ཀྲུང་གོ་བོད་ཀྱི་དྲ་བ།

བོད་རང་སྐྱོང་ལྗོངས་ཀྱི་མཐའ་མཚམས་དོ་དམ་སྲོལ་ཡིག

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2016-11-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

(2000ལོའི་ཟླ3ཚེས30ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བདུན་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅུ་གཉིས་པའི་ཐོག་གྲོས་འཆམ་བྱུང་བ་དང་། 2016ལོའི་ཟླ9ཚེས28ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ཉེར་དྲུག་པའི་ཐོག་དག་བཅོས་བྱས་པ)    

བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་སྤྱི་བསྒྲགས།[2016]ཡིག་ཨང8པ།

《བོད་རང་སྐྱོང་ལྗོངས་ཀྱི་མཐའ་མཚམས་དོ་དམ་སྲོལ་ཡིག》འདི2016ལོའི་ཟླ9ཚེས28ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ཉེར་དྲུག་པའི་ཐོག་དག་བཅོས་བྱས་ནས་གྲོས་འཆམ་བྱུང་དོན་བཞིན་ད་ལྟ་ཡོངས་བསྒྲགས་བྱེད་རྒྱུ་ཡིན་ཞིང་། 2017ལོའི་ཟླ1ཚེས1ཉིན་ནས་བཟུང་ལག་བསྟར་བྱེད་རྒྱུ། 

བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ནས། 2016ལོའི་ཟླ9ཚེས28ཉིན་ལ།

ལེའུ་དང་པོ། སྤྱིའི་རྩ་འཛིན།

དོན་ཚན་དང་པོ། མཐའ་མཚམས་ཀྱི་དོ་དམ་ལ་ཤུགས་སྣོན་བརྒྱབ་སྟེ། རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་ཆ་ཚང་སྲུང་སྐྱོང་དང་། མཐའ་མཚམས་ས་ཁུལ་བདེ་འཇགས་དང་བརྟན་ལྷིང་ཡོང་བ་བྱས་ནས་མཐའ་མཚམས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་ཆེད། དརྒྱལ་ཁབ་ཀྱི་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་གཏན་འབེབས་གཞིར་བཟུང་ནས་བོད་ཀྱི་དོན་དངོས་དང་ཟུང་འབྲེལ་གྱིས་སྲོལ་ཡིག་འདི་བཟོས་པ་ཡིན།

དོན་ཚན་གཉིས་པ། རང་སྐྱོང་ལྗོངས་ཀྱི་མཐའ་མཚམས་ས་ཁུལ་དུ་འཚོ་སྡོད་དང་། འགྲོ་སྐྱོད། ཐོན་སྐྱེད་བཅས་བྱེད་པའམ་ཡང་ན་སྲོལ་ཡིག་འདིའི་ནང་གཏན་འབེབས་བྱས་པའི་ལས་ཀ་གཞན་དག་བྱེད་མཁན་རྩ་འཛུགས་དང་མི་སྒེར་གྱིས་ངེས་པར་དུ་སྲོལ་ཡིག་འདིར་སྲུང་བརྩི་ཞུ་དགོས།

དོན་ཚན་གསུམ་པ། སྲོལ་ཡིག་འདིའི་ནང་བརྗོད་པའི་མཐའ་མཚམས་དོ་དམ་ཞེས་པར་རྒྱལ་མཚམས(མཐའ་མཚམས)དོ་དམ་དང་མཐའ་མཚམས་ས་ཁུལ་གྱི་དོ་དམ་གཉིས་ཚུད་ཡོད།

རྒྱལ་མཚམས(མཐའ་མཚམས)དོ་དམ་ཞེས་པ་ནི་རྒྱལ་མཚམས(མཐའ་མཚམས)དང་དེའི་མཚོན་རྟགས་ལ་དོ་དམ་བྱེད་པར་ཟེར་བ་དང་། མཐའ་མཚམས་ས་ཁུལ་གྱི་དོ་དམ་ཞེས་པ་ནི་མཐའ་མཚམས་དོ་དམ་ཁུལ་དང་། མཐའ་མཚམས་ས་རྒྱུད། མཐའ་མཚམས་ཀྱི་དམིགས་བསལ་ས་ཁོངས་བཅས་ལ་དོ་དམ་བྱེད་པར་ཟེར།

མཐའ་མཚམས་དོ་དམ་ཁུལ་ཞེས་པ་ནི་སྤྱིར་རྒྱལ་མཚམས(མཐའ་མཚམས)རྒྱུད་ཀྱི་རྫོང་དང་། ཤང་(གྲོང་རྡལ)གི་སྲིད་འཛིན་ས་ཁོངས་ལ་ཟེར་བ་དང་། མཐའ་མཚམས་ས་རྒྱུད་ཅེས་པ་ནི་རྒྱལ་མཚམས(མཐའ་མཚམས)དང་ཉེ་འབྲེལ་གྱི་རྨིད་ཉིས་སྟོང་ནང་ཚུན་གྱི་ས་ཁོངས་ལ་ཟེར། མཐའ་མཚམས་ཀྱི་དམིགས་བསལ་ས་ཁོངས་ནི་འགག་སྒོ་དང་། མཐའ་མཚམས་བགྲོད་ལམ། མཐའ་མཚམས་ཀྱི་གནས་སྐབས་ཉེན་ཟོན་ཁུལ། མཐའ་མཚམས་ཀྱི་ཉོ་ཚོང་སྤེལ་རེས་ཁུལ(ས་ཚིགས) མཐའ་མཚམས་ཀྱི་ཡུལ་སྐོར་གནས་ལྗོངས་ཁུལ(ས་ཚིགས)སོགས་ཀྱི་ས་ཁོངས་ལ་ཟེར་བ་ཡིན།

དོན་ཚན་བཞི་པ། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་དང་དེ་བཞིན་མཐའ་མཚམས་དོ་དམ་ཁུལ་གནས་སའི་ས་གནས(གྲོང་ཁྱེར)དང་། རྫོང་། ཤང་(གྲོང་རྡལ)བཅས་ཀྱི་མི་དམངས་སྲིད་གཞུང་གིས་ངེས་པར་དུ་མཐའ་མཚམས་དོ་དམ་ལས་དོན་ལ་འགོ་ཁྲིད་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ། དམངས་གཅེས་མཐའ་བརྟན་དང་མཐའ་དར་དམངས་ཕྱུག་གི་བྱེད་སྒོ་སྤེལ་དགོས་པ་དང་། མཐའ་མཚམས་ས་ཁུལ་གྱི་འགྲིམ་འགྲུལ་དང་། གློག་ཤུགས། འཕྲིན་གཏོང་། རིག་གནས། སློབ་གསོ། སྨན་བཅོས་འཕྲོད་བསྟེན་བཅས་དང་། མཐའ་སྲུང་རྨང་གཞིའི་སྒྲིག་བཀོད་གཞན་དག་འཛུགས་སྐྲུན་བྱེད་པའི་ཐད་མ་དངུལ་གཏོང་ཤུགས་ཆེ་རུ་གཏོང་དགོས་པ། མཐའ་མཚམས་མང་ཚོགས་ལ་ཁ་གསབ་རོགས་དངུལ་སྤྲོད་པའི་སྲིད་ཇུས་དོན་འཁྱོལ་ཡག་པོ་བྱེད་དགོས།

