རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས་བཙོག་དངོས་འབུད་གཏོང་ཚོད་འཛིན་གྱི་ཆོག་འཐུས་ལམ་ལུགས་ལག་བསྟར་ཇུས་གཞི་པར་འགྲེམས་བྱས་པ།

 ཉེ་དུས། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས《བཙོག་དངོས་འབུད་གཏོང་ཚོད་འཛིན་གྱི་ཆོག་འཐུས་ལམ་ལུགས་ལག་བསྟར་ཇུས་གཞི》(གཤམ་དུ《ཇུས་གཞི》ཞེས་བསྡུ་རྒྱུ)པར་འགྲེམས་བྱས་པ་དེས་བཙོག་དངོས་འབུད་གཏོང་ཚོད་འཛིན་གྱི་ཆོག་འཐུས་ལམ་ལུགས་འཐུས་ཚང་དུ་བཏང་ནས་ཁེ་ལས་དང་བྱ་གཞག་ཚན་པའི་བཙོག་དངོས་འབུད་གཏོང་གི་ཆོག་འཐུས་ལག་འཁྱེར་དོ་དམ་ལ་བཀོད་སྒྲིག་བྱ་རྒྱུ་རེད།

《ཇུས་གཞིའི》ནང་། བཙོག་དངོས་འབུད་གཏོང་ཚོད་འཛིན་གྱི་ཆོག་འཐུས་ལམ་ལུགས་ལག་ལེན་བསྟར་རྒྱུ་ནི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་མ་གཏོང་བ་དང་ཁོར་ཡུག་སྲུང་སྐྱོང་ལས་དོན་ལ་ཤུགས་སྣོན་རྒྱག་པའི་ཞིབ་ཕྲའི་བྱ་ཐབས་ཤིག་དང་། ཁོར་ཡུག་བཅོས་སྐྱོང་རྨང་གཞིའི་ལམ་ལུགས་སྒྱུར་བཅོས་ཀྱི་ནང་དོན་གལ་ཆེན་ཞིག་ཡིན་པས། དེས་བཙོག་དངོས་འབུད་གཏོང་ཚོད་འཛིན་དང་ལྟ་སྡོམ་ལ་ཤུགས་སྣོན་རྒྱག་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད་པ་བསྟན་ཡོད། 《ཇུས་གཞིའི》ནང་། 2020ལོར་སླེབས་སྐབས་གཏན་འཇགས་སྦགས་ཁུངས་ཡོངས་ལ་ཁྱབ་པའི་བཙོག་དངོས་འབུད་གཏོང་གི་ཆོག་འཐུས་ལག་ཁྱེར་དཔྱད་སྤྲོད་ལས་དོན་ལེགས་སྒྲུབ་བྱས་ནས་བཅའ་ཁྲིམས་ཀྱི་མ་ལག་འཐུས་ཚང་དང་། ལག་རྩལ་མ་ལག་ཚན་རིག་དང་མཐུན་པ། དོ་དམ་མ་ལག་ནུས་ཆེ་བཅས་ཀྱི་བཙོག་དངོས་འབུད་གཏོང་ཚོད་འཛིན་གྱི་ཆོག་འཐུས་ལམ་ལུགས་རྩ་བའི་ཆར་བཙུགས་ཏེ་གཏན་འཇགས་སྦགས་ཁུངས་ལ་བརྒྱུད་རིམ་ཧྲིལ་པོ་དང་བཙོག་དངོས་མང་པོ་མཐུན་སྦྱོར་ཚོད་འཛིན་བྱས་ནས་མ་ལག་ཅན་དང་། ཚན་རིག་ཅན། ཁྲིམས་སྐྱོང་ཅན། ཚགས་ཚུད་ཅན། ཆ་འཕྲིན་ཅན་བཅས་ཀྱི“ལག་ཁྱེར་གཅིག་འཐུས་རྣམ་པའི”དོ་དམ་ཐུབ་པ་བྱ་རྒྱུ་གསལ་སྟོན་བྱས་ཡོད་པ་རེད།

《ཇུས་གཞིའི》ནང་། བཙོག་དངོས་འབུད་གཏོང་གི་ཆོག་འཐུས་ལག་ཁྱེར་ཚད་ལྡན་དང་གོ་རིམ་ལྡན་པའི་སྒོ་ནས་སྤྲོད་དགོས་ཤིང་། བཙོག་དངོས་འབུད་གཏོང་གི་ཆོག་འཐུས་དོ་དམ་གྱི་མིང་གཞུང་བཟོ་བ་དང་ལས་རིགས་དབྱེ་ནས་བཙོག་དངོས་འབུད་གཏོང་གི་ཆོག་འཐུས་དོ་དམ་ལ་སྐུལ་མ་བཏང་སྟེ་བཙོག་དངོས་འབུད་གཏོང་གི་ཆོག་འཐུས་ལག་ཁྱེར་ཁྱོན་ཡོངས་ལ་རིམ་པས་ཁྱབ་པ་བྱ་རྒྱུ་དང་། རྫོང་རིམ་པ་ཡན་གྱི་ས་གནས་སྲིད་གཞུང་གི་ཁོར་ཡུག་སྲུང་སྐྱོང་སྡེ་ཚན་གྱིས་བཙོག་དངོས་འབུད་གཏོང་གི་ཆོག་འཐུས་ལག་ཁྱེར་དཔྱད་སྤྲོད་ཀྱི་འགན་ཁུར་ནས་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་ནང་གཏན་འབེབས་གཞན་ཡོད་རིགས་ལ་བསྐྱར་དུ་གཏན་འབེབས་བྱ་རྒྱུ། ད་ཡོད་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་ནང་ཁེ་ལས་དང་བྱ་གཞག་ཚན་པའི་བཙོག་དངོས་འབུད་གཏོང་ཚོད་འཛིན་ཐད་བཏོན་པའི་བླང་བྱ་ཚགས་ཚུད་དོན་འཁྱོལ་ཡོང་བ་བྱས་ནས་ཆོག་འཐུས་ཀྱི་ནང་དོན་ཁྲིམས་བཞིན་གཏན་ལ་ཕབ་སྟེ་ཁོར་ཡུག་སྤུས་ཚད་ཀྱི་དམིགས་ཚད་མ་ལོན་པའི་ས་ཁུལ་གྱིས་ཁེ་ལས་དང་བྱ་གཞག་ཚན་པའི་བཙོག་དངོས་འབུད་གཏོང་ལ་དོ་དམ་དང་ཚོད་འཛིན་དེ་བས་ནན་པོ་བྱེད་དགོས་པ་བཅས་ཀྱི་བླང་བྱ་བཏོན་ཡོད།

