རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་གྱི་མཁར་གྲོང་གི་རྨང་གཞིའི་སྒྲིག་བཀོད་དོ་དམ་བྱེད་པའི་སྐོར་གྱི་སྲོལ་ཡིག

(༢༠༡༥ལོའི་ཟླ་༢ཚེས་༡༦ཉིན་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མིའི་ ཚོགས་ཆེན་སྐབས་བཅུ་གཅིག་པའི་གྲོས་ཚོགས་ཐེངས་བཞི་བའི་ཐོག་གྲོས་འཆམས་བྱུང་བ་དང་།      ༢༠༡༥ལོའི་ཟླ༥ཚེས་༢༡ཉིན་སི་ཁྲོན་ཞིང་ཆེན་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་དྲུག་པའི་ཐོག་ཆོག་མཆན་བཀོད་པ།)

ལེའུ་དང་བོ།  སྤྱིའི་རྩ་དོན་སྐོར།

དོན་ཚན་དང་པོ།  མཁར་གྲོང་གི་རྨང་གཞིའི་སྒྲིག་བཀོད་དོ་དམ་ལ་ཤུགས་ཆེན་སྣོན་ཞིང་མཁར་གྲོང་གི་རྨང་གཞིའི་སྒྲིག་བཀོད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས།  མཁར་གྲོང་སྡོད་དམངས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཁོར་ཡུག་ལེགས་བཅོས་བྱེད་པ་དང་དཔལ་འབྱོར་དང་སྤྱི་ཚོགས་གོང་སྤེལ་ལ་ཡར་སྐུལ་གཏོང་བའི་ཆེད་དུ།  《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས》དང《རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་གྱི་རང་སྐྱོང་སྲོལ་ཡིག》སོགས་བཅའ་ཁྲིམས་དང་ཁྲིམས་སྲོལ་གཞིར་བཟུང་ཞིང་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་(གཤམ་དུ་བསྡུས་མིང་ལ་རང་སྐྱོང་ཁུལ་ཟེར་རྒྱུ)གྱི་གནས་ཚུལ་དངོས་དང་ཟུང་འབྲེལ་བྱས་ནས་སྲོལ་ཡིག་འདི་གཏན་འབེབས་བྱས་པ་ཡིན།
       དོན་ཚན་གཉིས་པ།  རང་སྐྱོང་ཁུལ་གྱི་མཁར་གྲོང་འཆར་འགོད་ས་ཁོངས་ནང་དུ་མཁར་གྲོང་གི་རྨང་གཞིའི་སྒྲིག་བཀོད་འཆར་འགོད་དང་འཛུགས་སྐྲུན།  འཁོར་སྐྱོད་ཚོང་གཉེར།  སྲུང་སྐྱོང་།  དོ་དམ།  ལྟ་སྐུལ་བཅས་བྱེད་པའི་ཐད་ལ་སྲོལ་ཡིག་འདི་སྤྱོད་དགོས།
       འཆར་འགོད་ཅེས་པ་ནི་གྲོང་ཁྱེར་དང་ཡུལ་ཚོ་གྲོང་རྡལ་དང་གྲོང་ཚོ་བཅས་སྐྲུན་ཁུལ་དང་།  དེ་མིན་མཁར་གྲོང་འཛུགས་སྐྲུན་དང་གོང་སྤེལ་གྱི་དགོས་མཁོའི་ཆེད་དུ་འཆར་འགོད་དང་ཚོད་འཛིན་བྱེད་དགོས་པའི་ས་ཁོངས་ཡིན།
       དོན་ཚན་གསུམ་པ།  སྲོལ་ཡིག་འདིའི་ནང་བརྗོད་པའི་མཁར་གྲོང་གི་རྨང་གཞིའི་སྒྲིག་བཀོད་ནི།   བགྲོད་ལམ་དང་ཟམ་དང་ཆུ་སྦུག   ཆུ་གཏོང་འརྗད།  ཞོད་འགོག  བགྲོད་ལམ་ཐོག་གི་འོད་འབྱེད།  ཆུ་དང་འབར་རླངས་དང་དྲོད་ནུས་གཅིག་སྡུད་མཁོ་འདོན།  ཁོར་ཡུག་གཙང་སྦྲ།  སྤྱི་པའི་འགྲིམ་འགྲུལ།  སྐྱེད་ཚལ་ལྗང་འགྱུར་བཅས་དང་དེ་མིན་གཞན་དག་གི་ཞོར་གཏོགས་སྒྲིག་བཀོད་རྣམས་ཡིན།
       གཞུང་ལམ་དང་གློག་ཤུགས།  འཕྲིན་གཏོང་།  རྒྱང་སྒྲོག་བཪྙན་འཕྲིན།  མེ་སྐྱོན་འགོག་གསོད་སྒྲིག་བཀོད་སོགས་མཁར་གྲོང་གི་སྤྱི་པའི་སྒྲིག་བཀོད་གཞན་དག་དོ་དམ་བྱེད་པ་དེ།  འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་གཏན་འབེབས་ལྟར་སྒྲུབ་དགོས།
       དོན་ཚན་བཞི་པ།  མཁར་གྲོང་གི་རྨང་གཞིའི་སྒྲིག་བཀོད་དོ་དམ་བྱེད་པར་གྲོང་ཁྱེར་དང་ཡུལ་གྲོང་གཅིག་གྱུར་འཆར་འགོད་དང་།  ཚན་རིག་དང་མཐུན་པའི་ངང་ནས་འཆར་འགོད།  དམངས་འཚོ་སྔོན་ཚུད།  ནང་རྐྱེན་གསར་གཏོད།  འཛུགས་སྐྲུན་དང་དོ་དམ་མཉམ་དུ་གལ་ཆེ་བར་བརྩི་བ།  བདེ་འཇགས་ཕན་ལྡན་ཡོང་ཐབས་བཅས་ཀྱི་རྩ་དོན་རྒྱུན་འཁྱོངས་བྱེད་དགོས།
       དོན་ཚན་ལྔ་པ  རང་སྐྱོང་ཁུལ་དང་རྫོང་མི་དམངས་སྲིད་གཞུང་གིས་ མཁར་གྲོང་གི་རྨང་གཞིའི་སྒྲིག་བཀོད་འཆར་འགོད་དང་འཛུགས་སྐྲུན།  འཁོར་སྐྱོད་ཚོང་གཉེར།  སྲུང་སྐྱོང་།  དོ་དམ།  ལྟ་སྐུལ་བཅས་བྱེད་པའི་ལས་ཀའི་འགོ་ཁྲིད་ལ་ཤུགས་ཆེན་སྣོན་དགོས་ལ།  མཁར་གྲོང་གི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་པ་དེ་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོག་གོང་སྤེལ་འཆར་འགོད་ནང་དུ་བཞག་སྟེ།  བདག་གཅེས་དང་སྲུང་སྐྱོང་ཞིག་གསོའི་གྲོན་དངུལ་གཏན་འཁེལ་ལུགས་མཐུན་བྱེད་དགོས་པ་དང་།  དེར་མཁོ་བའི་གྲོན་དངུལ་དེ་རིམ་པ་དེ་གའི་ནོར་སྲིད་སྔོན་རྩིས་ནང་དུ་བཞག་སྟེ་ཆེད་དངུལ་ཆེད་སྤྱོད་བྱེད་དགོས།
       མཁར་གྲོང་གི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་པའི་ཐད་དུ་སྲིད་གཞུང་གིས་མ་དངུལ་གཏོང་བ་གཙོར་བྱེད་ཅིང་སྤྱི་ཚོགས་ཀྱིས་ཀྱང་མ་དངུལ་བཏང་སྟེ་འཛུགས་སྐྲུན་དང་འཁོར་སྐྱོད་ཚོང་གཉེར་དོ་དམ་བཅས་ནང་དུ་ཞུགས་པར་སྐུལ་མ་གཏོང་དགོས།
       དོན་ཚན་དྲུག་པ།  རང་སྐྱོང་ཁུལ་དང་རྫོང་མི་དམངས་སྲིད་གཞུང་གི་མཁར་གྲོང་འཛུགས་སྐྲུན་སྲིད་འཛིན་དོ་དམ་གཙོ་གཉེར་སྡེ་ཁག་གིས་མཁར་གྲོང་གི་རྨང་གཞིའི་སྒྲིག་བཀོད་དོ་དམ་གྱི་ལས་ཀར་གཅིག་གྱུར་འཆར་འགོད་བྱེ་དགོས་པ་དང་།  གཞན་དག་གི་འབྲེལ་ཡོད་སྡེ་ཁག་གིས་རོགས་འདེགས་ མཉམ་རུབ་བྱེད་དགོས།  
       རྫོང་མི་དམངས་སྲིད་གཞུང་གིས་གཏན་འཁེལ་བྱས་པའི་མཁར་གྲོང་གི་རྨང་གཞིའི་སྒྲིག་བཀོད་སྲིད་འཛིན་དོ་དམ་གཙོ་གཉེར་སྡེ་ཁག་(གཤམ་དུ་བསྡུ་མིང་ལ་རྨང་གཞིའི་སྒྲིག་བཀོད་སྲིད་འཛིན་དོ་དམ་གཙོ་གཉེར་སྡེ་ཁག་ ཟེར་རྒྱུ་)གིས་རྫོང་གི་འཆར་འགོད་ས་ཁོངས་ནང་གི་རྨང་གཞིའི་སྒྲིག་བཀོད་འཆར་འགོད་དང་འཛུགས་སྐྲུན།  འཁོར་སྐྱོད་ཚོང་གཉེར།  སྲུང་སྐྱོང་།  དོ་དམ།  དེར་མཛུབ་སྟོན་བཅས་བྱེད་པའི་ལས་འགན་འཁུར་དགོས།
       ཡུལ་ཚོ་དང་གྲོང་རྡལ་མི་དམངས་སྲིད་གཞུང་གིས་རང་གི་ཁོངས་གཏོགས་ས་ཁུལ་ནང་མཁར་གྲོང་གི་རྨང་གཞིའི་སྒྲིག་བཀོད་འཆར་འགོད་དང་འཛུགས་སྐྲུན།  འཁོར་སྐྱོད་ཚོང་གཉེར།  སྲུང་སྐྱོང་།  དོ་དམ།  དེར་མཛུབ་སྟོན་བཅས་བྱེད་པའི་ལས་འགན་འཁུར་དགོས།
       གྲོང་(སྡོད་)དམངས་ཨུ་ཡོན་ལྷན་ཁང་གིས་རང་གི་ཁོངས་གཏོགས་ས་ཁུལ་ནང་མཁར་གྲོང་གི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་།  འཁོར་སྐྱོད་ཚོང་གཉེར།  སྲུང་སྐྱོང་།  དོ་དམ་བཅས་བྱེད་པའི་ལས་འགན་འཁུར་དགོས།
       ཁེ་ལས་དང་མི་སྒེར་གྱིས་མ་དངུལ་བཏང་སྟེ་འཛུགས་སྐྲུན་བྱས་པའི་མཁར་གྲོང་གི་རྨང་གཞིའི་སྒྲིག་བཀོད་དེ་བདག་དབང་ཡོད་པའི་སྡེ་ཚན་གྱིས་དོ་དམ་བྱེད་པའི་ལས་འགན་འཁུར་དགོས།
       གོང་སྤེལ་བསྒྱུར་བཅོས་དང་དཔལ་འབྱོར་ཚོང་དོན་ཆ་འཕྲིན།  སྤྱི་བདེ།  ནོར་སྲིད།  རྒྱལ་ཁམས་ཐོན་ཁུངས།  ཁོར་ཡུག་སྲུང་སྐྱོང་།  འགྲིམ་འགྲུལ་སྐྱེལ་འདྲེན།  ཆུ་དོན།  འཕྲོད་བསྟེན།  བདེ་འཇགས་ལྟ་སྐུལ།   བཟོ་ཚོང་།  གྲོང་ཁྱེར་དོ་དམ།  སྤུས་ཚད་ལྟ་སྐུལ།  གློག་ཤུགས།  འཕྲིན་གཏོང་སོགས་སྡེ་ཁག་གིས་ཁྲིམས་བཀོད་  འགན་འཁུར་དང་རང་འགན་དུ་བབས་པའི་ལས་བགོས་ལྟར།  མཁར་གྲོང་གི་རྨང་གཞིའི་སྒྲིག་བཀོད་དོ་དམ་བྱེད་པའི་འབྲེལ་ཡོད་ལས་འགན་འཁུར་དགོས།