དོན་ཚན་ལྔ་པ། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་དང་དེ་བཞིན་མཐའ་མཚམས་དོ་དམ་ཁུལ་གནས་སའི་ས་གནས(གྲོང་ཁྱེར)དང་རྫོང་མི་དམངས་སྲིད་གཞུང་ལ་ངེས་པར་དུ་མཐའ་སྲུང་ཨུ་ཡོན་ལྷན་ཁང་འཛུཌ་དགོས། རིམ་ཁག་མཐའ་སྲུང་ཨུ་ཡོན་ལྷན་ཁང་གིས་སྲིད་འཛིན་ཁུལ་ཁོངས་དེ་གའི་མཐའ་སྲུང་དོ་དམ་ལས་དོན་སྤེལ་རྒྱུ་སྒྲིག་འཛུཌ་དང་། མཐུན་སྦྱོར། མཛུབ་ཁྲིད་བཅས་བྱེད་འགན་འཁུར་བའི་ཁར། དུས་བཀག་ནང་མཉམ་ཞུགས་ཚོགས་འདུ་འཚོག་དགོས།

དོན་ཚན་དྲུག་པ། སྤྱི་བདེ་མཐའ་སྲུང་སྡེ་ཚན་གྱིས་མཐའ་མཚམས་ས་ཁུལ་གྱི་སྤྱི་ཚོཌ་བདེ་འཇཌ་དོ་དམ་དང་། མི་འབོར་དོ་དམ་ཞབས་ཞུ། འགྲོ་སྐྱོད་ཞིབ་བཤེར། མཐའ་མཚམས་ནས་ཕར་འགྲོ་ཚུར་འོང་བྱེད་མཁན་ལ་ཞིབ་བཤེར་བཅས་བྱེད་པའི་འགན་འཁྲི་ཁྲིམས་བཞིན་སྒྲུབ་དགོས། ཕྱི་དོན་སྡེ་ཚན་གྱིས་མཐའ་མཚམས་ས་ཁུལ་གྱི་ཕྱི་འབྲེལ་ལས་དོན་དང་རྒྱལ་མཚམས(མཐའ་མཚམས)དོ་དམ་ལས་དོན་ལ་མཛུབ་ཁྲིད་དང་དོ་དམ་བྱེད་འགན་འཁུར་དགོས། སྤྱི་བདེ་དང་། རྒྱལ་ཁབ་བདེ་འཇཌ། འགག་སྒོ། ནད་ཡམས་བརྟག་ཞིབ་སོཌ་སྡེ་ཚན་གྱིས་རང་འཁྲིའི་ལས་འགན་གཞིར་བཟུང་ཕན་ཚུན་གཞོགས་འདེགས་བྱས་ནས་མཉམ་དུ་མཐའ་མཚམས་དོ་དམ་ལས་དོན་ཡག་པོ་སྒྲུབ་དགོས།

དོན་ཚན་བདུན་པ། མཐའ་མཚམས་དོ་དམ་ཁུལ་གནས་སའི་རྫོང་མི་དམངས་སྲིད་གཞུང་གིས་ངེས་པར་དུ་མཐའ་མཚམས་དོ་དམ་ལས་དོན་དེ་སྤྱི་ཚོགས་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་བྱེད་ཁོངས་སུ་འཇུག་དགོས། རྫོང་མི་དམངས་སྲིད་གཞུང་དང་ཤང(གྲོང་རྡལ)མི་དམངས་སྲིད་གཞུང་དབར་དང་། ཤང(གྲོང་རྡལ)མི་དམངས་སྲིད་གཞུང་དང་ཡུལ(ཨུ་ལྷན)མི་ཨུ་ཡོན་ལྷན་ཁང་དབར་ངེས་པར་དུ་ཁག་སོ་སོར་མཐའ་སྲུང་མཉམ་འགོག་དང་ཉེན་ཟོན་འགན་འཁྲིའི་གན་རྒྱ་བཞག་ནས་མཉམ་སྲུང་མཉམ་འགོག་གི་འགན་འཁྲིའི་ལམ་ལུགས་བཟོ་དགོས། མཐའ་མཚམས་དོ་དམ་ཁུལ་གནས་སའི་རྫོང་དང་ཤང་(གྲོང་རྡལ)མི་དམངས་སྲིད་གཞུང་གིས་ངེས་པར་དུ་མཐའ་སྲུང་མཉམ་འགོག་གི་སྒྲིག་འཛུགས་བཙུགས་པའི་ཁར། སྤྱི་བདེ་མཐའ་སྲུང་རུ་མིར་དོ་དམ་དང་། སྦྱོར་བརྡར། དཔྱད་བསྡུར། བྱ་དགའ་ཆད་གཅོད་བཅས་བྱེད་ཤུགས་ཆེ་རུ་གཏོང་དགོས།

དོན་ཚན་བརྒྱད་པ། རྩ་འཛུགས་གང་ཞིག་དང་མི་སྒེར་སུ་ཞིག་ཡིན་རུང་ཚང་མར་རྒྱལ་མཚམས(མཐའ་མཚམས)ཀྱི་མཚོན་རྟགས་དང་མཐའ་སྲུང་སྒྲིག་བཀོད་སྲུང་སྐྱོབ་བྱེད་རྒྱུ་དང་། མཐའ་མཚམས་ས་ཁུལ་གྱི་རྒྱལ་ཁབ་བདེ་འཇགས་དང་སྤྱི་ཚོགས་ཀྱི་སྒྲིག་ལམ་སྲུང་སྐྱོང་བྱེད་རྒྱུའི་འོས་འགན་ཡོད།

དོན་ཚན་དགུ་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གིས་ངེས་པར་དུ་མཐའ་མཚམས་དོ་དམ་བྱེད་པའི་ལས་དོན་ཐད་ལེགས་སྐྱེས་མངོན་གསལ་དོད་པོ་འབུལ་མཁན་རྩ་འཛུགས་དང་མི་སྒེར་ལ་གཟེངས་བསྟོད་དང་བྱ་དགའ་སྤྲོད་དགོས།

