ཀྲུང་གོ་བོད་ཀྱི་དྲ་བ།

བརྩམས་ཆོས་བདག་དབང་ལ་གནོད་འཚེ་ཐེབས་ན་བཅའ་ཁྲིམས་འགན་འཁྲི་གང་དག་འཁུར་དགོས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2019-10-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

༡.ཅི་ཞིག་ལ་རྩོམ་གྱི་བདག་དབང་ཟེར།

རྩོམ་གྱི་བདག་དབང་ལ་པར་སྐྲུན་དབང་ཆའང་ཟེར་ཏེ།  དམངས་དོན་ཁེ་དབང་གི་རིགས་སུ་གཏོགས།  དེ་ནི་རྩོམ་པ་པོ་རང་གིས་གསར་དུ་བརྩམས་པའི་རྩོམ་རིག་དང་ཚན་རིག  སྒྱུ་རྩལ་བརྩམས་ཆོས་དག་ལ་ཁྲིམས་ལུགས་ལྟར་ཐོབ་པའི་དབང་ཆ་ཞིག་ཡིན། རང་རྒྱལ་གྱི«ཁྲིམས་ཆོས་བདག་དབང་བཅའ་ཁྲིམས»ཀྱིས་རྩོམ་གྱི་བདག་དབང་ནང་དོན་ལ་འགྲེལ་སྤེལ་བྱེད་དབང་དང་མིང་འགོད་དབང་ཆ།  བཟོ་བཅོས་དབང་ཆ།  བེད་སྤྱོད་དབང་ཆ་དང་རྩོམ་ཡོན་ཐོབ་པའི་དབང་ཆ་བཅས་ཡོད།  སྔ་མ་གཉིས་ནི་མི་ལུས་དབང་ཆ་དང་།  ཕྱི་མ་ནི་རྒྱུ་ནོར་དབང་ཆའི་ཁོངས་སུ་གཏོགས་པ་ཡིན།  རྩོམ་གྱི་བདག་དབང་ཁྲོད་ཀྱི་རྒྱུ་ནོར་དབང་ཆ་ལ་བྱེ་བྲག་ཏུ་དབྱེ་ན།  འདྲ་བཟོ་དབང་ཆ་དང་འཁྲབ་སྟོན་དབང་ཆ། སྒྲོག་གཏོང་དབང་ཆ།  བཤམས་སྟོན་དབང་ཆ།  འགྲེལ་སྤེལ་དབང་ཆ།  གློག་བརྙན་དང་བརྙན་འཕྲིན། བརྙན་འབེབས་བཟོ་སྐྲུན་བྱེད་པའི་དབང་ཆ།  བཅོས་སྒྲིག་དབང་ཆ།  ཡིག་བསྒྱུར་དབང་ཆ།  རྩོམ་སྒྲིག་དབང་ཆ།  བརྩམས་ཆོས་མི་གཞན་ལ་བཀོལ་སྤྱོད་བྱེད་དུ་འཇུག་པའི་དབང་ཆ།  ཡོང་འབབ་ཐོབ་པའི་དབང་ཆ་སོགས་ཁེ་དབང་རྣམ་པ་མི་འདྲ་བ་མང་བོ་ཞིག་ཡོད་དོ།།

༢.བརྩམས་ཆོས་བདག་དབང་ལ་གནོད་འཚེ་ཐེབས་ན་གཤམ་གསལ་གྱི་བཅའ་ཁྲིམས་འགན་འཁྲི་འཁུར་དགོས་པ་སྟེ།

གཅིག  དམངས་དོན་འགན་འཁྲི།

རང་རྒྱལ་གྱི«དམངས་ཁྲིམས་སྤྱི་སྲོལ»གྱི་དོན་ཚན118པའི་གཏན་ཁེལ་ལྟར་ན།  “སྤྱི་དམངས་དང་ཁྲིམས་མིའི་བརྩམས་ཆོས་བདག་དབང་ཆེད་ཁེའི་བདག་དབང་།  ཚོང་རྟགས་ཆེད་སྤྱོད་བདག་དབང་།  ཤེས་རྟོགས་ཁེ་དབང་།  གསར་གཏོད་ཁེ་དབང་དང་གཞན་པའི་ཚན་རྩལ་གྲུབ་འབྲས་རྐུས་བཤུ་དང་བསྒྱུར་བཅོས།  རྫུན་བཟོ་སོགས་ཀྱི་གནོད་འཚེ་བཏང་ན་གནོད་འཚེ་མཚམས་འཇོག་དགོས་པ་དང་ཤུག  ས་རྐྱེན་མེད་པར་བཟོ་བ།  སྐྱིན་ཚབ་གཞལ་བ་བཅས་ཀྱི་རེ་བ་འདོན་པའི་དབང་ཆ་ཡོད”ཅེས་བཀོད་ཡོད།  «དམངས་ཁྲིམས་སྤྱི་སྲོལ»གྱི་དོན་ཚན120པའི་གཏན་ཁེལ་ལྟར་ན།  “སྤྱི་དམངས་ཀྱི་རུས་མིང་དབང་ཆ་དང་འདྲ་པར་དབང་ཆ།  སྙན་གྲགས་དབང་ཆ།  གཟི་བརྗིད་དབང་ཆ་བཅས་ལ་གནོད་འཚེ་ཐེབས་ན།  སྙན་གྲགས་སླར་གསོ་དང་ཤུགས་རྐྱེན་མེད་པར་བཟོ་བ།  དགོངས་དག་ཞུ་རུ་འཇུག་པ་དང་གྱོང་གུད་ལ་སྐྱིན་ཚབ་གཞལ་བར་རེ་བ་འདོན་པའི་དབང་ཆ་ཡོད”ཅེས་བཀོད་ཡོད།

