ཀྲུང་གོ་བོད་ཀྱི་དྲ་བ།

སྐད་ཡིག་སྐོར་གྱི་སྲིད་ཇུས་དང་ཁྲིམས་སྲོལ་གསར་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2017-06-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

2005ལོའི་ཟླ5པའི་ཚེས3ཉིན་ནས་ལག་ལེན་དུ་བསྟར་བའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཀྲུང་ཧ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས་ལག་བསྟར་བྱེད་པའི་གཏན་འབེབས་འགའ་ཞིག

དོན་ཚན་གཉིས་པ། རྒྱལ་ཁབ་ཀྱིས་མི་རིགས་སོ་སོས་མི་རིགས་རང་གི་སྐད་ཆ་དང་ཡི་གེ་བཀོལ་བ་དང་དར་རྒྱས་སུ་གཏོང་བའི་རང་དབང་ཁག་ཐེག་འོང་བ་བྱ་རྒྱུ་དང༌།གྲངས་ཉུང་མི་རིགས་ཀྱི་སྐད་ཆ་དང་ཡི་གེ་ཚུལ་མཐུན་དང་ཚད་ལྡན་དུ་བསྒྱུར་བ་དང་ཆ་འཕྲིན་ཐག་གཅོད་ཀྱི་བྱ་བར་རོགས་སྐྱོར་བྱ་རྒྱུ།རྒྱལ་ཡོངས་སྤྱི་ཁྱབ་ཏུ་བཀོལ་བའི་སྤྱི་སྐད་དང་རྒྱ་ཡིག་ཚད་ལྡན་ཁྱབ་སྤེལ་བྱས་ནས་བཀོལ་སྤྱོད་བྱ་རྒྱུ་དང༌།མི་རིགས་རང་སྐྱོང་ས་གནས་ཀྱི་མི་རིགས་སོ་སོའི་སྤྱི་དམངས་ཀྱིས་ཕན་ཚུན་སྐད་ཆ་དང་ཡི་གེ་སློབ་སྦྱོང་བྱེད་པར་སྐུལ་མ་གཏོང་རྒྱུ།

རྒྱལ་ཁབ་ཀྱིས་མི་རིགས་རང་སྐྱོང་ས་གནས་སུ་རིམ་གྱིས་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་དང་རྒྱའི་སྐད་ཡིག་གིས་དཔེ་ཁྲིད་བྱེད་པའི་སྐད་གཉིས་སློབ་ཁྲིད་སྤེལ་བར་སྐུལ་མ་གཏོང་རྒྱུ་དང༌།གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་དང་རྒྱའི་སྐད་ཡིག་གི་ཁྲིད་དེབ་ཞིབ་འཇུག་དང༌།གསར་སྤེལ།རྩོམ་སྒྱུར་དང་དཔར་སྐྲུན་བྱེད་པར་རོགས་སྐྱོར་བྱ་རྒྱུ།གྲངས་ཉུང་མི་རིགས་ཀྱི་ཁྲིད་དེབ་རྩོམ་སྒྱུར་དང་ཞིབ་བཤེར་ལས་ཁུངས་འཛུགས་པ་དང་འཐུས་ཚང་དུ་གཏོང་བར་རྒྱབ་སྐྱོར་བྱ་བ་དང༌།གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་དང་རྒྱའི་སྐད་ཡིག་གཉིས་ཀ་བྱང་ཆུབ་པའི་དགེ་རྒན་སྐྱེད་སྲིང་བྱེད་པར་རོགས་རམ་གནང་རྒྱུ།

ཧུའུ་ཅིན་ཐའོ་ཡིས2005ལོའི་ཟླ5བའི་ཚེས27ཉིན།ཀྲུང་དབྱང་གི་མི་རིགས་ལས་དོན་གྲོས་ཚོགས་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གཟེངས་བསྟོད་ཚོགས་ཆེན་ཐེངས་བཞི་པའི་ཐོག་གནང་བའི་གསུང་བཤད།

(ཚན་བཤུས)