ལེའུ་གཉིས་པ། རྒྱལ་མཚམས(མཐའ་མཚམས)ལ་དོ་དམ་བྱེད་ཕྱོགས་སྐོར།

དོན་ཚན་བཅུ་པ། རྒྱལ་མཚམས(མཐའ་མཚམས)ཀྱི་མཚམས་ཕུར་དང་། མཚམས་རྡོ། མཚམས་རྟགས་སོཌ་ཀྱི་མཚོན་རྟཌ་དངོས་པོར་སྲུང་སྐྱོབ་དང་། ཉམས་གསོ། བསྐྱར་འཛུཌ་བཅས་བྱེད་པ་དང་། མཐའ་མཚམས་ལ་མཉམ་བཤེར་བྱས་ཏེ་མཐའ་མཚམས་ཀྱི་མཚམས་ཐིག་འཁེལ་ཕྱོགས་གསལ་པོ་ཡོང་བ་བྱེད་པ། མཐའ་མཚམས་ཀྱི་ལྟ་ལམ་བཟོ་བ། མཚམས་འབྱེད་ཆུ་བོ་སྲུང་སྐྱོང་བཅས་བྱེད་པའི་རྒྱལ་མཚམས(མཐའ་མཚམས)དོ་དམ་ལས་དོན་དེ་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་དང་ཕྱོགས་གཉིས་ཀྱི་གྲོས་མཐུན་བྱུང་བར་གཞིགས་ཏེ་ལག་བསྟར་བྱེད་དགོས།

དོན་ཚན་བཅུ་གཅིག་པ། རྩ་འཛུགས་གང་ཞིག་དང་མི་སྒེར་སུ་ཞིག་ཡིན་རུང་གཤམ་གསལ་གྱི་བྱེད་སྒོ་ཁག་སྤེལ་མི་ཆོག་པ་སྟེ།

(གཅིག)རྒྱལ་མཚམས(མཐའ་མཚམས)ཀྱི་མཚམས་ཐིག་འཁེལ་ཕྱོགས་སམ་ཡང་ན་གསལ་ཆར་གནོད་པའི་སྒྲིག་བཀོད་རང་འཚམ་གྱིས་བཟོ་སྐྲུན་བྱེད་རིགས་དང་། 

(གཉིས)རྒྱལ་མཚམས(མཐའ་མཚམས)ཀྱི་མཚོན་རྟགས་དང་རྒྱལ་མཚམས(མཐའ་མཚམས)མཚོན་བྱེད་ཀྱི་ཕྱོགས་མཚམས་དངོས་པོར་གཏོར་སྐྱོན་གཏོང་བ་དང་། རང་འཚམ་ཐོག་བཤིག་སྤོ་བྱེད་རིགས།

(གསུམ)རྒྱལ་མཚམས(མཐའ་མཚམས)ཀྱི་མཚོན་རྟགས་ཐོག་ལ་འབྲི་སུབ་གཏོང་བའམ་ཡང་ན་སེམས་ཅན་འདོགས་རིགས།

(བཞི)རྒྱལ་མཚམས(མཐའ་མཚམས)ཀྱི་འགྲིམ་འགྲུལ་དང་། འཕྲིན་གཏོང་། ཆུ་བེད། ཆུ་དཔྱད། གློག་ཤུགས། ཐིག་རིས། མཐའ་སྲུང་། རྒྱལ་ཁབ་ས་ཆའི་ཐོན་ཁུངས་ལ་སྲུང་སྐྱོབ་བྱེད་པ་སོགས་ཀྱི་སྒྲིག་བཀོད་ལ་གཏོར་སྐྱོན་གཏོང་བའམ་ཡང་ན་རང་འཚམ་ཐོག་བཤིག་སྤོ་བྱེད་རིགས།

(ལྔ)རྒྱལ་མཚམས(མཐའ་མཚམས)ཀྱི་དོ་དམ་ལ་གནོད་པའི་བྱེད་སྒོ་གཞན་དག་སྤེལ་རིཌ་བཅས་སོ།

དོན་ཚན་བཅུ་གཉིས་པ། རྩ་འཛུགས་གང་ཞིག་དང་མི་སྒེར་སུ་ཞིག་གིས་རྒྱལ་མཚམས(མཐའ་མཚམས)ཀྱི་མཚོན་རྟགས་གཏོར་སྐྱོན་བཏང་བ་དང་བཤིག་སྤོ་བྱེད་པ་སོགས་རྒྱུན་གཏན་མིན་པའི་གནས་ཚུལ་ཤེས་རྟོགས་བྱུང་ཚེ། ངེས་པར་དུ་ས་ཆ་དེ་གའི་མི་དམངས་སྲིད་གཞུང་ངམ་ཡང་ན་ཕྱི་དོན་དང་། སྤྱི་བདེ་མཐའ་སྲུང་སོགས་ཀྱི་སྡེ་ཚན་ལ་འཕྲལ་མར་སྙན་སེང་ཞུ་དགོས།

དོན་ཚན་བཅུ་གསུམ་པ། རྒྱལ་མཚམས(མཐའ་མཚམས)སྒྲོལ་བའི་འགྲིམ་འགྲུལ་དང་། འཕྲིན་གཏོང་། ཆུ་བེད། གློག་ཤུགས་སོགས་ཀྱི་སྒྲིག་བཀོད་འཛུགས་སྐྲུན་བྱེད་དགོས་ཚེ། འབྲེལ་ཡོད་གཏན་འབེབས་ལྟར་ཞིབ་མཆན་འགོད་པའི་འགྲོ་ལུགས་གཉེར་དགོས་པའི་ཁར། རང་རྒྱལ་དང་འབྲེལ་ཡོད་ཁྱིམ་མཚེས་རྒྱལ་ཁབ་དབར་བཞག་པའི་གྲོས་མཐུན་ལ་གཞིགས་ཏེ་འཛུགས་སྐྲུན་དང་། དོ་དམ། སྲུང་སྐྱོང་བཅས་བྱེད་དགོས།

དོན་ཚན་བཅུ་བཞི་པ། རྒྱལ་མཚམས(མཐའ་མཚམས)ནས་ཕར་འགྲོ་ཚུར་འོང་བྱེད་མཁན་དང་དེའི་ལམ་ཆས་དང་འགྲིམ་འགྲུལ་ཡོ་བྱད། དེས་དབོར་འདྲེན་བྱས་པའི་དངོས་ཟོག་བཅས་ངེས་པར་དུ་རྒྱལ་ཁབ་ཀྱིས་དམིགས་འཛུགས་བྱས་པའི་འགག་སྒོའམ་ཡང་ན་ཁྱིམ་མཚེས་རྒྱལ་ཁབ་དང་གྲོས་མཐུན་བཞག་པའི་འགྲོ་ལམ་བརྒྱུད་ནས་འགྲོ་སྐྱོད་དང་དབོར་འདྲེན་བྱེད་དགོས་པའི་ཁར། རྒྱལ་ཁབ་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་གཏན་འབེབས་གཞིར་བཟུང་མཐའ་མཚམས་ནས་ཕར་འགྲོ་ཚུར་འོང་བྱེད་སྐབས་ཞིབ་བཤེར་དང་། ནད་ཡམས་བརྟག་ཞིབ་བྱེད་པ་དང་ལེན་ཞུ་དགོས།

