ཀྲུང་གོ་བོད་ཀྱི་དྲ་བ།

དུས་བབ་གསར་པའི་འོག་གི་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བའི་སྐོར་གྱི་ཚད་གཞི་འགའ་ཞིག(གཅིག)

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2016-11-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

(2016ལོའི་ཟླ10ཚེས27ཉིན་ཀྲུང་གོ་གུང་ཁྲན་ཏང་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་ཐོག་གྲོས་འཆམ་བྱུང་བ)    

ཀྲུང་གོའི་བྱ་བ་ལེགས་པོ་སྒྲུབ་པའི་་འགག་རྩ་ཏང་ལ་ཐུག་པ་དང་ཏང་གིས་ཏང་ལ་དོ་དམ་དང་ཏང་ནན་པོས་སྐྱོང་རྒྱུར་ཐུག་ཡོད། ཏང་གིས་ཏང་ལ་དོ་དམ་བྱེད་པར་ངེས་པར་དུ་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བའི་དོ་དམ་ནས་འགོ་འཛུགས་དགོས་པ་དང་། ཏང་ནན་པོས་སྐྱོང་བར་ངེས་པར་དུ་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བ་གཟབ་ནན་དུ་གཏོང་བ་ནས་འགོ་འཛུགས་དགོས།

ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བ་གཟབ་ནན་ཏན་ཏིག་ངང་སྤེལ་རྒྱུ་ནི་རང་རེའི་ཏང་གི་སྲོལ་རྒྱུན་བཟང་པོ་དང་ཆབ་སྲིད་ཀྱི་ལེགས་ཆ་ཞིག་རེད། དུས་ཡུན་རིང་པོའི་ལག་ལེན་ཁྲོད་རང་རེའི་ཏང་གིས་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བ་གཟབ་ནན་ཏན་ཏིག་ངང་སྤེལ་རྒྱུ་ཏང་འཛུགས་སྐྱོང་གི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ཏེ་དམ་འཛིན་བྱས་པ་ལས་དངོས་ཐོག་བདེན་འཚོལ་དང་། རིགས་པའི་གཞུང་ལུགས་དང་དོན་དངོས་ཟུང་འབྲེལ། མང་ཚོགས་དང་འབྲེལ་གཏུག་དམ་ཟབ། སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད། དམངས་གཙོ་གཅིག་སྡུད་ལམ་ལུགས། ཏང་གི་སྒྲིག་ཁྲིམས་དམ་ཞིང་དྲང་བ་སོགས་ཀྱིས་ནང་དོན་གཙོ་བོ་བྱས་པའི་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བའི་རྩ་བའི་ཚད་གཞི་ཞིག་ཆགས་ནས། ཏང་གི་མཐུན་སྒྲིལ་དང་གཅིག་སྡུད་གཅིག་གྱུར་སྲ་བརྟན་དུ་གཏོང་བ་དང་། ཏང་གི་སྔོན་ཐོན་རང་བཞིན་དང་དྭངས་གཙང་རང་བཞིན་རྒྱུན་འཁྱོངས། ཏང་གི་སྐྱེ་སྟོབས་དང་གསོན་ཤུགས་ཆེ་རུ་གཏོང་བ་བཅས་ལ་ཉམས་མྱོང་ཕུན་སུམ་ཚོགས་པོ་གསོག་འཇོག་བྱས་ཡོད་ལ། ལོ་རྒྱུས་དུས་སྐབས་ཁག་གི་ཏང་གི་ལྟེ་བའི་ལས་འགན་ལེགས་པར་སྒྲུབ་ཆེད་ནུས་པ་གལ་ཆེན་འདོན་སྤེལ་ཡང་བྱས་ཡོད།

1980ལོར་ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་ཐོག་ལོ་རྒྱུས་ཀྱི་ཉམས་མྱོང་དང་ལྷག་པར་དུ“རིག་གནས་གསར་བརྗེ་ཆེ་མོའི”སྣ་སུན་ཕྱོགས་སྡོམ་གཏིང་ཟབ་བྱས་ཏེ《ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བའི་སྐོར་གྱི་ཚད་གཞི་འགའ་ཞིག》བཟོས་ནས་ཟིང་བཅོས་ཡོ་བསྲང་དང་། ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བ་སླར་གསོ་དང་འཐུས་སྒོ་ཚང་དུ་གཏོང་བ། ཏང་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ་བཅས་ལ་ནུས་པ་གལ་ཆེན་འདོན་སྤེལ་བྱས་ཡོད། དེའི་ནང་གི་རྩ་དོན་གཙོ་བོ་དང་གཏན་འབེབས་དེང་གི་དུས་སུ་སྔར་བཞིན་སྤྱོད་གོ་ཆོད་པས་མུ་མཐུད་མཐའ་འཁྱོངས་བྱེད་དགོས།