       དོན་ཚན་བདུན་པ།  བཅའ་ཁྲིམས་དང་ཁྲིམས་སྲོལ་ནང་མཁར་གྲོང་གི་རྨང་གཞིའི་སྒྲིག་བཀོད་དོ་དམ་བྱེད་པའི་ཁྲིམས་འཛིན་གཙོ་སྐྱོང་ལས་ཁུངས་གཏན་འཁེལ་བྱས་ཡོད་ན།  འབྲེལ་ཡོད་ལས་ཁུངས་ཀྱིས་ཁྲིམས་འཛིན་ལས་འགན་འཁུར་དགོས།  བཅའ་ཁྲིམས་དང་ཁྲིམས་སྲོལ་ནང་གཏན་འཁེལ་བྱས་མེད་ན།  རྨང་གཞིའི་སྒྲིག་བཀོད་སྲིད་འཛིན་དོ་དམ་གཙོ་གཉེར་སྡེ་ཁག་གིས་འབྲེལ་ཡོད་ཀྱི་ ཁྲིམས་འཛིན་ལས་འགན་འཁུར་དགོས།
       དོན་ཚན་བརྒྱད་པ།  འབྲེལ་ཡོད་གཏན་འཁེལ་ལྟར།  མཁར་གྲོང་གི་རྨང་གཞིའི་སྒྲིག་བཀོད་ངོས་ལ་མཚོན་རྟགས་དང་བྱང་རྗ་མཐོང་གསལ་ཞིག་བཀོད་དེ།  ས་མཚམས་དང་ཕྱོགས་སྟོན།  ཟོན་བརྡ།  ཆ་འཕྲིན་མཚོན་སྟོན་སོགས་གསལ་བོར་སྟོན་དགོས།  
       དོན་ཚན་དགུ་པ།  སྡེ་ཚན་དང་མི་སྒེར་ཚང་མར་ཁྲིམས་ལྟར་མཁར་གྲོང་གི་རྨང་གཞིའི་སྒྲིག་བཀོད་བེད་སྤྱོད་དང་སྲུང་སྐྱོང་བྱེད་པའི་ཁེ་དབང་དང་འོས་འགན་ཡོད་པ་མ་ཟད།  མཁར་གྲོང་གི་རྨང་གཞིའི་སྒྲིག་བཀོད་ལ་གཏོར་བརླག་གཏོང་བའི་བྱ་སྤྱོད་ཐེར་འདོན་གོང་ཞུ་དང་དེར་བཀག་འགོག་བྱེད་པའི་དབང་ཆའང་ཡོད།
  མཁར་གྲོང་གི་རྨང་གཞིའི་སྒྲིག་བཀོད་དོ་དམ་ལས་སྒྲུབ་ཐད་དུ་བྱས་རྗེས་ མངོན་གསལ་བཞག་པའི་སྡེ་ཚན་དང་མི་སྒེར་ལ་རང་སྐྱོང་ཁུལ་དང་རྫོང་མི་དམངས་སྲིད་གཞུང་གིས་གཟེངས་བསྟོད་དང་བྱ་དགའ་སྟེར་དགོས།
ལེའུ་གཉིས་པ།  འཆར་འགོད་དང་འཛུགས་སྐྲུན་བྱེད་པའི་སྐོར།
       དོན་ཚན་བཅུ་པ།  རང་སྐྱོང་ཁུལ་དང་རྫོང་མི་དམངས་སྲིད་གཞུང་གི་རྨང་གཞིའི་སྒྲིག་བཀོད་སྲིད་འཛིན་དོ་དམ་གཙོ་གཉེར་སྡེ་ཁག་གིས་དཔལ་འབྱོར་དང་སྤྱི་ཚོགས་གོང་སྤེལ་གྱི་དགོས་མཁོ་དང་མཁར་གྲོང་འཛུགས་སྐྲུན་གྱི་དགོས་མཁོ་གཞིར་བཟུང་ནས།  འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་མཁར་གྲོང་གི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གྱི་ཆེད་དོན་འཆར་འགོད་བཟོ་འགོད་བྱས་ནས།    རིམ་པ་དེ་གའི་མི་དམངས་སྲིད་གཞུང་ལ་ཕུལ་ནས་ཆོག་མཆན་བཀོད་ཕྱིན་ལག་ལེན་རྩ་འཛུགས་བྱེད་ཅིང་།  དུས་མཉམ་དུ་གོང་རིམ་རྨང་གཞིའི་སྒྲིག་བཀོད་སྲིད་འཛིན་དོ་དམ་གཙོ་གཉེར་སྡེ་ཁག་ལ་སྙན་སེང་ཐོ་འགོད་བྱེད་རྒྱུར་འརྗལ་དགོས།
       མཁར་གྲོང་གི་རྨང་གཞིའི་སྒྲིག་བཀོད་སྐོར་གྱི་ཆེད་དོན་འཆར་འགོད་དེ་ ཁུལ་(རྫོང་)ཁོངས་ཀྱི་མཁར་གྲོང་མ་ལག་འཆར་འགོད་དང་མཁར་གྲོང་འཆར་འགོད་ལ་མཐུན་པ་བྱེད་དགོས་པ་དང་།  མཁར་གྲོང་གི་རྨང་གཞིའི་སྒྲིག་བཀོད་ཀྱི་ ཆེད་དོན་འཆར་འགོད་སྣ་ཚོགས་ཕན་ཚུན་མཐུད་འབྲེལ་བྱེད་དགོས།  
       མཁར་གྲོང་གི་རྨང་གཞིའི་སྒྲིག་བཀོད་སྐོར་གྱི་ཆེད་དོན་འཆར་འགོད་ལ་ཆོག་མཆན་བཀོད་དེ་ཡོངས་བསྒྲགས་བཏང་ཕྱིན།  འགྱུར་བཅོས་བྱེད་མི་ཆོག  དཔལ་འབྱོར་དང་སྤྱི་ཚོགས་གོང་སྤེལ་གཏོང་བའི་དགོས་མཁོར་བསྟུན་ནས་ངེས་པར་དུ་འགྱུར་བཅོས་བྱེད་དགོས་ན།   སྔོན་གྱི་ཆོག་མཆན་གོ་རིམ་ལྟར་ཞིབ་བཤེར་ཆོག་མཆན་འགོད་རྒྱུར་ཡར་ཞུ་འརྗལ་དགོས།
       དོན་ཚན་བཅུ་གཅིག་པ།  གཤམ་གསལ་གྱི་གནས་ཚུལ་རིགས་གཅིག་ཡོད་ན།  རྨང་གཞིའི་སྒྲིག་བཀོད་སྲིད་འཛིན་དོ་དམ་གཙོ་གཉེར་སྡེ་ཁག་གིས་འཆར་འགོད་བཟོ་འགོད་ལས་ཁུངས་རྩ་འཛུགས་བྱས་ནས་རིགས་པས་ཁུངས་སྐྱེལ་བྱེད་དགོས་ལ།  སྔོན་གྱི་ཞིབ་མཆན་ལས་ཁུངས་ཀྱིས་ཡིད་མཐུན་བྱུང་བ་བརྒྱུད།  ཁྲིམས་བཀོད་གོ་རིམ་ལྟར་བཟོ་བཅོས་བྱེད་དགོས་པ་སྟེ།
       (གཅིག) མཁར་གྲོང་གི་འཆར་འགོད་ལེགས་སྒྲིག་ཆེན་པོ་བྱེད་དགོས་པ་དང་།
       (གཉིས) ས་འགུལ་དང་ས་གཤིས་གནོད་འཚེ་ཚབས་ཆེན་བྱུང་བའི་དབང་གིས་མཁར་གྲོང་གི་རྨང་གཞིའི་སྒྲིག་བཀོད་ལ་གཏོར་བརླག་ཚབས་ཆེན་ཐེབས་པ།  
       (གསུམ) གནས་ཚུལ་གཞན་དག་རྐྱེན་གྱིས་དཔྱད་དཔོག་བྱས་པ་བརྒྱུད་འཆར་འགོད་བཟོ་བཅོས་དངོས་ནས་བྱེད་དགོས་པ།
       དོན་ཚན་བཅུ་གཉིས་པ།  མཁར་གྲོང་གི་འཆར་འགོད་དང་མཁར་གྲོང་གི་རྨང་གཞིའི་སྒྲིག་བཀོད་ཀྱི་ཆེད་དོན་འཆར་འགོད་ལས་གཏན་འཁེལ་བྱས་པའི་མཁར་གྲོང་གི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དུ་སྤྱོད་པའི་ས་ཞིང་གི་སྤྱོད་སྒོ་དེ་རང་བསམ་གྱིས་གཞན་དུ་བསྒྱུར་མི་ཆོག
       དོན་ཚན་བཅུ་གསུམ་པ།  མཁར་གྲོང་གི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དེ་རྒྱལ་ཁབ་ཀྱིས་གཏན་ལ་ཕབ་པའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གྱི་གོ་རིམ་ལྟར་འབྲེལ་ཡོད་ཀྱི་ལག་འཁྱེར་འགྲུབ་དགོས།
       དོན་ཚན་བཅུ་བཞི་པ།  མཁར་གྲོང་གི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དེ་"སྔོན་ལ་ས་འོག་དང་རྗེས་སུ་ས་སྟེང"གི་རྩ་དོན་ལྟར།  ས་འོག་ཏུ་སྦུག་མདོང་དང་གློག་སྐུད་སྣ་ཚོགས་སྔོན་ཚུད་ནས་བཀོད་འཇོག་བྱེད་དགོས།  གྲོང་ཁྱེར་གྱི་གཞིས་ཁུལ་གསར་བ་གསར་སྐྲུན་དང་གཞིས་ཁུལ་ཪྙིང་བ་བཅོས་སྐྲུན་བྱེད་པའི་སྐབས་སུ།  རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གྱི་རྣམ་གྲངས་དེ་གསར་སྐྲུན་དང་ལེགས་སྐྲུན་གྱི་འཆར་གཞིའི་ནང་དུ་བཞག་སྟེ།  སྦུག་མདོང་དང་གློག་སྐུད་སྣ་ཚོགས་སྤོར་བ་དང་བཀོད་འཇོག་བྱེད་པ་དེ་བགྲོད་ལམ་   ལེགས་སྐྲུན་དང་མཉམ་དུ་ལག་ལེན་བྱེད་དགོས།
       དོན་ཚན་བཅོ་ལྔ་པ།  འཛུགས་སྐྲུན་ལས་གྲྭ་གསར་སྐྲུན་དང་ལེགས་སྐྲུན་རྒྱས་སྐྲུན་བཅས་བྱེད་དགོས་ན།  འཛུགས་སྐྲུན་སྡེ་ཚན་གྱིས་མཁར་གྲོང་གི་འཆར་འགོད་དང་མཁར་གྲོང་གི་རྨང་གཞིའི་སྒྲིག་བཀོད་ཀྱི་ཆེད་དོན་འཆར་འགོད་གཞིར་བཟུང་ནས་གཏན་འཁེལ་བྱས་པའི་རྨང་གཞིའི་སྒྲིག་བཀོད་ཀྱི་རྣམ་གྲངས་དག་མཉམ་སྡེབ་འཛུགས་སྐྲུན་བྱེད་དགོས་པ་མ་ཟད།  འཛུགས་སྐྲུན་རྣམ་གྲངས་དང་མཉམ་དུ་འཆར་གཞི་བཟོ་འགོད་དང་།  མཉམ་དུ་ལས་སྐྲུན།  མཉམ་དུ་རྩིས་ལེན་བཅས་བྱེད་དགོས། 
       དོན་ཚན་བཅུ་དྲུག་པ།  ལས་གྲྭ་སྐྲུན་པ་མཇུག་སྒྲིལ་ཞིང་རྩིས་ལེན་བྱས་ནས་ཚད་ལོངས་པའི་མཁར་གྲོང་གི་རྨང་གཞིའི་སྒྲིག་བཀོད་དེའི་དཔྱད་གཞིའི་ཡིག་རིགས་རྣམས།  འཛུགས་སྐྲུན་སྡེ་ཚན་གྱིས་ཆ་ཚང་བར་འདོན་སྤྲོད་དང་རྩིས་སྤྲོད་གཏོང་བའི་འགྲོ་ལུགས་འགྲུབ་དགོས།
ལེའུ་གསུམ་པ།  འཁོར་སྐྱོད་དང་སྲུང་སྐྱོང་བྱེད་པའི་སྐོར།
       དོན་ཚན་བཅུ་བདུན་པ།  རང་སྐྱོང་ཁུལ་དང་རྫོང་མི་དམངས་སྲིད་གཞུང་གི་རྨང་གཞིའི་སྒྲིག་བཀོད་སྲིད་འཛིན་དོ་དམ་གཙོ་གཉེར་སྡེ་ཁག་གིས་དུས་ཐོག་ཏུ་གསལ་འདོན་དང་ཡང་ན་སུས་འཇོན་དེ་འགུག  མངག་བཅོལ་ལ་སོགས་པའི་བྱེད་སྟངས་སྤྱད་དེ།  མཁར་གྲོང་གི་རྨང་གཞིའི་སྒྲིག་བཀོད་འཁོར་སྤྱོད་ཚོང་གཉེར་དང་སྲུང་སྐྱོང་གི་ཆ་རྐྱེན་འཛོམས་པའི་སྡེ་ཚན་གཏན་འཁེལ་བྱེད་ཅིང་ཕྱོགས་གཉིས་ཀའི་ཁེ་ཕན་དང་འོས་འགན་ཡང་གཏན་འཁེལ་གསལ་བོར་བྱེད་དགོས།  བདག་གཉེར་གྱི་གན་རྒྱ་དང་འཁོར་སྐྱོད་ཚོང་གཉེར་གྱི་གན་རྒྱ་དེ་འཁོར་སྐྱོད་ཚོང་གཉེར་གྱི་ཞབས་ཞུའི་གྲོན་དངུལ་དང་འབྲེལ་འདུག་པ་ཡིན་ན།  རིན་གོང་དོ་དམ་གཙོ་གཉེར་སྡེ་ཁག་གི་བསམ་འཆར་བསྡུ་ལེན་བྱེད་དགོས།
