ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་ཡིག《བཅའ་ཁྲིམས་རོགས་སྐྱོར་སྲོལ་ཡིག》

ཡོང་ཁུངས། : མཚོ་སྔོན་སྲིད་གཞུང་དྲ་བ།     སྤེལ་དུས། : 2016-07-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ལེའུ་དང་པོ། སྤྱིའི་རྩ་དོན།

དོན་ཚན་དང་པོ། དཔལ་འབྱོར་དཀའ་ཁག་ཡོད་པའི་སྤྱི་འབངས་ལ་ངེས་མཁོའི་བཅའ་ཁྲིམས་ཞབས་ཞུ་འཐོབ་པར་འགན་སྲུང་དང་། བཅའ་ཁྲིམས་རོགས་སྐྱོར་བྱ་བ་ཚད་ལྡན་དང་སྐུལ་འདེད་བྱ་ཆེད། སྲོལ་ཡིག་འདི་གཏན་ལ་ཕབ་པ་ཡིན།

དོན་ཚན་གཉིས་པ། སྲོལ་ཡིག་འདིའི་གཏན་འཁེལ་དང་འཚམ་པའི་སྤྱི་འབངས་ཀྱིས་སྲོལ་ཡིག་འདི་གཞིར་བཟུང་ནས་བཅའ་ཁྲིམས་འདྲི་རྟོག་དང་ངོ་ཚབ། ཉེས་དོན་དག་འརྗད་སོགས་རིན་མེད་བཅའ་ཁྲིམས་ཞབས་ཞུ་ལོངས་སུ་སྤྱོད་ཆོག

དོན་ཚན་གསུམ་པ། བཅའ་ཁྲིམས་རོགས་སྐྱོར་ནི་སྲིད་གཞུང་གི་འགན་འཁྲི་ཡིན་ལ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་ངེས་པར་དུ་དགེ་མཚན་ལྡན་པའི་བྱེད་ཐབས་སྤྱད་དེ་བཅའ་ཁྲིམས་རོགས་སྐྱོར་བྱ་བར་སྐུལ་འདེད་དང་། བཅའ་ཁྲིམས་རོགས་སྐྱོར་ལ་ནོར་སྲིད་ཀྱི་རྒྱབ་སྐྱོར་འདོན་སྤེལ་དང་། བཅའ་ཁྲིམས་རོགས་སྐྱོར་གྱི་ལས་དོན་དང་དཔལ་འབྱོར། སྤྱི་ཚོགས་ཀྱི་མཐུན་འགྲིག་འཕེལ་རྒྱས་ལ་འགན་སྲུང་བྱ་དགོས།བཅའ་ཁྲིམས་རོགས་སྐྱོར་གྱི་གྲོན་དངུལ་ངེས་པར་དུ་ཆེད་དངུལ་ཆེད་སྤྱོད་བྱ་དགོས་ཤིང་། ནོར་སྲིད་དང་རྩིས་བཤེར་སྡེ་ཁག་གི་ལྟ་སྐུལ་དང་དུ་ལེན་དགོས།

དོན་ཚན་བཞི་བ། རྒྱལ་སྲིད་སྤྱི་ཁྱབ་ཁང་ཁྲིམས་འཛིན་སྲིད་འཛིན་སྡེ་ཁག་གིས་རྒྱལ་ཡོངས་ཀྱི་བཅའ་ཁྲིམས་རོགས་སྐྱོར་བྱ་བར་དོ་དམ་ལྟ་སྐུལ་བྱ་དགོས། རྫོང་རིམ་པ་ཡན་གྱི་ས་གནས་རིམ་པ་སོ་སོའི་མི་དམངས་སྲིད་གཞུང་ཁྲིམས་འཛིན་སྲིད་འཛིན་སྡེ་ཁག་གིས་རང་གི་སྲིད་འཛིན་མངའ་ཁོངས་ཀྱི་བཅའ་ཁྲིམས་རོགས་སྐྱོར་བྱ་བར་དོ་དམ་ལྟ་སྐུལ་བྱ་དགོས།ཀྲུང་ཧྭ་རྒྱལ་ཡོངས་ཁྲིམས་རྩོད་པ་མཐུན་ཚོགས་དང་ས་གནས་ཁྲིམས་རྩོད་པ་མཐུན་ཚོགས་ཀྱིས་ངེས་པར་དུ་ཁྲིམས་རྩོད་པ་མཐུན་ཚོགས་གྱི་སྒྲིག་ཡིག་ལྟར་སྲོལ་ཡིག་ནང་ལག་བསྟར་བྱེད་པའི་བཅའ་ཁྲིམས་རོགས་སྐྱོར་བྱ་བ་གཞིར་བཟུང་ནས་གཞོགས་འདེགས་བྱ་དགོས།

དོན་ཚན་ལྔ་བ། ཐད་གཏོགས་གྲོང་ཁྱེར་དང་ས་ཁུལ་གྱིས་བཙུགས་པའི་གྲོང་ཁྱེར་རམ་ཡང་ན་རྫོང་རིམ་པའི་མི་དམངས་སྲིད་གཞུང་གི་ཁྲིམས་འཛིན་སྲིད་འཛིན་སྡེ་ཁག་གིས་དགོས་མཁོ་གཞིར་བཟུང་ནས་རང་གི་སྲིད་འཛིན་མངའ་ཁོངས་ཀྱི་བཅའ་ཁྲིམས་རོགས་སྐྱོར་ལས་ཁུངས་གཏན་ལ་འབེབ་དགོས།བཅའ་ཁྲིམས་རོགས་སྐྱོར་ལས་ཁུངས་ཀྱིས་བཅའ་ཁྲིམས་རོགས་སྐྱོར་གྱི་རེ་ཞུ་བདག་སྤྲོད་དང་ཞིབ་དཔྱོད་བྱས་ཏེ། མི་སྣ་བཀོད་མངག་གམ་ཡང་ན་བཀོད་སྒྲིག་བྱས་ཏེ་སྲོལ་ཡིག་འདིའི་གཏན་འཁེལ་དང་འཚམ་པའི་སྤྱི་འབངས་ལ་བཅའ་ཁྲིམས་རོགས་སྐྱོར་འདོན་སྤྲོད་བྱ་དགོས།