དོན་ཚན་བཅོ་ལྔ་པ། གྲོས་མོལ་དང་། ཐུག་འཕྲད། དེ་བཞིན་གཞུང་དོན་བཅས་ཀྱི་རྐྱེན་པས་གནས་སྐབས་རྒྱལ་མཚམས(མཐའ་མཚམས)ནས་ཕར་འགྲོ་ཚུར་འོང་བྱེད་དགོས་པའི་མི་སྣ་དང་འགྲིམ་འགྲུལ་ཡོ་བྱད་རིགས་རང་རྒྱལ་གྱི་འབྲེལ་ཡོད་གཏན་འབེབས་སམ་ཡང་ན་ཁྱིམ་མཚེས་རྒྱལ་ཁབ་དབར་བཞག་པའི་འབྲེལ་ཡོད་གྲོས་མཐུན་གཞིར་བཟུང་དམིགས་བཙུགས་བྱས་པའི་འགག་སྒོའམ་ཡང་ན་འགྲོ་ལམ་བརྒྱུད་དེ་མཐའ་མཚམས་ནས་ཕར་འགྲོ་ཚུར་འོང་བྱེད་དགོས།

དོན་ཚན་བཅུ་དྲུག་པ། རྩ་འཛུགས་གང་ཞིག་དང་མི་སྒེར་སུ་ཞིག་གིས་གསལ་པོ་མི་ཤེས་པའི་འགྲིམ་འགྲུལ་ཡོ་བྱད་དམ་ཡང་ན་དོགས་ཡོད་མི་སྣ་རང་རྒྱལ་གྱི་མཐའ་མཚམས་དོ་དམ་ཁུལ་ནང་སླེབས་པ་ཤེས་ཚེ། ངེས་པར་དུ་ས་ཆ་དེ་གའི་མི་དམངས་སྲིད་གཞུང་ངམ་ཡང་ན་སྤྱི་བདེ་མཐའ་སྲུང་སོགས་སྡེ་ཚན་ལ་འཕྲལ་མར་སྙན་སེང་ཞུ་དགོས།

རྩ་འཛུགས་གང་ཞིག་དང་མི་སྒེར་སུ་ཞིག་གིས་གསལ་པོ་མི་ཤེས་པའི་འཕུར་སྐྱོད་འཕྲུལ་ཆས་དང་། མཁའ་ལྡིང་དངོས་པོ། ཆུ་ལྡིང་དངོས་པོ་སོགས་རང་རྒྱལ་མངའ་ཁོངས་སུ་སླེབས་པ་ཤེས་ཚེ། ངེས་པར་དུ་ས་གནས་དེ་གའི་མི་དམངས་སྲིད་གཞུང་ངམ་ཡང་ན་སྤྱི་བདེ་མཐའ་སྲུང་སོགས་སྡེ་ཚན་ལ་འཕྲལ་མར་སྙན་སེང་ཞུ་དགོས་པ་ལས་རང་འཚམ་གྱིས་ཐག་གཅོད་བྱེད་མི་རུང་།

ལེའུ་གསུམ་པ། མཐའ་མཚམས་ས་ཁུལ་ལ་དོ་དམ་བྱེད་ཕྱོགས་སྐོར།

དོན་ཚན་བཅུ་བདུན་པ། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། མཐའ་མཚམས་དོ་དམ་གྱི་དགོས་མཁོར་གཞིགས་ཏེ་མཐའ་མཚམས་དོ་དམ་ཁུལ་དང་། མཐའ་མཚམས་ས་རྒྱུད། མཐའ་མཚམས་ཀྱི་དམིགས་བསལ་ས་ཁོངས་བཅས་དབྱེ་བཅད་དང་ལེགས་སྒྲིག་བྱེད་དགོས་པ་མ་ཟད། རྒྱལ་ཁབ་འབྲེལ་ཡོད་སྡེ་ཚན་ལ་སྙན་དཔོད་བྱེད་དགོས།

མཐའ་མཚམས་དོ་དམ་ཁུལ་དང་། མཐའ་མཚམས་ས་རྒྱུད། མཐའ་མཚམས་ཀྱི་དམིགས་བསལ་ས་ཁོངས་བཅས་ལ་རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། དམིགས་བསལ་གྱི་དོ་དམ་ལམ་ལུགས་ལག་བསྟར་བྱེད་རྒྱུ། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་མཐའ་མཚམས་དོ་དམ་གྱི་དགོས་མཁོར་གཞིགས་ཏེ་མཐའ་མཚམས་དོ་དམ་ཁུལ་གྱི་ཁྱབ་ཁོངས་ངེས་ཅན་ཞིག་ནང་མཐའ་མཚམས་ཀྱི་གནས་སྐབས་ཉེན་ཟོན་ཁུལ་དབྱེ་བཅད་བྱེད་དགོས་ཤིང་། སྤྱི་བདེ་མཐའ་སྲུང་སྡེ་ཚན་ནམ་ཡང་ན་བཅིངས་འགྲོལ་དམག་མཐའ་སྲུང་དཔུང་སྡེའི་ཆོག་མཆན་མ་ཐོབ་པར་མི་སུ་ཞིག་ཡིན་རུང་དེའི་ནང་འཛུལ་མི་རུང་།

དོན་ཚན་བཅོ་བརྒྱད་པ། མཐའ་མཚམས་དོ་དམ་ཁུལ་དུ་ཕར་འགྲོ་ཚུར་འོང་བྱེད་མཁན་གྱིས་ངེས་པར་དུ་གཤམ་གསལ་གོ་ཆོད་ལག་ཁྱེར་འཁྱེར་ནས་སྤྱི་བདེ་མཐའ་སྲུང་སྡེ་ཚན་གྱི་ཞིབ་བཤེར་དང་དོ་དམ་བྱེད་པར་དང་ལེན་ཞུ་དགོས་པ་སྟེ།

(གཅིག)མཐའ་མཚམས་དོ་དམ་ཁུལ་དེ་གའི་ཐེམ་ཁོངས་སུ་གཏོགས་པའི་རང་རྒྱལ་སྤྱི་དམངས་ཀྱིས་ངེས་པར་དུ《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཡུལ་མིའི་ཐོབ་ཐང་ལག་ཁྱེར》རམ་ཡང་ན་མི་དེའི་ཐོབ་ཐང་བདེན་དཔང་བྱེད་ཐུབ་པའི་གོ་ཆོད་ལག་ཁྱེར་གཞན་དག་འཁྱེར་དགོས།

(གཉིས)མཐའ་མཚམས་དོ་དམ་ཁུལ་དེ་གའི་ཐེམ་ཁོངས་སུ་མ་གཏོགས་པའི་རང་རྒྱལ་སྤྱི་དམངས་ཀྱིས་ངེས་པར་དུ《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་མཐའ་མཚམས་དོ་དམ་ཁུལ་གྱི་ལམ་ཡིག》དང་《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཡུལ་མིའི་ཐོབ་ཐང་ལག་ཁྱེར》འཁྱེར་དགོས་ཤིང་། དེའི་ནང་གནས་སྡོད་བྱེད་སའི་མཐའ་མཚམས་དོ་དམ་ཁུལ་གྱི《གནས་སྡོད་ལག་ཁྱེར》གཉེར་སྒྲུབ་བྱས་ཟིན་མཁན་གྱིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཡུལ་མིའི་ཐོབ་ཐང་ལག་ཁྱེར》དང་《གནས་སྡོད་ལག་ཁྱེར》འཁྱེར་ཆོག