       དོན་ཚན་བཅོ་བརྒྱད་པ།  ཡུལ་ཚོ་དང་གྲོང་རྡལ་མི་དམངས་སྲིད་གཞུང་གིས་གྲོང་(སྡོད་)དམངས་ཨུ་ཡོན་ལྷན་ཁང་ལ་མཛུབ་སྟོན་བྱས་ནས་མཁར་གྲོང་གི་རྨང་གཞིའི་སྒྲིག་བཀོད་དོ་དམ་ལམ་ལུགས་འཛུགས་དགོས་པ་དང་།  ཆེད་མི་དམིགས་འཛུགས་བྱས་ནས་ཁོངས་གཏོགས་ས་ཁུལ་ནང་གི་མཁར་གྲོང་གི་རྨང་གཞིའི་སྒྲིག་བཀོད་དོ་དམ་གྱི་ལས་འགན་འཁུར་འཇུག་དགོས།  གྲོང་(སྡོད་)དམངས་ཨུ་ཡོན་ལྷན་ཁང་གིས་"སུ་ལ་ཁེ་ཕན་ཐོབ་ན་དེས་འགན་འཁུར་བ་དང་དོ་དམ་བྱེད་དགོས་པའི་"རྩ་དོན་རྒྱུན་འཁྱོངས་བྱས་ཏེ།  གྲོང་སྲོལ་དམངས་ཆིངས་གཏན་འཁེལ་དང་མཁར་གྲོང་གི་རྨང་གཞིའི་སྒྲིག་བཀོད་དོ་དམ་དང་འཁོར་སྐྱོད།  སྲུང་སྐྱོང་བཅས་བྱེད་པའི་ནང་རྐྱེན་གསར་འཛུགས་བྱེད་དགོས།
       ཁེ་ལས་དང་མི་སྒེར་གྱིས་མ་དངུལ་བཏང་སྟེ་འཛུགས་སྐྲུན་བྱས་པའི་མཁར་གྲོང་གི་རྨང་གཞིའི་སྒྲིག་བཀོད་དེ།  བདག་དབང་ཡོད་པའི་སྡེ་ཚན་གྱིས་འཁོར་སྤྱོད་ཚོང་གཉེར་དང་སྲུང་སྐྱོང་བྱེད་འགན་འཁུར་དགོས།   དམིགས་བསལ་གྱི་ཆོག་འཐུས་བཀོད་པ་བརྒྱུད་དེ་བདག་གཉེར་བྱེད་པའི་མཁར་གྲོང་གི་རྨང་གཞིའི་སྒྲིག་བཀོད་དེ།  འཁོར་སྐྱོད་ཚོང་གཉེར་བྱེད་པའི་སྡེ་ཚན་གྱིས་དམིགས་བསལ་ཆོག་འཐུས་བཀོད་པ་བརྒྱུད་བདག་གཉེར་བྱེད་པའི་གན་རྒྱ་དང་འབྲེལ་ཡོད་གཏན་འབེབས་ལྟར་འཁོར་སྐྱོད་ཚོང་གཉེར་དང་སྲུང་སྐྱོང་བྱེད་འགན་འཁུར་དགོས།
       དམིགས་བསལ་གྱི་ཆོག་འཐུས་བཀོད་པ་ཐོབ་ཟིན་པའི་ཁེ་ལས་ཀྱིས་ཁུལ་དང་རྫོང་མི་དམངས་སྲིད་གཞུང་ནས་ཆོག་མཆན་མ་ཐོབ་སྔོན་རང་བསམ་གྱིས་ལས་ཀ་སྤེལ་མཚམས་འཇོག་པ་དང་འཁོར་སྐྱོད་ཚོང་གཉེར་གྱི་ཞབས་ཞུ་གྲོན་དངུལ་འཕར་ཆག་གཏོང་མི་ཆོག
       དོན་ཚན་བཅུ་དགུ་པ།  རྨང་གཞིའི་སྒྲིག་བཀོད་སྲིད་འཛིན་དོ་དམ་གཙོ་གཉེར་སྡེ་ཁག་གིས་ཁྲིམས་ལྟར་བགྲོད་ལམ་དོ་དམ་དང་བགྲོད་ལམ་རྐོ་འདོན།  ཆུ་འདོན་སྒྲིག་ཆས།  གད་སྙིགས་བསྡུ་སྐྱེལ་སྒྲིག་ཆས་སོགས་རྨང་གཞིའི་སྒྲིག་བཀོད་རིན་དོད་ཡོད་པའི་སྒོ་ནས་བེད་སྤྱད་པར་གྲོན་དངུལ་བསྡུ་ལེན་བྱས་པ་དེ།  མཁར་གྲོང་གི་རྨང་གཞིའི་སྒྲིག་བཀོད་གསར་དུ་བརྗེ་བ་དང་སྲུང་སྐྱོང་།  དོ་དམ་བཅས་ཐད་ལ་ཆེད་དངུལ་ཆེད་སྤྱོད་བྱ་དགོས། 
       དོན་ཚན་ཉི་ཤུ་པ།  མཁར་གྲོང་གི་རྨང་གཞིའི་སྒྲིག་བཀོད་འཁོར་སྐྱོད་ཚོང་གཉེར་དང་སྲུང་སྐྱོང་གི་ལས་ཀ་དེ་འབྲེལ་ཡོད་ཀྱི་ལག་རྩལ་ཚད་གཞི་དང་ལག་རྩལ་ཚད་ལྡན་ནམ་གཏན་འཁེལ་ལྟར་བསྒྲུབ་དགོས།
       རྨང་གཞིའི་སྒྲིག་བཀོད་སྲིད་འཛིན་དོ་དམ་གཙོ་གཉེར་སྡེ་ཁག་དང་ཡུལ་ཚོ་དང་གྲོང་རྡལ་མི་དམངས་སྲིད་གཞུང་།  གྲོང་(སྡོད་)དམངས་ཨུ་ཡོན་ལྷན་ཁང་།  བདག་དབང་ཡོད་པའི་སྡེ་ཚན་བཅས་ཀྱིས་དུས་རྒྱུན་གྱི་སྐོར་ཞིབ་ལ་ཤུགས་ཆེན་སྣོན་ཞིང་དུས་བཅད་དང་ཡང་ན་དུས་བཅད་མིན་པའི་སྒོ་ནས་མཁར་གྲོང་གི་རྨང་གཞིའི་སྒྲིག་བཀོད་ལ་ཞིབ་བཤེར་ཚད་ལེན་དང་སྲུང་སྐྱོང་བྱེད་དགོས།
       དོན་ཚན་ཉེར་གཅིག་པ།  མཁར་གྲོང་གི་རྨང་གཞིའི་སྒྲིག་བཀོད་ཀྱི་རྣམ་གྲངས་སྐྲུན་པ་དང་སྲུང་སྐྱོང་བྱེད་པའི་རྐྱེན་གྱིས་སྡོད་དམངས་ཀྱི་རྒྱུན་ལྡན་ཐོན་སྐྱེད་དང་འཚོ་བར་གནོད་རྐྱེན་བཏང་ན།  མཁོ་བསྟུན་གྱི་ཐབས་ཤེས་སྤྱོད་རྒྱུ་དང་སྔོན་ཚུད་ནས་སྤྱི་བསྒྲགས་སྤེལ་དགོས།  རྩ་འཛུགས་ལག་ལེན་བྱེད་པའི་སྐབས་སུ།  གནས་ཡུལ་དུ་མཚོན་རྟགས་དང་བརྡ་ཐོའི་བྱང་འགེལ་དང་བདེ་ འཇགས་ཉེན་ཟོན་སྒྲིག་ཆས་བཀོད་འཇོག་བྱེད་དགོས།  
       དོན་ཚན་ཉེར་གཉིས་པ།  འབྲེལ་ཡོད་སྡེ་ཚན་དང་མི་སྒེར་གྱིས་མཁར་གྲོང་གི་རྨང་གཞིའི་སྒྲིག་བཀོད་ཀྱི་ཆག་སྐྱོན་མྱུར་སེལ་ལ་མཉམ་འདེགས་ལས་རོགས་བྱེད་དགོས་པ་ལས།  ཆག་སྐྱོན་མྱུར་སེལ་གྱི་ལས་གྲྭ་སྤེལ་བར་བཀག་ འགོག་གཏོང་མི་ཆོག
ལེའུ་བཞི་བ།  ལྟ་སྐུལ་དང་དོ་དམ་བྱེད་པའི་སྐོར།
       དོན་ཚན་ཉེར་གསུམ་པ།  མཁར་གྲོང་གི་རྨང་གཞིའི་སྒྲིག་བཀོད་དོ་དམ་བྱེད་པར་སྲིད་འཛིན་ལྟ་སྐུལ་དང་སྤྱི་ཚོགས་ལྟ་སྐུལ་གཉིས་ཀ་ཟུང་འབྲེལ་གྱི་བྱེད་སྟངས་སྤྱོད་རྒྱུ་དང་།  ཆ་འཕྲིན་ཡོངས་བསྒྲགས་དང་མང་ཚོགས་ཞུགས་པའི་ལམ་ལུགས་གསར་འཛུགས་དང་འཐུས་ཚང་བཏང་སྟེ།  མང་ཚོགས་ཀྱི་བསམ་འཆར་ཉན་ལེན་དང་བརྩི་བཀུར་བྱེད་ཅིང་མང་ཚོགས་ཀྱི་ལྟ་སྐུལ་དང་གླེང་ཕྱོགས་ཀྱི་ལྟ་སྐུལ་དང་ལེན་བྱེད་དགོས། 
       དོན་ཚན་ཉེར་བཞི་པ།  རྨང་གཞིའི་སྒྲིག་བཀོད་སྲིད་འཛིན་དོ་དམ་གཙོ་གཉེར་སྡེ་ཁག་གིས་ལྟ་སྐུལ་དང་ཞིབ་བཤེར་བྱེད་པའི་སྐབས་སུ།  གནས་ཡུལ་དངོས་སུ་སོང་ནས་ཞིབ་བཤེར་བྱེད་ཆོག་ལ།  ཞིབ་བཤེར་བྱ་ཡུལ་སྡེ་ཚན་དང་མི་སྒེར་གྱིས་རམ་འདེགས་བྱེད་དགོས།
       ས་བཅད་དང་པོ།  མཁར་གྲོང་གི་བགྲོད་ལམ་དང་ཟམ་དང་ཆུ་སྦུག་སྒྲིག་བཀོད་དོ་དམ་བྱེད་པའི་སྐོར།
       དོན་ཚན་ཉེར་ལྔ་པ།  བགྲོད་ལམ་དང་ཟམ་དང་ཆུ་སྦུག་ལ་ཆག་སྐྱོན་བཟོ་བའི་གཤམ་གསལ་བྱ་སྤྱོད་ལ་བཀག་འགོག་གཏོང་དགོས་པ་སྟེ།  
       (གཅིག) བགྲོད་ལམ་དང་ཟམ་དང་ཆུ་སྦུག་བཟུང་སྤྱོད་དང་ཆག་ བརླག  བཤིག་པ།  སྤོར་བ།  རྐོ་འདོན་བཅས་བྱེད་པ་དང་།  
       (གཉིས) ལྕགས་ཐག་འཁོར་ལོ་དང་ལྕགས་ཀྱི་འཁོར་ལོའི་རིགས་དང་ཡང་ན་ལྗིད་ཚད་མཐོ་ཚད་རིང་ཚད་བཅས་ཀྱི་ཚད་ལས་བརྒལ་བའི་འཁོར་ལོའི་སྟེང་དོས་ལྗིད་བཀལ་ཏེ་རང་བསམ་ཀྱིས་བགྲོད་ལམ་དང་ཟམ་དང་ཆུ་སྦུག་བཅས་སྟེང་ནས་སྐོར་འགྲོ་བ།
       (གསུམ) འཕྲུལ་སྒུལ་འཁོར་ལོ་དེ་ཟམ་དང་ཆུ་སྦུག་དང་ཡང་ན་གཏན་འཁེལ་བྱས་མེད་པའི་མཁར་གྲོང་གི་བགྲོད་ལམ་སྟེང་འཁོར་བཀག་ཚོད་ལྟ་བྱེད་པ། 
       (བཞི) བགྲོད་ལམ་དང་ཟམ་དང་ཆུ་སྦུག་སྟེང་དུ་ཚོང་བཤམས་པ་དང་སྤྱིལ་ཁང་འགེབ་པ།  བགྲོད་ལམ་བཟུང་སྤྱོད་བྱས་ནས་ལས་སྐྲུན་པ།    མཚོན་རྟགས་དང་ཡིག་བྱང་འཛུགས་པ།    སྐུད་པ་འཐེན་ཞིང་དབྱུགས་པ་འཛུགས་པ།  འཁོར་ལོ་འཇོག་པ།  
       (ལྔ) བགྲོད་ལམ་དང་ཟམ་དང་ཆུ་སྦུག་སྟེང་དུ་རྩིག་བཟོ་དངོས་པོ་དང་བཟོ་བཀོད་དངོས་པོ་བཟོ་སྐྲུན་བྱེད་པ།  
       (དྲུག) ཟམ་དང་ཆུ་སྦུག་གི་སྒྲིག་བཀོད་སྤྱད་དེ་འདྲུད་འཐེན་དང་དཔྱང་འདེགས་ལྷུ་སྒྲིག་འདོན་འཇུག་སོགས་ཀྱི་ལས་ཀ་སྤེལ་བ།
       (བདུན) བགྲོད་ལམ་དང་ཟམ་དང་ཆུ་སྦུག་སྲུང་སྐྱོང་ཁྱབ་ཁོངས་ནང་ནས་ས་དང་བྱེ་མ་ལེན་པ་དང་། གས་གཏོར་གཏོང་བ།  རྡོ་རྐོ་བ།  ཁྲོན་པ་ཕུད་པ། གད་སྙིགས་འདོར་བ།  འབར་གས་སླ་བའི་དངོས་པོ་སྤུངས་འཇོག་བྱེད་པ།