དོན་ཚན་དྲུག་པ། ཁྲིམས་རྩོད་པས་ངེས་པར་དུ་ཁྲིམས་རྩོད་པའི་བཅའ་ཁྲིམས་དང་སྲོལ་ཡིག་འདིའི་གཏན་འཁེལ་ལྟར་བཅའ་ཁྲིམས་རོགས་སྐྱོར་འོས་འགན་ལག་བསྟར་བྱ་དགོས་ལ། རོགས་སྐྱོར་ཐོབ་མཁན་ལ་ཚད་གཞི་དང་འཚམ་པའི་བཅའ་ཁྲིམས་ཞབས་ཞུ་འདོན་སྤྲོད་དང་། ཁྲིམས་ལྟར་རོགས་སྐྱོར་ཐོབ་མཁན་གྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོབ་བྱ་ཆེད། ཁྲིམས་རྩོད་པ་མཐུན་ཚོགས་དང་ཁྲིམས་འཛིན་སྲིད་འཛིན་སྡེ་ཁག་གི་ལྟ་སྐུལ་དང་དུ་ལེན་དགོས།

དོན་ཚན་བདུན་པ། སྤྱི་ཚོགས་ཀྱིས་བཅའ་ཁྲིམས་རོགས་སྐྱོར་བྱ་འགུལ་ལ་ཞལ་འདེབས་རོགས་སྐྱོར་གནང་བར་རྒྱལ་ཁབ་ཀྱིས་སྐུལ་སློང་བྱ་དགོས།

དོན་ཚན་བརྒྱད་པ། རྒྱལ་ཁབ་ཀྱིས་སྤྱི་ཚོགས་མཐུན་ཚོགས་དང་དོན་ལས་ལས་ཁུངས་སོགས་སྤྱི་ཚོགས་རྩ་འཛུགས་ཀྱིས་རང་ལུས་ཀྱི་ཐོན་ཁུངས་སྤྱད་དེ་དཔལ་འབྱོར་དཀའ་ཁག་ཡོད་པའི་སྤྱི་འབངས་ལ་བཅའ་ཁྲིམས་རོགས་སྐྱོར་བྱེད་པར་སྐུལ་སློང་དང་རྒྱབ་སྐྱོར་བྱ་དགོས།

དོན་ཚན་དགུ་བ། བཅའ་ཁྲིམས་རོགས་སྐྱོར་བྱ་བའི་ཁྲོད་བྱས་རྗེས་འརྗར་ཐོན་བཞག་པའི་རྩ་འཛུགས་དང་མི་སྒེར་ལ། འབྲེལ་ཡོད་ཀྱི་མི་དམངས་སྲིད་གཞུང་དང་ཁྲིམས་འཛིན་སྲིད་འཛིན་སྡེ་ཁག་གིས་གཟེངས་བསྟོད་དང་དགའ་རྟགས་སྟེར་དགོས།

ལེའུ་གཉིས་པ། བཅའ་ཁྲིམས་རོགས་སྐྱོར་གྱི་ཁྱབ་ཁོངས།

དོན་ཚན་བཅུ་བ། སྤྱི་འབངས་ཀྱིས་གཤམ་གྱི་ངོ་ཚབ་བྱ་དགོས་པའི་དོན་ཚན་ལ། དཔལ་འབྱོར་དཀའ་ཁག་གི་རྐྱེན་གྱིས་ངོ་ཚབ་པ་མངག་བཅོལ་བྱས་མེད་ན། བཅའ་ཁྲིམས་རོགས་སྐྱོར་ལས་ཁུངས་ལ་བཅའ་ཁྲིམས་རོགས་སྐྱོར་བྱེད་པར་རེ་ཞུ་བྱ་ཆོག་སྟེ།

(1)ཁྲིམས་ལྟར་རྒྱལ་ཁབ་ཀྱིས་སྐྱིན་ཚབ་འཇལ་བར་རེ་ཞུ་བྱེད་པ།

(2)སྤྱི་ཚོགས་ཉེན་འགོག་གི་ཐོབ་ཆའམ་ཡང་ན་མ་མཐའི་འཚོ་བའི་འགན་སྲུང་གི་ཐོབ་ཆ་སྟེར་བར་རེ་ཞུ་བྱེད་པ།

(3)གཟིགས་སྐྱོང་མ་དངུལ་དང་རྒུད་སྐྱོབ་མ་དངུལ་སྟེར་བར་རེ་ཞུ་བྱེད་པ།

(4)བསྙེན་བཀུར་དང་སྙོར་སྐྱོང་། གསོ་སྐྱོང་གི་རིན་པ་སྤྲོད་པར་རེ་ཞུ་བྱེད་པ།

(5)ངལ་རྩོལ་གླ་ཕོགས་སྤྲོད་པར་རེ་ཞུ་བྱེད་པ།

(6)བདེན་མཐོང་དཔའ་སྐྱེད་བྱ་སྤྱོད་ལས་བྱུང་བའི་དམངས་དོན་ཁེ་དབང་གི་འདོད་ཚུལ་འཛིན་པ་བཅས་སོ། །

ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་དོན་ཚན་སྔོན་མའི་གཏན་འཁེལ་ཕན་ཆད་ཀྱི་བཅའ་ཁྲིམས་རོགས་སྐྱོར་དོན་ཚན་ལ་ཁ་གསབ་ཀྱི་གཏན་འཁེལ་འདོན་ཆོག སྤྱི་འབངས་ཀྱིས་དོན་ཚན་འདིའི་དོན་ཆུང་དང་པོ་དང་དོན་ཆུང་གཉིས་པའི་གཏན་འཁེལ་གྱི་དོན་དག་དེ་བཅའ་ཁྲིམས་རོགས་སྐྱོར་ལས་ཁུངས་ལ་བཅའ་ཁྲིམས་འདྲི་རྟོག་གི་རེ་ཞུ་བྱ་ཆོག

དོན་ཚན་བཅུ་གཅིག་པ། ཉེས་དོན་གཏུག་བཤེར་ཁྲོད་གཤམ་གྱི་གནས་ཚུལ་རིགས་གཅིག་ཡོད་པར། སྤྱི་འབངས་ཀྱིས་བཅའ་ཁྲིམས་རོགས་སྐྱོར་ལས་ཁུངས་ལ་བཅའ་ཁྲིམས་རོགས་སྐྱོར་བྱེད་པར་རེ་ཞུ་བྱ་ཆོག་སྟེ།