(གསུམ)མཐའ་མཚམས་དོ་དམ་ཁུལ་ནས་ཕར་འགྲོ་ཚུར་འོང་བྱེད་མཁན་གྱིས་ངེས་པར་དུ་མཐའ་མཚམས་དོ་དམ་ཁུལ་ནས་ཕར་འགྲོ་ཚུར་འོང་བྱེད་ཆོག་པའི་གོ་ཆོད་ལག་ཁྱེར་འཁྱེར་དགོས།

(བཞི)ཕྱིར་སྡོད་རང་མི་དང་། ཕྱི་རྒྱལ་དུ་ཡོད་པའི་བོད་རིགས་སྤུན་ཟླ། ཀང་ཨའོ་ཐེའི་ས་ཁུལ་གྱི་སྤུན་ཟླའམ་ཡང་ན་ཕྱི་རྒྱལ་བ(རྒྱལ་ཁོངས་གང་ལའང་མི་གཏོགས་པའི་ཕྱི་རྒྱལ་བ)བཅས་ཀྱིས་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་དེ་འབྲེལ་གྱི་འགྲོ་ལུགས་གཉེར་དགོས།

དོན་ཚན་བཅུ་དགུ་པ། རྩ་འཛུགས་གང་ཞིག་དང་མི་སྒེར་སུ་ཞིག་ཡིན་རུང་གཤམ་གསལ་བྱེད་སྤྱོད་ཁག་སྤེལ་མི་ཆོག་པ་སྟེ།

(གཅིག)རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་འཚེ་བཟོ་བ་དང་མི་རིགས་མཐུན་སྒྲིལ་ལ་གཏོར་བཤིག་གཏོང་བའི་ཚགས་པར་དུས་དེབ་དང་། དཔེ་ཆ། སྒྲ་བརྙན་དངོས་རྫས། གློག་རྡུལ་ཐོན་རྫས་སོགས་བཀག་འདོམས་དངོས་རྫས་རིགས་འཁྱེར་བ་དང་། དབོར་འདྲེན། འགྲེམས་སྤེལ་བཅས་བྱེད་རིགས་དང་།

(གཉིས)གོ་ཆོད་ལག་ཁྱེར་མེད་མཁན་མཐའ་མཚམས་དོ་དམ་ཁུལ་ནས་ཕར་འགྲོ་ཚུར་འོང་བྱེད་རྒྱུ་སྒྲིག་འཛུགས་སམ་ཡང་ན་དབོར་སྐྱེལ་བྱེད་རིགས།

(གསུམ)གོ་ཆོད་ལག་ཁྱེར་འཁྱེར་མེད་པར་མཐའ་མཚམས་དོ་དམ་ཁུལ་ནས་ཕར་འགྲོ་ཚུར་འོང་བྱེད་རིགས།

(བཞི)ཁྲིམས་འགལ་གྱིས་མཐའ་མཚམས་དོ་དམ་ཁུལ་ནས་ཕར་འགྲོ་ཚུར་འོང་བྱེད་མཁན་བསྡུ་ཉར་དང་འགེབས་སྐུང་བྱེད་རིགས།

(ལྔ)མཐའ་མཚམས་ཀྱི་ལམ་ཡིག་དང་ལག་ཁྱེར་རྫུས་བཟོ་དང་། སྒྱུར་བཟོ། ཉོ་ཚོང་བཅས་བྱེད་རིགས།

(དྲུག)ཁྲིམས་འགལ་གྱིས་མཐའ་མཚམས་དོ་དམ་ཁུལ་ནས་ཕར་འགྲོ་ཚུར་འོང་བྱེད་མཁན་ལ་རོགས་དངུལ་སྤྲོད་པའམ་ཡང་ན་གཞོཌ་འདེགས་བྱེད་རིཌ།

(བདུན)མཐའ་མཚམས་ཀྱི་སྒྲིག་ལམ་ལ་གནོད་འཚེ་བཟོ་བའི་བྱེད་སྤྱོད་གཞན་དག་སྤེལ་རིཌ་བཅས་སོ།

དོན་ཚན་ཉི་ཤུ་པ། མཐའ་མཚམས་དོ་དམ་ཁུལ་དུ་ཐིག་རིས་དང་། རྩད་ཞིབ། གཏེར་ཁ་སྔོག་འདོན། ཤིང་གཅོད་འབྲེག རྫས་མེ་རྒྱག་པ། ཚན་རིག་རྟོག་ཞིབ། རི་འཛེག པར་རྒྱག་སོགས་ཀྱི་ལས་ཀ་བྱེད་དགོས་རིགས་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་སྒྲུབ་དགོས། འབྲེལ་ཡོད་ཞིབ་མཆན་འགོད་མཁན་སྡེ་ཚན་གྱིས་ངེས་པར་དུ་བཅིངས་འགྲོལ་དམག་མཐའ་སྲུང་དཔུང་སྡེ་དང་། སྤྱི་བདེ་མཐའ་སྲུང་སྡེ་ཚན། ཕྱི་དོན་སྡེ་ཚན་བཅས་ལ་དུས་ཐོག་ཏུ་བརྡ་ཐོ་གཏོང་དགོས།

མཐའ་མཚམས་ས་རྒྱུད་དུ་གོང་གསལ་དོན་ཚན་གྱི་ལས་ཀ་བྱེད་དགོས་རིགས་འབྲེལ་ཡོད་ཞིབ་མཆན་འགོད་མཁན་སྡེ་ཚན་གྱིས་ངེས་པར་དུ་སྔོན་ལ་བཅིངས་འགྲོལ་དམག་མཐའ་སྲུང་དཔུང་སྡེ་དང་། སྤྱི་བདེ་མཐའ་སྲུང་སྡེ་ཚན། ཕྱི་དོན་སྡེ་ཚན་བཅས་ཀྱི་བསམ་འཆར་བསྡུ་ལེན་བྱེད་དགོས། ཆོག་མཆན་ཡིག་ཆ་རག་པའི་རྩ་འཛུགས་དང་མི་སྒེར་གྱིས་ངེས་པར་དུ་ལས་འགོ་མ་བརྩམས་གོང་གི་ཉིན་བཅུའི་སྔོན་ལ་བཅིངས་འགྲོལ་དམག་མཐའ་སྲུང་དཔུང་སྡེ་དང་། སྤྱི་བདེ་མཐའ་སྲུང་སྡེ་ཚན། ཕྱི་དོན་སྡེ་ཚན་བཅས་ལ་སྙན་སེང་ཞུ་རྒྱུ་མ་ཟད། དེ་དག་གི་དོ་དམ་བྱེད་པར་དང་ལེན་ཞུ་དགོས།