       (བརྒྱད) བགྲོད་ལམ་དང་ཟམ་དང་ཆུ་སྦུག་བཅས་ཀྱི་འབྲལ་བྱེད་ལན་ཀ་དང་མེ་ཏོག་ཛཱངས་ཆ་སྲུང་སྤྱད་ལན་ཀ  ལམ་རྟགས་མཚོན་བྱང་སོགས་ཀྱི་སྒྲིག་བཀོད་ཆག་གྲུམ་དུ་གཏོང་བ།  
       (དགུ) བགྲོད་ལམ་དང་ཟམ་དང་ཆུ་སྦུག་སྟེང་དུ་འཁོར་ལོ་བཀྲུ་བ་དང་།  དངོས་པོ་རྩག་རྩིག་བསྲེག་པ།  ཆུ་སྙིགས་གཤོ་བ།  ལོ་ཏོག་ཉི་མར་འདིང་བ་དང་བགྲུས་རྡུང་བྱེད་པ།  
       (བཅུ) བགྲོད་ལམ་དང་ཟམ་དང་ཆུ་སྦུག་ལ་གནོད་སྐྱོན་གཏོང་བའི་བྱ་སྤྱོད་གཞན་དག་སྤེལ་བ། 
       དོན་ཚན་ཉེར་དྲུག་པ།  ས་འོག་གི་གློག་སྐུད་སྦུ་གུ་དང་ཆུ་འརྗད་སྦུ་གུ་ གསར་སྐྲུན་དང་བཅོས་སྐྲུན་རྒྱས་སྐྲུན་བཅས་བྱེད་དགོས་སྟབས།  བགྲོད་ལམ་དང་ཟམ་དང་ཆུ་སྦུག་བཅས་རྐོ་དགོས་ན།  ལོ་རེ་བཞིན་གྱི་ཟླ་བཅུ་གཅིག་པའི་སྔོན་དུ་ལོ་རྗེས་མའི་རྐོ་འདོན་འཆར་གཞི་དེ་རྨང་གཞིའི་སྒྲིག་བཀོད་སྲིད་འཛིན་དོ་དམ་གཙོ་གཉེར་སྡེ་ཁག་ལ་ཡར་ཞུ་འརྗལ་དགོས་ལ།  རྨང་གཞིའི་སྒྲིག་བཀོད་སྲིད་འཛིན་དོ་དམ་གཙོ་གཉེར་སྡེ་ཁག་གིས་བགྲོད་ལམ་སྒྲིག་བཀོད་བདག་གཅེས་ཉམས་གསོ་དང་སྲུང་སྐྱོང་བྱེད་ཚུལ་དུ་བསྟུན་ནས་ལོ་འཁོར་གྱི་རྐོ་འདོན་འཆར་གཞི་གཏན་འབེབས་བྱེད་དགོས།
       དམིགས་བསལ་གྱི་གནས་ཚུལ་ཡོད་པའི་དབང་གིས་བགྲོད་ལམ་དང་ཟམ་དང་ཆུ་སྦུག་གནས་སྐབས་སུ་བཟུང་སྤྱོད་དང་རྐོ་འདོན་བྱེད་དགོས་ན།  རྨང་གཞིའི་སྒྲིག་བཀོད་སྲིད་འཛིན་དོ་དམ་གཙོ་གཉེར་སྡེ་ཁག་གིས་ཆོག་མཆན་བཀོད་པ་བརྒྱུད་དགོས་པ་དང་།  ཆོག་མཆན་བཀོད་པའི་ནང་དོན་ལྟར་ལག་ལེན་ནན་པོར་བསྟར་དགོས།
       དོན་ཚན་ཉེར་བདུན་པ།  ཆོག་མཆན་གནང་བ་ཐོབ་རྗེས་བགྲོད་ལམ་དང་ཟམ་དང་ཆུ་སྦུག་གནས་སྐབས་སུ་བཟུང་སྤྱོད་བྱེད་དགོས་ན།  བགྲོད་ལམ་དང་ཟམ་དང་ཆུ་སྦུག་ཆག་གྲུབ་ཏུ་གཏོང་མི་ཆོག་པ་དང་།  བཟུང་སྐྱོད་བྱེད་པའི་ངོ་བོ་འགྱུར་བ་དང་བེད་སྤྱོད་ཁྱབ་ཁོངས་རྒྱ་སྐྱེད།  བེད་སྤྱོད་དུས་ཚོད་ཕྱིར་འགྱངས་བཅས་གཏོང་མི་མི་ཆོག   བཟུང་སྤྱོད་བྱེད་ས་སྤོ་བ་དང་རྒྱ་སྐྱེད།   བེད་སྤྱོད་དུས་ཚོད་ཕྱིར་འགྱངས་བཅས་གཏོང་དགོས་ན།  སྔོན་ཚུད་ནས་བཟུང་སྤྱོད་ སྒྱུར་དགོས་པའི་ཞིབ་མཆན་འགྲོ་ལུགས་བསྒྲུབ་དགོས།
       བཟུང་སྤྱོད་བྱེད་པའི་དུས་ཐིམ་ཚེ།  དུས་ཐོག་ཏུ་བཟུང་སྤྱོད་བྱེད་ས་གཙང་སེལ་བྱས་ནས་བགྲོད་ལམ་དང་ཟམ་དང་ཆུ་སྦུག་སྔོན་ལྟར་སླར་གསོ་བྱེད་དགོས།  བཟུང་སྤྱོད་བྱེད་པའི་དུས་ཐིམ་པའམ་ཡང་ན་བཟུང་སྤྱོད་བྱེད་པའི་ དུས་ཡུན་ནང་དུ་མཁར་གྲོང་འཛུགས་སྐྲུན་བྱེད་པར་བཟུང་སྤྱོད་བྱས་པའི་ས་དེ་བེད་སྤྱོད་བྱེད་དགོས་ན།  བཟུང་སྤྱོད་བྱེད་པའི་སྡེ་ཚན་ནམ་ཡང་ན་མི་སྒེར་གྱིས་དུས་ཐོག་ཏུ་བཟུང་སྤྱོད་བྱས་པའི་བགྲོད་ལམ་དང་ཟམ་དང་ཆུ་སྦུག་ཐོག་གི་སྒྲིག་བཀོད་སྣ་ཚོགས་དང་དངོས་པོ་སོགས་བཤིག་ནས་གཙང་སེལ་གཏོང་  དགོས།  གལ་ཏེ་ཆག་གྲུམ་དུ་བཏང་ཡོད་ན།  ཞིག་གསོ་དང་ཡང་ན་ཁྲིམས་ལྟར་སྐྱིན་དངུལ་འཇལ་དགོས། 
       དོན་ཚན་ཉེར་བརྒྱད་པ།  བགྲོད་ལམ་དང་ཟམ་དང་ཆུ་སྦུག་གམ་ཡང་ན་སྲུང་སྐྱོང་ཁྱབ་ཁོངས་ནང་དུ་གློག་སྐུད་སྦུ་གུ་དང་ཆུ་འརྗད་སྦུ་གུ་བཀོད་སྒྲིག་དང་བརྡ་ཁྱབ་བྱང་རྗ་བཀོད་འཛུགས།  རྩིག་བཟོ་དངོས་པོ་དང་བཟོ་བཀོད་ དངོས་པོ་བཟོ་སྐྲུན་བཅས་བྱེད་དགོས་ན།  རྨང་གཞིའི་སྒྲིག་བཀོད་སྲིད་འཛིན་དོ་དམ་གཙོ་གཉེར་སྡེ་ཁག་གིས་ཆོག་མཆན་བཀོད་པ་བརྒྱུད་དགོས།    སྒྲིག་བཀོད་ཆག་གྲུམ་དུ་བཏང་ན།   སླར་གསོ་བྱེད་དགོས་པ་དང་ཡང་ན་ཁྲིམས་ལྟར་སྐྱིན་ཚབ་སྤྲོད་དགོས། 
       དོན་ཚན་ཉེར་དགུ་པ།  ཆུ་གཏོང་འརྗད་དང་ཆུ་མཁོ་འདོན།  འབར་རླངས་དང་དྲོད་ནུས་གཅིག་སྡུད་མཁོ་འདོན།  གློག་ཤུགས་དང་འཕྲིན་གཏོང་།  རྒྱང་བསྒྲགས་བཪྙན་འཕྲིན་སོགས་ཀྱི་སྒྲིག་བཀོད་འཁོར་སྐྱོད་ཚོང་གཉེར་བཅས་བྱེད་པའི་སྡེ་ཚན་གྱིས་སྒྲིག་བཀོད་འཕྲལ་མྱུར་ཞིག་གསོ་བྱེད་དགོས་པའི་དབང་གིས་བགྲོད་ལམ་དང་ཟམ་དང་ཆུ་སྦུག་རྐོ་དགོས་ནའང་ཞིབ་མཆན་འགོད་པའི་འགྲོ་ལུགས་གྲུབ་མེད་ན།  རྗེས་སུ་དུས་ཐོག་ཏུ་འགྲོ་ལུགས་གསབ་འགྲུབ་བྱེད་དགོས།
       ས་བཅད་གཉིས་པ།  མཁར་གྲོང་གི་ཆུ་འརྗད་དང་ཆུ་ལོག་འགོག་ཟོན་སྒྲིག་བཀོད་དོ་དམ་བྱེད་པའི་སྐོར།
       དོན་ཚན་སུམ་ཅུ་པ།  ཆུ་གཏོང་འརྗད་དང་ཆུ་ལོག་འགོག་ཟོན་གྱི་སྒྲིག་བཀོད་ལ་གནོད་སྐྱོན་བཟོ་བའི་གཤམ་གསལ་བྱ་སྤྱོད་ལ་བཀག་འགོག་གཏོང་དགོས་པ་སྟེ།
       (གཅིག) དུག་ཡོད་པ་དང་གནོད་ཡོད་པ།  འབར་སླ་གས་སླ་དང་རུལ་བསླད་རང་བཞིན་ལྡན་པ་སོགས་ཀྱི་དངོས་པོ་གཏོང་འརྗད་དང་།
       (གཉིས) གད་སྙིགས་དང་ས་སྙིགས།  འདམ་ཞོ།  བྱེ་འདམ།  ཨར་འདམ་བཤིག་མ་སོགས་འཚང་འགག་སླ་བའི་དངོས་པོ་གཤོ་བ།  
       (གསུམ) ཆུ་གཏོང་འརྗད་དང་ཆུ་ལོག་འགོག་ཟོན་གྱི་སྒྲིག་བཀོད་དང་དེ་མིན་སྲུང་སྐྱོང་ཁྱབ་ཁོངས་ནང་ནས་ས་ལེན་པ་དང་བྱེ་མ་རྐོ་བ།    ཆུ་རགས་བཤིག་པ།  དོང་ཁ་སྐོང་བ།  དངོས་པོ་སྤུངས་པ།  སྦོལ་འདེབས་པ།  ཁྲོན་པ་རྐོ་བ།  རྩིག་བཟོས་དངོས་པོ་དང་བཟོ་བཀོད་དངོས་པོ་བཟོ་སྐྲུན་བྱེད་པ།
       (བཞི) རང་བསམ་གྱིས་ཆུ་གཏོང་འརྗད་སྦུ་གུ་དང་གློག་སྐུད་སྦུ་གུ་ མཐུད་རྦུར་དང་བཅོས་སྐྲུན་བྱེད་པ། 
       (ལྔ) ཆུ་གཏོང་འརྗད་དང་ཆུ་ལོག་འགོག་ཟོན་བྱེད་པའི་སྒྲིག་བཀོད་རྐུ་འཁྱེར་དང་གཏོར་བརླག  དེར་ཁུང་རྗ་འབིགས་པ་བཅས་དང་རང་བསམ་གྱིས་དེ་ལྷུ་བཤིག་དང་སྤོ་བ།  འགེབ་སྤྱོད་བཅས་བྱེད་པ།  
       (དྲུག) ཆུ་གཏོང་འརྗད་དང་ཆུ་ལོག་འགོག་ཟོན་བྱེད་པའི་སྒྲིག་བཀོད་ལ་གནོད་སྐྱོན་བཟོ་བའི་བྱ་སྤྱོད་གཞན་དག་སྤེལ་བ།
       དོན་ཚན་སོ་གཅིག་པ།  ཆུ་གཏོང་འརྗད་སྒྲིག་བཀོད་ཀྱིས་ཁེབས་པའི་ཁྱབ་ཁོངས་ནང་གི་ཆུ་གཏོང་འརྗད་སྡེ་ཚན་དང་མི་སྒེར་གྱིས་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་ཆུ་སྙིགས་ཚང་མ་ཆུ་གཏོང་འརྗད་སྒྲིག་བཀོད་ནང་དུ་ཕུད་ དགོས།  ཚད་གཞི་ལས་བརྒལ་བའི་ངང་ཆུ་སྙིགས་ཕུད་དེ་ཆུ་གཏོང་འརྗད་སྒྲིག་ བཀོད་ལ་ཆག་སྐྱོན་བཟོས་ན།  དཔལ་འབྱོར་གྱི་གྱོང་གུན་གསབ་དགོས།
       དོན་ཚན་སོ་གཉིས་པ།  ཆུ་སྙིགས་ཕུད་པའི་སྡེ་ཚན་དང་མི་སྒེར་གྱིས་ཁྲིམས་ལྟར་ཆུ་སྙིགས་ཐག་གཅོད་ཀྱི་གྲོན་དངུལ་སྤྲོད་དགོས།  ཆུ་སྙིགས་ཐག་གཅོད་ཀྱི་གྲོན་དངུལ་དེ་ཆུ་སྙིགས་ཐག་གཅོད་སྒྲིག་བཀོད་འཁོར་སྐྱོད་དང་བདག་གཅེས་ཉམས་གསོ།  ཞིག་གསོ།  བཅོས་སྐྲུན་བཅས་བྱེད་པའི་ཐད་དུ་འགྲོ་སོང་གཏོང་དགོས།
       དོན་ཚན་སོ་གསུམ་པ།  མཐའ་འབྲེལ་ས་ཁུལ་དུ་ས་མཚམས་ལས་བརྒལ་ནས་ཆུ་གཏོང་འརྗད་དང་ཆུ་ལོག་འགོག་ཟོན་ཀྱི་ལས་གྲྭ་སྐྲུན་པ་དེ།  ལས་གྲྭ་སྐྲུན་པའི་སྐབས་སུ་སྲུང་སྐྱོང་གི་ཐབས་ཤེས་སྤྱད་དགོས།
