རང་རྒྱལ་གྱི་བཅའ་ཁྲིམས་དང་མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས་ཁག་ལས་ཁོལ་མར་ཕྱུང་བའི་མི་རིགས་སྐད་ཡིག་སྐོར།

༡ རང་རྒྱལ་གྱི་བཅའ་ཁྲིམས་ཁག་ལས་ཁོལ་མར་ཕྱུང་བའི་མི་རིགས་སྐད་ཡིག་སྐོར།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་དམངས་ཁྲིམས་ཁང་གི་རྩ་འཛུགས་བཅའ་ཁྲིམས་དོན་ཚན་དྲུག་པ་རུ་རིགས་སོ་སོའི་སྤྱི་དམངས་ཚང་མར་རང་རིགས་ཀྱི་སྐད་ཡིག་ལ་བརྟེན་ནས་གཏུག་བཤེར་བྱས་ཆོག་པའི་དབང་ཆ་ཡོད།མི་དམངས་ཁྲིམས་ཁང་གིས་ས་གནས་དེའི་སྤྱི་སྤྱོད་ཀྱི་སྐད་དང་ཡི་གེར་བྱང་ཆ་མེད་པའི་གྱོད་མིར་ལོ་ཙཱ་བྱ་འོས།མི་རིགས་གྲངས་ཉུང་བ་འདུས་སྡོད་དང་མི་རིགས་མང་པོ་འདྲེས་སྡོད་བྱེད་པའི་ས་ཁུལ་ནས།མི་དམངས་ཁྲིམས་ཁང་གིས་ས་གནས་དེའི་སྤྱི་སྤྱོད་ཀྱི་སྐད་ཆར་བརྟེན་ནས་ཁྲིམས་བཤེར་བྱ་འོས།ས་དེའི་སྤྱི་སྤྱོད་ཀྱི་སྐད་དང་ཡི་གེར་བརྟེན་ནས་དཔྱད་མཚམས་དང་སྤྱི་སྒྲོགད་དུང་ཡིག་ཆ་གཞན་སོགས་སྤེལ་འོས་ཞེས་བཀོད་ཡོད།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྡོད་དམངས་ཐོབ་ཐང་འཛིན་ཡིག་སྐོར་གྱི་སྲོལ་ཡིག་གི་དོན་ཚན་གསུམ་པ་རུ་མི་རིགས་རང་སྐྱོང་ས་ཁུལ་གྱི་རང་སྐྱོང་སྡེ་ཁག་གིས་རང་སའི་གནས་ཚུལ་དངོས་གཞིར་བྱས་ཏེ།རང་རིགས་ཀྱི་ཡི་གེའམ་ཡང་ན་ས་དེའི་སྤྱི་སྤྱོད་ཀྱི་མི་རིགས་ཡིག་རིགས་ཤིག་དུས་མཉམ་དུ་བེད་སྤྱོད་བྱེད་ཆོག་ཅེས་བཀོད་ཡོད།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འོས་འགན་སློབ་གསོའི་བཅའ་ཁྲིམས་སུ་མི་རིགས་གྲངས་ཉུང་བའི་སློབ་མ་གཙོ་བོར་སྡུད་པའི་སློབ་གྲྭས་མི་རིགས་ས་ཁུལ་གྱི་སྤྱི་སྤྱོད་ཀྱི་སྐད་དང་ཡི་གེར་བརྟེན་ནས་སློབ་ཁྲིད་བྱས་ཆོག་ཅེས་གསལ།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་གཏུག་བཤེར་བཅའ་ཁྲིམས་ཀྱི་དོན་ཚན་བརྒྱད་པ་རུ་མི་རིགས་སོ་སོ་ཚང་མར་རང་རིགས་ཀྱི་སྐད་དང་ཡི་གེར་བརྟེན་ནས་སྲིད་འཛིན་གཏུག་བཤེར་བྱེད་པའི་དབང་ཆ་ཡོད།མི་རིགས་གྲངས་ཉུང་བ་འདུས་སྡོད་དམ་ཡང་ན་མི་རིགས་མང་པོ་འདྲེས་སྡོད་བྱེད་པའི་ས་ཁུལ་ནས།མི་དམངས་ཁྲིམས་ཁང་གིས་ས་དེའི་སྤྱི་སྤྱོད་ཀྱི་སྐད་དང་ཡི་གེར་བརྟེན་ནས་ཁྲིམས་བཤེར་དང་ཁྲིམས་ལུགས་ཡིག་ཆ་འགྲེམ་སྤེལ་བྱ་འོས་ཞེས་དང་།མི་དམངས་ཁྲིམས་ཁང་གིས་ས་གནས་དེའི་མི་རིགས་ཀྱི་སྤྱི་སྤྱོད་ཀྱི་སྐད་དང་ཡི་གེར་བྱང་ཆ་མེད་པའི་གཏུག་བཤེར་ལ་ཞུགས་མཁན་ལ་ལོ་ཙཱ་བ་མཁོ་འདོན་བྱ་འོས་ཞེས་བཀོད་ཡོད་དོ།།