དོན་ཚན་ཉེར་གཅིག་པ། མཐའ་མཚམས་དོ་དམ་ཁུལ་གྱི་འགྲུལ་ཁང་ནང་ཞག་སྡོད་བྱེད་རིགས་འགྲུལ་ཁང་གིས་ངེས་པར་དུ《འགྲུལ་ཁང་ལས་རིགས་ཀྱི་བདེ་འཇགས་དོ་དམ་བྱ་ཐབས》སོགས་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་ཞག་སྡོད་ཐོ་འགོད་བྱེད་དགོས་པ་མ་ཟད། ས་ཆ་དེ་གའི་སྤྱི་བདེ་མཐའ་སྲུང་སྡེ་ཚན་ལ་ཞག་སྡོད་ཐོ་འགོད་བྱས་པའི་ཆ་འཕྲིན་སྙན་སེང་ཞུ་དགོས། འགྲུལ་ཁང་ཕུད་པའི་སྡོད་གནས་སུ་སྡོད་པའམ་ཡང་ན་ཞག་སྡོད་བྱེད་རིགས་ངེས་པར་དུ་དེར་བསྡད་རྗེས་ཀྱི་ཆུ་ཚོད་ཉེར་བཞིའི་ནང་ཚུན་དུ་རང་ཉིད་དམ་ཡང་ན་གནས་ཚང་གཡར་མཁན་གྱིས་ས་ཆ་དེ་གའི་སྤྱི་བདེ་མཐའ་སྲུང་སྡེ་ཚན་དུ་ཐོ་འགོད་བྱེད་དགོས།

དོན་ཚན་ཉེར་གཉིས་པ། མཐའ་མཚམས་དོ་དམ་ཁུལ་དུ་ཆོས་ལུགས་བྱེད་སྒོ་སྤེལ་རིགས། རྒྱལ་སྲིད་སྤྱི་ཁྱབ་ཁང་གི《ཆོས་ལུགས་ལས་དོན་སྲོལ་ཡིག》དང་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་སྒྲུབ་དགོས།

དོན་ཚན་ཉེར་གསུམ་པ། མཐའ་མཚམས་དོ་དམ་ཁུལ་དུ་ཡུལ་སྐོར་བྱེད་སྒོ་སྤེལ་རིགས། རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་སྒྲུབ་དགོས།

ལེའུ་བཞི་པ། མཐའ་མཚམས་ཀྱི་ཡུལ་མི་ཕར་འགྲོ་ཚུར་འོང་བྱེད་པར་དོ་དམ་བྱེད་ཕྱོགས་སྐོར།

དོན་ཚན་ཉེར་བཞི་པ། མཐའ་མཚམས་ཀྱི་ཡུལ་མི་ཞེས་པ་ནི་རྒྱལ་མཚམས(མཐའ་མཚམས)ཉེ་འཁོར་གྱི་ཁྱབ་ཁོངས་ངེས་ཅན་ནང་རྒྱུན་སྡོད་བྱེད་མཁན་མཐའ་མཚམས་དོ་དམ་ཁུལ་གྱི་ཡུལ་མིར་ཟེར།

དོན་ཚན་ཉེར་ལྔ་པ། རང་རྒྱལ་དང་ཁྱིམ་མཚེས་རྒྱལ་ཁབ་དབར་བཞག་པའི་གྲོས་མཐུན་ལྟར་ཕྱོགས་གཉིས་ཀའི་མཐའ་མཚམས་ཡུལ་མིས་ངེས་པར་དུ་གོ་ཆོད་ལག་ཁྱེར་འཁྱེར་ཏེ་དམིགས་འཛུགས་ཀྱི་འགག་སྒོའམ་ཡང་ན་བགྲོད་ལམ་བརྒྱུད་ཕར་འགྲོ་ཚུར་འོང་བྱེད་དགོས་ཤིང་། ཆོག་མཆན་ཐོབ་པའི་འབྲེལ་ཡོད་ཀྱི་བྱེད་སྒོ་སྤེལ་རྒྱུ་མ་ཟད། གཏན་འབེབས་ཀྱི་དུས་ཚོད་ནང་ཕྱིར་ལོག་བྱེད་དགོས།

དོན་ཚན་ཉེར་དྲུག་པ། རང་རྒྱལ་གྱི་མཐའ་མཚམས་ས་ཁོངས་སུ་ཞག་སྡོད་བྱེད་དགོས་པའི་ཁྱིམ་མཚེས་རྒྱལ་ཁབ་ཀྱི་མཐའ་མཚམས་ཡུལ་མིས་ངེས་པར་དུ་མཐའ་ཁུལ་ཡུལ་མིའི་གོ་ཆོད་ལག་ཁྱེར་འཁྱེར་ནས་ས་གནས་དེ་གའི་སྤྱི་བདེ་མཐའ་སྲུང་སྡེ་ཚན་དུ་ཐོ་འགོད་བྱེད་དགོས་པ་མ་ཟད། གནས་ཚང་གཡར་མཁན་གྱིས་ངེས་པར་དུ་སྤྱི་བདེ་མཐའ་སྲུང་སྡེ་ཚན་ལ་སྙན་སེང་ཞུས་ཏེ་ཆོག་མཆན་ཐོབ་རྗེས་གཞི་ནས་ཞག་སྡོད་བྱས་ན་འགྲིག

དོན་ཚན་ཉེར་བདུན་པ། ཁྱིམ་མཚེས་རྒྱལ་ཁབ་ཀྱི་མཐའ་མཚམས་ཡུལ་མིས་རང་རྒྱལ་གྱི་མཐའ་མཚམས་ས་ཁོངས་སུ་ཡོང་ནས་གཞིས་ཆགས་བྱེད་རྒྱུའི་རེ་བ་བཏོན་པར་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་ཐག་གཅོད་བྱེད་དགོས།

དོན་ཚན་ཉེར་བརྒྱད་པ། རང་རྒྱལ་དང་ཁྱིམ་མཚེས་རྒྱལ་ཁབ་དབར་བཞག་པའི་གྲོས་མཐུན་གཞིར་བཟུང་མཐའ་མཚམས་ཡུལ་མིས་མཐའ་མཚམས་སྒྲོལ་ནས་ཕྱུགས་རིགས་འཚོ་སྐབས་ངེས་པར་དུ་ཁ་ཆད་གཏན་འཁེལ་བྱས་པའི་ས་ཁོངས་དང་། དུས་ཚོད། ཕྱུགས་རིགས་ཀྱི་མགོ་གྲངས་བཅས་གཞིར་བཟུང་ནས་ཕྱུགས་འཚོ་དགོས།