       ལས་གྲྭ་སྐྲུན་པར་ཆུ་གཏོང་འརྗད་དང་ཆུ་ལོག་འགོག་ཟོན་ཀྱི་སྒྲིག་བཀོད་སྤོ་བ་དང་བཅོས་སྐྲུན་བྱེད་དགོས་ན།  རྨང་གཞིའི་སྒྲིག་བཀོད་སྲིད་འཛིན་དོ་དམ་གཙོ་གཉེར་སྡེ་ཁག་ནས་ཆོག་མཆན་གནང་བ་བརྒྱུད་དགོས།  སྤོ་བ་དང་བཅོས་སྐྲུན་བྱེད་པའི་འགྲོ་གྲོན་ཚང་མ་འཛུགས་སྐྲུན་སྡེ་ཚན་གྱིས་གཏོང་འགན་འཁུར་དགོས།
       དོན་ཚན་སོ་བཞི་པ།  ཆུ་གཏོང་འརྗད་དང་ཆུ་ལོག་འགོག་ཟོན་གྱི་སྒྲིག་བཀོད་སྲུང་སྐྱོང་ཁྱབ་ཁོངས་ནང་ངེས་པར་དུ་གནས་སྐབས་ཀྱི་ལས་ཀ་སྒྲུབ་དགོས་ན།  རྨང་གཞིའི་སྒྲིག་བཀོད་སྲིད་འཛིན་དོ་དམ་གཙོ་གཉེར་སྡེ་ཁག་ནས་ཆོག་མཆན་བཀོད་པ་བརྒྱུད་དགོས་ལ།  ཆུ་གཏོང་འརྗད་དང་ཆུ་ལོག་འགོག་ཟོན་གྱི་སྒྲིག་བཀོད་སྲུང་སྐྱོང་གི་བླང་བྱ་ལྟར་ལས་ཀ་བསྒྲུབ་དགོས། 
       དོན་ཚན་སོ་ལྔ་པ།  གསར་སྐྲུན་དང་བཅོས་སྐྲུན་རྒྱས་སྐྲུན་བཅས་བྱས་པའི་རྩིག་བཟོས་དངོས་པོའི་ཆུ་གཏོང་འརྗད་སྦུ་གུ་དེ་མཁར་གྲོང་གི་ཆུ་གཏོང་འརྗད་སྦུ་གུའི་དྲ་བ་ཆེ་བར་མཐུད་འབྲེལ་བྱེད་དགོས་ཚེ།    མཁར་གྲོང་གི་རྨང་གཞིའི་སྒྲིག་བཀོད་སྲིད་འཛིན་དོ་དམ་གཙོ་གཉེར་སྡེ་ཁག་གིས་མཆོག་མཆན་བཀོད་པ་བརྒྱུད་དགོས།
       དོན་ཚན་སོ་དྲུག་པ།  རྨང་གཞིའི་སྒྲིག་བཀོད་སྲིད་འཛིན་དོ་དམ་གཙོ་གཉེར་སྡེ་ཁག་གིས་ཆུ་གཏོང་འརྗད་དང་ཆུ་ལོག་འགོག་ཟོན་གྱི་སྒྲིག་བཀོད་དོ་དམ་ལ་སྔར་ལས་ཤུགས་ཆེན་བསྣན་ནས།  དུས་ཐོག་ཏུ་ཞིབ་བཤེར་དང་ཞིག་གསོ།  ཆུ་ཡིས་ཁྱེར་བསགས་བྱེ་འདམ་གཏོང་འརྗད།  ཆག་སྐྱོན་སེལ་བ་བཅས་བྱེད་དགོས།
       ས་བཅད་གསུམ་པ།  མཁར་གྲོང་དུ་ཆུ་དང་འབར་རླངས།  དྲོད་ནུས་བཅས་མཁོ་འདོན་གྱི་སྒྲིག་བཀོད་དོ་དམ་བྱེད་པའི་སྐོར།
       དོན་ཚན་སོ་བདུན་པ།  ཆུ་དང་འབར་རླངས།  དྲོད་ནུས་བཅས་མཁོ་འདོན་བྱེད་པའི་སྒྲིག་བཀོད་ལ་གནོད་སྐྱོན་གཏོང་བའི་གཤམ་གསལ་བྱ་སྤྱོད་ལ་བཀག་འགོག་གཏོང་དགོས་པ་སྟེ།  
       (གཅིག) ཆུ་དང་འབར་རླངས།  དྲོད་ནུས་བཅས་མཁོ་འདོན་བྱེད་པའི་སྒྲིག་བཀོད་ཀྱི་སྦུག་མདོང་དང་ཁྲོན་པའི་ཁ་ལེབ།  སྟེམ་སྒོ་བཅས་རྐུ་ཁྱེར་དང་ཆག་གྲུམ་དུ་གཏོང་བ་དང་།
       (གཉིས) དོ་དམ་པ་མིན་པའི་མི་སྣས་ཆུ་དང་འབར་རླངས།  དྲོད་  ནུས་བཅས་ཀྱི་སྦུག་མདོང་སྟེམ་སྒོ་དང་ཁྲོན་པའི་ཁ་ལེབ།  སྟེམ་སྒོ་བཅས་རང་བསམ་གྱིས་ཕྱེ་བ་དང་སྒོ་སྟེམ་པ།
       (གསུམ) ཆུ་དང་འབར་རླངས།  དྲོད་ནུས་བཅས་ཀྱི་སྒྲིག་བཀོད་སྲུང་སྐྱོང་ཁྱབ་ཁོངས་ནང་རྡོ་དང་བྱེ་མ་ལེན་པ་དང་།  ཤིང་སྡོང་འཛུགས་པ། གས་གཏོར་གཏོང་བ།  དངོས་པོ་དང་རྒྱུ་ཆ་སྤུངས་འཇོག་བྱེད་པ།  འབར་སླ་གས་སླ་བའི་དངོས་པོ་གསོག་འཇོག  རང་བསམ་གྱིས་རྩིག་བཟོས་དངོས་པོ་དང་བཟོ་བཀོད་དངོས་པོ་བཟོ་སྐྲུན་བྱེད་པ། 
       (བཞི)  ཆུ་དང་འབར་རླངས།  དྲོད་ནུས་བཅས་མཁོ་འདོན་བྱེད་  སྤྱད་སྦུག་མདོང་བེད་སྤྱད་པ་དང་ཡང་ན་དེར་བརྟེན་ནས་ཐིག་སྐུད་འཐེན་པ་དང་དངོས་པོ་འགེལ་བའམ་ཡང་ན་འདྲེན་འཐེན་དང་དཔྱང་འདེགས་ལྷུ་སྒྲིག་འདོན་འཇུག་གི་ལས་ཀ་སྒྲུབ་པ།
       (ལྔ)  ཆུ་དང་འབར་རླངས།  དྲོད་ནུས་བཅས་མཁོ་འདོན་བྱེད་སྤྱད་སྦུག་མདོང་གི་ཚོད་འཛིན་སྒྲིག་བཀོད་ནང་དུ་ཆར་ཆུ་དང་ཆུ་སྙིགས།   བཟོ་ལས་ཀྱི་བེད་མེད་གཤེར་གཟུགས་དང་འབར་གས་སླ་བའི་སྙིགས་རོ་ཕུད་པའམ་གད་སྙིགས་དང་དངོས་པོ་རྩག་རྩིག་གཞན་དག་གཤོ་བ།
       (དྲུག)  ཆུ་དང་འབར་རླངས།  དྲོད་ནུས་བཅས་མཁོ་འདོན་བྱེད་སྤྱད་སྦུག་མདོང་དང་དེའི་ཟུར་གཏོགས་སྒྲིག་བཀོད་རང་བསམ་གྱིས་གསར་སྐྲུན་དང་བཅོས་སྒྲིག  གཏོར་བཤིག   སྤོ་བ་བཅས་བྱེད་པ་དང་།  སྤྱི་བྱིངས་ཀྱི་ཆུ་དང་འབར་རླངས།  དྲོད་ནུས་བཅས་མཁོ་འདོན་བྱེད་སྤྱད་སྦུག་མདོང་དྲ་བར་རང་གི་སྒྲིག་བཀོད་རང་བསམ་གྱིས་མཐུད་འབྲེལ་བྱེད་པ། 
       (བདུན)  ཆུ་དང་འབར་རླངས།  དྲོད་ནུས་བཅས་མཁོ་འདོན་བྱེད་སྤྱད་སྒྲིག་བཀོད་ལ་གནོད་སྐྱོན་གཏོང་བའི་བྱ་སྤྱོད་གཞན་དག་སྤེལ་བ།
       དོན་ཚན་སོ་བརྒྱད་པ།  རྩིག་བཟོས་དངོས་པོ་གསར་སྐྲུན་དང་བཅོས་སྐྲུན་རྒྱས་སྐྲུན་བཅས་བྱས་པ་དེའི་ཆུས་གནོན་དགོས་མཁོ་དེ་ཆུ་འདོན་གནོན་ཚད་ལས་བརྒལ་བ་ཡིན་ན།  འཛུགས་སྐྲུན་སྡེ་ཚན་གྱིས་དེར་ཐེངས་གཉིས་པའི་ཆུ་འདོན་སྒྲིག་བཀོད་སྒྲིག་སྦྱོར་བྱེད་དགོས།
       ཐེངས་གཉིས་པའི་ཆུ་འདོན་སྒྲིག་བཀོད་དེ་ལོགས་སུ་ཁེར་རྐྱང་དུ་བཀོད་འཇོག་བྱེད་དགོས་པ་ལས།  མེ་སྐྱོན་འགོག་གསོད་སོགས་ཀྱི་སྒྲིག་བཀོད་དང་འདྲེས་འཛུགས་བྱས་ནས་མཉམ་བསྲེས་སུ་བེད་སྤྱོད་བྱེད་མི་ཆོག
       དོན་ཚན་སོ་དགུ་པ།  ཆུ་དང་འབར་རླངས།  དྲོད་ནུས་བཅས་མཁོ་  འདོན་བྱེད་སྤྱད་སྒྲིག་བཀོད་གསར་སྐྲུན་དང་བཅོས་སྒྲིག  གཏོར་བཤིག  སྤོ་བ་བཅས་བྱེད་པ་དང་།  སྤྱི་བྱིངས་ཀྱི་ཆུ་དང་འབར་རླངས།  དྲོད་ནུས་བཅས་མཁོ་འདོན་བྱེད་སྤྱད་སྦུག་མདོང་དྲ་བར་མཐུད་འབྲེལ་བྱེད་དགོས་ན།  རྨང་གཞིའི་སྒྲིག་བཀོད་སྲིད་འཛིན་དོ་དམ་གཙོ་གཉེར་སྡེ་ཁག་ནས་ཆོག་མཆན་བཀོད་པ་ཐོབ་ཕྱིན།  ཆེད་ལས་དཔུང་ཁག་གིས་ཨར་ལས་སྐྲུན་དགོས།
       དོན་ཚན་བཞི་བཅུ་པ།  རྨང་གཞིའི་སྒྲིག་བཀོད་སྲིད་འཛིན་དོ་དམ་གཙོ་གཉེར་སྡེ་ཁག་ནས་ཆོག་མཆན་བཀོད་པ་བརྒྱུད།  ཆུ་དང་འབར་རླངས།  དྲོད་ནུས་བཅས་མཁོ་འདོན་བྱེད་སྤྱད་སྒྲིག་བཀོད་སྲུང་སྐྱོང་བྱེད་སའི་ཁྱབ་ཁོངས་ནང་ཨར་ལས་སྐྲུན་དགོས་པ་དང་།  ཨར་ལས་འཛུགས་སྐྲུན་གྱི་དགོས་མཁོར་བསྟུན་ནས་བདེ་འཇགས་ཀྱི་བར་ཐག་ཡོད་པའི་ཁྱབ་ཁོངས་ནང་རྩིག་བཟོས་དངོས་པ་དང་བཟོ་བཀོད་དངོས་པོ་བཟོ་སྐྲུན་དང་དངོས་པོ་སྤུངས་  འཇོག་བྱེད་དགོས་ན།  སྲུང་སྐྱོང་གི་ཐབས་ཤེས་སྤྱད་ཕྱིན་ད་གཟོད་ཨར་ལས་སྐྲུན་འགོ་འཛུགས་ཆོག
       འཛུགས་སྐྲུན་ཨར་ལས་བཟོ་སྐྲུན་བྱེད་པ་ལས་ཆུ་དང་འབར་རླངས།  དྲོད་ནུས་བཅས་མཁོ་འདོན་བྱེད་སྤྱད་སྒྲིག་བཀོད་ཀྱི་བདེ་འཇགས་ལ་གནོད་རྐྱེན་གཏོང་སྲིད་པ་ཡིན་ན།  འཛུགས་སྐྲུན་ཨར་ལས་བཟོ་སྐྲུན་ཁྱབ་ཁོངས་ནང་གི་ས་འོག་སྦུག་མདོང་དང་གློག་སྐུད་འཚོལ་བཤེར་གསལ་བོར་བྱེད་དགོས་ལ།  རྨང་གཞིའི་སྒྲིག་བཀོད་སྲིད་འཛིན་དོ་དམ་གཙོ་གཉེར་སྡེ་ཁག་དང་དེ་ མིན་གཞན་དག་གི་འབྲེལ་ཡོད་སྡེ་ཁག་གམ་སྡེ་ཚན་གྱིས་དེ་ལ་དུས་ཐོག་དུ་  འབྲེལ་ཡོད་དཔྱད་གཞིའི་ཡིག་རིགས་འདོན་སྤྲོད་བྱེད་དགོས།
       དོན་ཚན་ཞེ་གཅིག་པ།  ཆུ་དང་འབར་རླངས།  དྲོད་ནུས་བཅས་ཐོན་སྐྱེད་དང་འཁོར་སྤྱོད་ཚོང་གཉེར་བྱེད་པའི་སྡེ་ཚན་གྱིས་རྒྱལ་ཁབ་ཀྱིས་གཏན་འཁེལ་བྱས་པའི་ཚད་གཞི་ལྟར་དུས་ཐོག་ཏུ་བེད་སྤྱོད་གཏོང་མཁན་ཐེམ་དུད་ལ་ཐོན་རྫས་མཁོ་འདོན་བྱེད་དགོས།  འགོག་ཐབས་མེད་པའི་རྒྱུ་རྐྱེན་བྱུང་བ་ཕུད།  ཡུལ་དེ་གའི་མི་དམངས་སྲིད་གཞུང་གིས་ཆོག་མཆན་མ་བཀོད་གོང་།  ཆུ་དང་འབར་རླངས།  དྲོད་ནུས་བཅས་ཐོན་སྐྱེད་དང་འཁོར་སྤྱོད་ཚོང་གཉེར་བྱེད་པའི་སྡེ་ཚན་གྱིས་རང་བསམ་དུ་ཐོན་རྫས་ཐོན་སྐྱེད་དང་མཁོ་འདོན་མཚམས་འཇོག་མི་ཆོག  དམིགས་བསལ་གྱི་རྒྱུ་རྐྱེན་ཡོད་པའི་དབང་གིས་ཡུག་ཁུལ་ཆ་ཤས་ལ་ཐོན་རྫས་མཁོ་འདོན་གྱི་གནོན་ཚད་འཕྲི་དགོས་པ་དང་གནས་སྐབས་སུ་མཁོ་འདོན་མཚམས་འཇོག་དགོས་ན།    དུས་ཚོས་ཉེར་བཞིའི་སྔོན་ཚུད་ནས་བེད་སྤྱོད་གཏོང་མཁན་ཐེམ་དུད་ལ་བརྡ་ཐོ་གཏོང་དགོས།
