ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས《གྲོང་ཁྱེར་གྱི་ཐེམ་ཐོ་མེད་པའི་མི་དུང་ཕྱུར1ལ་གྲོང་ཁྱེར་གྱི་ཐེམ་ཐོ་བཟོ་རྒྱུར་སྐུལ་མ་གཏོང་བའི་སྐོར་གྱི་ཇུས་གཞི》པར་འགྲེམས་བྱས་པ།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2016-10-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

 རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས《གྲོང་ཁྱེར་གྱི་ཐེམ་ཐོ་མེད་པའི་མི་དུང་ཕྱུར1ལ་གྲོང་ཁྱེར་གྱི་ཐེམ་ཐོ་བཟོ་རྒྱུར་སྐུལ་མ་གཏོང་བའི་སྐོར་གྱི་ཇུས་གཞི》(གཤམ་དུ《ཇུས་གཞི》ཞེས་བསྡུ་རྒྱུ)པར་འགྲེམས་བྱས་པ་རེད། 《ཇུས་གཞིའི》ནང་གྲོང་ཁྱེར་དང་གྲོང་རྡལ་དུ་ལས་ཀ་བརྟན་པོ་དང་འཚོ་བ་སྐྱེལ་ནུས་ལྡན་པའི་ཞིང་ལས་ཀྱི་གནས་སྤོའི་མི་འབོར་ལ་གྲོང་ཁྱེར་གྱི་ཐེམ་ཐོ་བཟོ་རྒྱུར་སྐུལ་མ་གཏོང་བ་དེ་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པའི་ཁྲོད་མི་འབོར་དེ་བས་མང་བར་ཕན་པ་ཐོབ་པ་བྱེད་པའི་ནང་གནས་ཀྱི་རེ་བ་ཞིག་དང་། གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པ་འཛུགས་སྐྲུན་ལ་སྐུལ་མ་གཏོང་བའི་ལས་འགན་གལ་ཆེན་ཞིག ནང་མཁོ་རྒྱ་ཆེར་གཏོང་བ་དང་དམངས་འཚོ་ལེགས་སུ་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་བཅས་རེད།

《ཇུས་གཞིའི》ནང“ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་སྒྲིག་དང“ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་སྒྲིག་གཞིར་བཟུང་། གསར་གཏོད་དང་། མཐུན་སྦྱོར། ལྗང་མདོག སྒོ་དབྱེ། མཉམ་སྤྱོད་བཅས་ཀྱི་འཕེལ་རྒྱས་ཀྱི་འདུ་ཤེས་བརྟན་པོ་འཛུགས་པ་དང་ལག་བསྟར་དོན་འཁྱོལ་བྱས་ནས་སྤྱི་འདོམས་ཇུས་འགོད་དང་མཐུན་སྦྱོར་ལ་སྐུལ་མ་གཏོང་བ་དང་། གསོག་འབོར་སྔོན་ལ་འཇོག་པ་དང་འཕར་་ཚད་ལ་སྐུལ་མ་གཏོང་བ། ཡུལ་བབ་ལ་བསྟུན་པ་དང་རིགས་དབྱེ་ནས་བྱེད་ཐབས་སྤྱོད་པ། ཀྲུང་དབྱང་གི་སྤྱི་འདོམས་དང་ཞིང་ཆེན་གྱིས་འགན་འཁྲི་གཙོ་བོ་འཁུར་བ་སོགས་ཀྱི་རྩ་དོན་མཐའ་འཁྱོངས་ཀྱིས་མིའི་བསམ་བློ་གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་བསྒྱུར་རྒྱུ་ལྟེ་བར་བྱེད་པ་དང་། འདུ་ཤེས་གསར་གཏོད་ཀྱིས་སྣེ་འཁྲིད་བྱེད་པ། སྒྲིག་གཞི་དང་ལམ་སྲོལ་སྒྱུར་བཅོས་སྒུལ་ཤུགས་སུ་བྱེད་པ་བཅས་བྱས་ཏེ་ཐེམ་ཐོའི་ལམ་ལུགས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་། ནོར་སྲིད་དང་། ས་ཞིང་། སྤྱི་ཚོགས་འགན་སྲུང་སོགས་ལེ་ལག་ཚང་བའི་སྲིད་ཇུས་མགྱོགས་མྱུར་འཐུས་སྒོ་ཚང་དུ་བཏང་ནས་དཔལ་འབྱོར་རྒྱུན་མཐུད་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་མ་གཏོང་ཆེད་སྒུལ་ཤུགས་ཆེན་པོ་འདོན་དགོས་པ་དང་སྤྱི་ཚོགས་དྲང་སྙོམས་དྲང་བདེན་དང་ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་བྱ་ཆེད་རྨང་གཞི་བརྟན་པོ་ཞིག་འདིང་དགོས་པའི་ནན་བཤད་བྱས་ཡོད།