དོན་ཚན་ཉེར་དགུ་པ། རང་རྒྱལ་གྱི་མཐའ་མཚམས་ཡུལ་མིས་ཁྱིམ་མཚེས་རྒྱལ་ཁབ་ཀྱི་ཕྱུགས་རིཌ་རང་རྒྱལ་གྱི་ས་ཁོངས་སུ་འཛུལ་བ་ཤེས་ཚེ། ངེས་པར་དུ་ཕར་འདེད་པའམ་དུས་ཐོག་ཏུ་ས་གནས་དེ་གའི་མི་དམངས་སྲིད་གཞུང་ལ་སྙན་སེང་ཞུ་དགོས་པ་ལས་ལྐོག་ཉར་དང་། བཀོལ་སྤྱོད། ཉོ་ཚོང་ངམ་གསོད་པ་བཅས་བྱེད་མི་ཆོག ཁྱིམ་མཚེས་རྒྱལ་ཁབ་ཀྱིས་རང་ཕྱོཌ་ལ་ཕྱིར་སྤྲོད་བྱས་པའི་ཕྱུཌ་རིཌ་རྣམས་ས་གནས་དེ་གའི་མི་དམངས་སྲིད་གཞུང་གིས་རྩིས་ལེན་བྱེད་འགན་ཁུར་དགོས་པ་མ་ཟད། འབྲེལ་ཡོད་སྡེ་ཚན་ལ་ནད་ཡམས་བརྟག་ཞིབ་བྱེད་རྒྱུར་བསྐྱལ་རྗེས་འབྲེལ་ཡོད་གཏན་འབེབས་ལྟར་ཐག་གཅོད་བྱེད་དགོས།

ལེའུ་ལྔ་པ། བཅའ་ཁྲིམས་ཀྱི་འགན་འཁྲིའི་སྐོར།

དོན་ཚན་སུམ་ཅུ་པ། སྲོལ་ཡིག་འདིའི་གཏན་འབེབས་ལས་འགལ་ཏེ་གཤམ་གསལ་གནས་ཚུལ་གྲས་ཤིག་ཡོད་མཁན་ལ་ཐ་ཚིག་སྒྲོག་པའམ་དངུལ་ཆད་སྒོར200མན་གཅོད་རྒྱུ། 

(གཅིག)གོ་ཆོད་ལག་ཁྱེར་འཁྱེར་མེད་པར་མཐའ་མཚམས་དོ་དམ་ཁུལ་དུ་འཛུལ་བའི་རིགས་དང་། 

(གཉིས)གསལ་པོ་མི་ཤེས་པའི་འཕུར་སྐྱོད་འཕྲུལ་ཆས་དང་། མཁའ་ལྡིང་དངོས་པོ། ཆུ་ལྡིང་དངོས་པོའམ་ཡང་ན་དེ་མིན་གྱི་དོགས་ཡོད་དངོས་རིགས་བཅས་རང་འཚམ་གྱིས་ཐག་གཅོད་བྱེད་པའི་རིགས། 

(གསུམ)རྒྱལ་མཚམས(མཐའ་མཚམས)ཀྱི་མཚོན་རྟགས་ཐོག་ལ་འབྲི་སུབ་གཏོང་བའམ་ཡང་ན་དུད་འགྲོ་འདོགས་པའི་རིགས་བཅས་སོ། 

དོན་ཚན་སོ་གཅིག་པ། སྲོལ་ཡིག་འདིའི་གཏན་འབེབས་ལས་འགལ་ཏེ་གཤམ་གསལ་གནས་ཚུལ་གྲས་ཤིག་ཡོད་མཁན་ལ་སྒོར་500ཡན་དང་སྒོར་1000མན་གྱི་དངུལ་ཆད་གཅོད་རྒྱུ་དང་། ཁྲིམས་འགལ་གྱི་ཐོབ་ཆ་རྣམས་གཞུང་བཞེས་གཏོང་རྒྱུ། 

(གཅིག)རང་འཚམ་གྱིས་མཐའ་མཚམས་ཀྱི་གནས་སྐབས་ཉེན་ཟོན་ཁུལ་དུ་འཛུལ་བའི་རིགས་དང་། 

(གཉིས)མཐའ་མཚམས་དོ་དམ་ཁུལ་དུ་ཁྲིམས་འགལ་གྱིས་ཕར་འགྲོ་ཚུར་འོང་བྱེད་མཁན་བསྡུ་ཉར་དང་འགེབས་སྐུང་བྱེད་པའི་རིགས། 

(གསུམ)གོ་ཆོད་ལག་ཁྱེར་མེད་པའི་མི་མཐའ་མཚམས་དོ་དམ་ཁུལ་དུ་ཕར་འགྲོ་ཚུར་འོང་བྱེད་དུ་འཇུག་པའམ་ཡང་ན་དབོར་སྐྱེལ་བྱེད་པའི་རིགས། 

(བཞི)མཐའ་མཚམས་དོ་དམ་ཁུལ་དུ་ཁྲིམས་འགལ་གྱིས་ཕར་འགྲོ་ཚུར་འོང་བྱེད་མཁན་ལ་རྒྱུ་དངོས་ཐད་ནས་རོགས་རམ་བྱེད་པའམ་ཡང་ན་གཞོགས་འདེགས་བྱེད་པའི་རིགས།

(ལྔ)རང་རྒྱལ་གྱི་ས་ཁོངས་ནང་འཛུལ་བའི་ཁྱིམ་མཚེས་རྒྱལ་ཁབ་ཀྱི་ཕྱུགས་རིགས་ལྐོག་ཉར་དང་། བཀོལ་སྤྱོད། ཉོ་ཚོང་ངམ་ཡང་ན་གསོད་པའི་རིགས་བཅས་སོ། དོན་ཚན་གོང་མའི་ནང་གསེས

(དྲུག)པའི་གཏན་འབེབས་ལས་འགལ་ཏེ་དཔལ་འབྱོར་ཐད་ཀྱི་གྱོང་གུན་བཟོས་ཚེ་ངེས་པར་དུ་ཁྲིམས་བཞིན་སྐྱིན་ཚབ་སྤྲོད་དགོས།

དོན་ཚན་སོ་གཉིས་པ། སྲོལ་ཡིག་འདིའི་གཏན་འབེབས་དང་འགལ་ཏེ་གཤམ་གསལ་གྱི་གནས་ཚུལ་གྲས་ཤིག་ཡོད་མཁན་ལ《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བདེ་འཇགས་དོ་དམ་ཆད་གཅོད་བཅའ་ཁྲིམས》ལྟར་ཆད་པ་གཅོད་རྒྱུ། གྱོང་གུན་བཟོས་ཚེ་སྐྱིན་ཚབ་འཇལ་དུ་འཇུག་རྒྱུ་དང་ཉེས་གསོག་གི་དོགས་པ་ཡོད་རིགས་ཁྲིམས་འཛིན་ལས་ཁུངས་ནས་ཐག་གཅོད་བྱེད་པར་རྩིས་སྤྲོད་རྒྱུ།

(གཅིག)རྒྱལ་མཚམས(མཐའ་མཚམས)ཀྱི་མཚམས་ཐིག་འཁེལ་ཕྱོགས་སམ་ཡང་ན་གསལ་ཆ་སྒྲིབ་པའི་སྒྲིག་བཀོད་རང་འཚམ་གྱིས་བཟོ་སྐྲུན་བྱེད་པའི་རིགས་དང་། 