       དོན་ཚན་ཞེ་གཉིས་པ།  ཆུ་དང་འབར་རླངས།  དྲོད་ནུས་བཅས་ཐོན་སྐྱེད་དང་འཁོར་སྐྱོད་ཚོང་གཉེར་བྱེད་པའི་སྡེ་ཚན་གྱིས་བདེ་འཇགས་ཐོན་སྐྱེད་སྐོར་གྱི་གཏན་འཁེལ་དང་ལག་རྩལ་བཀོལ་སྤྱོད་བྱེད་སྲོལ་ལ་བརྩི་བཀུར་བྱེད་ཅིང་།  བདེ་འཇགས་དོ་དམ་གྱི་ལམ་ལུགས་གསར་འཛུགས་དང་འཐུས་ཚང་གཏོང་དགོས།  
       དོན་ཚན་ཞེ་གསུམ་པ།  ཆུ་དང་འབར་རླངས།  དྲོད་ནུས་བཅས་མཁོ་འདོན་བྱ་ཡུལ་ཐེམ་དུད་ཀྱིས་སྒྲིག་བཀོད་གཅེས་སྲུང་དང་བདེ་འཇགས་ངང་ནས་བེད་སྤྱོད་བྱེད་དགོས།  ལས་ཁུངས་དང་མི་སྒེར་གང་ཞིག་ཡིན་རུང་།  རྨང་གཞིའི་སྒྲིག་བཀོད་ལ་ཆག་སྐྱོན་བྱུང་བ་མཐོང་ཚེ་མྱུར་དུ་འཁོར་སྐྱོད་ཚོང་གཉེར་སྡེ་ཚན་ནམ་ཡང་ན་རྨང་གཞིའི་སྒྲིག་བཀོད་སྲིད་འཛིན་དོ་དམ་གཙོ་གཉེར་སྡེ་ཁག་ལ་ཡར་ཞུ་བྱེད་དགོས།  འཁོར་སྐྱོད་ཚོང་གཉེར་སྡེ་ཚན་གྱིས་དུས་ཐོག་ཏུ་ཐབས་བཀོད་སྤྱད་དེ་ཆག་སྐྱོན་སེལ་དགོས་པ་དང་།  དགོས་ངེས་ཀྱི་སྐབས་སུ།  བདེ་འཇགས་དོན་རྐྱེན་བྱུང་བར་མཁོ་བསྟུན་གྱི་ཐབས་སྟངས་སྤྱད་དེ་ཉེན་  སེལ་དང་འཕྲལ་བཅོས་བྱེད་དགོས། 
ས་བཅད་བཞི་བ།  མཁར་གྲོང་གི་འོད་འབྱེད་སྒྲིག་བཀོད་དོ་དམ་བྱེད་པའི་སྐོར།
       དོན་ཚན་ཞེ་བཞི་པ།  འོད་འབྱེད་སྒྲིག་བཀོད་ལ་ཆག་སྐྱོན་བཟོ་བའི་གཤམ་གསལ་གྱི་བྱ་སྤྱོད་ལ་བཀག་འགོག་གཏོང་དགོས་པ་སྟེ།
       (གཅིག) འོད་འབྱེད་སྒྲིག་བཀོད་ལ་དངོས་པོ་འཕེན་པ་དང་།
       (གཉིས) འོད་འབྱེད་སྒྲིག་བཀོད་ངོས་ལ་ཡིག་རིས་འབྲི་རྐོ་དང་བཙོག་བྱུག་པ།
       (གསུམ) རང་བསམ་གྱིས་འོད་འབྱེད་སྒྲིག་བཀོད་བདེ་འཇགས་ཀྱི་བར་ཐག་ནང་དུ་ཤིང་སྡོང་འཛུགས་པ་དང་།  དོང་འདྲུ་ས་ལེན་ནམ་ཡང་ན་དངོས་པོ་གཞན་དག་བཀོད་འཇོག  རུལ་བསླད་རང་བཞིན་གྱི་བེད་མེད་གད་སྙིགས་དང་གཤེར་སྙིགས་གཤོ་བ།
       (བཞི) རང་བསམ་གྱིས་འོད་འབྱེད་སྒྲིག་བཀོད་ངོས་ལ་དྲིལ་བསྒྲགས་ཡིག་རིགས་དང་བརྡ་ཁྱབ་རྦུར་བ་དང་དཔྱང་འགེལ།  བཀོད་འཇོག་བཅས་བྱེད་པ།
       (ལྔ)  རང་བསམ་གྱིས་འོད་འབྱེད་སྒྲིག་བཀོད་སྟེང་ལ་གློག་སྐུད་འཐེན་པ་དང་གཞན་དག་གི་སྒྲིག་ཆས་བཀོད་འཇོག་གམ་ཡང་ན་གློག་ཁུངས་སུ་གློག་སྐུད་མཐུད་ནས་གློག་སྤྱོད་པ།
       (དྲུག) རང་བསམ་གྱིས་འོད་འབྱེད་སྒྲིག་བཀོད་སྤོ་བ་དང་བཤིག་པ་དང་བེད་སྤྱོད་བཅས་བྱེད་པ།
       (བདུན) འོད་འབྱེད་སྒྲིག་བཀོད་ལ་ཆག་སྐྱོན་བཟོ་བའི་བྱ་སྤྱོད་གཞན་དག་སྤེལ་བ།
       དོན་ཚན་ཞེ་ལྔ་པ།  དམིགས་བསལ་གྱི་གནས་ཚུལ་ཡོད་པའི་དབང་གིས་འོད་འབྱེད་སྒྲིག་བཀོད་སྤོ་བ་དང་བཤིག་པ།  བེད་སྤྱོད་བཅས་བྱེད་དགོས་པའམ་ཡང་ན་སྒྲིག་བཀོད་ངོས་ལ་གློག་སྐུད་འཐེན་མཐུད་དང་དངོས་པོ་དཔྱང་འགེལ་བྱེད་དགོས་ན།  རྨང་གཞིའི་སྒྲིག་བཀོད་སྲིད་འཛིན་དོ་དམ་གཙོ་གཉེར་སྡེ་ཁག་གིས་ཆོག་མཆན་བཀོད་པ་བརྒྱུད་འོད་འབྱེད་སྒྲིག་བཀོད་ཆེད་ལས་དཔུང་ཁག་གིས་ལས་སྐྲུན་རྒྱག་  དགོས་པ་མ་ཟད།  གཏན་འཁེལ་ལྟར་འབྲེལ་ཡོད་ཀྱི་འགྲོ་གྲོན་སྤྲོད་དགོས།
       དོན་ཚན་ཞེ་དྲུག་པ།  རྨང་གཞིའི་སྒྲིག་བཀོད་སྲིད་འཛིན་དོ་དམ་གཙོ་གཉེར་སྡེ་ཁག་གིས་འོད་འབྱེད་སྒྲིག་བཀོད་ལ་སྐོར་ཞིབ་ཞིབ་བཤེར་དང་སྲུང་སྐྱོང་།  གློག་སྐྱེལ་གློག་སྟེམ་དོ་དམ་བཅས་ལ་ཤུགས་ཆེན་བསྣན་ནས།   བར་ཆད་པ་དང་བདེ་འཇགས་མིན་པའི་མངོན་མེད་རྐྱེན་ངན་དུས་ཐོག་དུ་སེལ་དགོས།  
ས་བཅད་ལྔ་བ།  མཁར་གྲོང་གི་སྤྱི་པའི་འགྲིམ་འགྲུལ་སྒྲིག་བཀོད་དོ་དམ་བྱེད་པའི་སྐོར།
       དོན་ཚན་ཞེ་བདུན་པ།    སྤྱི་པའི་འགྲིམ་འགྲུལ་སྒྲིག་བཀོད་ལ་གནོད་སྐྱོན་གཏོང་བའི་གཤམ་གསལ་བྱ་སྤྱོད་ལ་བཀག་འགོག་གཏོང་དགོས་པ་སྟེ།
       (གཅིག) སྤྱི་པའི་འགྲིམ་འགྲུལ་སྒྲིག་བཀོད་རྐུ་བ་དང་ཉམས་ཆག་ཏུ་གཏོང་བ།  སུབ་བཅོས་གཏོང་བ།  ཆག་གྲུམ་དུ་གཏོང་བའམ་ཡང་ན་གནས་སྤོ་བ་དང་མེད་པར་གཏོང་བ།
       (གཉིས) རང་བསམ་གྱིས་སྤྱི་པའི་འགྲིམ་འགྲུལ་གྱི་འཁོར་འབབ་ར་བ་དང་འབབ་ཚུགས་སྟེགས་རྗ།    འབབ་ཚུགས་བྱང་རྗ་བཅས་དང་དེ་མིན་པའི་སྒྲིག་བཀོད་གནས་སྤོ་དང་བཟུང་སྤྱོད།  རྐོ་འདོན་བཅས་བྱེད་པ།  
       (གསུམ) འགོག་སྲུང་ལན་ཀན་དང་འགོག་སྲུང་དྲ་རྒྱ་ངོས་ལ་འཛེགས་པ་དང་དེའི་ཐོག་ནས་བརྒལ་བ།
       (བཞི)  རླངས་འཁོར་འབབ་ཚུགས་དང་འབབ་ཚུགས་སྟེགས་རྗ།  བརྒྱུད་ལམ་བཅས་སུ་འཁོར་ལོ་འཇོག་པ་དང་།  དངོས་པོ་སྤུངས་འཇོག་བྱེད་པའམ་ཡང་ན་རང་བསམ་གྱིས་ཚོང་བཤམས་ཏེ་བགྲོད་ལམ་བཀག་པ། 
       (ལྔ) མཁར་གྲོང་གི་སྤྱི་པའི་འགྲིམ་འགྲུལ་སྒྲིག་བཀོད་ལ་གནོད་སྐྱོན་གཏོང་བའི་བྱ་སྤྱོད་གཞན་དག་སྤེལ་བ། 
       དོན་ཚན་ཞེ་བརྒྱད་པ།   མཁར་གྲོང་འཆར་འགོད་ས་ཁོངས་ནང་སྤྱི་པའི་འགྲིམ་འགྲུལ་ཡོ་བྱད་སྡོད་སའི་འབབ་ཚུགས་བཀོད་འཇོག་བྱེད་དགོས་ན།  མཁར་གྲོང་གི་འཆར་འགོད་ལྟར་བཀོད་འཇོག་ལུགས་མཐུན་བྱས་ནས།   འགྲིམ་འགྲུལ་ཡོ་བྱད་སྡོད་སའི་འབྲེལ་ཡོད་ལག་རྩལ་གཏན་འཁེལ་དང་མཐུན་པ་བྱེད་དགོས། 
       དོན་ཚན་ཞེ་དགུ་པ།  སྤྱི་པའི་འགྲིམ་འགྲུལ་ཡོ་བྱད་འཇོག་ས་དང་སྤྱི་སྤྱོད་རླངས་འཁོར་འབབ་ཚུགས།  རླངས་འཁོར་སྒུག་ས།  རླངས་འཁོར་ལྡོག་གཏོང་བརྒྱུད་ལམ་བཅས་སྤོ་བ་དང་བཟུང་སྤྱོད་དང་ཡང་ན་རྐོ་འདོན་བཅས་བྱེད་དགོས་ན།  རྨང་གཞིའི་སྒྲིག་བཀོད་སྲིད་འཛིན་དོ་དམ་གཙོ་གཉེར་སྡེ་ཁག་གིས་ཆོག་མཆན་བཀོད་པ་བརྒྱུད་དགོས།    སྒྲིག་བཀོད་དེ་དག་ཆག་གྲུམ་དུ་བཟོས་ན།  ཞིག་གསོ་དང་ཡང་ན་ཁྲིམས་ལྟར་སྐྱིན་ཚབ་སྤྲོད་དགོས།
       དོན་ཚན་ལྔ་བཅུ་པ།  སྤྱི་པའི་འགྲིམ་འགྲུལ་སྒྲིག་བཀོད་སྟེང་ལ་བརྡ་ཁྱབ་རྦུར་དགོས་ན།  རྨང་གཞིའི་སྒྲིག་བཀོད་སྲིད་འཛིན་དོ་དམ་གཙོ་གཉེར་སྡེ་ཁག་གིས་ཆོག་མཆན་  བཀོད་པ་བརྒྱུད་དགོས་པ་མ་ཟད།  ད་དུང་འབྲེལ་ཡོད་ཀྱི་འགྲོ་ལུགས་འགྲུབ་དགོས།
       ས་བཅད་དྲུག་པ།  མཁར་གྲོང་གི་ཁོར་ཡུག་གཙང་སྦྲའི་སྒྲིག་བཀོད་དོ་དམ་བྱེད་པའི་སྐོར། 
       དོན་ཚན་ང་གཅིག་པ།  ཁོར་ཡུག་གཙང་སྦྲའི་སྒྲིག་བཀོད་ལ་གནོད་སྐྱོན་གཏོང་བའི་གཤམ་གསལ་བྱ་སྤྱོད་ལ་བཀག་འགོག་གཏོང་དགོས་པ་སྟེ།
       (གཅིག) ཁོར་ཡུག་གཙང་སྦྲའི་སྒྲིག་བཀོད་ངོས་ལ་གང་དགར་རྩི་བྱུག་ཡིག་འབྲི་དང་ཡི་གེ་རྦུར་བ།  ཡིག་རིས་རྐོ་འབྲི་དང་ཡང་ན་རང་བསམ་གྱིས་དྲིལ་བསྒྲགས་ཡིག་རིགས་རྦུར་བ་དང་།