༢ མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས་ལས་ཁོལ་མར་ཕྱུང་བའི་མི་རིགས་སྐད་ཡིག་སྐོར།

(1984ལོའི་ཟླ5པའི་ཚེས31ཉིན་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་དྲུག་པའི་གྲོས་ཚོགས་ཐེངས་གཉིས་པའི་སྟེང་དུ་གྲོས་འཆམ་བྱུང་།)

དོན་ཚན་བཅུ་པ།མི་རིགས་རང་སྐྱོང་ས་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་ས་གནས་དེ་གའི་མི་རིགས་ཁག་ཚང་མར་རང་ཉིད་ཀྱི་སྐད་ཡིག་བེད་སྤྱོད་དང་འཕེལ་རྒྱས་སུ་གཏོང་བའི་རང་དབང་དང༌་།རང་ཉིད་ཀྱི་ཡུལ་སྲོལ་གོམས་གཤིས་སྲུང་འཛིན་ནམ་ཡང་ན་སྒྱུར་བཅོས་བྱེད་པའི་རང་དབང་ཡོད་པར་འགན་སྲུང་བྱ་རྒྱུ།

དོན་ཚན་ཉེར་གཅིག་པ།མི་རིགས་རང་སྐྱོང་ས་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་འགན་དབང་ལག་བསྟར་བྱེད་སྐབས།མི་རིགས་རང་སྐྱོང་ས་གནས་དེ་གའི་རང་སྐྱོང་ཁྲིམས་སྲོལ་གྱི་གཏན་འཁེལ་ལྟར།ས་གནས་དེ་གར་ཐུན་མོང་དུ་སྤྱོད་པའི་སྐད་ཡིག་རིགས་གཅིག་གམ་དུ་མ་སྤྱོད་པ་དང༌་།སྐད་ཡིག་རིགས་དུ་མ་མཉམ་དུ་སྤྱད་ནས་ལས་འགན་སྒྲུབ་པའི་ས་གནས་སུ་ས་ཁོངས་རང་སྐྱོང་ལག་བསྟར་བྱེད་པའི་མི་རིགས་ཀྱི་སྐད་ཡིག་དེ་གཙོ་བོ་བྱ་ཆོག

དོན་ཚན་སོ་དྲུག་པ།མི་རིགས་རང་སྐྱོང་ས་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་རྒྱལ་ཁབ་ཀྱི་སློབ་གསོའི་བྱེད་ཕྱོགས་གཞིར་བཟུང་ནས་བཅའ་ཁྲིམས་ཀྱི་གཏན་ཁེལ་ལྟར་ས་གནས་དེ་གའི་སློབ་གསོའི་འོས་འཆར་དང་༌།རིམ་པ་དང་རིགས་མི་འདྲ་བའི་སློབ་གྲྭ་ཁག་འཛུགས་སྟངས།སློབ་ཡུན།སློབ་གྲྭ་སྒྲུབ་ཚུལ།སློབ་ཁྲིད་ཀྱི་ནང་དོན།སློབ་ཁྲིད་བྱེད་པའི་སྐད་རིགས།སློབ་མ་བསྡུ་ཐབས་བཅས་གཏན་ལ་དབབ་རྒྱུ།

