང་བཅུ་དགུ་པ། མི་རིགས་རང་སྐྱོང་ས་གནས་ཀྱི་རང་སྐྱོང་ལས་ཁུངས་ཀྱིས་རང་ཐག་རང་གཅོད་ཀྱིས་ས་གནས་རང་གི་སློབ་གསོའི་དོ་དམ་དང་ཚན་རིག རིག་གནས། འཕྲོད་བསྟེན། ལུས་རྩལ་བྱ་གཞག མི་རིགས་ཀྱི་རིག་གནས་ཤུལ་བཞག་བཅས་ལ་སྲུང་སྐྱོབ་དང་ལེགས་སྒྲིག་བྱས་ཏེ། མི་རིགས་ཀྱི་རིག་གནས་འཕེལ་རྒྱས་དང་ཕུན་སུམ་ཇེ་ཚོགས་སུ་གཏོང་དགོས།

དོན་ཚན་བརྒྱ་དང་ཉི་ཤུ་པ། མི་རིགས་རང་སྐྱོང་ས་གནས་ཀྱི་རང་སྐྱོང་ལས་ཁུངས་ཀྱིས་རྒྱལ་ཁབ་ཀྱི་དམག་དོན་ལམ་ལུགས་དང་། ས་གནས་དེ་གའི་དགོས་མཁོ་དངོས་ལ་གཞིགས་ཏེ། རྒྱལ་སྲིད་སྤྱི་ཁྱབ་ཁང་ནས་ཆོག་མཆན་ཐོབ་རྗེས་ས་གནས་དེ་གའི་སྤྱི་ཚོགས་བདེ་སྲུང་བྱེད་པའི་སྤྱི་བདེའི་དམག་དཔུང་སྒྲིག་འཛུགས་བྱས་ཆོག

དོན་ཚན་བརྒྱ་དང་ཉེར་གཅིག་པ། མི་རིགས་རང་སྐྱོང་ས་གནས་ཀྱི་རང་སྐྱོང་ལས་ཁུངས་ཀྱིས་ལས་འགན་སྒྲུབ་སྐབས། མི་རིགས་རང་སྐྱོང་ས་གནས་དེའི་རང་སྐྱོང་ཁྲིམས་སྲོལ་གྱི་གཏན་འབེབས་ལྟར་ས་གནས་དེ་གར་ཐུན་མོང་དུ་སྤྱོད་པའི་སྐད་ཡིག་རིགས་གཅིག་གམ་ཁ་ཤས་སྤྱོད་དགོས།

དོན་ཚན་བརྒྱ་དང་ཉེར་གཉིས་པ། རྒྱལ་ཁབ་ཀྱི་ནོར་སྲིད་དང་དངོས་རྫས། ལག་རྩལ་སོགས་ཀྱི་ཐད་ནས་གྲངས་ཉུང་མི་རིགས་ཁག་ལ་དཔལ་འབྱོར་འཛུགས་སྐྲུན་དང་རིག་གནས་དར་སྤེལ་གྱི་བྱ་གཞག་མགྱོགས་མྱུར་གོང་འཕེལ་གྱི་རོགས་རམ་བྱ་རྒྱུ།

རྒྱལ་ཁབ་ཀྱིས་མི་རིགས་རང་སྐྱོང་ས་གནས་ལ་ས་གནས་དེ་གའི་མི་རིགས་ཀྱི་ཁྲོད་ནས་རིམ་པ་ཁག་གི་ལས་བྱེད་པ་དང་། ཆེད་མཁས་པ། ལག་ཤེས་བཟོ་པ་སྣ་ཚོགས་འབོར་ཆེན་གསོ་སྐྱོང་བྱེད་རོགས་བྱ་དགོས།

དོན་ཚན་བརྒྱ་དང་སོ་དགུ་པ། མི་རིགས་ཁག་གི་སྤྱི་དམངས་ཚང་མར་རང་མི་རིགས་སྐད་ཡིག་ཐོག་ནས་གཏུག་བཤེར་བྱེད་པའི་ཁེ་དབང་ཡོད། མི་དམངས་ཁྲིམས་ཁང་དང་མི་དམངས་ཞིབ་དཔྱོད་ཁང་གིས་ས་དེ་གར་སྤྱོད་པའི་སྐད་ཡིག་མི་ཤེས་པའི་གཏུག་བཤེར་བྱེད་མཁན་ལ་འོས་འཚམ་གྱིས་ལོ་ཙཱ་བྱ་རྒྱུ།

གྲངས་ཉུང་མི་རིགས་ཀྱི་འདུས་སྡོད་ས་ཁུལ་དང་ཡང་ན་མི་རིགས་མང་པོ་མཉམ་སྡོད་བྱས་པའི་ས་ཁུལ་དུ་ས་གནས་ཀྱི་སྤྱི་སྤྱོད་སྐད་ཡིག་ཉེར་སྤྱོད་བྱས་ནས་ཞིབ་གཅོད་བྱ་རྒྱུ་དང་། ཁྲིམས་སྦྱོར་ཞུ་ཡིག་དང་། ཁྲིམས་གཏམ། རྩ་ཚིག་ཡིག་ཆ་གཞན་དག་ཚང་མ་དངོས་ཡོད་ཀྱི་དགོས་མཁོར་གཞིགས་ནས་འོས་མཚམ་གྱིས་ས་གནས་ཀྱི་སྤྱི་སྤྱོད་ཡི་གེ་གཅིག་གམ་དུ་མ་བེད་སྤྱོད་གཏོང་རྒྱུ། །

ཡོང་ཁུངས། ཐུན་ཏེ་རྫོང་ཁྲིམས་འཛིན་ཅུའུ་བཅའ་ཁྲིམས་ཁྱབ་བརྡལ་སྤྱི་སྟེགས། 

རྩོམ་སྒྲིག་པ། : གསང་བདག་རྒྱལ།