       (གཉིས) ཁོར་ཡུག་གཙང་སྦྲའི་སྒྲིག་བཀོད་ལ་རྒྱབ་རྟེན་བྱེད་པའམ་ཡང་ ན་ཁོར་ཡུག་གཙང་སྦྲའི་ལས་སྒྲུབ་གནས་ཡུལ་བཟུང་སྤྱོད་བྱས་ནས་རྩིག་བཟོས་དངོས་པོ་དང་བཟོ་བཀོད་དངོས་པོ་འགེབ་པ་དང་བཟོ་སྐྲུན་བྱེད་པ།
       (གསུམ) ཁོར་ཡུག་གཙང་སྦྲའི་སྒྲིག་བཀོད་སྟེང་ལ་དངོས་པོ་སྤུངས་འཇོག་བྱེད་པ།
       (བཞི) ཁོར་ཡུག་གཙང་སྦྲའི་སྒྲིག་བཀོད་འཇོག་སའམ་ཡང་ན་ལས་སྒྲུབ་  གནས་ཡུལ་ནས་རྡོ་དང་བྱེ་མ་རྐོ་འདོན་དང་ས་ལེན་པ།
       (ལྔ) ཁོར་ཡུག་གཙང་སྦྲའི་སྒྲིག་བཀོད་ཐོག་ལ་རུལ་བསླད་རང་བཞིན་ལྡན་པ་དང་འབར་གས་སླ་བའམ་དུག་ཤེད་ཆེ་བའི་དངོས་པོ་འརྗད་པ།
       (དྲུག) ཁོར་ཡུག་གཙང་སྦྲའི་སྒྲིག་བཀོད་ནང་དུ་དངོས་པོ་མེར་བསྲེག་པ།
       (བདུན)  ཁོར་ཡུག་གཙང་སྦྲའི་སྒྲིག་བཀོད་ལ་གནོད་སྐྱོན་གཏོང་  བའི་བྱ་སྤྱོད་གཞན་དག་སྤེལ་བ།
       དོན་ཚན་ང་གཉིས་པ།  གད་སྙིགས་རིགས་སོ་སོ་རུབ་བསྡུ་དང་བར་སྐྱེལ།  སྐྱེལ་འདྲེན། ཐག་གཅོད།  བེད་སྤྱོད་སོགས་བྱེད་པར་མཁོ་བའི་སྒྲིག་བཀོད་དང་རྟེན་གཞི་དེ།  མཁར་གྲོང་འཆར་འགོད་ལྟར་བཀོད་འཇོག་ལུགས་མཐུན་བྱེད་དགོས་པ་མ་ཟད།  འབྲེལ་ཡོད་ཀྱི་གཏན་འཁེལ་དང་མཐུན་པ་བྱེད་དགོས།
       དོན་ཚན་ང་གསུམ་པ།  གྲོང་ཁྱེར་དང་གྲོང་རྡལ་གྱི་འཚོ་བའི་གད་སྙིགས་དེ་རིགས་བགོས་ནས་གཤོ་བ་དང་།   གཏན་འཁེལ་བྱེད་སར་རུབ་བསྡུ།   གཅིག་གྱུར་གྱིས་སྐྱེལ་འདྲེན།  གཅིག་སྡུད་ཐག་གཅོད་བཅས་བྱེད་དགོས་པ་དང་།  ཞིང་གྲོང་གི་འཚོ་བའི་གད་སྙིགས་དེ་ཁྱིམ་ཚང་གིས་རིགས་བགོ་བ་དང་གྲོང་ཚོས་རིགས་བགོས་ནས་རུབ་བསྡུའི་ཐབས་སྟངས་སྤྱད་དེ།  ཡུལ་དེ་གའི་ཁོར་ཡུག་ཤོང་ཚད་ཀྱི་ཁྱབ་ཁོངས་ནང་དུ་སྟབས་བེད་ཞིང་གོ་ཆོད་པ་དང་།  བདེ་འཇགས་ཡིན་པའི་ཐག་གཅོད་ལག་རྩལ་བཀོལ་ཏེ་ཐག་གཅོད་བྱས་ནས་མེད་པར་གཏོང་དགོས།
       ཨར་ལས་བཟོ་སྐྲུན་གྱི་གད་སྙིགས་དང་བཟོ་ལས་ཀྱི་གད་སྙིགས།  སྨན་བཅོས་ཀྱི་གད་སྙིགས།   དུག་ཡོད་པ་དང་གནོད་ཡོད་པའི་གད་སྙིགས།   ཉེན་ཁ་ཡོད་པའི་བེད་མེད་དབྱུག་ཟིན་དངོས་པོ།  དེ་མིན་རྡུལ་སྙིགས་འཕྲོ་བའི་རང་བཞིན་གྱི་སྦགས་བཙོག་དངོས་པོ་སོགས་དམིགས་བསལ་གྱི་གད་སྙིགས་རྣམས་ནི་རྒྱལ་ཁབ་ཀྱི་ཚད་གཞི་ལྟར་རིགས་བགོས་ཐག་གཅོད་བྱེད་དགོས་པ་ལས།  གད་སྙིགས་བསྡུ་སྒྲོམ་ནང་དང་འཚོ་བའི་གད་སྙིགས་རུབ་བསྡུ་ས་ཚུགས།  གད་སྙིགས་གཤོ་ས་དང་ཐག་གཅོད་བྱེད་ས་བཅས་སུ་བསྲེས་ནས་འཕེན་མི་ཆོག
       དོན་ཚན་ང་བཞི་པ།  ཆོག་མཆན་བཀོད་པ་མ་ཐོབ་སྔོན་རང་བསམ་གྱིས་ཁོར་ཡུག་གཙང་སྦྲའི་སྒྲིག་བཀོད་ཀྱི་སྒོ་སུབ་པའམ་བེད་སྤྱོད་བྱེད་མཚམས་འཇོག་མི་ཆོག  ངེས་པར་དུ་ཁོར་ཡུག་གཙང་སྦྲའི་སྒྲིག་བཀོད་ཀྱི་སྒོ་སུབ་དགོས་པའམ་བེད་སྤྱོད་བྱེད་མཚམས་འཇོག་དགོས་ན།  རྨང་གཞིའི་སྒྲིག་བཀོད་སྲིད་འཛིན་དོ་དམ་གཙོ་གཉེར་སྡེ་ཁག་གིས་ཆོག་མཆན་བཀོད་པ་བརྒྱུད་དགོས།
       དོན་ཚན་ང་ལྔ་པ།  ལས་ཁུངས་དང་ཁེ་ལས་དོན་ལས་སྡེ་ཚན་གྱིས་རང་གི་ཁོར་ཡུག་གཙང་སྦྲའི་སྒྲིག་བཀོད་འཛུགས་སྐྲུན་དང་དོ་དམ།  སྲུང་སྐྱོང་བཅས་ཀྱི་ལས་ཀ་ལེགས་པོར་བསྒྲུབ་པ་དང་།  འབྲེལ་ཡོད་སྲིད་འཛིན་དོ་དམ་གཙོ་གཉེར་སྡེ་ཁག་གི་ལྟ་སྐུལ་དང་ལེན་བྱེད་དགོས།
       ས་བཅད་བདུན་པ།  མཁར་གྲོང་གི་སྐྱེད་ཚལ་ལྗང་འགྱུར་སྒྲིག་བཀོད་དོ་དམ་བྱེད་པའི་སྐོར།
       དོན་ཚན་ང་དྲུག་པ།  མཁར་གྲོང་གི་སྐྱེད་ཚལ་ལྗང་འགྱུར་སྒྲིག་བཀོད་ལ་གནོད་སྐྱོན་གཏོང་བའི་གཤམ་གསལ་བྱ་སྤྱོད་སྤེལ་བར་བཀག་འགོག་གཏོང་དགོས་པ་སྟེ།  
       (གཅིག) རང་བསམ་གྱིས་ཤིང་སྡོང་ངོར་བརྡ་ཁྱབ་བྱང་རྗ་དང་རྦུར་ཡིག་འགེལ་ཞིང་བཀོད་འཇོག་དང་ཐག་པ་ཐིག་སྐུད་འདོགས་པ་འཐེན་པ་དང་།
       (གཉིས) སྐྱེད་ཚལ་གྱི་སྒྲིག་བཀོད་སྟེང་ལ་ཡིག་རིས་རྐོ་འབྲི་དང་ཚོན་བྱུག་པ།  བཀྲམ་ཡིག་དང་པར་རིས་རྦུར་བ།
       (གསུམ) སྐྱེད་ཚལ་གྱི་སྒྲིག་བཀོད་རྐུ་འཁྱེར་དང་འཐུ་གཅོད།  བཟུང་སྤྱོད།  བཅག་བརླག  གནས་སྤོ།  བཤིག་པ།  རྐོ་འདོན་བཅས་བྱེད་པ།
       (བཞི) ཤིང་སྡོང་ལ་སེམས་ཅན་འདོགས་པ་དང་།  འཛེར་མ་རྒྱག་པ།  དངོས་པོ་འཁེལ་བ།  གྲིས་འབྱེད་པ།  དེར་འཛེགས་པ་དང་ཡལ་ག་བཅག་པ་བཅས་དང་ཡང་ན་རྩྭ་དང་མེ་ཏོག་ལ་གནོད་སྐྱོན་གཏོང་བ།  མེ་ཏོག་དང་འབྲས་རྗ་འཐུ་བ།  ས་བོན་འཐུ་བ།  འགོག་སྲུང་ལན་ཀ་སྟེང་དུ་གོག་སྡོད་པ།  ལྡུམ་རའི་རྩྭ་སྔོན་ལ་རྡོག་བརྫིས་གཏོང་བ།
       (ལྔ) ཤིང་སྡོང་ལ་བརྟེན་ནས་སྤྱིལ་ཁང་སྐྲུན་པའམ་ཡང་ན་ཤིང་སྡོང་དང་སྤང་ལ་ར་སྐོར་རྒྱག་པ། 
       (དྲུག) སྤང་སའི་སྟེང་དུ་དངོས་པོ་སྤུངས་འཇོག་བྱེད་པ་དང་ཡང་ན་ཆུ་སྙིགས་དང་དངོས་པོ་བཙོག་པ།  བེད་མེད་དངོས་པོ་བཅས་གཤོ་བ་དང་ཕུད་པ།  
       (བདུན) སྐྱེད་ཚལ་སྲུང་ཁུལ་ནང་ཕྱུགས་འཚོ་བ་དང་རི་དྭགས་རྔོན་པ།  ཤིང་ལོ་དང་ཡལ་ག་སྐམ་པོ་མེར་བསྲེག་པ།  མེ་སྤར་ནས་དྲོད་ལེན་པ་བཅས་དང་ཡང་ན་ཇ་སྐོལ་བ།
       (བརྒྱད) སྐྱེད་ཚལ་ལ་གནོད་སྐྱོན་གཏོང་བའི་བྱ་སྤྱོད་གཞན་དག་སྤེལ་བ།
       དོན་ཚན་ང་བདུན་པ།  སྐྱེད་ཚལ་ལྗང་འགྱུར་བྱེད་པ་དེ་མཁར་གྲོང་གི་འཆར་འགོད་ལྟར་ལག་ལེན་རྩ་འཛུགས་བྱེད་དགོས།  སྡེ་ཚན་དང་མི་སྒེར་གང་ཞིག་ཡིན་རུང་།  རང་བསམ་སྒོས་སྐྱེད་ཚལ་གྱི་བེད་སྤྱོད་ངོ་བོ་སྒྱུར་མི་ཆོག  ངེས་པར་དུ་བསྒྱུར་དགོས་ན།  རྨང་གཞིའི་སྒྲིག་བཀོད་སྲིད་འཛིན་དོ་དམ་གཙོ་  གཉེར་སྡེ་ཁག་དང་མཁར་གྲོང་འཆར་འགོད་སྲིད་འཛིན་དོ་དམ་གཙོ་གཉེར་སྡེ་ཁག་གིས་ཆོག་མཆན་བཀོད་པ་བརྒྱུད་དགོས།
       དོན་ཚན་ང་བརྒྱད་པ།  དམིགས་བསལ་གྱི་གནས་ཚུལ་ཡོད་པའི་དབང་གིས་ཤིང་སྡོང་གཅོད་དགོས་པ་དང་སྐྱེད་ཚལ་གྱི་སྒྲིག་བཀོད་བཟུང་སྤྱོད་དང་གནས་སྤོ་བ།  རྐོ་འདོན་བཅས་བྱེད་དགོས་ན།  རྫོང་མི་དམངས་སྲིད་གཞུང་ངམ་ཡང་ན་རྨང་གཞིའི་སྒྲིག་བཀོད་སྲིད་འཛིན་དོ་དམ་གཙོ་གཉེར་སྡེ་ཁག་གིས་ཆོག་མཁན་བཀོད་པ་བརྒྱུད་དགོས།
       དོན་ཚན་ང་དགུ་པ།  ཆོག་མཆན་བཀོད་པ་བརྒྱུད་ཤིང་སྡོང་གཅོད་པ་དང་  སྐྱེད་ཚལ་གྱི་སྒྲིག་བཀོད་བཟུང་སྤྱོད་དང་གནས་སྤོ།  རྐོ་འདོན་བཅས་བྱེད་པའི་སྡེ་ཚན་དང་མི་སྒེར་གྱིས་ཆོག་མཆན་ཐོབ་པའི་གནས་ཡུལ་དང་གཞི་ཁྱོན།  དུས་ཚད།  སྤྱོད་སྒོ་བཅས་ལྟར་ལས་ཀ་སྤེལ་རྒྱུ་དང་།  རྨང་གཞིའི་སྒྲིག་བཀོད་སྲིད་འཛིན་དོ་དམ་གཙོ་གཉེར་སྡེ་ཁག་གི་ལྟ་སྐུལ་དོ་དམ་དང་ལེན་བྱེད་དགོས།  ལས་ཀ་མཇུག་སྒྲིལ་བའི་སྐབས་སུ།  དུས་ཐོག་ཏུ་ལྷག་འཕྲོའི་ས་རྡོ་དང་བེད་མེད་རྒྱུ་ཆ་གཙང་སེལ་བཏང་ནས།  སྐྱེད་ཚལ་གྱི་སྒྲིག་བཀོད་སླར་གསོ་བྱེད་དགོས།

ལེའུ་ལྔ་པ།  ཁྲིམས་འབྲེལ་འགན་འཁྲི་སྐོར།