དུས་བབ་གསར་པའི་འོག་གི་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བའི་གནས་ཚུལ་སྤྱིར་ན་ཡག་པོ་ཡོད། དེ་དང་དུས་མཚུངས་དུས་སྐབས་ཤིག་རིང་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བའི་ཁྲོད་དུའང་གནད་དོན་མངོན་གསལ་དོད་པོ་འགའ་ཞིག་ཐོན་པ་དེ་དག་གཙོ་བོ་ནི། མཐོ་རིམ་ལས་བྱེད་པ་ཚུད་པའི་ཏང་ཡོན་དང་ལས་བྱེད་པ་འགའ་ཞིག་ཁྲོད་ཕུགས་བསམ་དང་དད་སེམས་བརྟན་པོ་མེད་པ་དང་། ཏང་ལ་ལྷག་བསམ་རྣམ་དག་མེད་པ། སྒྲིག་ཁྲིམས་ནན་པོ་མེད་པ། མང་ཚོགས་དང་བྲལ་བ། བརྒྱ་ཁ་གཅིག་གཅོད། མི་བདེན་རྫུན་སྒྲིག ཐ་མལ་སྒྱིད་ལུག་བྱས་རྗེས་མེད་པ་སོགས་ཀྱི་གནས་ཚུལ་ཐོན་པ་དང་། མི་སྒེར་རིང་ལུགས་དང་། ཁ་ཐོར་རིང་ལུགས། རང་མོས་རིང་ལུགས། མི་བཟང་རིང་ལུགས། ཕྱོགས་རིས་རིང་ལུགས། རི་མགོའི་རིང་ལུགས། རྒྱུ་དངུལ་སྐྱབས་བཀུར་རིང་ལུགས་བཅས་ཚད་གཞི་མི་འདྲ་བའི་སྒོ་ནས་གནས་པ། ཕྱི་ཚུལ་རིང་ལུགས་དང་། དཔོན་ཉམས་རིང་ལུགས། སྐྱིད་འདོད་རིང་ལུགས། བག་མེད་ཆུད་ཟོས་བཅས་ཀྱི་གནད་དོན་མངོན་གསལ་དོད་པ། རང་གི་དགའ་ཉེ་ཁོ་ན་བསྐོ་གཞག་དང་། དཔོན་གནས་ཞུ་སློང་། འདེམས་ཤོག་འཕེན་སྐུལ། རྔན་བསླུས་དང་འདེམས་བསྐོ་སོགས་ཀྱི་སྣང་ཚུལ་བཀག་ཀྱང་ཡང་ཡང་ཐོན་པ། དབང་ཆ་གང་བྱུང་སྤྱོད་པ་དང་། ལྐོག་ཟ་རྔན་ལེན། ཁོག་རུལ་ངན་གྱུར་སོགས་སྣང་ཚུལ་རྒྱུན་མི་ཆད་པར་ཐོན་གྱི་ཡོད། ལྷག་པར་དུ་མཐོ་རིམ་ལས་བྱེད་པའི་ཁྲོད་ཀྱི་མི་ཆེས་ཉུང་ཤས་ཀྱི་ཆབ་སྲིད་འདོད་རྔམས་ཆེ་རུ་སོང་བ་དང་ཁེ་དབང་ལ་རྔམས་ནས་ངོ་ལྐོག་གཡོ་ལྷད་དང་། ངན་རུབ་སྒེར་གཉེར། ངན་པ་ཁྱུ་སྒྲིག དཔོན་གནས་ཐོབ་ཐབས་བྱེད་པ་སོགས་ཆབ་སྲིད་ཀྱི་ལྐོག་གཡོའི་བྱེད་སྤྱོད་སྤེལ་ཡོད། གནད་དོན་དེ་དག་གིས་ཏང་གི་བསམ་བློ་ཀུན་སྤྱོད་ཀྱི་རྨང་གཞིར་བསླད་སྐྱོན་ཚབས་ཆེན་བཟོ་བ་དང་། ཏང་གི་མཐུན་སྒྲིལ་དང་གཅིག་སྡུད་གཅིག་གྱུར་ལ་གཏོར་སྐྱོན་ཚབས་ཆེན་གཏོང་བ། ཏང་ནང་ཁུལ་གྱི་ཆབ་སྲིད་ཁོར་ཡུག་དང་ཏང་གི་གཟུགས་བརྙན་ལ་གནོད་པ་ཚབས་ཆེན་གཏོང་བ། ཏང་དང་མི་དམངས་ཀྱི་བྱ་གཞག་འཕེལ་རྒྱས་ལ་ཤུགས་རྐྱེན་ཚབས་ཆེན་བཟོས་ཡོད། དེས་ན་ང་ཚོར་ངེས་པར་དུ་སྒྱུར་བཅོས་གསར་གཏོད་ཀྱི་སྙིང་སྟོབས་ལ་བརྟེན་ནས་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་དང་། ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བར་ཤུགས་སྣོན་དང་ཚད་ལྡན་དུ་བཏང་སྟེ་ཚན་རིག་དང་མཐུན་པའི་ངང་ཏང་འཛུགས་སྐྱོང་བྱེད་པའི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་དགོས་པའི་བླང་བྱ་བཏོན་ཡོད།

ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བློ་མཐུན་ཞིས་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཉམས་ལེན་འབད་སྒྲུབ་དང་སྣེ་ཁྲིད་དཔེ་སྟོན་གནང་སྟེ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་བློ་རྩ་བརྟན་པོས་སྐུལ་འདེད་བཏང་བ་དང་། བསམ་བློའི་ཐོག་ནས་ཏང་འཛུགས་སྐྱོང་དང་ལམ་ལུགས་ཐོག་ནས་ཏང་བཅོས་སྐྱོང་ཟུང་འབྲེལ་རྒྱུན་འཁྱོངས་བྱས་པ། ཏང་སྲོལ་གཅིག་སྡུད་ཐོག་བཅོས་སྒྲིག་བྱས་པ། ཏང་ནང་ཁུལ་གྱི་ཆབ་སྲིད་ཁོར་ཡུག་གཙང་མ་བཟོས་པར་བརྟེན། ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བའི་ཐད་རྣམ་པ་གསར་པ་ཞིག་ཐོན་ཡོད་ལ། ཏང་དང་དམངས་ཀྱི་མོས་པའང་ཐོབ་ནས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་གི་རྣམ་པ་གསར་པ་གཏོད་རྒྱུར་འགན་ལེན་ནུས་ལྡན་བྱུང་ཡོད།