༡. རང་རྒྱལ་གྱི་དཔལ་འབྱོར་དང༌།ཆབ་སྲིད།རིག་གནས།སྤྱི་ཚོགས་བཅས་གོང་འཕེལ་འགྲོ་བ་དང་ཆབས་ཅིག་མི་རིགས་ཁག་བར་ཕན་ཚུན་སློབ་སྦྱོང་དང༌།ཕན་ཚུན་ཤུགས་རྐྱེན་ཐེབས་པ།ཕན་ཚུན་རོགས་རམ་བཅས་བྱེད་སྐབས་སུ་གཅིག་མཐུན་གྱི་རྒྱུ་རྐྱེན་རྒྱུན་ཆད་མེད་པར་ཇེ་མང་དུ་འགྲོ་ངེས་ཡིན་མོད།འོན་ཀྱང་མི་རིགས་ཀྱི་ཁྱད་ཆོས་དང༌།མི་རིགས་བར་གྱི་ཁྱད་པར།དཔལ་འབྱོར་དང་རིག་གནས་འཕེལ་རྒྱས་འགྲོ་རིང་མི་རིགས་ཁག་གི་བར་ཁྱད་བཅས་ཡུན་རིང་གནས་སྲིད།དེར་ང་ཚོས་ངོས་འཛིན་གང་ལེགས་བྱ་དགོས།

༢. ལོ་རྒྱུས་འཕེལ་རྒྱས་འགྲོ་རིང་མི་རིགས་ཁག་བར་སྲོལ་རྒྱུན་དང༌།སྐད་ཆ།རིག་གནས།ཡུལ་སྲོལ་གོམས་གཤིས།སེམས་ཁམས་ཀྱི་ངོས་ཟིན་ལ་སོགས་པའི་ཐད་ཆགས་པའི་ཁྱད་པར་དག་ལ་ང་ཚོས་བརྩི་འཇོག་དང་བསམ་ཤེས་གང་ལེགས་བྱས་ཏེ།དེ་ཚོ་གནས་པར་སྣང་ཆུང་བྱེད་མི་རུང་ལ།བཙན་ཤེད་ཀྱི་བྱེད་ཐབས་ཀྱིས་སྒྱུར་ཐབས་ཀྱང་བྱེད་མི་རུང༌།ང་ཚོས་ཆ་རྐྱེན་ཧུར་ཐག་གིས་བསྐྲུན་ཏེ་མི་རིགས་ཁག་བར་འཕེལ་རྒྱས་ཆུ་ཚད་ཐད་གནས་པའི་བར་ཁྱད་ཇེ་ཆུང་དང་མེད་པར་གཏོང་གང་ཐུབ་བྱ་དགོས།

༣. མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཇེ་ཚང་དུ་གཏོང་བ་དང༌།མི་རིགས་ས་ཁོངས་རང་སྐྱོང་བྱེད་ཕྱོགས་སྐོར་གྱི་བཅའ་ཁྲིམས་ལག་ལེན་མཐར་ཕྱིན་བྱས་ནས་མི་རིགས་ས་ཁོངས་རང་སྐྱོང་ས་གནས་ཀྱིས་བཅའ་ཁྲིམས་ལྟར་རང་སྐྱོང་དབང་ཆ་བེད་སྤྱོད་བྱེད་པར་འགན་ལེན་གང་ལེགས་བྱ་དགོས་པ་དང༌།གྲངས་ཉུང་མི་རིགས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་བརྩི་འཇོག་དང་འགན་སྲུང་ཏན་ཏིག་བྱ་དགོས།ས་བབ་དང་བསྟུན་པ་དང༌།མི་རིགས་ལ་བསྟུན་ནས་བྱེད་ཐབས་ལག་ལེན་བསྟར་བ།གྲངས་ཉུང་མི་རིགས་དང་མི་རིགས་ས་ཁུལ་གྱི་དོན་དངོས་དང་མཐུན་པའི་སྲིད་ཇུས་དང་བྱེད་ཐབས་གཏན་འབེབས་བྱ་དགོས་པ་མ་ཟད་ལག་ལེན་དངོས་སུའང་བསྟར་དགོས།