       དོན་ཚན་དྲུག་ཅུ་པ།   སྲོལ་ཡིག་འདིའི་གཏན་འབེབས་དང་འགལ་བའི་བྱ་སྤྱོད་སྤེལ་ན།  བཅའ་ཁྲིམས་དང་ཁྲིམས་སྲོལ་ནང་གཏན་འཁེལ་བྱས་ཡོད་པ་དེ།  གཏན་འཁེལ་ལྟར་ཐག་གཅོད་བྱེད་དགོས།
       དོན་ཚན་རེ་གཅིག་པ།  རྨང་གཞིའི་སྒིག་བཀོད་སྲིད་འཛིན་དོ་དམ་གཙོ་གཉེར་སྡེ་ཁག་དང་ཡུལ་ཚོ་གྲོང་རྡལ་མི་དམངས་སྲིད་གཞུང་།  གྲོང་(སྡོད)དམངས་ཨུ་ཡོན་ལྷན་ཁང་།  བདག་དབང་ཡོད་པའི་སྡེ་ཚན་བཅས་ཀྱིས་གཤམ་གསལ་བྱ་སྤྱོད་རིགས་གཅིག་སྤེལ་ན།  རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གིས་དེར་བཀའ་ཕབ་སྟེ་ཡོ་བསྲང་བྱེད་དུ་འཇུག་པ་དང་།  གནད་དོན་ཚབས་ཆེན་ཡིན་ན་ཁྲིམས་ ལྟར་ཐག་གཅོད་བྱེད་དགོས་པ་སྟེ།
       (གཅིག) ལྟ་སྐུལ་དོ་དམ་གྱི་ལས་འགན་སྒྲུབ་མེད་པ་དང་།  
       (གཉིས) གཏན་འཁེལ་ལྟར་མཁར་གྲོང་གི་རྨང་གཞིའི་སྒྲིག་བཀོད་ལ་དུས་རྒྱུན་གྱི་སྐོར་ཞིབ་དང་གཅེས་གསོ་སྲུང་སྐྱོང་།  ཞིག་གསོ་བཅས་བྱས་མེད་སྟབས།  མཁར་གྲོང་གི་རྨང་གཞིའི་སྒྲིག་བཀོད་ལ་ཆག་སྐྱོན་ཐེབས་པ།
       (གསུམ) མཁར་གྲོང་གི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་རྣམ་གྲངས་དེ་ནུས་རྩལ་ཐོབ་ཐང་མེད་པའི་སྡེ་ཚན་ལ་བཅོལ་བ། 
       (བཞི) རང་བསམ་གྱིས་གྲོན་དངུལ་བསྡུ་བ་དང་དངུལ་ཆད་གཅོད་པ།
       (ལྔ) མཁར་གྲོང་གི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གྱི་ཆེད་དོན་འཆར་འགོད་ལྟར་ལག་ལེན་རྩ་འཛུགས་བྱས་མེད་པ།
       དོན་ཚན་རེ་གཉིས་པ།  སྡེ་ཚན་དང་མི་སྒེར་གྱིས་མཁར་གྲོང་གི་རྨང་གཞིའི་སྒྲིག་བཀོད་ལ་ཆག་སྐྱོན་བཏང་ན།  ཁྲིམས་ལྟར་སྐྱིན་ཚབ་སྤྲོད་འགན་འཁུར་དགོས།  བྱས་ཉེས་སུ་གྲུབ་ཡོད་ན།  ཁྲིམས་ལྟར་ཉེས་འགན་བདའ་འདེད་བྱེད་དགོས།  
       དོན་ཚན་རེ་གསུམ་པ།  མཁར་གྲོང་གི་རྨང་གཞིའི་སྒིག་བཀོད་སྲིད་འཛིན་དོ་དམ་གཙོ་གཉེར་སྡེ་ཁག་དང་དེའི་འབྲེལ་ཡོད་སྡེ་ཁག་གི་ལས་སྒྲུབ་མི་སྣས་འགན་  དབང་གང་བྱུང་དུ་སྤྱོད་པ་དང་ལས་འགན་སྣང་མེད་ལྷོད་གཡེང་དུ་གཏོང་བ།  ཉེར་ཕྱོགས་གཡོ་ཟོལ་བྱེད་པ་བཅས་ཀྱི་བྱ་སྤྱོད་སྤེལ་ན།  ཡོད་སའི་སྡེ་ཚན་ནམ་ཡང་ན་ གོང་རིམ་དོ་དམ་གཙོ་གཉེར་སྡེ་ཁག་གིས་སྲིད་འཛིན་གྱི་ཆད་པ་གཅོད་དགོས།    བྱས་ཉེས་སུ་གྲུབ་ཡོད་ན།  ཁྲིམས་ལྟར་ཉེས་འགན་བདའ་འདེད་བྱེད་དགོས།  
ལེའུ་དྲུག་པ།  ཞར་བྱུང་དོན་ཚན།
       དོན་ཚན་རེ་བཞི་པ།  སྲོལ་ཡིག་འདིའི་ནང་བརྗོད་པའི་མཁར་གྲོང་གི་རྨང་གཞིའི་སྒིག་བཀོད་དེ་ཕྲ་ཞིབ་བྱས་ན་གཤམ་གསལ་གྱི་སྒྲིག་བཀོད་འདུས་ཡོད་པ་སྟེ། 
       (གཅིག) མཁར་གྲོང་གི་བགྲོད་ལམ་དང་ཟམ་དང་ཆུ་སྦུག་སྒྲིག་བཀོད་སོགས་ཡིན་ལ།  འཁོར་ལོའི་བགྲོད་ལམ་དང་མིའི་རྐང་ཐང་བགྲོད་ལམ།  ཐོག་བཀབ་དོང་ལམ།  ཕུག་ལམ།  ཐང་ཆེན་ར་བ།  འབྲལ་ཐག  ལམ་ཕྲག  ལམ་རགས།  ལམ་གྱི་མཐའ་ལྡེབས།  ས་འགོག་བྱེད་ཀྱི་གྱང་།  ལམ་སྲུང་གཟར་  ལྡེབས།  ལམ་མཐའི་ཆུ་ཡུར།  འབྲལ་བྱེད་ལན་ཀ  མེ་ཏོག་ལྡུམ་རའི་སྲུང་  སྐྱོང་ལན་ཀ  མཚོན་རྟགས་དང་ཡིག་བྱང་།  བདེ་འཇགས་སྒྲིག་བཀོད། གྲོང་ཚོ་དང་དུད་ཚང་དུ་ཐོན་པའི་བགྲོད་ལམ་སོགས་དང་དེ་མིན་པའི་ཟུར་གཏོགས་སྒྲིག་བཀོད་རྣམས་ཡིན་པ་དང་།
       (གཉིས)  མཁར་གྲོང་གི་ཆུ་གཏོང་འརྗད་དང་ཆུ་ལོག་འགོག་བྱེད་ཀྱི་སྒྲིག་བཀོད་ནི།  ཆུ་ཕུད་སྤྱད་ཀྱི་སྦུག་མདོང་དྲ་བ་དང་ཆར་ཆུ་འཛག་སའི་སྦུག་མདོང་དྲ་བ།  ཆུ་སྙིགས་ཕུད་སྤྱད་ཀྱི་སྦུག་མདོང་དྲ་བ།  ཆུ་ཡུར་དང་ཆུ་རྐ།  ཆུ་རྫིང་།  ལྟ་བཤེར་བྱེད་སའི་ཁྲོན་པ།  ཆུ་འརྗད་སའི་ཁྲོན་པ།  ཆུ་འཐེན་འཕྲུལ་འཁོར་དང་དེའི་ས་ཚུགས།  ཆུ་སྙིགས་ཐག་གཅོད་བཟོ་གྲྭ།  འདམ་སྙིགས་གཤོ་ས།  ཆུ་ལོག་འགོག་སྤྱད་ཆུ་རགས།  ཆུ་ལོགས་འགོག་སྤྱད་གྱང་ར།   འཕྲེད་འགོག་ཆུ་རགས།   ཆུ་འཁྱིལ་དང་བྱེ་འདམ་གཏོང་འརྗད་འཕྲུལ་འཁོར།  ཆུ་ལོག་ཕུད་ལམ་སོགས་ཀྱི་སྒྲིག་བཀོད་རྣམས་ཡིན།
       (གསུམ) མཁར་གྲོང་གི་ཆུ་འདོན་སྒྲིག་བཀོད་ནི།  ཆུ་འདོན་བཟོ་གྲྭ་དང་ཆུ་ལེན་ས།  ཆུ་ལེན་སའི་ཁྲོན་པ་དང་རྫིང་རྗ།  ཆུ་འཐེན་འཕྲུལ་འཁོར་དང་ས་ཚུགས།  ཆུ་འདོན་སྦུག་དྲ།  ཆུ་འབབ་སྟེམ་སྒོ།  མེ་གསོད་ཆུ་སྒོ།  ཆུའི་གནོན་འདོན་ས་ཚུགས་སོགས་ཀྱི་སྒྲིག་བཀོད་དང་།  འབར་རླངས་དང་དྲོད་འདོན་སྒྲིག་བཀོད་ནི།  འབར་རླངས་འདོན་སྐྱེལ་སྦུ་གུའི་དྲ་བ་དང་དྲོད་ནུས་བཟོ་གྲྭ།  དྲོད་ནུས་འདོན་སྐྱེལ་སྦུ་གུའི་དྲ་བ།  སྡེབ་སྐྱེལ་ས་ཚུགས།  གཤེར་རླངས་ས་ཚིགས།  རླངས་བསྲེས་ས་ཚིགས།  དམ་བེར་བླུག་པའི་འབར་རྫས་མཁོ་འདོན་ས་ཚུགས།   འབར་རླངས་གསོག་འཇོག་སྒྲོམ་སྣོན་སོགས་ཀྱི་སྒྲིག་བཀོད་རྣམས་ཡིན། 
       (བཞི) མཁར་གྲོང་གི་འོད་འབྱེད་སྒྲིག་བཀོད་ནི།  བགྲོད་ལམ་དང་ཟམ་པ།  ཕུག་ལམ།  ས་འོག་གི་འགྲོ་ལམ།  ཐང་ཆེན་ར་བ།  སྲང་ལམ་དང་མི་མང་བོ་འདུ་ས་བཅས་ཀྱི་ལམ་སྒྲོན་དང་སྒྲོན་ཆས།   གློག་གནོན་སྒྱུར་ཆས།   གློག་ཤུགས་སྡེབ་སྐྱེལ་ཁང་རྗ།  གློག་སྐུད།  ས་འོག་གི་གློག་སྐུད་སོགས་སྒྲིག་ཆས་རྣམས་ཡིན།  
       (ལྔ) མཁར་གྲོང་གི་སྤྱི་སྤྱོད་འགྲིམ་འགྲུལ་སྒྲིག་བཀོད་ནི།  སྤྱི་སྤྱོད་རླངས་འཁོར་དང་སྤྱི་སྤྱོད་གླ་གཏོང་རླངས་འཁོར་འབབ་ཚུགས།  རླངས་འཁོར་འཇོག་ས།  རླངས་འཁོར་ལྡོག་གཏོང་བགྲོད་ལམ།  འབབ་ཚུགས་སྟེགས་རྗ།  བདེ་སྲུང་ལན་ཀ   འབབ་ཚུགས་བྱང་རྗ།  ལམ་ཐིག  བརྡ་གཏོང་སྒྲོན་མེ་ལ་སོགས་པའི་སྒྲིག་བཀོད་རྣམས་ཡིན། 
       (དྲུག) མཁར་གྲོང་གི་ཁོར་ཡུག་གཙང་སྦྲའི་སྒྲིག་བཀོད་ནི།  སྤྱི་སྤྱོད་ཆབ་ཁང་དང་།  གད་སྙིགས་རུབ་བསྡུ་ས་ཚུགས་དང་སྒམ་དང་ཟོམ་དང་ར་བ།   སིལ་ཏོག་ཤུན་པ་འཕེན་སྒམ།   ཁ་ལུད་འཕེན་སྣོད།  གད་སྙིགས་སྤུངས་གསོག་ར་བ།  ལུད་གསོག་རྫིང་རྗ།  གད་སྙིགས་ཐག་གཅོད་ར་བའམ་བཟོ་གྲྭ་ལ་སོགས་པའི་སྒྲིག་བཀོད་རྣམས་ཡིན།
       (བདུན) མཁར་གྲོང་གི་སྐྱེད་ཚལ་ལྗང་འགྱུར་སྒྲིག་བཀོད་ནི།  སྤྱི་གླིང་དང་རྩི་ཤིང་ལྡུམ་ར།  སྡོང་ཕྲུག་ར་བ།  རོལ་རྩེད་ར་བ།  རྗེས་དྲན་ཞུ་ས།  བཟོ་རྐོ་སྐུ་བཪྙན།  མེ་ཏོག་ཛཱངས་ཆ།  སྲུང་བྱེད་ལན་ཀ  རྐུབ་བཀྱག་རྒྱབ་བརྟེན་མ།  ཆུ་འདྲེན་སྒྲིག་བཀོད།  སྤྱི་པའི་སྤང་ས་ལ་སོགས་པའི་སྒྲིག་བཀོད་རྣམས་ཡིན།  
       དོན་ཚན་རེ་ལྔ་པ།  རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་གིས་སྲོལ་ཡིག་འདི་གཞིར་བཟུང་ནས་མཁར་གྲོང་གི་རྨང་གཞིའི་སྒྲིག་བཀོད་དོ་དམ་གྱི་ལག་ལེན་བྱེད་ཐབས་གཏན་འཁེལ་བྱེད་ཆོག
       དོན་ཚན་རེ་དྲུག་པ།  སྲོལ་ཡིག་འདི་༢༠༡༥ལོའི་ཟླ་༧ཚེས་༡ཉིན་ནས་བཟུང་ལག་ལེན་བྱེད་དགོས་སོ།།

རྩོམ་སྒྲིག་པ། གསང་བདག་རྒྱལ།

དཔྱད་མཆན 0 ཡོད།