(གཉིས)རྒྱལ་མཚམས(མཐའ་མཚམས)ཀྱི་མཚོན་རྟགས་དང་རྒྱལ་མཚམས(མཐའ་མཚམས)མཚོན་བྱེད་ཀྱི་མཚམས་རྟགས་དངོས་པོར་གཏོར་སྐྱོན་གཏོང་བའམ་ཡང་ན་རང་འཚམ་གྱིས་གནས་སྤོ་དང་མེད་པར་བཟོ་བའི་རིགས། 

(གསུམ)རིགས་འདྲ་མིན་གྱི་མཐའ་མཚམས་ལམ་ཡིག་རྫུན་བཟོ་དང་། སྒྱུར་བཟོ། ཉོ་ཚོང་བྱེད་པའི་རིགས་བཅས་སོ།

དོན་ཚན་སོ་གསུམ་པ། སྲོལ་ཡིག་འདིའི་གཏན་འབེབས་ལས་འགལ་ཞིང་། ངེས་པར་དུ་ཆད་པ་གཅོད་དགོས་པའི་བྱ་སྤྱོད་གཞན་ཡོད་པར་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་གཏན་འབེབས་གཞིར་བཟུང་ཆད་པ་གཅོད་རྒྱུ་དང་ཉེས་གསོག་གི་དོགས་པ་ཡོད་རིགས་ཁྲིམས་འཛིན་ལས་ཁུངས་ནས་ཐག་གཅོད་བྱེད་པར་རྩིས་སྤྲོད་རྒྱུ།

དོན་ཚན་སོ་བཞི་པ། མཐའ་མཚམས་དོ་དམ་གྱི་ལས་དོན་མི་སྣས་མཐའ་མཚམས་དོ་དམ་བྱེད་པའི་འགན་འཁྲི་མི་སྒྲུབ་པ་དང་། རང་འགན་སྣང་མེད་དུ་འཇོག་པ། ཉེར་ཕྱོགས་གཡོ་ཟོལ་བྱེད་པ། འགན་དབང་གང་བྱུང་དུ་སྤྱོད་པ་བཅས་བྱེད་རིགས་ལ། གཙོ་འགན་ལས་ཁུངས་ནས་སྲིད་འཛིན་ཐད་ཀྱི་ཆད་པ་གཅོད་རྒྱུ་དང་ཉེས་གསོག་གི་དོགས་པ་ཡོད་རིགས་ཁྲིམས་འཛིན་ལས་ཁུངས་ནས་ཐག་གཅོད་བྱེད་པར་རྩིས་སྤྲོད་རྒྱུ།

དོན་ཚན་སོ་ལྔ་པ། ཁྲིམས་འགལ་གྱིས་རྒྱལ་མཚམས་ནས་ཕར་འགྲོ་ཚུར་འོང་བྱེད་མཁན་དང་ཁྱིམ་མཚེས་རྒྱལ་ཁབ་ཀྱིས་རང་ཕྱོགས་ལ་རྩིས་སྤྲད་པའི་རྒྱལ་མཚམས་ནས་གྲོལ་མཁན་རྩད་ཞིབ་ཐུབ་རྗེས། ངེས་པར་དུ་སྤྱི་བདེ་ལས་ཁུངས་དང་སྤྱི་བདེ་མཐའ་སྲུང་སྡེ་ཚན་ནས་ཁྲིམས་ལྟར་ཐག་གཅོད་བྱེད་དགོས། བཀག་སྡོམ་དངོས་རྫས་རིགས་རྩད་ཞིབ་ཐུབ་རྗེས་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་གཏན་འབེབས་གཞིར་བཟུང་ཐག་གཅོད་བྱེད་དགོས།

དོན་ཚན་སོ་དྲུག་པ། སྲོལ་ཡིག་འདིའི་ནང་གཏན་འབེབས་བྱས་པའི་སྲིད་འཛིན་ཐད་ཀྱི་ཆད་པ་གཅོད་རྒྱུ་དེ་རྫོང་རིམ་ཡན་གྱི་སྤྱི་བདེ་མཐའ་སྲུང་སྡེ་ཚན་ནས་ལག་བསྟར་བྱེད་རྒྱུ། དེའི་ནང་ཐ་ཚིག་སྒྲོག་པ་དང་དངུལ་ཆད་སྒོར200མན་གཅོད་རྒྱུ་དེ་སྤྱི་བདེ་མཐའ་སྲུང་སྡེ་ཚན་གྱིས་མངགས་གཏོང་བྱས་པའི་ལས་ཁུངས་ནས་ལག་བསྟར་བྱེད་ཆོག སྤྱི་བདེ་མཐའ་སྲུང་སྡེ་ཚན་བཙུགས་མེད་པའི་ས་ཁུལ་དུ་སྤྱི་བདེ་ལས་ཁུངས་ནས་ལག་བསྟར་བྱེད་རྒྱུ། བཅའ་ཁྲིམས་ཀྱིས་ལོགས་སུ་གཏན་འབེབས་བྱས་ཡོད་ཚེ་གཏན་འབེབས་དེ་བཞིན་ལག་བསྟར་བྱེད་རྒྱུ།

ལེའུ་དྲུག་པ། ཞར་བྱུང་།

དོན་ཚན་སོ་བདུན་པ། མཐའ་མཚམས་དོ་དམ་ཁུལ་ནས་ཕར་འགྲོ་ཚུར་འོང་བྱེད་མཁན་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དཔུང་སྡེའི་མི་སྣས་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་འགྲོ་འོང་བྱེད་རྒྱུ།

དོན་ཚན་སོ་བརྒྱད་པ། མཐའ་མཚམས་ཀྱི་དོ་དམ་ལས་དོན་ཁྲོད་མི་དམངས་བཅིངས་འགྲོལ་དམག་མཐའ་སྲུང་དཔུང་སྡེའི་མཐའ་སྲུང་དོ་དམ་གྱི་དོན་གནད་དང་འབྲེལ་བ་ཡོད་ཚེ་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་ལག་བསྟར་བྱེད་རྒྱུ།

དོན་ཚན་སོ་དགུ་པ། སྲོལ་ཡིག་འདི2017ལོའི་ཟླ་དང་པོའི་ཚེས1ཉིན་ནས་བཟུང་ལག་བསྟར་བྱེད་རྒྱུ། 2000ལོའི་ཟླ3ཚེས30ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བདུན་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅུ་གཉིས་པའི་ཐོག་གྲོས་འཆམ་བྱུང་བའིདེ་དུས་གཅིག་ཏུ་རྩིས་མེད་གཏོང་རྒྱུ།

(བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཡིག་སྒྱུར་ཁྲུའུ་ནས་མཁོ་འདོན་བྱས་པ་གཞིར་བཟུང་)

རྩོམ་སྒྲིག་པ། : ཀླུ་མོ་མཚོ།