༤. མི་རིགས་ས་ཁུལ་གྱིས་རང་སྟོབས་རང་སྤེལ་བྱ་རྒྱུ་བཅས་ཟུང་དུ་འབྲེལ་བ་མཐའ་འཁྱོངས་བྱས་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ཟམ་མི་ཆད་པར་ལེགས་བཅོས་བྱ་དགོས་པ་དང༌།མི་རིགས་ཁག་གི་མང་ཚོགས་ཀྱི་བསམ་བློ་དང་ཀུན་སྤྱོད་བཟང་ཚད་དང༌།ཚན་རིག་དང་རིག་གནས་ཀྱི་བྱང་ཚད།ལུས་ཁམས་བདེ་ཐང་ཡོང་ཚད་བཅས་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས།

༥. སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་དང་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་འདོན་སྤེལ་བྱ་རྒྱུ་དེ་སྔོན་ཐོན་གྱི་ཐོན་སྐྱེད་ནུས་ཤུགས་གོང་དུ་སྤེལ་བ་དང༌།སྔོན་ཐོན་གྱི་རིག་གནས་གོང་དུ་སྤེལ་བ།མི་རིགས་ཁག་གི་མི་དམངས་ཀྱི་རྩ་བའི་ཁེ་ཕན་མངོན་འགྱུར་བྱེད་པ་བཅས་ཀྱི་ཐོག་ལ་དོན་འཁྱོལ་བྱ་དགོས།

༦. གྲངས་ཉུང་མི་རིགས་དང་མི་རིགས་ས་ཁུལ་གོང་སྤེལ་གང་མགྱོགས་གཏོང་བར་རྒྱབ་སྐྱོར་བྱ་རྒྱུ་ནི་ཀྲུང་དབྱང་གི་གཞི་རྩའི་བྱེད་ཕྱོགས་ཤིག་ཡིན་ལ།ནུབ་རྒྱུད་གསར་སྤེལ་ཆེན་པོར་སྐུལ་སྤེལ་གཏོང་བའི་ལས་འགན་ཨང་དང་པོའང་ཡིན།རྒྱལ་ཁབ་ཀྱིས་གྲངས་ཉུང་མི་རིགས་དང་མི་རིགས་ས་ཁུལ་ལ་མ་དངུལ་གཏོང་ཤུགས་ཆེ་རུ་གཏོང་རྒྱུ་ནི་གྲངས་ཉུང་མི་རིགས་དང་མི་རིགས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་སྤེལ་གང་མགྱོགས་གཏོང་བ།

༧.ཁོང་ཚོས་རིག་གནས་དང༌།སློབ་གསོ།འཕྲོད་བསྟེན་ལ་སོགས་པའི་སྤྱི་ཚོགས་ཀྱི་བྱ་གཞག་ཁག་གོང་དུ་སྤེལ་བར་ཡང་རྒྱབ་སྐྱོར་བྱ་དགོས་ཤིང༌།མ་དངུལ་དང་དངོས་ཤུགས་སྔར་ལས་མང་བ་གཏོང་དགོས་ལ།གྲངས་ཉུང་མི་རིགས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་སྤེལ་ཇེ་མགྱོགས་སུ་གཏོང་བར་གཅིག་གྱུར་གྱི་འཆར་འགོད་ལྔ་ཡི་བླང་བྱ་དོན་འཁྱོལ་བྱ་དགོས་པ་དང༌།གནས་བབ་དང་བསྟུན་པ་དང༌།རང་ངོས་ཀྱི་གནས་ཚུལ་དངོས་ལ་དམིགས་ནས་རང་ངོས་ཀྱི་ས་ཆའི་ཁྱད་ཆོས་ལྡན་ཞིང་གོང་སྤེལ་གང་མྱུར་གཏོང་བའི་བགྲོད་ལམ་གསར་པ་ཞིག་ཏུ་བསྐྱོད་རྒྱུ་མཐའ་འཁྱོངས་བྱས་ཏེ་ཐོན་སྐྱེད་གོང་འཕེལ་དང༌།འཚོ་བ་ཕྱུག་འགྱུར།སྐྱེ་ཁམས་བཟང་འགྱུར་བཅས་འབྱུང་གང་ཐུབ་བྱ་དགོས།