ལོ་རྒྱུས་ཀྱི་ཉམས་མྱོང་ལས་མར་ཁེ་སི་རིང་ལུགས་ཀྱི་སྲིད་ཏང་ཞིག་ཡིན་པའི་རང་རེའི་ཏང་གིས་ངེས་པར་དུ་དར་ཆ་གསལ་སྟོན་གྱི་སྒོ་ནས་ཆབ་སྲིད་ལ་སྣང་ཆེན་དང་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བ་གཟབ་ནན་ཏན་ཏིག་དགོས་ལུགས་ར་འཕྲོད་ཐུབ་ཡོད། ལོ་རྒྱུས་ཀྱི་ཁྱད་ཆོས་གསར་པ་མང་པོ་ལྡན་པའི་རླབས་ཆེན་འཐབ་རྩོད་དང་། ཏང་འཛུགས་སྐྱོང་གི་རླབས་ཆེན་འདུ་འགོད་ལ་སྐུལ་འདེད། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་ལ་སྐུལ་འདེད། “ཚོད་བགམ་ཆེན་པོ་བཞི”ཐེག་པ་དང“ཉེན་ཁ་ཆེན་པོ་བཞི”ཁྱད་བསད་བཅས་སྔར་བས་ལེགས་པའི་སྒོ་ནས་བྱེད་ཆེད། དུས་བབ་གསར་པའི་འོག་གི་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བའི་ཚད་གཞི་ཞིག་བཟོ་དགོས་ངེས་རེད།

དུས་བབ་གསར་པའི་འོག་གི་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བར་ཤུགས་སྣོན་རྒྱག་པ་དང་ཚད་ལྡན་དུ་གཏོང་བར་ངེས་པར་དུ་ཏང་གི་སྒྲིག་སྲོལ་རྩ་བའི་གཞི་འཛིན་སར་བྱེད་པ་དང་། ཏང་གི་ཆབ་སྲིད་ཀྱི་ལམ་ཕྱོགས་དང་། བསམ་བློའི་ལམ་ཕྱོགས། རྩ་འཛུགས་ཀྱི་ལམ་ཕྱོགས། མང་ཚོགས་ཀྱི་ལམ་ཕྱོགས་བཅས་མཐའ་འཁྱོངས་བྱེད་པ། ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བའི་ཆབ་སྲིད་ཀྱི་རང་བཞིན་དང་། དུས་རབས་ཀྱི་རང་བཞིན། རྩ་དོན་གྱི་རང་བཞིན། དམག་འཐབ་ཀྱི་རང་བཞིན་བཅས་ཆེ་རུ་གཏོང་རྒྱུར་ཤུགས་རྒྱག་པ། རང་གིས་རང་གཙང་སེལ་བྱེད་པ་དང་། རང་གིས་རང་འཐུས་སྒོ་ཚང་དུ་གཏོང་བ། རང་གིས་རང་གསར་བཅོས་བྱེད་པ། རང་གིས་རང་གི་འཇོན་ཐང་ཆེ་རུ་གཏོང་བ་བཅས་ལ་ཤུགས་རྒྱག་པ། ཏང་གི་འགོ་ཁྲིད་ཆུ་ཚད་དང་སྲིད་འཛིན་ཆུ་ཚད་མཐོ་རུ་གཏོང་བ་དང་། བསླད་སྐྱོན་འགོག་ཐབས་དང་ངོ་འགྱུར་སྔོན་འགོག་དང་ཉེན་ཁ་སྔོན་འགོག་གི་ནུས་པ་ཆེ་རུ་གཏོང་བར་ཤུགས་རྒྱག་པ། ཏང་ཀྲུང་དབྱང་གི་དབང་གྲགས་སྲུང་སྐྱོང་དང་། ཏང་གི་མཐུན་སྒྲིལ་གཅིག་གྱུར་འགན་ལེན། ཏང་གི་སྔོན་ཐོན་རང་བཞིན་དང་དྭངས་གཙང་རང་བཞིན་འགན་ལེན་བཅས་ལ་ཤུགས་རྒྱག་པ་བཅས་ཀྱིས་ཏང་ཡོངས་སུ་གཅིག་སྡུད་ཡིན་ལ། དམངས་གཙོ་ལྡན་པ་དང་། སྒྲིག་ཁྲིམས་ལྡན་ལ། རང་དབང་ཡོད་པ། གཅིག་གྱུར་གྱི་འདུ་ཤེས་ལྡན་ལ། མི་སེམས་སྤྲོ་ལ་འཕེལ་བ་བཅས་ཀྱི་ཆབ་སྲིད་རྣམ་པ་ཞིག་ཧུར་ཐག་ཆགས་པ་བྱེད་དགོས།

དུས་བབ་གསར་པའི་འོག་གི་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བར་ཤུགས་སྣོན་རྒྱག་པ་དང་ཚད་ལྡན་དུ་གཏོང་བའི་གཙོ་གནད་ནི་རིམ་ཁག་འགོ་ཁྲིད་ལས་ཁུངས་དང་འགོ་ཁྲིད་ལས་བྱེད་པ་ཡིན་པ་དང་། འགག་རྩ་ནི་མཐོ་རིམ་ལས་བྱེད་པ་དང་ལྷག་པར་དུ་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་དང་། ཀྲུང་དབྱང་ཆབ་སྲིད་ཅུས། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ལྷན་བཅས་ཀྱི་ཁོངས་མི་རེད། མཐོ་རིམ་ལས་བྱེད་པ་དང་ལྷག་པར་དུ་ཀྲུང་དབྱང་གི་འགོ་ཁྲིད་རིམ་པའི་ཁོངས་མིས་ངེས་པར་དུ་རང་དཔེ་གཞན་སྟོན་གྱིས་ཏང་གི་སྒྲིག་ཡིག་དང་སྒྲིག་སྲོལ་ལ་བརྩི་སྲུང་ཞུ་བ་དང་། ཏང་གི་ཆབ་སྲིད་སྒྲིག་ལམ་དང་ཆབ་སྲིད་སྒྲིག་སྲོལ་ལ་བརྩི་སྲུང་ནན་པོ་ཞུ་བ། ཐོག་མའི་བསམ་འདུན་མ་བརྗེད་པར་མུ་མཐུད་མདུན་སྐྱོད་མཐའ་འཁྱོངས་བྱེད་པ། སྣེ་ཁྲིད་དཔེ་སྟོན་དང་གོང་གིས་འོག་ལ་སྣེ་ཁྲིད་མཐའ་འཁྱོངས་བཅས་བྱས་ནས་ཏང་ཡོངས་དང་སྤྱི་ཚོགས་ཡོངས་ལ་མིག་དཔེ་སྟོན་དགོས།