(1)དོགས་ཡོད་ཉེས་ཅན་ལ་མྱུལ་ཞིབ་ལས་ཁུངས་ཀྱིས་ཐེངས་དང་པོར་འདྲི་རྩད་བྱས་རྗེས་སམ་ཡང་ན་བཙན་ཤེད་ཀྱི་བྱེད་ཐབས་སྤྱད་པའི་ཉིན་ནས་བཟུང་། དཔལ་འབྱོར་དཀའ་ཁག་གི་རྐྱེན་གྱིས་ཁྲིམས་རྩོད་པ་གདན་ཞུ་བྱས་མེད་པ།

(2)གཞུང་གཏུག་གྱོད་དོན་ཁྲོད་ཀྱི་གྱོད་ཡ་དང་དེའི་ཁྲིམས་བཀོད་ངོ་ཚབ་པའམ་ཡང་ན་ཉེ་ཚན་གྱིས། གྱོད་དོན་ཞིབ་བཤེར་ཁྲིམས་སྦྱོར་ལ་སྤྲོད་པའི་ཉིན་ནས་བཟུང་། དཔལ་འབྱོར་དཀའ་ཁག་གི་རྐྱེན་གྱིས་གཏུག་བཤེར་ངོ་ཚབ་པ་མངག་བཅོལ་བྱས་མེད་པ།

(3)རང་གིས་ཞུ་སྦྱོར་བྱས་པའི་གྱོད་དོན་གྱི་ཞུ་སྦྱོར་མཁན་དང་དེའི་ཁྲིམས་བཀོད་ངོ་ཚབ་པས། གྱོད་དོན་མི་དམངས་ཁྲིམས་ཁང་གིས་བདག་སྤྲོད་བྱས་པའི་ཉིན་ནས་བཟུང་། དཔལ་འབྱོར་དཀའ་ཁག་གི་རྐྱེན་གྱིས་གཏུག་བཤེར་ངོ་ཚབ་པ་མངག་བཅོལ་བྱས་མེད་པ་བཅས་སོ།

དོན་ཚན་བཅུ་གཉིས་པ། གཞུང་གཏུག་པས་ཁྲིམས་སར་བཅར་ནས་གཞུང་གཏུག་བྱེད་པའི་གྱོད་དོན་ལ། གྱོད་ཡར་དཔལ་འབྱོར་དཀའ་ཁག་གམ་ཡང་ན་རྒྱུ་རྐྱེན་གཞན་པའི་དབང་གིས་དག་འརྗད་པ་མངག་བཅོལ་བྱས་མེད་པར། མི་དམངས་ཁྲིམས་ཁང་གིས་གྱོད་ཡར་དག་འརྗད་དམིགས་འཛུགས་བྱ་སྐབས། བཅའ་ཁྲིམས་རོགས་སྐྱོར་ལས་ཁུངས་ཀྱིས་ངེས་པར་དུ་བཅའ་ཁྲིམས་རོགས་སྐྱོར་འདོན་སྤྲོད་བྱ་དགོས།གྱོད་ཡ་ནི་ལོང་བ་དང་འོན་པ། ལྐུགས་པའམ་ཡང་ན་ལོ་ན་མ་སོན་པས་དག་འརྗད་པ་མངག་བཅོལ་བྱས་མེད་པའམ། ཡང་ན་གྱོད་ཡར་སྲོག་ཁྲིམས་བཅད་དེ་དག་འརྗད་པ་མངག་བཅོལ་བྱས་མེད་པར། མི་དམངས་ཁྲིམས་ཁང་གིས་གྱོད་ཡར་དག་འརྗད་དམིགས་འཛུགས་བྱ་སྐབས། བཅའ་ཁྲིམས་རོགས་སྐྱོར་ལས་ཁུངས་ཀྱིས་ངེས་པར་དུ་བཅའ་ཁྲིམས་རོགས་སྐྱོར་འདོན་སྤྲོད་བྱ་དགོས་ལ། གྱོད་ཡའི་དཔལ་འབྱོར་གནས་ཚུལ་ལ་ཞིབ་བཤེར་བྱ་དགོས་དོན་མེད།

དོན་ཚན་བཅུ་གསུམ་པ། སྲོལ་ཡིག་འདིར་བསྟན་པའི་སྤྱི་འབངས་ཀྱི་དཔལ་འབྱོར་དཀའ་ཁག་གི་ཚད་གཞི་ནི། ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་བཅས་ཀྱི་མི་དམངས་སྲིད་གཞུང་གིས་རང་གི་སྲིད་འཛིན་མངའ་ཁོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་གནས་ཚུལ་དང་བཅའ་ཁྲིམས་རོགས་སྐྱོར་ལས་དོན་གྱི་དགོས་མཁོ་གཞིར་བཟུང་ནས་གཏན་ལ་འབེབ་དགོས།རེ་ཞུ་བ་སྡོད་སའི་དཔལ་འབྱོར་དཀའ་ཁག་གི་ཚད་གཞི་དང་རེ་ཞུ་བདག་སྤྲོད་ཀྱི་བཅའ་ཁྲིམས་རོགས་སྐྱོར་ལས་ཁུངས་ཡོད་སའི་དཔལ་འབྱོར་དཀའ་ཁག་གི་ཚད་གཞི་གཅིག་གྱུར་མིན་པ་ལ། རེ་ཞུ་བདག་སྤྲོད་ཀྱི་བཅའ་ཁྲིམས་རོགས་སྐྱོར་ལས་ཁུངས་ཡོད་སའི་དཔལ་འབྱོར་དཀའ་ཁག་གི་ཚད་གཞི་ལྟར་ལག་བསྟར་བྱ་དགོས།

ལེའུ་གསུམ་པ། བཅའ་ཁྲིམས་རོགས་སྐྱོར་རེ་ཞུ་དང་ཞིབ་བཤེར།

དོན་ཚན་བཅུ་བཞི་བ། སྤྱི་འབངས་ཀྱིས་སྲོལ་ཡིག་འདིའི་དོན་ཚན་བཅུ་བའི་ནང་བསྟན་པའི་དོན་དག་གི་བཅའ་ཁྲིམས་རོགས་སྐྱོར་རེ་ཞུ་བྱེད་པར། ངེས་པར་དུ་གཤམ་གྱི་གཏན་འཁེལ་ལྟར་འདོན་དགོས་སྟེ།

(1)རྒྱལ་ཁབ་ཀྱི་སྐྱིན་ཚབ་རེ་ཞུ་བྱེད་པར། སྐྱིན་ཚབ་སྤྲོད་པར་འོས་འགན་ཡོད་པའི་ལས་ཁུངས་སྡོད་སའི་བཅའ་ཁྲིམས་རོགས་སྐྱོར་ལས་ཁུངས་ལ་རེ་ཞུ་འདོན་དགོས།