《ཇུས་གཞིའི》ནང་གྲོང་ཁྱེར་གྱི་ཐེམ་ཐོ་མེད་པའི་མི་དུང་ཕྱུར1ལ་གྲོང་ཁྱེར་གྱི་ཐེམ་ཐོ་བཟོ་རྒྱུར་སྐུལ་མ་གཏོང་བའི་དམིགས་ཡུལ་གཙོ་བོ་ནི“ལོ་ལྔ་ཚན་བཅུ་གསུམ་པའི”རིང་གྲོང་ཁྱེར་དང་གྲོང་རྡལ་གྱི་ས་ཁོངས་དབར་གྱི་ཐེམ་ཐོ་སྒྱུར་བའི་འགག་གནད་དེ་མེད་པ་བཟོས་ནས་ལེ་ལག་ཚང་བའི་སྲིད་ཇུས་སྔར་བས་འཐུས་སྒོ་ཚང་དུ་གཏོང་བ་དང་། གྲོང་ཁྱེར་གྱི་ཐེམ་ཐོ་མེད་པའི་མི་གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་སྒྱུར་ཚད་ལོར་ཆ་སྙོམས་བརྒྱ་ཆའི་གནས1ཡན་མཐོ་རུ་གཏོང་བ། ཆ་སྙོམས་མི་ཁྲི1300ཡན་གྱི་ཐེམ་ཐོ་བསྒྱུར་རྒྱུ་བཅས་རེད། 2020ལོར་སླེབས་སྐབས་རྒྱལ་ཡོངས་ཀྱི་གྲོང་ཁྱེར་གྱི་ཐེམ་ཐོ་མེད་པའི་མི་གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་སྒྱུར་ཚད་45%མཐོ་རུ་བཏང་ནས་ས་ཁུལ་ཁག་གི་གྲོང་ཁྱེར་གྱི་ཐེམ་ཐོ་མེད་པའི་མི་གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་སྒྱུར་ཚད་དང་རྒྱུན་གཏན་གྱི་མི་འབོར་གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་སྒྱུར་ཚད་གྱི་ཧེ་བག་དེ་2013ལོ་ལས་བརྒྱ་ཆའི་གནས་2ཡན་ཆུང་དུ་གཏོང་རྒྱུ་ཡིན་ལུགས་བཏོན་ཡོད།

《ཇུས་གཞིའི》ནང་ཕྱོགས་གསུམ་ཐད་ནས་གྲོང་ཁྱེར་གྱི་ཐེམ་ཐོ་མེད་པའི་མི་དུང་ཕྱུར་1ལ་གྲོང་ཁྱེར་གྱི་ཐེམ་ཐོ་བཟོ་རྒྱུར་སྐུལ་མ་གཏོང་བའི་ཞིབ་ཕྲའི་བྱ་ཐབས་བཟོས་པ་སྟེ། གཅིག ཐེམ་ཐོ་བཟོ་བའི་ཐབས་ལམ་སྔར་བས་རྒྱ་ཆེར་གཏོང་བ་དང་། གཉིས། ལེ་ལག་ཚང་བའི་ལག་བསྟར་སྲིད་ཇུས་བཟོ་བ། གསུམ། ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་སོ། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།