གཅིག ཕུགས་བསམ་དང་དད་སེམས་བརྟན་དུ་གཏོང་དགོས།

གུང་ཁྲན་རིང་ལུགས་ཀྱི་ཕུགས་བསམ་ཆེན་པོ་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཐུན་མོང་ཕུགས་བསམ་ནི་ཀྲུང་གོ་གུང་ཁྲན་ཏང་མིའི་བསམ་པའི་ཀ་རྟེན་དང་ཆབ་སྲིད་ཀྱི་བླ་སྲོག་ལྟ་བུ་ཡིན་ལ། ཏང་གི་མཐུན་སྒྲིལ་གཅིག་གྱུར་མཐའ་འཁྱོངས་ཀྱི་བསམ་པའི་རྨང་གཞིའང་རེད། བསམ་བློ་ཆབ་སྲིད་འཛུགས་སྐྱོང་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ་ཕུགས་བསམ་དང་དད་སེམས་བརྟན་དུ་གཏོང་བ་དང་ངེས་པར་དུ་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བའི་ལས་འགན་གལ་ཆེན་ལ་བརྩི་དགོས།

ཕུགས་བསམ་དང་དད་སེམས་ལ་གཡོ་འགུལ་གཏོང་བ་ནི་ཉེན་ཁ་ཆེ་ཤོས་ཀྱི་གཡོ་འགུལ་ཞིག་ཡིན་པ་དང་ཕུགས་བསམ་དང་དད་སེམས་ཉམས་པ་ནི་ཉེན་ཁ་ཆེ་ཤོས་ཀྱི་ཉམས་པ་ཞིག་རེད། ཏང་ཡོངས་ཀྱི་བློ་མཐུན་ཚོས་ངེས་པར་དུ་མར་ཁེ་སི་རིང་ལུགས་ཀྱི་དད་གུས་དང་སྤྱི་ཚོགས་རིང་ལུགས་དང་གུང་ཁྲན་རིང་ལུགས་ཀྱི་དད་སེམས་ཚེ་གང་གི་དོན་གཉེར་ལ་བརྩིས་ནས། ཕྱི་རོལ་ཡུལ་གྱི་འཇིག་རྟེན་ལ་སྒྱུར་བཀོད་བྱེད་པ་དང་ཆབས་ཅིག་དངོས་ཡོད་ཀྱི་འཇིག་རྟེན་ལ་ཟམ་མི་ཆད་པར་སྒྱུར་བཀོད་བྱས་ཏེ་འཇིག་རྟེན་གྱི་ལྟ་བ་དང་། མི་ཚེའི་ལྟ་བ། རིན་ཐང་གི་ལྟ་བ་བཅས་ཀྱི“གློག་སྤྱིའི”གནད་དོན་ཐག་གཅོད་ཡག་པོ་བྱས་ནས་ཆབ་སྲིད་ཀྱི་ངེས་ཤུགས་་ཟམ་མི་ཆད་པར་ཆེ་རུ་བཏང་སྟེ། རང་རྟོགས་ངང་གུང་ཁྲན་རིང་ལུགས་ཀྱི་ཕུགས་བསམ་ཆེན་པོ་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཐུན་མོང་ཕུགས་བསམ་གྱི་དད་མོས་པ་དང་ལག་ལེན་པར་འགྱུར་བ་བྱེད་དགོས་པ་དང་། ངེས་པར་དུ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་གྱི་གདེང་ཚོད་དང་། རིགས་པའི་གཞུང་ལུགས་ཀྱི་གདེང་ཚོད། ལམ་ལུགས་ཀྱི་གདེང་ཚོད། རིག་གནས་ཀྱི་གདེང་ཚོད་བཅས་བརྟན་པོ་ཡོང་བ་བྱེད་དགོས། འགོ་ཁྲིད་ལས་བྱེད་པ་དང་ལྷག་དོན་དུ་མཐོ་རིམ་ལས་བྱེད་པས་བྱ་སྤྱོད་དངོས་ཀྱི་ཐོག་ནས་ཏང་ཡོན་དང་མང་ཚོགས་ལ་ཕུགས་བསམ་དང་དད་སེམས་ཀྱི་སྟོབས་ཤུགས་ཆེན་པོ་ཚོར་བ་བྱེད་དགོས།

ཏང་ཡོན་ཡོངས་ཀྱིས་ངེས་པར་དུ་ཏང་འཛུགས་སྐྱོང་བྱེད་སྐབས་ཀྲུང་གོ་གུང་ཁྲན་ཏང་མིའི་འབད་འཐབ་སྙིང་སྟོབས་ནམ་ཡང་མཐའ་འཁྱོངས་བྱས་ཏེ། རང་འཁྲིའི་ལས་དོན་ཡག་པོ་སྒྲུབ་པའི་ཁྲོད་ནས་ཕུགས་བསམ་དང་དད་སེམས་ཀྱི་བརྟན་ལྷིང་རང་བཞིན་མཚོན་པ་བྱས་ཐོག རང་རྟོགས་ངང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་ལ་སྐུལ་མ་གཏོང་ཆེད་དཀའ་སྤྱད་ལས་སྒྲུབ་ཀྱིས་རྒྱལ་ཁ་ཐོབ་དུས་དང་ལམ་ལྷོངས་ཡོང་དུས་ང་རྒྱལ་དང་ཁེངས་དྲེགས་མི་བྱེད་པ་དང་། དཀའ་ངལ་འཕྲད་དུས་དང་བྱ་བ་ལམ་ལྷོངས་མ་བྱུང་བའི་དུས་སུ་ཡི་ཐང་མི་ཆད་པ་དང་གཡོ་འགུལ་མེད་པ། བསྔགས་བརྗོད་དང་བསླུ་བྲིད་ཀྱི་ཚོད་བགམ་སྣ་ཚོགས་ཐེག་ཐུབ་པ་དང་ཉེན་ཁ་དང་འགྲན་རྩོད་ཀྱི་ཚོད་བགམ་སྣ་ཚོགས་ཐེག་ཐུབ་པ་བྱས་ནས་གུང་ཁྲན་ཏང་མིའི་ཆབ་སྲིད་ཀྱི་ངོ་བོ་ནམ་ཡང་གནས་པ་བྱེད་དགོས།