གཉིས།  སྲིད་འཛིན་འགན་འཁྲི།

སྲིད་འཛིན་ཆད་གཅོད་ཀྱི་ཁོངས་སུ་འདུ་བ་ནི།  མི་གཞན་གྱི་བརྩམས་ཆོས་རྐུས་བཤུ་བྱེད་པ།  བརྩམས་ཆོས་བདག་དབང་མིའི་འཐད་པ་མ་བརྒྱུད་པར་ཁེ་སྤོགས་ལ་དམིགས་ནས་གཞན་གྱི་བརྩམས་ཆོས་བསྐྱར་དཔར་བྱས་ཏེ་འགྲེམ་སྤེལ་བྱེད་པ།  དཔེ་སྐྲུན་བདག་དབང་ཆེད་དུ་ལོངས་སྤྱོད་བྱེད་པའི་མིས་དཔེ་ཆ་དཔེ་སྐྲུན་བྱེད་པ།  འཁྲབ་སྟོན་པའི་འཐད་པ་མ་བརྒྱུད་པར་འཁྲབ་སྟོན་དེའི་སྒྲ་ཐག་དང་བརྙན་འཁོར་སོགས་བཟོ་སྐྲུན་བྱས་ནས་འགྲེམ་སྤེལལ་བྱེད་པ།  རྒྱང་སྒྲོག་ལས་ཁུངས་དང་བརྙན་འཕྲིན་ཁང་གི་འཐད་པ་མ་བརྒྱུད་པར་རྒྱང་སྒྲོག་དང་བརྙན་འཕྲིན་ལེ་ཚན་བཟོ་སྐྲུན་བྱས་ཏེ་འགྲེམ་སྤེལ་བྱེད་པ།  བརྩམས་ཆོས་རྫུན་མ་བཟོ་སྐྲུན་དང་ཕྱིར་འཚོང་བྱེད་པ་བཅས་ཡིན།  སྲིད་འཛིན་ཆད་གཅོད་བྱེད་པར་རིགས་གསུམ་དུ་དབྱེ་སྟེ།  ཁྲིམས་འགལ་སྒོས་ཐོབ་པའི་རྒྱུ་དངོས་གཞུང་བཞེས་བྱེད་པ།  དངུལ་ཆད་གཅོད་པ།  གྱོང་གུད་སྐྱིན་ཚབ་འཇལ་བ་བཅས་སོ།།

གསུམ།  ཉེས་དོན་འགན་འཁྲི།

རང་རྒྱལ་གྱི«ཉེར་ཁྲིམས»ཀྱི་དོན་ཚན217པའི་གཏན་ཁེལ་ལྟར་ན།  “བརྩམས་ཆོས་བདག་དབང་ལ་གནོད་འཚེ་བཏང་བའི་ནག་ཉེས་ཞེས་པ་ནི།  ཁེ་ཕན་ལ་དམིགས་ནས་བརྩམས་ཆོས་བདག་དབང་མཁན་གྱི་འཐད་པ་མ་བརྒྱུད་པར་དེ་གནོད་འཚེ་བཟོ་བའི་བྱ་སྤྱོད་ལག་བསྟར་བྱས་ལ།  ཁྲིམས་འགལ་སྒོས་ཐོབ་པའི་སྒོར་གྲངས་ཅུང་མང་བ་དང་གཞན་པའི་གནས་ཚུལ་ཚབས་ཆེན་གྱི་བྱ་སྤྱོད་ལ་གོ  རང་གི་ཁེ་ཕན་ལ་དམིགས་ཏེ་ཁྲིམས་འགལ་སྒོས་ཐོབ་པའི་སྒོར་གྲངས་ཅུང་མང་བ་དང་གཞན་པའི་གནས་ཚུལ་ཚབས་ཆེན་བཟོས་པའི་རིགས་ལ་ལོ3མན་གྱི་དུས་བཀག་བཙོན་འཇུག་བྱེད་པར་མ་ཟད་དངུལ་ཆད་གཅད་དགོས།  ཁྲིམས་འགལ་སྒོས་ཐོབ་པའི་སྒོར་གྲངས་ཧ་ཅང་མང་ལ་གཞན་པའི་གནས་ཚུལ་ཚབས་ཤིན་ཏུ་ཆེན་པོ་བཟོས་པའི་རིགས་ལ་ལོ3ནས7བར་གྱི་དུས་བཀག་བཙོན་འཇུག་བྱེད་པར་མ་ཟད་དངུལ་ཆད་ཀྱང་གཅད་དགོས”ཞེས་བཀོད་ཡོད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།