དོན་ཚན་སོ་བདུན་པ།མི་རིགས་རང་སྐྱོང་ས་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་རང་བདག་ངང་མི་རིགས་ཀྱི་སློབ་གསོ་སྤེལ་ནས་ཡིག་རྨོངས་སེལ་བ་དང་སློབ་གྲྭ་སྣ་ཚོགས་འཛུགས་པ།དམའ་རིམ་གྱི་འོས་འགན་སློབ་གསོ་ཁྱབ་གདལ་དུ་གཏོང་བ།འབྲིང་རིམ་སློབ་གསོ་ཡར་རྒྱས་སུ་གཏོང་བ།མི་རིགས་དགེ་ཐོན་སློབ་གྲྭ་དང་མི་རིགས་ཀྱི་ཆེད་ལས་འབྲིང་རིམ་སློབ་གྲྭའམ་མི་རིགས་ཀྱི་ལས་རིགས་སློབ་གྲྭ་དང་མི་རིགས་སློབ་གྲྭ་ཆེན་མོ་བཅས་འཛུགས་གཉེར་བྱས་ཏེ་གྲངས་ཉུང་མི་རིགས་ཁག་གི་ཆེད་ལས་ཡོན་ཏན་ཅན་གསོ་སྐྱོང་བྱ་དགོས།གྲངས་ཉུང་མི་རིགས་ཀྱི་སློབ་མ་བསྡུ་རྒྱུ་གཙོ་བོར་འཛིན་པའི་སློབ་གྲྭའི་ཆ་རྐྱེན་འཛོམས་སར་གྲངས་ཉུང་མི་རིགས་ཀྱི་ཡི་གེའི་སློབ་དེབ་ལ་བརྟེན་ནས་གྲངས་ཉུང་མི་རིགས་ཀྱི་སྐད་ཆའི་ཐོག་ནས་སློབ་ཁྲིད་བྱ་དགོས།སློབ་ཆུང་གི་ལོ་རིམ་མཐོན་པོའམ་སློབ་འབྲིང་གི་ནང་དུ་རྒྱ་ཡིག་སློབ་ཚན་འགོད་པ་དང་རྒྱལ་ཡོངས་ཀུན་མཐུན་གྱི་རྒྱ་སྐད་ཁྱབ་གདལ་དུ་གཏོང་རྒྱུ།

དོན་ཚན་སོ་བརྒྱད་པ།མི་རིགས་རང་སྐྱོང་ས་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་རང་བདག་ངང་མི་རིགས་ཀྱི་རྣམ་པ་དང་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་རྩོམ་རིག་དང༌་།སྒྱུ་རྩལ།གསར་འགྱུར།དཔེ་སྐྲུན།རླུང་འཕྲིན།གློག་བརྙན།བརྙན་འཕྲིན་སོགས་མི་རིགས་ཀྱི་རིག་གནས་བྱ་གཞག་གོང་འཕེལ་དུ་གཏོང་རྒྱུ། མི་རིགས་རང་སྐྱོང་ས་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་མི་རིགས་ཀྱི་གནའ་རབས་དཔེ་ཆ་འཚོལ་བསྡུ་དང་༌།དག་སྒྲིགཡིག་སྒྱུར།པར་སྐྲུན་བཅས་བྱ་རྒྱུ་དང་༌།མི་རིགས་ཀྱི་གནའ་ཤུལ་གྲགས་ཅན་དང༌།རིག་གནས་གནའ་རྫས་རྩ་ཆེན།དེ་བཞིན་གལ་ཆེ་བའི་ལོ་རྒྱུས་དང་རིག་གནས་ཤུལ་རྫས་བཅས་སྲུང་སྐྱོང་བྱ་རྒྱུ།

དོན་ཚན་ཞེ་བདུན་པ།མི་རིགས་རང་སྐྱོང་ས་ཁུལ་གྱི་མི་དམངས་ཁྲིམས་ཁང་དང་མི་དམངས་ཞིབ་དཔྱོད་ཁང་གིས་ས་གནས་དེ་གའི་སྤྱི་སྤྱོད་ཀྱི་སྐད་རིགས་ཐོག་ནས་གྱོད་གཞི་ཞིབ་དཔྱོད་དང་འདྲི་བཤེར་བྱ་རྒྱུ་དང་༌།མི་རིགས་ཁག་གི་སྤྱི་དམངས་རྣམས་ཀྱིས་མི་རིགས་རང་ཉིད་ཀྱི་སྐད་ཡིག་ལ་བརྟེན་ནས་ཞུ་གཏུག་བྱེད་པའི་དབང་ཆར་འགན་སྲུང་བྱ་དགོས།ས་གནས་དེ་གའི་སྤྱི་སྤྱོད་ཀྱི་སྐད་ཡིག་མི་ཤེས་ན་ཞུ་གཏུག་བྱེད་པ་ལ་སྐད་ཡིག་ལོ་ཙཱ་བྱ་དགོས།ཁྲིམས་དོན་གྱི་ཡིག་ཆ་དེ་དགོས་མཁོ་ངོ་མར་གཞིགས་ནས་ས་གནས་དེ་གའི་སྤྱི་སྤྱོད་ཀྱི་ཡིག་རིགས་གཅིག་གམ་ཡང་ན་འགའ་སྤྱོད་རྒྱུ།