(2)སྤྱི་ཚོགས་ཉེན་འགོག་གི་ཐོབ་ཆ་དང་མ་མཐའི་འཚོ་བའི་འགན་སྲུང་གི་ཐོབ་ཆའམ་ཡང་ན་གཟིགས་སྐྱོང་མ་དངུལ་དང་རྒུད་སྐྱོབ་མ་དངུལ་སྟེར་བར་རེ་ཞུ་བྱེད་པར། སྤྱི་ཚོགས་ཉེན་འགོག་གི་ཐོབ་ཆ་དང་མ་མཐའི་འཚོ་བའི་འགན་སྲུང་གི་ཐོབ་ཆའམ་ཡང་ན་གཟིགས་སྐྱོང་མ་དངུལ་དང་རྒུད་སྐྱོབ་མ་དངུལ་སྟེར་བའི་ལས་ཁུངས་ཡོད་སའི་བཅའ་ཁྲིམས་རོགས་སྐྱོར་ལས་ཁུངས་ལ་རེ་ཞུ་འདོན་དགོས།

(3)བསྙེན་བཀུར་དང་སྙོར་སྐྱོང་། གསོ་སྐྱོང་གི་རིན་པ་སྤྲོད་པར་རེ་ཞུ་བྱེད་པ་ལ། བསྙེན་བཀུར་དང་སྙོར་སྐྱོང་། གསོ་སྐྱོང་རིན་པ་སྤྲོད་པར་འོས་འགན་ཡོད་པའི་མི་སྡོད་སའི་བཅའ་ཁྲིམས་རོགས་སྐྱོར་ལས་ཁུངས་ལ་རེ་ཞུ་འདོན་དགོས།

(4)ངལ་རྩོལ་གླ་ཕོགས་སྟེར་བར་རེ་ཞུ་བྱེད་པ་ལ། ངལ་རྩོལ་གླ་ཕོགས་སྟེར་བར་འོས་འགན་ཡོད་པའི་མི་སྡོད་སའི་བཅའ་ཁྲིམས་རོགས་སྐྱོར་ལས་ཁུངས་ལ་རེ་ཞུ་འདོན་དགོས།

(5)བདེན་མཐོང་དཔའ་སྐྱེད་བྱ་སྤྱོད་ལས་བྱུང་བའི་དམངས་དོན་ཁེ་དབང་གི་འདོད་ཚུལ་འཛིན་པར། རེ་ཞུ་འདོན་ཡུལ་གྱི་མི་སྡོད་སའི་བཅའ་ཁྲིམས་རོགས་སྐྱོར་ལས་ཁུངས་ལ་རེ་ཞུ་འདོན་དགོས།

དོན་ཚན་བཅོ་ལྔ་བ། སྲོལ་ཡིག་འདིའི་དོན་ཚན་བཅུ་གཅིག་པའི་ནང་བསྟན་པའི་མི་སྣས་བཅའ་ཁྲིམས་རོགས་སྐྱོར་རེ་ཞུ་བྱེད་པར། ངེས་པར་དུ་གྱོད་དོན་ཞིབ་གཅོད་ཀྱི་མི་དམངས་ཁྲིམས་ཁང་ཡོད་སའི་བཅའ་ཁྲིམས་རོགས་སྐྱོར་ལས་ཁུངས་ལ་རེ་ཞུ་འདོན་དགོས། བཙན་ཉར་བྱས་པའི་དོགས་ཡོད་ཉེས་ཅན་གྱི་རེ་ཞུ་དེ་ལྟ་སྲུང་ཁང་གིས་དུས་ཚོད24ནང་བཅའ་ཁྲིམས་རོགས་སྐྱོར་ལས་ཁུངས་ལ་སྤྲོད་དགོས་པ་དང་། བཅའ་ཁྲིམས་རོགས་སྐྱོར་རེ་ཞུ་བྱེད་པར་དགོས་ངེས་ཀྱི་འབྲེལ་ཡོད་འཛིན་ཡིག་དང་བདེན་དཔང་རྒྱུ་ཆ་དེ་ལྟ་སྲུང་ཁང་གིས་རེ་ཞུ་བའི་ཁྲིམས་བཀོད་ངོ་ཚབ་པའམ་ཡང་ན་ཉེ་ཚན་ལ་བརྡ་བརྒྱབ་ནས་འདོན་སྤྲོད་གཞོགས་འདེགས་བྱ་དགོས།

དོན་ཚན་བཅུ་དྲུག་པ། རེ་ཞུ་བར་དམངས་དོན་བྱ་སྤྱོད་ནུས་ཤུགས་མེད་པའམ་ཡང་ན་དམངས་དོན་བྱ་སྤྱོད་ནུས་ཤུགས་ཚོད་འཛིན་ཐེབས་པར། དེའི་ཁྲིམས་བཀོད་ངོ་ཚབ་པས་ཚབ་བྱས་ཏེ་རེ་ཞུ་འདོན་དགོས།དམངས་དོན་བྱ་སྤྱོད་ནུས་ཤུགས་མེད་པའམ་ཡང་ན་དམངས་དོན་བྱ་སྤྱོད་ནུས་ཤུགས་ཚོད་འཛིན་ཐེབས་མཁན་དང་དེའི་ཁྲིམས་བཀོད་ངོ་ཚབ་པའི་བར་ཏུ་གཏུག་བཤེར་རམ་ཡང་ན་ཁེ་ཕན་གཞན་པའི་རྩོད་གླེང་གི་རྐྱེན་གྱིས་བཅའ་ཁྲིམས་རོགས་སྐྱོར་བྱེད་དགོས་པར། རྩོད་གླེང་གི་དོན་དག་དེ་དང་ཁེ་གྱོང་གི་འབྲེལ་བ་མེད་པའི་ཁྲིམས་བཀོད་ངོ་ཚབ་པ་གཞན་པས་ཚབ་བྱས་ཏེ་རེ་ཞུ་བྱ་དགོས།