༨. སྐྱེ་ཁམས་སྐྱོང་ཤུགས་དང་ཁོར་ཡུག་སྲུང་ཤུགས་ཆེ་རུ་གཏོང་བ་དང༌།ཕྱོགས་བསྡུས་ཀྱིས་བཅོས་སྐྱོང་ཡག་པོར་བྱས་ནས་བསྟུད་མར་གོང་སྤེལ་གཏོང་ནུས་ཆེ་རུ་འགྲོ་བར་བྱ་དགོས།མི་རིགས་ས་ཁུལ་དུ་སློབ་གསོ་དང་ཚན་རྩལ་གྱི་བྱ་གཞག་དམིགས་སུ་བཀར་ནས་གོང་དུ་སྤེལ་བར་རོགས་སྐྱོར་ཤུགས་ཆེན་དང༌།མི་རིགས་ས་ཁུལ་དུ་རིག་གནས་ཀྱི་བྱ་གཞག་དང་རིག་གནས་ཀྱི་ཐོན་ལས་གོང་དུ་སྤེལ་བར་རོགས་སྐྱོར།གྲངས་ཉུང་མི་རིགས་ཀྱི་ཕུལ་བྱུང་རིག་གནས་རྒྱུན་སྐྱོང་དང༌།གོང་སྤེལ།གསར་གཏོད་བཅས་བྱེད་པར་རོགས་སྐྱོར།མི་རིགས་ཁག་གི་མང་ཚོགས་ཀྱི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་ཡོང་བ་བཅས་བྱས་ཏེ་མི་རིགས་ཁག་གི་མང་ཚོགས་ཀྱི་བསམ་བློ་དང་ཀུན་སྤྱོད་ཀྱི་བྱང་ཚད་དང་ཚན་རིག་རིག་གནས་ཀྱི་བྱང་ཚད་རྒྱུན་མི་ཆད་པར་མཐོ་རུ་གཏོང་དགོས།

༩. མི་རིགས་ས་ཁུལ་གྱི་ཤེས་ལྡན་མི་སྣའི་ཐོན་ཁུངས་གསར་སྤེལ་བྱེད་ཤུགས་དང་གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པའི་དཔུང་སྡེ་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས།ཤེས་ལྡན་མི་སྣ་ནི་གྲངས་ཉུང་མི་རིགས་དང་མི་རིགས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་སྤེལ་ཇེ་མགྱོགས་སུ་གཏོང་བའི་འགག་རྩར་ཐུག་པའི་རྒྱུ་རྐྱེན་ཞིག་རེད།ཚན་སློབ་ལ་བརྟེན་ནས་རྒྱལ་ཁབ་དར་རྒྱས་གཏོང་བའི་འཐབ་ཇུས་དང་ཤེས་ལྡན་པར་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་དུ་བསྒྱུར་བའི་འཐབ་ཇུས་དོན་འཁྱོལ་མཐའ་འཁྱོངས་བྱེད་པ་དང༌།ཤེས་ལྡན་མི་སྣ་སྔོན་ལ་གསོ་སྐྱོང་བྱེད་པའི་ལྟ་བ་བཅངས་ཏེ་རིམ་པ་ཁག་དང་མི་རིགས་ཁག་གི་ཤེས་ལྡན་མི་སྣ་གསོ་སྐྱོང་དང་ངལ་རྩོལ་བའི་བྱང་ཚད་མཐོ་རུ་གཏོང་རྒྱུ་དེ་གོ་གནས་གལ་ཆེན་དུ་འཇོག་པ་དང༌།གྲངས་ཉུང་མི་རིགས་དང་མི་རིགས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་སྤེལ་གང་མྱུར་གཏོང་བའི་འཐབ་ཇུས་ཀྱི་ལས་འགན་གལ་ཆེན་དུ་བརྩིས་ནས་དོན་འཁྱོལ་བྱ་དགོས།