ཕུགས་བསམ་དང་དད་སེམས་བརྟན་པོ་ཡོང་བར་ངེས་པར་དུ་སློབ་སྦྱོང་ལ་ཤུགས་སྣོན་རྒྱག་དགོས། བསམ་བློ་དང་རིགས་པའི་གཞུང་ལུགས་ཐད་ཀྱི་བརྟན་པོ་དང་རིག་པ་དྭངས་གསལ་ནི་ཆབ་སྲིད་ཐད་ཀྱི་བརྟན་པོའི་སྔོན་འགྲོའི་ཆ་རྐྱེན་རེད། ཏང་ཡོངས་ཀྱིས་ངེས་པར་དུ་གཡོ་འགུལ་སྤུ་ཙམ་ཡང་མེད་པའི་སྒོ་ནས་མར་ཁེ་སི་རིང་ལུགས་ཀྱི་མཛུབ་ཁྲིད་བསམ་བློ་མཐའ་འཁྱོངས་བྱེད་པ་དང་། ཏང་གི་རིམ་ཁག་རྩ་འཛུགས་ཀྱིས་ངེས་པར་དུ་རྒྱུན་སྲིང་ལྷོད་མེད་ངང་རིགས་པའི་གཞུང་ལུགས་ཀྱི་དྲག་ཆས་སྤྲོས་རྒྱུར་དམ་འཛིན་རྒྱུན་འཁྱོངས་ བྱེད་པ། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པ་དང་ལྷག་དོན་དུ་མཐོ་རིམ་ལས་བྱེད་པས་ངེས་པར་དུ་རང་རྟོགས་ངང་སློབ་སྦྱོང་ལ་དམ་འཛིན་དང་ཏང་གཤིས་བློ་སྦྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས། མར་ཁེ་སི་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་ངེས་སྦྱོང་སློབ་ཚན་ལ་བརྩིས་ནས་མར་ཁེ་སི་ལེ་ཉིན་རིང་ལུགས་དང་། མའོ་ཙེ་ཏུང་གི་དགོངས་པ། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས། “མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་བཅས་སློབ་སྦྱོང་ནན་ཏན་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་སློབ་སྦྱོང་ནན་ཏན། ཏང་གི་སྒྲིག་ཡིག་དང་ཏང་གི་སྒྲིག་སྲོལ་སློབ་སྦྱོང་ནན་ཏན་བཅས་བྱས་ཏེ་མར་ཁེ་སི་རིང་ལུགས་ཀྱི་བསམ་བློའི་གོ་རྟོགས་དང་རིགས་པའི་གཞུང་ལུགས་ཀྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས། མ་ལག་ལྡན་པའི་སྒོ་ནས་མར་ཁེ་སི་རིང་ལུགས་ཀྱི་གཞི་རྩའི་རྩ་བའི་རིགས་པ་ཁོང་དུ་ཆུད་པ་དང་མར་ཁེ་སི་རིང་ལུགས་ཀྱི་ལངས་ཕྱོགས་དང་། ལྟ་བ། བྱེད་ཐབས་བཅས་སྤྱད་དེ་གནད་དོན་ལྟ་ཞིབ་དང་། གནད་དོན་དབྱེ་ཞིབ། གནད་དོན་ཐག་གཅོད་བཅས་བྱེད་ཤེས་པ། ལྷག་དོན་དུ་དོན་དངོས་ཀྱི་གནད་དོན་གཅིག་ཏུ་བསྡུས་ནས་གུང་ཁྲན་ཏང་གི་སྲིད་འཛིན་ཆོས་ཉིད་དང་། སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་ཆོས་ཉིད། མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཆོས་ཉིད་བཅས་ལ་ངོས་འཛིན་བྱ་ཤུགས་ཟམ་མི་ཆད་པར་ཟབ་ཏུ་་གཏོང་དགོས། དུས་རབས་ཡར་ཐོན་དང་བྱ་གཞག་འཕེལ་རྒྱས་ཀྱི་བླང་བྱ་དང་འཚམ་པར་བྱས་ཏེ་དཔལ་འབྱོར་དང་། ཆབ་སྲིད། རིག་གནས། སྤྱི་ཚོགས། སྣོད་བཅུད་ཤེས་དཔལ། དེ་བཞིན་མཚན་ཉིད་རིག་པ་དང་། ལོ་རྒྱུས། བཅའ་ཁྲིམས། ཚན་རྩལ། རྒྱལ་སྲུང་། རྒྱལ་སྤྱི་སོགས་ཕྱོགས་ཚང་མའི་ཐད་ཀྱི་ཤེས་བྱ་སློབ་སྦྱོང་རྒྱ་ཁྱབ་ངང་བྱས་ནས་འཐབ་ཇུས་ཀྱི་བསམ་གཞིག་དང་། གསར་གཏོད་ཀྱི་བསམ་གཞིག རྩོད་སྒྲུབ་ཀྱི་བསམ་གཞིག ཁྲིམས་སྐྱོང་གི་བསམ་གཞིག མཐའ་ཚད་ཀྱི་བསམ་གཞིག་བཅས་ཀྱི་ནུས་པ་ཆེ་རུ་དང་འགོ་ཁྲིད་ཀྱི་ཆེད་ལས་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་དགོས།