དོན་ཚན་བཅུ་བདུན་པ། སྤྱི་འབངས་ཀྱིས་ངོ་ཚབ་དང་ཉེས་དོན་དག་འརྗད་ཀྱི་བཅའ་ཁྲིམས་རོགས་སྐྱོར་རེ་ཞུ་བྱེད་པར་གཤམ་གྱི་འཛིན་ཡིག་དང་བདེན་དཔང་རྒྱུ་ཆ་འདོན་སྤྲོད་བྱ་དགོས་སྟེ།

(1)ལུས་རྟེན་ཐོབ་ཐང་ངམ་ཡང་ན་ནུས་ཡོད་ཀྱི་ལུས་རྟེན་དཔང་ཡིག་གཞན་དག་ཡིན་ལ། ངོ་ཚབ་རེ་ཞུ་བས་ད་དུང་ངེས་པར་དུ་ངོ་ཚབ་དབང་ཆ་ཡོད་པའི་བདེན་དཔང་བཅས་འདོན་སྤྲོད་བྱ་དགོས།

(2)དཔལ་འབྱོར་དཀའ་ཁག་གི་བདེན་དཔང་།

(3)བཅའ་ཁྲིམས་རོགས་སྐྱོར་རེ་ཞུ་བྱེད་པའི་དོན་དག་དང་འབྲེལ་ཡོད་ཀྱི་གྱོད་དོན་རྒྱུ་ཆ་བཅས་སོ། །

རེ་ཞུ་བྱེད་པར་ངེས་པར་དུ་ཡིག་ཐོག་གི་རྣམ་པ་སྤྱད་དེ། རེ་ཞུ་རེའུ་མིག་བསྐང་དགོས། ཡིག་ཐོག་གི་རྣམ་པས་རེ་ཞུ་འདོན་པར་དཀའ་ཁག་ཡོད་ན། ངག་ཐོག་ནས་རེ་ཞུ་འདོན་ཆོག་ཅིང་། བཅའ་ཁྲིམས་རོགས་སྐྱོར་ལས་ཁུངས་ཀྱི་ལས་བྱེད་མི་སྣའམ་ཡང་ན་ཚབ་བྱས་ཏེ་རེ་ཞུ་སྤྲོད་པའི་འབྲེལ་ཡོད་ལས་ཁུངས་ཀྱི་ལས་བྱེད་མི་སྣས་ཡིག་ཐོག་ཏུ་ཟིན་བྲིས་འགོད་དགོས།

དོན་ཚན་བཅོ་བརྒྱད་པ། བཅའ་ཁྲིམས་རོགས་སྐྱོར་ལས་ཁུངས་ལ་བཅའ་ཁྲིམས་རོགས་སྐྱོར་གྱི་རེ་ཞུ་འབྱོར་རྗེས། ངེས་པར་དུ་ཞིབ་བཤེར་བྱ་དགོས་ལ། རེ་ཞུ་བས་བཏོན་པའི་འཛིན་ཡིག་དང་དཔང་ཡིག་རྒྱུ་ཆ་ཆ་ཚང་མིན་པར་འདོད་ན། རེ་ཞུ་བར་ངེས་མཁོའི་ཁ་གསབ་བམ་ཡང་ན་གསལ་བཤད་བྱེད་པའི་བླང་བྱ་འདོན་ཆོག་ཅིང་། རེ་ཞུ་བས་བླང་བྱ་ལྟར་ཁ་གསབ་བམ་ཡང་ན་གསལ་བཤད་མི་བྱེད་ན། རེ་ཞུ་མེད་པར་བཟོ་ཆོག རེ་ཞུ་བས་བཏོན་པའི་འཛིན་ཡིག་དང་བདེན་དཔང་རྒྱུ་ཆ་བདེན་དཔང་ར་སྤྲོད་བྱ་དགོས་པར་འདོད་ན། བཅའ་ཁྲིམས་རོགས་སྐྱོར་ལས་ཁུངས་ཀྱིས་འབྲེལ་ཡོད་ལས་ཁུངས་དང་སྡེ་ཁག་ལ་བདེན་དཔང་ར་སྤྲོད་བྱ་དགོས། ཅའ་ཁྲིམས་རོགས་སྐྱོར་གྱི་ཆ་རྐྱེན་དང་འཚམ་ན། བཅའ་ཁྲིམས་རོགས་སྐྱོར་ལས་ཁུངས་ཀྱིས་ངེས་པར་དུས་ཐོག་ཏུ་བཅའ་ཁྲིམས་རོགས་སྐྱོར་བྱེད་པར་གཏན་ལ་འཁེལ་དགོས། བཅའ་ཁྲིམས་རོགས་སྐྱོར་གྱི་ཆ་རྐྱེན་དང་མི་འཚམ་ན། ངེས་པར་དུ་ཡིག་ཐོག་ནས་རེ་ཞུ་བར་གནས་ལུགས་གསལ་བོ་བཤད་དགོས།

དོན་ཚན་བཅུ་དགུ་བ། རེ་ཞུ་བས་བཅའ་ཁྲིམས་རོགས་སྐྱོར་ལས་ཁུངས་ལ་བཏོན་པའི་བཅའ་ཁྲིམས་རོགས་སྐྱོར་གྱི་ཆ་རྐྱེན་དང་མི་འཚམ་པའི་བརྡ་བྱོར་ལ་བསམ་འཆར་མི་མཐུན་པ་ཡོད་ན། བཅའ་ཁྲིམས་རོགས་སྐྱོར་ལས་ཁུངས་གཏན་ལ་འབེབས་པའི་ཁྲིམས་འཛིན་སྲིད་འཛིན་སྡེ་ཁག་ལ་འདོན་ཆོག་ཅིང་། ཁྲིམས་འཛིན་སྲིད་འཛིན་སྡེ་ཁག་གིས་ངེས་པར་དུ་བསམ་འཆར་མི་མཐུན་པ་འབྱོར་བའི་ཉིན་ནས་བཟུང་ལས་སྒྲུབ་ཉིན་མ་ལྔའི་ནང་ཞིབ་བཤེར་བྱ་དགོས་ལ། ཞིབ་བཤེར་བརྒྱུད་རེ་ཞུ་བར་བཅའ་ཁྲིམས་རོགས་སྐྱོར་གྱི་ཆ་རྐྱེན་དང་འཚམ་པར་འདོད་ན། ངེས་པར་དུ་ཡིག་ཐོག་ནས་བཅའ་ཁྲིམས་རོགས་སྐྱོར་ལས་ཁུངས་ཀྱིས་དུས་ཐོག་ཏུ་རེ་ཞུ་བར་བཅའ་ཁྲིམས་རོགས་སྐྱོར་བྱེད་པར་འགན་དཀྲི་དགོས།