《ཇུས་གཞིའི》ནང་། ཁེ་ལས་དང་བྱ་གཞག་ཚན་པའི་ཁོར་ཡུག་སྲུང་སྐྱོང་གི་འགན་འཁྲི་དོན་འཁྱོལ་ནན་ཏན་བྱེད་དགོས་ཤིང་། བཙོག་དངོས་འབུད་གཏོང་གི་ཆོག་འཐུས་དོ་དམ་ནང་བཅུག་པའི་ཁེ་ལས་དང་བྱ་གཞག་ཚན་པ་ཚང་མས་ངེས་པར་དུ་ལག་ཁྱེར་ཡོད་པའི་བཙོག་དངོས་འབུད་གཏོང་དང་ལག་ཁྱེར་ལ་གཞིགས་ནས་བཙོག་དངོས་འབུད་གཏོང་བྱེད་པ་ལས་ལག་ཁྱེར་མེད་པར་བཙོག་དངོས་འབུད་གཏོང་གཏན་ནས་བྱེད་མི་ཆོག ཁེ་ལས་དང་བྱ་གཞག་ཚན་པ་སོ་སོས་ཁྲིམས་བཞིན་ལྟ་ཞིབ་ཚད་ལེན་བྱེད་དགོས་པ་མ་ཟད། རྩིས་ཁྲར་ཐོ་བཀོད་དེ་ཁོར་ཡུག་སྲུང་སྐྱོང་སྡེ་ཚན་ལ་བཙོག་དངོས་འབུད་གཏོང་གི་ཆོག་འཐུས་ལག་ཁྱེར་ལག་བསྟར་བྱས་ཚུལ་ཇི་མ་ཇི་བཞིན་སྙན་སེང་ཞུ་དགོས་པ་བཏོན་ཡོད།

《ཇུས་གཞིའི》ནང་། ཁོར་ཡུག་སྲུང་སྐྱོང་སྡེ་ཚན་གྱིས་ལྟ་སྐུལ་ཞིབ་བཤེར་གྱི་དོ་དམ་ལ་ཤུགས་སྣོན་རྒྱག་དགོས་ཤིང་། ལག་ཁྱེར་ལ་གཞིགས་ནས་ལྟ་སྡོམ་ཁྲིམས་འཛིན་ནན་ཏན་བྱས་ནས་ཆོག་འཐུས་ཀྱི་དོན་གནད་དང་དོ་དམ་གྱི་བླང་བྱ་དོན་འཁྱོལ་བྱས་ཚུལ་ལ་གཙོ་གནད་ཞིབ་བཤེར་བྱས་ཏེ་ཁྲིམས་འགལ་ངང་བཙོག་དངོས་འབུད་གཏོང་བྱེད་པའི་བྱེད་སྤྱོད་ལ་ཞིབ་བཤེར་ཐག་གཅོད་ནན་པོ་བྱེད་པ་དང་ཁྲོམ་རའི་ལམ་སྲོལ་གྱི་སྲིད་ཇུས་ཕྱོགས་བསྡུས་ངང་སྤྱད་དེ་ཁེ་ལས་དང་བྱ་གཞག་ཚན་པར་བཙོག་དངོས་འབུད་གཏོང་རང་འགུལ་ངང་ཉུང་དུ་གཏོང་རྒྱུའི་ཁྲིད་སྟོན་བྱེད་དགོས། ཆ་འཕྲིན་ཡོངས་བསྒྲགས་དང་སྤྱི་ཚོགས་ཀྱི་ལྟ་སྡོམ་ལ་ཤུགས་སྣོན་བརྒྱབ་ནས2017ལོར་སླེབས་སྐབས་རྒྱལ་ཡོངས་ཀྱི་བཙོག་དངོས་འབུད་གཏོང་ཆོག་འཐུས་ལག་ཁྱེར་དོ་དམ་གྱི་ཆ་འཕྲིན་ལས་སྟེགས་གཞི་རྩའི་ཆར་བསྐྲུན་ཟིན་པ་བྱས་ནས་ཁེ་ལས་དང་བྱ་གཞག་ཚན་པ་སོ་སོས་ལྟ་ཞིབ་ཚད་ལེན་བྱས་པའི་གཞི་གྲངས་དང་ཁོར་ཡུག་སྲུང་སྐྱོང་སྡེ་ཚན་གྱི་ལྟ་སྡོམ་ཁྲིམས་འཛིན་ཆ་འཕྲིན་དུས་ཐོག་ཏུ་ཡོངས་བསྒྲགས་བྱེད་དགོས་པ་བསྟན་ཡོད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།