ཏང་ནང་ཁུལ་གྱི་སློབ་སྦྱོང་ལམ་ལུགས་མཐའ་འཁྱོངས་དང་གསར་གཏོད་བྱེད་དགོས། ཏང་ཨུད(ཏང་ཙུའུ)ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་སོགས་ལམ་ལུགས་དམ་འཛིན་བྱ་གཞི་གཙོ་བོར་བྱས་ནས་རིམ་ཁག་ཏང་རྩ་འཛུགས་ཀྱིས་དུས་བཀག་ལྟར་གཅིག་སྡུད་སློབ་སྦྱོང་བྱེད་དགོས། ཏང་ཡོན་དང་ལས་བྱེད་པས་ལོ་ལྟར་གཏན་འཁེལ་བྱས་པའི་སློབ་སྦྱོང་གི་ལས་འགན་ལེགས་སྒྲུབ་བྱེད་པ་དང་འགོ་ཁྲིད་ལས་བྱེད་པ་དུས་བཀག་ལྟར་ཏང་གི་སློབ་གྲྭའི་སློབ་སྦྱོང་ལ་ཞུགས་དགོས། ཏང་ནང་ཁུལ་གྱི་གཅིག་སྡུད་སློབ་སྦྱོང་སློབ་གསོ་མཐའ་འཁྱོངས་བྱེད་དགོས། རིམ་ཁག་ཏང་རྩ་འཛུགས་ཀྱིས་ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་བཏང་ནས་སློབ་སྦྱོང་གི་གནས་ཚུལ་འགོ་ཁྲིད་ཚན་ཁག་དང་འགོ་ཁྲིད་ལས་བྱེད་པར་དཔྱད་ཞིབ་བྱེད་པའི་ནང་དོན་གལ་ཆེན་ལ་བརྩི་དགོས། ཀྲུང་དབྱང་གི་འགོ་ཁྲིད་བློ་མཐུན་གྱི་ཆེད་དོན་སྙན་ཞུའི་ལམ་ལུགས་མཐའ་འཁྱོངས་བྱེད་དགོས། ཏང་ནང་ཁུལ་གྱི་བསམ་བློ་དང་རིགས་པའི་གཞུང་ལུགས་ཀྱི་གནད་དོན་གལ་ཆེན་དབྱེ་ཞིབ་ཞིབ་འཇུག་དང་གནས་ཚུལ་བརྡ་ཁྱབ་གཏོང་བའི་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་བ་དང་། དྲ་སྦྲེལ་གྱི་བསམ་བློ་དང་རིགས་པའི་གཞུང་ལུགས་ཀྱི་སྣེ་ཁྲིད་བྱེད་ཤུགས་ཆེ་རུ་བཏང་སྟེ་གཏིང་ཟབ་པའི་བསམ་བློ་དང་རིགས་པའི་གཞུང་ལུགས་ཀྱི་གནད་དོན་གསལ་པོ་བཤད་དེ། ཏང་ཡོན་དང་ལས་བྱེད་པར་ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་པོ་དང་ཡིན་མིན་གྱི་དབྱེ་མཚམས་གསལ་པོ་ཤེས་པ་བྱས་ནས་ནོར་འཁྲུལ་གྱི་བསམ་བློའི་བསླད་སྐྱོན་ལ་བཀག་འགོག་མཐའ་གཅིག་ཏུ་བྱེད་རོགས་བྱེད་དགོས།

གཉིས། ཏང་གི་གཞི་རྩའི་ལམ་ཕྱོགས་མཐའ་འཁྱོངས་བྱེད་དགོས།

སྤྱི་ཚོགས་རིང་ལུགས་ཀྱི་ཐོག་མའི་དུས་མཚམས་ཀྱི་ཏང་གི་གཞི་རྩའི་ལམ་ཕྱོགས་ནི་ཏང་དང་རྒྱལ་ཁབ་ཀྱི་སྲོག་རྩ་དང་མི་དམངས་ཀྱི་བདེ་སྐྱིད་རེད་ལ། ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བ་རྒྱུན་གཏན་ལྟར་སྤེལ་བའི་གཞི་རྩའི་འགན་ལེན་ཡང་ཡིན་པས། ངེས་པར་དུ་ཕྱོགས་ཡོངས་ནས་ཏང་གི་གཞི་རྩའི་ལམ་ཕྱོགས་ལག་བསྟར་བྱས་ཏེ་དཔལ་འབྱོར་འཛུགས་སྐྲུན་ལྟེ་བར་བྱེད་པ་དེ་གཞི་རྩའི་རྩ་དོན་བཞི་མཐའ་འཁྱོངས་དང་སྒྱུར་བཅོས་སྒོ་དབྱེ་མཐའ་འཁྱོངས་བྱེད་པའི་གཞི་རྩའི་ཆ་གཉིས་དང་མཉམ་དུ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རླབས་ཆེན་ལག་ལེན་ཁྲོད་གཅིག་གྱུར་ཡོང་བ་བྱས་ནས། དུས་དང་རྣམ་པ་ཀུན་ཏུ་ཕྱོགས་འཛོལ་དང་གཡོ་འགུལ་སྤུ་ཙམ་ཡང་གཏོང་མི་རུང་།

ཏང་ཡོངས་ཀྱིས་ངེས་པར་དུ་དཔལ་འབྱོར་འཛུགས་སྐྲུན་བློ་བརྟན་འགྱུར་མེད་ངང་ལྟེ་བར་བྱེད་པ་་མཐའ་འཁྱོངས་བྱས་ནས་བློ་རྩེ་གཅིག་སྒྲིམ་གྱིས་ཏང་གི་སྲིད་སྐྱོང་རྒྱལ་དར་གྱི་ལས་འགན་ཨང་དང་པོ་འདི་འཕེལ་རྒྱས་གཏོང་བར་དམ་འཛིན་བྱེད་པ་དང་། མི་དམངས་ལྟེ་བར་བྱེད་པའི་འཕེལ་རྒྱས་ཀྱི་བསམ་ཕྱོགས་མཐའ་འཁྱོངས་བྱས་ནས“ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་སྒྲིག་དང“ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་སྒྲིག་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ། གསར་གཏོད་དང་། མཐུན་སྦྱོར། ལྗང་མདོག སྒོ་འབྱེད། མཉམ་སྤྱོད་བཅས་ཀྱི་འཕེལ་རྒྱས་ཀྱི་འདུ་ཤེས་མཐའ་འཁྱོངས་བྱས་ནས་འཕེལ་རྒྱས་ཀྱི་སྤུས་ཚད་དང་ཕན་འབྲས་འབད་བརྩོན་ཆེན་པོས་མཐོ་རུ་གཏོང་བ། མི་དམངས་ཀྱི་འཚོ་བའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་ནས“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་དངོས་པོའི་རྨང་གཞི་བརྟན་པོ་ཞིག་འདིང་དགོས།