ལེའུ་བཞི་བ། བཅའ་ཁྲིམས་རོགས་སྐྱོར་གྱི་ལག་བསྟར།

དོན་ཚན་ཉི་ཤུ་བ། མི་དམངས་ཁྲིམས་ཁང་གིས་དམིགས་བཙུགས་པའི་དག་འརྗད་ཀྱི་གྱོད་དོན་དེ། མི་དམངས་ཁྲིམས་ཁང་གིས་ཁྲིམས་ས་འཚོགས་པའི་ཉིན10ཡི་སྔོན་ལ་དམིགས་བཙུགས་དག་འརྗད་ཀྱི་བརྡ་སྦྱོར་ཡི་གེ་དང་ཁྲིམས་སྦྱོར་རྗ་ཡིག་གམ་ཡང་ན་བཅད་ཁྲའི་རྗ་ཡིག་དེ་ཞུ་སྦྱོར་མཁན་སྡོད་སའི་བཅའ་ཁྲིམས་རོགས་སྐྱོར་ལས་ཁྲིམས་ལ་སྤྲོད་དགོས་པ་དང་། མི་དམངས་ཁྲིམས་ཁང་མེད་པར་ཞུ་སྦྱོར་མཁན་སྡོད་སར་འདྲི་གཅོད་བྱས་པ་ལ། དམིགས་བཙུགས་དག་འརྗད་ཀྱི་བརྡ་སྦྱོར་ཡི་གེ་དང་ཁྲིམས་སྦྱོར་རྗ་ཡིག་གམ་ཡང་ན་བཅད་ཁྲའི་རྗ་ཡིག་དེ་འདྲི་གཅོད་བྱེད་སའི་བཅའ་ཁྲིམས་རོགས་སྐྱོར་ལས་ཁུངས་ལ་སྤྲོད་ཆོག

དོན་ཚན་ཉེར་གཅིག་པ། བཅའ་ཁྲིམས་རོགས་སྐྱོར་ལས་ཁུངས་ཀྱིས་ཁྲིམས་རྩོད་པའི་ལས་དོན་ཁང་ལ་མངག་བཀོད་བྱས་ཏེ་ཁྲིམས་རྩོད་པའམ་ཡང་ན་རང་ལས་ཁུངས་ཀྱི་ལས་བྱེད་མི་སྣས་བཅའ་ཁྲིམས་རོགས་སྐྱོར་བྱ་བ་བསྒྲུབ་པར་བཀོད་སྒྲིག་བྱ་ཆོག་ལ། སྤྱི་ཚོགས་ཀྱི་རྩ་འཛུགས་གཞན་པའི་བླང་བྱ་ལྟར། དེའི་ཁོངས་གཏོགས་མི་སྣས་བཅའ་ཁྲིམས་རོགས་སྐྱོར་གྱོད་དོན་བསྒྲུབ་པར་བཀོད་སྒྲིག་བྱས་ཀྱང་ཆོག མི་དམངས་ཁྲིམས་ཁང་གིས་དམིགས་བཙུགས་པའི་དག་འརྗད་ཀྱི་གྱོད་དོན་ལ། བཅའ་ཁྲིམས་རོགས་སྐྱོར་ལས་ཁུངས་ཀྱིས་ངེས་པར་དུ་ཁྲིམས་ས་འཚོགས་པའི་ཉིན3གྱི་སྔོན་ལ་གཏན་ལ་ཕབ་པའི་འགན་སྒྲུབ་མི་སྣའི་མིང་ཐོ་དམིགས་བཙུགས་ཀྱི་མི་དམངས་ཁྲིམས་ཁང་ལ་ལན་གདབ་དགོས།

དོན་ཚན་ཉེར་གཉིས་པ། བཅའ་ཁྲིམས་རོགས་སྐྱོར་གྱི་གྱོད་དོན་སྒྲུབ་པའི་མི་སྣས་ངེས་པར་དུ་ལས་རིགས་ཀུན་སྤྱོད་དང་ལས་གཉེར་སྒྲིག་ཁྲིམས་བརྩི་སྲུང་བྱས་ཏེ། བཅའ་ཁྲིམས་རོགས་སྐྱོར་བྱེད་པར་རྒྱུ་རྫས་ལེན་མི་ཆོག

དོན་ཚན་ཉེར་གསུམ་པ། བཅའ་ཁྲིམས་རོགས་སྐྱོར་གྱི་གྱོད་དོན་སྒྲུབ་པའི་མི་སྣར་གཤམ་གྱི་གནས་ཚུལ་ལས་རིགས་གཅིག་དང་འཕྲད་ཚེ། ངེས་པར་དུ་བཅའ་ཁྲིམས་རོགས་སྐྱོར་ལས་ཁུངས་ལ་ཡར་ཞུ་བྱེད་པ་དང་། བཅའ་ཁྲིམས་རོགས་སྐྱོར་ལས་ཁུངས་ཀྱིས་ཞིབ་བཤེར་བརྒྱུད་བདེན་པ་ཡིན་ན།

(1)རོགས་སྐྱོར་ཐོབ་མཁན་གྱི་དཔལ་འབྱོར་ཡོང་སྒོའི་གནས་ཚུལ་ལ་འགྱུར་སྡོག་བྱུང་སྟེ། བཅའ་ཁྲིམས་རོགས་སྐྱོར་གྱི་ཆ་རྐྱེན་དང་མི་འཚམ་པ།

(2)གྱོད་དོན་ཞིབ་གཅོད་མཚམས་བཞག་པའམ་ཡང་ན་མེད་པར་བཟོས་པ།

(3)རོགས་སྐྱོར་ཐོབ་མཁན་གྱིས་རང་འགུལ་གྱིས་ཁྲིམས་རྩོད་པའམ་ཡང་ན་ངོ་ཚབ་པ་གཞན་པ་མངག་བཅོལ་བྱས་པ།རོགས་སྐྱོར་ཐོབ་མཁན་གྱིས་བཅའ་ཁྲིམས་རོགས་སྐྱོར་མཚམས་འཇོག་པར་བླང་བྱ་འདོན་པ་བཅས་སོ། །