དོན་ཚན་ཞེ་དགུ་པ།མི་རིགས་རང་སྐྱོང་ས་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་མི་རིགས་ཁག་གི་ལས་བྱེད་རྣམས་ལ་ཕན་ཚུན་གྱི་སྐད་ཡིག་སློབ་སྦྱོང་བྱ་རྒྱུའི་སློབ་གསོ་དང་སྐུལ་མ་གཏོང་དགོས་ཤིང་༌།རྒྱ་རིགས་ལས་བྱེད་པས་ས་གནས་དེ་གའི་མི་རིགས་གྲངས་ཉུང་གི་སྐད་ཡིག་སློབ་དགོས་ལ།མི་རིགས་གྲངས་ཉུང་གི་ལས་བྱེད་པས་མི་རིགས་རང་ཉིད་ཀྱི་སྐད་ཡིག་སློབ་སྦྱོང་དང་བེད་སྤྱོད་བྱེད་པ་དང་ཆབས་ཅིག་རྒྱལ་ཡོངས་ཀུན་གྱིས་སྤྱོད་པའི་རྒྱ་སྐད་དང་རྒྱ་ཡིག་ལའང་སློབ་སྦྱོང་བྱ་དགོས།མི་རིགས་རང་སྐྱོང་ས་གནས་ཀྱི་རྒྱལ་ཁབ་ལས་བྱེད་པའི་ནང་དུ་ས་གནས་དེ་གའི་སྤྱི་སྤྱོད་ཀྱི་སྐད་ཡིག་གཉིས་ཀྱི་ཡན་ནང་བྱན་ཆུད་པའི་སྒོ་ནས་བེད་སྤྱོད་བྱེད་ཐུབ་མཁན་ལ་བྱ་དགའ་སྤྲོད་རྒྱུ།

དོན་ཚན་ང་གསུམ་པ།མི་རིགས་རང་སྐྱོང་ས་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་མེས་རྒྱལ་ལ་དགའ་ཞེན་དང་མི་དམངས་ལ་དགའ་ཞེན།ངལ་རྩོལ་ལ་དགའ་ཞེན།ཚན་རིག་ལ་དགའ་ཞེན།སྤྱི་ཚོགས་རིང་ལུགས་ལ་དགའ་ཞེན་བཅས་བྱེད་པའི་ཀུན་སྤྱོད་ལེགས་པོ་སྤེལ་བ་དང་ས་གནས་དེ་གའི་མི་རིགས་ཁག་གི་སྤྱི་དམངས་རྣམས་ལ་རྒྱལ་གཅེས་རིང་ལུགས་དང༌།གུང་ཁྲན་རིང་ལུགས།མི་རིགས་སྲིད་ཇུས་བཅས་ཀྱི་སློབ་གསོ་གཏོང་དགོས།མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་ཕན་ཚུན་ཡིད་ཆེས་དང༌།ཕན་ཚུན་སློབ་སྦྱོང༌།ཕན་ཚུན་རོགས་རམ།ཕན་ཚུན་གྱི་སྐད་ཡིག་དང་ཡུལ་སྲོལ་གོམས་གཤིས།ཆོས་དད་བཅས་ལ་བརྩི་འཇོག་བྱས་ཏེ་མཉམ་དུ་རྒྱལ་ཁབ་ཀྱི་གཅིག་གྱུར་དང་མི་རིགས་ཁག་གི་མཐུན་སྒྲིལ་ལ་སྲུང་སྐྱོང་བྱ་རྒྱུའི་སློབ་གསོ་གཏོང་དགོས།

རྩོམ་སྒྲིག་པ། གསང་བདག་རྒྱལ།

དཔྱད་མཆན 0 ཡོད།