ཏང་ཡོངས་ཀྱིས་ངེས་པར་དུ་གཞི་རྩའི་རྩ་དོན་བཞི་བློ་བརྟན་འགྱུར་མེད་ངང་མཐའ་འཁྱོངས་བྱེད་པའི་གཞི་རྩ་ནི་ཏང་གི་འགོ་ཁྲིད་མཐའ་འཁྱོངས་བྱེད་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་མ་ལག ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་བཅས་མཐའ་འཁྱོངས་བྱས་ནས་རིག་པ་དྭངས་གསལ་དང་། ལངས་ཕྱོགས་བརྟན་པོ། དམ་བཅའ་འགྱུར་མེད་བཅས་ཀྱི་སྒོ་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་དགོས།

ཏང་ཡོངས་ཀྱིས་ངེས་པར་དུ་སྒྱུར་བཅོས་སྒོ་འབྱེད་བློ་བརྟན་འགྱུར་མེད་ངང་མཐའ་འཁྱོངས་བྱེད་པ་དང་མང་ཚོགས་ཀྱི་གསར་གཏོད་སྙིང་སྟོབས་འདོན་སྤེལ་བྱས་ནས། རང་ངོས་གསར་བརྗེ་བྱེད་ཕོད་པ་དང་། རིགས་པའི་གཞུང་ལུགས་གསར་གཏོད་དང་། ལག་བསྟར་གསར་གཏོད། ལམ་ལུགས་གསར་གཏོད། རིག་གནས་གསར་གཏོད། དེ་བཞིན་གསར་གཏོད་གཞན་དག་ལ་སྐུལ་འདེད་གཏོང་ཕོད་པ་བྱས་ནས་ཕྱི་ཕྱོགས་ལ་སྒོ་མོ་འབྱེད་པའི་གཞི་རྩའི་རྒྱལ་ཇུས་བློ་བརྟན་འགྱུར་མེད་ངང་ལག་བསྟར་བྱས་ཏེ་ད་ཡོད་གནས་ཚུལ་ལ་ཆོག་ཤེས་དང་སྔ་སྲོལ་དམ་བཟུང་གཏན་ནས་བྱེད་མི་རུང་། དུས་བབ་གསར་པའི་འོག་ཏང་གིས་མི་དམངས་ཀྱི་འགོ་ཁྲིད་དེ་ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་ནི། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་རང་ངོས་འཐུས་སྒོ་ཚང་བ་དང་འཕེལ་རྒྱས་གཏོང་བར་སྐུལ་འདེད་གཏོང་བ་དང་། རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་ཆེད་ཡིན་པས། ཕྱི་བཀག་ནང་སྡོམ་གྱི་འགྲོ་ལམ་རྙིང་པར་སྐྱོད་མི་རུང་ལ་དར་ཆ་བརྗེ་སྒྱུར་གྱི་ལོག་ལམ་དུའང་སྐྱོད་མི་རུང་།

ཏང་ཡོངས་ཀྱིས་ངེས་པར་དུ་ཏང་གི་བསམ་བློའི་ལམ་ཕྱོགས་ཏང་གི་གཞི་རྩའི་ལམ་ཕྱོགས་ལག་བསྟར་བྱེད་པའི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱས་ཏེ་བསམ་བློར་བཅིངས་འགྲོལ་དང་། དངོས་ཐོག་བདེན་འཚོལ། དུས་བསྟུན་འཕེལ་རྒྱས། དམ་པ་དོན་གཉེར་བཅས་མཐའ་འཁྱོངས་བྱེད་པ་དང་། རིགས་པའི་གཞུང་ལུགས་དང་དོན་དངོས་ཟུང་འབྲེལ་བྱས་ནས་བྱ་བ་གང་བྱེད་དོན་དངོས་ལ་གཞིགས་ནས་བྱེད་དགོས་པ་དང་ལག་ལེན་དངོས་ཀྱི་ཐོག་ནས་བདེན་དོན་ཞིབ་དཔྱད་དང་བདེན་དོན་འཕེལ་རྒྱས་བཏང་སྟེ་མར་ཁེ་སི་རིང་ལུགས་རྣམ་པར་གཅོད་པའི་ནོར་འཁྲུལ་གྱི་བསམ་ཕྱོགས་སྣ་ཚོགས་ལ་ངོ་རྒོལ་བྱེད་དགོས་པ་མ་ཟད། མར་ཁེ་སི་རིང་ལུགས་ལ་ལུང་ཙམ་འཛིན་ཚུལ་གྱི་གོ་བ་ལེན་པ་ཡང་སེལ་ རྒྱུ་མཐའ་འཁྱོངས་བྱེད་དགོས་པ། རང་རྒྱལ་སྤྱི་ཚོགས་རིང་ལུགས་ཀྱི་ཐོག་མའི་དུས་མཚམས་སུ་སྔར་བཞིན་གནས་པ་དང་དུས་ཡུན་རིང་པོ་གནས་རྒྱུའི་གཞི་རྩའི་རྒྱལ་ཁབ་ཀྱི་གནས་ཚུལ་ནས་འགོ་འཛུགས་རྒྱུ་མཐའ་འཁྱོངས་བྱས་ཏེ་རྒྱུན་ཆད་མེད་པར་གནས་ཚུལ་གསར་པ་ཞིབ་འཇུག་དང་། ཉམས་མྱོང་གསར་པ་ཕྱོགས་སྡོམ། གནད་དོན་གསར་པ་ཐག་གཅོད་བཅས་བྱེད་པ་དང་། མར་ཁེ་སི་རིང་ལུགས་ཀྱི་ཀྲུང་གོ་ཅན་ལ་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་དགོས།