༡༠. གྲངས་ཉུང་མི་རིགས་དང་མི་རིགས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བའི་དགོས་མཁོ་དངོས་ལ་གཞིགས་ནས་མི་རིགས་ས་ཁུལ་གྱི་ཤེས་ལྡན་མི་སྣ་འཕེལ་རྒྱས་གཏོང་བའི་ཆེད་དོན་འཆར་གཞི་གཏན་འབེབས་དང་དོན་འཁྱོལ་བྱེད་པ་དང༌།ཤེས་ལྡན་པར་དོ་དམ་བྱེད་པའི་ལས་ཀའི་ནང་རྐྱེན་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ།ཐབས་དང་བྱེད་སྟངས་སྣ་ཚོགས་ལ་བརྟེན་ནས་མི་རིགས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བར་དགོས་མཁོ་ཆེ་བའི་ཁེ་ལས་གཉེར་སྐྱོང་དང་བདག་སྐྱོང་བྱེད་མཁན་ཤེས་ལྡན་མི་སྣ་དང༌།ཆེད་ལས་ལག་རྩལ་ཤེས་ལྡན་མི་སྣ།ལག་རྩལ་ཤེས་ལྡན་མི་སྣ་བཅས་སྔར་ལས་མང་བོ་གསོ་སྐྱོང་བྱེད་རོགས་བྱས་ནས་རྒྱུན་མི་ཆད་པར་ཤེས་ལྡན་མི་སྣའི་བྱང་ཚད་མཐོ་རུ་གཏོང་བ་དང་ཤེས་ལྡན་པའི་གྲུབ་ཚུལ་བཟང་སྒྲིག་བྱ་དགོས།ཤེས་ལྡན་མི་སྣ་ཚུལ་མཐུན་གྱིས་འཁོར་རྒྱུག་བྱེད་པར་འཆིང་སྡོམ་འཁེལ་བའི་སྒྲིག་སྲོལ་གྱི་རང་བཞིན་ལྡན་པའི་འགོག་རྐྱེན་སེལ་གང་ཐུབ་བྱ་དགོས་པ་དང༌།གཟིགས་སྐྱོང་སྔར་ལས་ཆེ་བའི་སྲིད་ཇུས་གཏན་འབེབས་བྱེད་པ་དང༌།སྟབས་བསྟུན་སྣ་མང་གི་བྱེད་ཐབས་སྤྱོད་པ།མི་བཀོལ་སྤྱོད་བྱེད་པའི་ནང་རྐྱེན་དང་མཐུན་རྐྱེན་བཟང་པོ་སྐྲུན་པ་བཅས་བྱས་ནས་རིམ་པ་ཁག་དང་ལས་རིགས་ཁག་གི་ཤེས་ལྡན་མི་སྣ་མི་རིགས་ས་ཁུལ་དུ་གོང་སྤེལ་དང་ལས་གཉེར།བློ་རིག་བཀྲ་བའི་རྣམ་དཔྱོད་འབུལ་བར་སྐྱོད་པར་བསྔགས་སྐུལ་དང༌།རོགས་སྐྱོར།འགུག་ཐབས་བཅས་བྱ་དགོས།

༡༡. གྲངས་ཉུང་མི་རིགས་ཀྱི་འབྱུང་འགྱུར་ལས་བྱེད་པའི་བློ་རྒྱ་ཆེར་སྐྱེད་བྱེད་ཤུགས་ཇེ་ཆེར་གཏོང་དགོས།མི་རིགས་རང་སྐྱོང་ས་གནས་ཀྱི་འགོ་ཁྲིད་ཚན་པར་གཏན་འབེབས་ལྟར་གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པ་བདམས་སྦྱོར་བྱ་དགོས།མི་རིགས་རང་སྐྱོང་ས་གནས་ཀྱི་རང་སྐྱོང་ལས་ཁུངས་ཁོངས་གཏོགས་ལས་དོན་སྡེ་ཁག་གི་འགོ་ཁྲིད་ཚན་པར་གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པ་བཀོད་སྒྲིག་བྱེད་གང་ཐུབ་བྱ་དགོས།གྲངས་ཉུང་མི་རིགས་ཀྱི་མི་གྲངས་མང་ཙམ་ཡོད་པའི་ཞིང་ཆེན་དང༌།གྲོང་ཁྱེར།རྫོང༌།ཞང༌།གྲོང་རྡལ་བཅས་ཀྱི་འགོ་ཁྲིད་ཚན་པར་གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པ་གྲངས་ཚད་ངེས་ཅན་ཞིག་བཀོད་སྒྲིག་བྱ་དགོས།