དོན་ཚན་ཉེར་བཞི་བ། མངག་བཀོད་བྱས་ཏེ་བཅའ་ཁྲིམས་རོགས་སྐྱོར་གྱི་གྱོད་དོན་སྒྲུབ་པའི་ཁྲིམས་རྩོད་པའམ་ཡང་ན་བཀོད་སྒྲིག་དང་དུ་བླངས་ནས་བཅའ་ཁྲིམས་རོགས་སྐྱོར་གྱི་གྱོད་དོན་སྒྲུབ་པའི་སྤྱི་ཚོགས་རྩ་འཛུགས་མི་སྣས་གྱོད་དོན་ཐག་གཅོད་སྐབས། ངེས་པར་དུ་བཅའ་ཁྲིམས་རོགས་སྐྱོར་ལས་ཁུངས་ལ་འབྲེལ་ཡོད་ཀྱི་བཅའ་ཁྲིམས་གཞུང་ཡིག་གི་རྗ་ཡིག་གམ་ཡང་ན་བསྐྱར་པར་མ་དང་གྱོད་དོན་ཐག་གཅོད་ཀྱི་ཡར་ཞུ་སོགས་རྒྱུ་ཆ་ཡར་སྤྲོད་དགོས། ཅའ་ཁྲིམས་རོགས་སྐྱོར་ལས་ཁུངས་ལ་དོན་ཚན་སྔོན་མར་གཏན་ལ་ཕབ་པའི་གྱོད་དོན་ཐག་གཅོད་རྒྱུ་ཆ་འབྱོར་རྗེས། ངེས་པར་དུ་མངག་བཀོད་བྱས་ཏེ་བཅའ་ཁྲིམས་རོགས་སྐྱོར་གྱི་གྱོད་དོན་སྒྲུབ་པའི་ཁྲིམས་རྩོད་པའམ་ཡང་ན་བཀོད་སྒྲིག་དང་དུ་བླངས་ནས་བཅའ་ཁྲིམས་རོགས་སྐྱོར་གྱི་གྱོད་དོན་སྒྲུབ་པའི་སྤྱི་ཚོགས་རྩ་འཛུགས་མི་སྣར་བཅའ་ཁྲིམས་རོགས་སྐྱོར་གྱི་གྱོད་དོན་བསྒྲུབས་པའི་ཁ་གསབ་སྟེར་དགོས།

བཅའ་ཁྲིམས་རོགས་སྐྱོར་གྱི་གྱོད་དོན་སྒྲུབ་པའི་ཁ་གསབ་ཀྱི་ཚད་གཞི་ནི་ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་མི་དམངས་སྲིད་གཞུང་ཁྲིམས་འཛིན་སྲིད་འཛིན་སྡེ་ཁག་གིས་རིམ་མཉམ་ནོར་སྲིད་སྡེ་ཁག་དང་ལྷན་དུ་ས་གནས་དཔལ་འབྱོར་འཕེལ་རྒྱས་ཀྱི་ཆུ་ཚད་གཞིར་བཟུང་སྟེ། བཅའ་ཁྲིམས་རོགས་སྐྱོར་ལས་ཁུངས་ཀྱིས་བཅའ་ཁྲིམས་རོགས་སྐྱོར་གྱི་གྱོད་དོན་སྣ་ཚོགས་སྒྲུབ་པའི་ཆ་སྙོམས་ཀྱི་མ་གནས་སོགས་རྒྱུ་རྐྱེན་དཔྱད་གཞིར་བྱས་ནས་གཏན་ལ་འབེབ་པ་དང་། དགོས་མཁོ་གཞིར་བཟུང་ནས་སྙོམས་སྒྲིག་བྱ་ཆོག

དོན་ཚན་ཉེར་ལྔ་བ། བཅའ་ཁྲིམས་རོགས་སྐྱོར་ལས་ཁུངས་ཀྱིས་སྤྱི་འབངས་ཀྱིས་རེ་ཞུ་བྱས་པའི་བཅའ་ཁྲིམས་འདྲི་རྟོག་ཞབས་ཞུ་དུས་ཐོག་ཏུ་བསྒྲུབ་དགོས་པ་དང་། རྙོག་འཛིང་དཀའ་གནད་ཡིན་ན། ཁ་ཆད་ཀྱིས་དུས་ཚོད་འདེམས་ནས་བསྒྲུབ་ཆོག

ལེའུ་ལྔ་བ། བཅའ་ཁྲིམས་ཀྱི་འགན་འཁྲི།

དོན་ཚན་ཉེར་དྲུག་པ། བཅའ་ཁྲིམས་རོགས་སྐྱོར་ལས་ཁུངས་དང་དེའི་ལས་བྱེད་མི་སྣར་གཤམ་གྱི་གནས་ཚུལ་རིགས་གཅིག་ཡོད་ན། ཐད་ཀར་འགན་ཁུར་གཙོ་གཉེར་མི་སྣ་དང་ཐད་ཀར་འགན་ཁུར་བའི་མི་སྣ་གཞན་པར་ཁྲིམས་ལྟར་སྒྲིག་ཁྲིམས་ཀྱི་ཆད་པ་གཅོད་དགོས་སྟེ།

(1)བཅའ་ཁྲིམས་རོགས་སྐྱོར་གྱི་ཆ་རྐྱེན་དང་མི་འཚམ་པའི་མི་སྣར་བཅའ་ཁྲིམས་རོགས་སྐྱོར་འདོན་སྤྲོད་དང་། ཡང་ན་བཅའ་ཁྲིམས་རོགས་སྐྱོར་གྱི་ཆ་རྐྱེན་དང་འཚམ་པའི་མི་སྣར་བཅའ་ཁྲིམས་རོགས་སྐྱོར་འདོན་སྤྲོད་མི་བྱེད་པ།

(2)བཅའ་ཁྲིམས་རོགས་སྐྱོར་གྱི་གྱོད་དོན་སྒྲུབ་པར་རྒྱུ་རྫས་ལེན་པ།

(3)རིན་ཡོད་བཅའ་ཁྲིམས་ཞབས་ཞུ་གཉེར་བ།

(4)བཅའ་ཁྲིམས་རོགས་སྐྱོར་གྱི་གྲོན་དངུལ་ཧམ་བཟུང་དང་ལྐོག་བགོས། སྒེར་སྤྱོད་བྱེད་པ་བཅས་སོ། །