ཏང་ཡོངས་ཀྱིས་ཏང་གི་གཞི་རྩའི་ལམ་ཕྱོགས་ངེས་པར་དུ་མཐའ་གཅིག་ཏུ་བསྲུངས་ནས་ཏང་གི་འགོ་ཁྲིད་ཁས་མི་ལེན་པ་དང་། རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ཁས་མི་ལེན་པ། སྒྱུར་བཅོས་སྒོ་འབྱེད་ཁས་མི་ལེན་པ་བཅས་ཀྱི་གཏམ་སྤྱོད་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་འཁྱོག་བཤད་དང་། དམའ་འབེབས། ཁས་མི་ལེན་པ་བཅས་ཀྱི་གཏམ་སྤྱོད། ཏང་གི་ལོ་རྒྱུས་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ལོ་རྒྱུས། མི་དམངས་དཔུང་སྡེའི་ལོ་རྒྱུས་བཅས་འཁྱོག་བཤད་དང་། དམའ་འབེབས། ཁས་མི་ལེན་པ་བཅས་ཀྱི་གཏམ་སྤྱོད། ཏང་གི་འགོ་ཁྲིད་དང་དཔའ་བོ་དཔེ་བཟང་ལ་འཁྱོག་བཤད་། དམའ་འབེབས། ཁས་མི་ལེན་པ་བཅས་ཀྱི་གཏམ་སྤྱོད། ཏང་གི་གཞི་རྩའི་ལམ་ཕྱོགས་དང་རྒྱབ་འགལ་དང་། འཁྱོག་བཤད། ཁས་མི་ལེན་པ་བཅས་ཀྱི་གཏམ་སྤྱོད་མཐའ་དག་ལ་ངེས་པར་དུ་དར་ཆ་གསལ་སྟོན་གྱིས་ངོ་རྒོལ་དང་བཀག་འགོག་བྱེད་དགོས།

ལས་བྱེད་པ་དང་ལྷག་པར་དུ་མཐོ་རིམ་ལས་བྱེད་པར་རྟོག་ཞིབ་དང་དབྱེ་འབྱེད་བྱེད་པར་དང་ཐོག་ངེས་པར་དུ་ཏང་གི་གཞི་རྩའི་ལམ་ཕྱོགས་བློ་བརྟན་འགྱུར་མེད་ངང་ལག་བསྟར་བྱེད་མིན་ལ་ལྟ་དགོས། ཏང་ཡོན་དང་ལས་བྱེད་པ་དང་ལྷག་པར་དུ་མཐོ་རིམ་ལས་བྱེད་པས་ཡིན་མིན་ཆེན་པོའི་མདུན་དུ་རྣམ་འགྱུར་ཟ་རི་ཟི་རི་བྱེད་མི་རུང་བ་དང་། གཞི་རྩའི་ཆབ་སྲིད་ཀྱི་ལངས་ཕྱོགས་ལ་གཡོ་འགུལ་གཏོང་མི་རུང་བ། ནོར་འཁྲུལ་གྱི་གཏམ་གླེང་གི་ཤུགས་རྐྱེན་ཐེབས་མི་རུང་བ་བཅས་བྱེད་དགོས། མི་དམངས་ཀྱི་ཁེ་ཕན་ལ་གནོད་འཚེ་གཏོང་བ་དང་། ཏང་དང་རྒྱལ་ཁབ་ཀྱི་གཟུགས་བརྙན་ལ་གཏོར་བཤིག་གཏོང་བ། ཏང་གི་སྲིད་སྐྱོང་གནས་བབ་ལ་ཉེན་ཁ་འཕྲད་པ་བཅས་ཀྱི་སྐབས་དཔའ་ངར་ཆེར་བསྐྱེད་ཀྱིས་ཕྱིར་དོན་པ་དང་རྣམ་འགྱུར་གསལ་པོའི་སྒོ་ནས་རང་འགུལ་ངང་མཐའ་གཅིག་ཏུ་འཐབ་རྩོད་བྱེད་དགོས། ཡིན་མིན་ཆེན་པོའི་མདུན་དུ་ལངས་ཕྱོགས་གསལ་པོ་མེད་པ་དང་། རྣམ་འགྱུར་གསལ་པོ་མེད་པ། གོ་མེད་ཚོར་མེད། སྣང་མེད་ཁུར་མེད་སྡོད་པ་དང་། ནོར་འཁྲུལ་གྱི་གཏམ་སྤྱོད་མདུན་དུ་བཀག་འགོག་མི་བྱེད་པ། འཐབ་རྩོད་མི་བྱེད་པ། ཐབས་མཁས་ཀྱིས་རང་སྲུང་བྱེད་པ། ཁ་དགྲ་སྣ་དགྲ་མི་གསོག་པའི་མི་བཟང་པོ་བྱེད་པ་སོགས་ཀྱི་ཆབ་སྲིད་ཀྱི་ཚད་གཞི་མི་ལོན་པ་ཚང་མ་གཏན་ནས་སྤྱོད་མི་རུང་བ་དང་། འགོ་ཁྲིད་ལས་གནས་སུ་ཡོད་མཁན་མཐའ་གཅིག་ཏུ་ལེགས་སྒྲིག་བྱས་ཏེ་གནས་ཚུལ་ཚབས་ཆེ་རིགས་ཐག་གཅོད་ནན་པོ་བྱེད་དགོས། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།