༡༢. མི་རིགས་ས་ཁུལ་གྱི་མི་རིགས་ཁག་གི་ལས་བྱེད་པས་མཐུན་སྒྲིལ་དམ་ཟབ་བྱས་ཏེ་མི་རིགས་ས་ཁུལ་གྱི་མི་རིགས་ཁག་གི་མང་ཚོགས་ལ་དཔེ་སྟོན་དང་སྣེ་ཁྲིད་ཀྱི་ནུས་པ་བཟང་བོ་འདོན་དགོས་པ་དང༌།ཕན་ཚུན་སློབ་སྦྱོང་དང༌།ཕན་ཚུན་བརྩི་བཀུར།མཉམ་ལས་དམ་ཟབ་བཅས་བྱས་ནས་རྡོག་རྩ་གཅིག་སྒྲིལ་གྱིས་མི་རིགས་ཁག་གི་མང་ཚོགས་ཀྱི་ཁེ་ཕན་དོན་གཉེར་བྱ་དགོས།མི་རིགས་ས་ཁུལ་དུ་ལས་ཀ་བྱེད་མཁན་རྒྱ་རིགས་ལས་བྱེད་པས་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་སློབ་སྦྱོང་ཅི་ཐུབ་དང༌།ས་གནས་དེ་མི་རིགས་ཀྱི་ལོ་རྒྱུས་དང་རིག་གནས་ལ་ཆ་རྒྱུས་ལེན་པ།གྲངས་ཉུང་མི་རིགས་ཀྱི་མང་ཚོགས་དང་འབྲེལ་བ་དམ་ཟབ་བཅས་བྱ་དགོས།མི་རིགས་སྲིད་ཇུས།མི་རིགས་ཀྱི་ཁྲིམས་ལུགས།ཁྲིམས་སྲོལ།དེ་བཞིན་མི་རིགས་ཀྱི་གཞི་རྩའི་ཤེས་བྱ་ལ་སོགས་པའི་སྐོར་གྱི་སློབ་གསོ་རྒྱུན་འཁྱོངས་ལྷོད་མེད་ཀྱིས་སྤེལ་ཏེ།གྲངས་ཉུང་མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་ལ་བརྩི་འཇོག་བྱས་ནས་ཁོ་ཚོའི་ཁྲིམས་མཐུན་གྱི་ཁེ་དབང་སྲུང་སྐྱོབ་བྱ་དགོས།

༡༣. མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་དགོས་ན།མི་རིགས་ས་ཁོངས་རང་སྐྱོང་བྱེད་ཕྱོགས་སྐོར་གྱི་བཅའ་ཁྲིམས་ངེས་པར་དུ་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བྱ་དགོས།མི་རིགས་ས་ཁོངས་རང་སྐྱོང་བྱེད་ཕྱོགས་སྐོར་གྱི་བཅའ་ཁྲིམས་ནི་རྒྱལ་ཁབ་གཞུང་ནས་གྲངས་ཉུང་མི་རིགས་དང་མི་རིགས་ས་ཁུལ་གྱི་ཁེ་དབང་རྣམས་འགན་སྲུང་བྱེད་པའི་གཞི་རྩའི་བཅའ་ཁྲིམས་ཤིག་ཡིན་པ་དང༌།རང་རྒྱལ་གྱི་མི་རིགས་ལས་དོན་རྣམས་ཁྲིམས་ལུགས་ཅན་དང་ཚད་ལྡན་ཅན་གྱི་བགྲོད་ལམ་ཐོག་བསྐྱོད་པའི་འགན་ལེན་གལ་ཆེན་ཞིག་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།