བཅའ་ཁྲིམས་རོགས་སྐྱོར་གྱི་གྱོད་དོན་བསྒྲུབས་ནས་བླངས་པའི་རྒྱུ་རྫས་དེ་ཁྲིམས་འཛིན་སྲིད་འཛིན་སྡེ་ཁག་གིས་ཕྱིར་སློག་པར་འགན་དཀྲི་དགོས་པ་དང་། རིན་ཡོད་བཅའ་ཁྲིམས་ཞབས་ཞུ་གཉེར་བའི་ཁྲིམས་འགལ་གྱི་ཐོབ་ཆ་དེ་ཁྲིམས་འཛིན་སྲིད་འཛིན་སྡེ་ཁག་གིས་གཞུང་བཞེས་བྱ་དགོས། བཅའ་ཁྲིམས་རོགས་སྐྱོར་གྱི་གྲོན་དངུལ་ཧམ་བཟུང་དང་སྐོག་བགོས། སྒེར་སྤྱོད་བྱས་པ་དེ་ཁྲིམས་འཛིན་སྲིད་འཛིན་སྡེ་ཁག་གིས་རྩད་གཅོད་དེ་ཕྱིར་སྤྲོད་པར་འགན་དཀྲི་བ་དང་། གནས་ཚུལ་ཚབས་ཆེ་ཞིང་ནག་ཉེས་བསགས་ཡོད་པ་ལ། ཁྲིམས་ལྟར་ཉེས་དོན་འགན་འཁྲི་རྩད་གཅོད་དགོས།

དོན་ཚན་ཉེར་བདུན་པ། ཁྲིམས་རྩོད་པའི་ལས་དོན་ཁང་གིས་བཅའ་ཁྲིམས་རོགས་སྐྱོར་ལས་ཁུངས་ཀྱི་བཀོད་མངག་དང་དུ་མི་ལེན་པ་དང་། རང་ལས་དོན་ཁང་གི་ཁྲིམས་རྩོད་པས་བཅའ་ཁྲིམས་རོགས་སྐྱོར་གྱི་གྱོད་དོན་སྒྲུབ་པར་བཀོད་སྒྲིག་མི་བྱེད་ན། ཁྲིམས་འཛིན་སྲིད་འཛིན་སྡེ་ཁག་གིས་ཐ་ཚིག་བསྒྲགས་པ་དང་ཡོ་བསྲང་བྱེད་པར་འགན་དཀྲི་དགོས་ལ། ཟླ་གཅིག་ཡན་དང་ཟླ་གསུམ་མན་གྱི་ལས་མཚམས་བཞག་ནས་དག་ཐེར་བྱེད་པའི་ཆད་པ་གཅོད་དགོས།

དོན་ཚན་ཉེར་བརྒྱད་པ། ཁྲིམས་རྩོད་པར་གཤམ་གྱི་གནས་ཚུལ་རིགས་གཅིག་ཡོད་ན། ཁྲིམས་འཛིན་སྲིད་འཛིན་སྡེ་ཁག་གིས་ཐ་ཚིག་བསྒྲགས་པ་དང་ཡོ་བསྲང་བྱེད་པར་འགན་དཀྲི་དགོས་ལ། གནས་ཚུལ་ཚབས་ཆེན་ཡིན་ན། ཟླ་གཅིག་ཡན་དང་ཟླ་གསུམ་མན་ལ་ལས་གཉེར་མཚམས་འཇོག་པའི་ཆད་པ་གཅོད་དགོས་སྟེ།

(1)ཚུལ་དང་མི་མཐུན་པར་བཅའ་ཁྲིམས་རོགས་སྐྱོར་གྱི་གྱོད་དོན་དང་ལེན་མི་བྱེད་པ་དང་རང་འགུལ་གྱིས་མཚམས་འཇོག་པ།

(2)བཅའ་ཁྲིམས་རོགས་སྐྱོར་གྱི་གྱོད་དོན་སྒྲུབ་པར་རྒྱུ་རྫས་ལེན་པའོ། །

དོན་ཚན་སྔོན་མའི་དོན་ཆུང་གཉིས་པ་དང་འགལ་བའི་བྱ་སྤྱོད་ལ། ཁྲིམས་འཛིན་སྲིད་འཛིན་སྡེ་ཁག་གིས་ཁྲིམས་དང་འགལ་ནས་བླངས་པའི་རྒྱུ་རྫས་ཕྱིར་སློག་པར་འགན་དཀྲི་བ་དང་། དེ་དང་ལྷན་དུ་བླངས་ཟིན་པའི་རྒྱུ་རྫས་ཀྱི་རིན་ཐང་གི་ལྡབ་གཅིག་ཡན་དང་ལྡབ་གསུམ་མན་གྱི་ཆད་པ་གཅོད་ཆོག

དོན་ཚན་ཉེར་དགུ་བ། ཁྲིམས་རྩོད་པས་བཅའ་ཁྲིམས་རོགས་སྐྱོར་གྱི་གྱོད་དོན་བསྒྲུབས་ནས་ལས་རིགས་ཀུན་སྤྱོད་དང་ལས་གཉེར་སྒྲིག་ཁྲིམས་ལ་འགལ་ན། ཁྲིམས་རྩོད་པའི་བཅའ་ཁྲིམས་ལྟར་ཆད་པ་གཅོད་དགོས།

དོན་ཚན་སུམ་ཅུ་བ། ཁྲིམས་འཛིན་སྲིད་འཛིན་སྡེ་ཁག་གི་ལས་བྱེད་མི་སྣ་ལ་བཅའ་ཁྲིམས་རོགས་སྐྱོར་གྱི་ལྟ་སྐུལ་དོ་དམ་བྱ་བའི་ཁྲོད། འགན་དབང་གང་བྱུང་དུ་སྤྱོད་པ་དང་འགན་འཁྲི་སྣང་མེད་དུ་འཇོག་པའི་བྱ་སྤྱོད་ཡོད་པར། ཁྲིམས་ལྟར་སྲིད་འཛིན་ཆད་པ་གཅོད་པ་དང་། གནས་ཚུལ་ཚབས་ཆེ་ཞིང་། ནག་ཉེས་བསགས་ཡོད་པ་ལ། ཁྲིམས་ལྟར་ཉེས་དོན་འགན་འཁྲི་རྩད་གཅོད་དགོས།

 ལེའུ་དྲུག་པ། ཞར་བཀོད།

དོན་ཚན་སོ་གཅིག་པ། སྲོལ་ཡིག་འདི2003ལོའི་ཟླ9བའི་ཚེས1ཉིན་ནས་ལག་ཏུ་བསྟར།

རྩོམ་སྒྲིག་པ། : ཀླུ་མོ་མཚོ།