ཀྲུང་གོ་བོད་ཀྱི་དྲ་བ།

མཐོ་སྒང་གི་ཁྱད་ཆོས་ལྡན་པའི་དེང་རབས་སྐྱེ་ཁམས་ཞིང་ཕྱུགས་ལས་ཀྱི་འཕེལ་རྒྱས་གོམ་སྟབས་ཇེ་མགྱོགས་སུ་གཏོང་བའི་སྐོར་གྱི་བསམ་འཆར།ཆ་བ།

ཡོང་ཁུངས། : མཚོ་སྔོན་སྲིད་གཞུང་དྲ་བ།     སྤེལ་དུས། : 2016-05-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

26. ཆུ་བེད་དང་ནགས་ལས། མཁོ་ཚོང། ས་རྒོད་གསར་སྦོལ་བཅས་ཀྱི་བཅོས་སྒྱུར་བྱ་བར་མགྱོགས་མྱུར་ངང་སྐུལ་འདེད་གཏང་དགོས། 

ཆུ་བཀོལ་དབང་ལམ་ལུགས་བཙུགས་ཐོག་འཐུས་ཚང་དུ་བཏང་སྟེ། ཆུ་བཀོལ་དབང་ངེས་གཏན་དང་ཐོར་འགོད་པར་ཚོད་ལྟ་བྱ་བ་དང། རྣམ་པ་སྣ་ཚོགས་པའི་ཆུ་བཀོལ་དབང་བརྒྱུད་སྤྲོད་ཉོ་ཚོང་བྱེད་སྟངས་འཚོལ་ཞིབ་བྱ་དགོས། ཆུ་བེད་ཐད་མ་དངུལ་གཏོང་བ་དང་མ་དངུལ་རྒྱུན་འཁོར་གྱི་རྐྱེན་སྲོལ་བཅོས་སྒྱུར་དང་ཞིང་ལས་ཀྱི་ཆུ་རིན་ཕྱོགས་བསྡུས་བཅོས་སྒྱུར་སོགས་ལ་བརྟན་བརླིང་ངང་སྐུལ་འདེད་གཏང་དགོས། ཆུ་གྲོན་ཆུང་དང་ཆུ་མཁོ་སྤྲོད་ཀྱི་ཆུ་བེད་ལས་གྲྭ་ཆེན་པོ་སྐྲུན་ས་བསྡུ་བའི་ཁ་གསབ་དང། རྨོ་ཞིང་འཛིན་སྤྱོད་དང་ཁ་གསབ་དོ་མཉམ་གཏང་བར་ལྕགས་ལམ་སོགས་རྒྱལ་ཁབ་ཀྱི་རྨང་གཞིའི་སྒྲིག་བཀོད་ལས་གཞི་ཆེན་པོ་དང་གཅིག་མཚུངས་ཀྱི་སྲིད་ཇུས་ལག་བསྟར་བྱ་དགོས། རོང་འབྲོག་པའི་ཆུ་བཀོལ་བའི་མཉམ་ལས་རྩ་འཛུགས་འཕེལ་རྒྱས་སུ་གཏང་བར་སྐུལ་བསྟོད་བྱ་དགོས། ཐུན་མོང་གི་ནགས་ཚལ་བདག་དབང་ལམ་ལུགས་བཅོས་སྒྱུར་ཟབ་མོ་བྱ་དགོས། རྒྱལ་དབང་ནགས་ར་བཅོས་སྒྱུར་བྱ་བར་བརྟན་བརླིང་ངང་སྐུལ་འདེད་གཏང་བ་དང་ནགས་ཚལ་ཐོན་ཁུངས་སྲུང་སྐྱོང་དང་གསོ་སྐྱོང་ཐད་ཤུགས་བསྣན་དགོས། མཁོ་ཚོང་ཁང་དང་མཉམ་ལས་ཁང་ཕྱོགས་བསྡུས་བཅོས་སྒྱུར་བྱ་བར་གཏིང་ཟབ་ཏུ་སྐུལ་འདེད་བཏང་ནས། འཁོར་རྒྱུག་ཞབས་ཕྱི་དེ་ཞིང་ཕྱུགས་ལས་སྤྱི་ཚོགས་ཅན་དུ་སྒྱུར་བའི་རྒྱུད་རིམ་ཧྲིལ་བོར་ཞབས་ཕྱི་བསྒྲུབ་པའི་ཕྱོགས་སུ་རྒྱ་བསྐྱེད་དེ། རོང་འབྲོག་པའི་ཐོན་སྐྱེད་དང་འཚོ་བར་ཞབས་ཕྱི་བསྒྲུབ་པའི་ཕྱོགས་བསྡུས་ལས་སྟེགས་སུ་འགྱུར་བར་འཇུག་དགོས། ས་རྒོད་གསར་སྦོལ་བྱེད་ཚུལ་བཅོས་སྒྱུར་བྱ་རྒྱུ་བརྟན་བརླིང་སྒོས་ཚོད་ལྟ་བྱས་ནས། རྒྱལ་དབང་ཞིང་ཕྱུགས་ར་གསར་སྦོལ་ཁུལ་དེ་སྡེ་ཚོགས་ཅན་དང་ཁེ་ལས་ཅན་དུ་བསྒྱུར་བར་སྐུལ་འདེད་དང། དེང་རབས་ཞིང་ལས་ཁེ་ལས་སྡེ་ཚོགས་ཆེན་པོ་འཛུགས་སྐྱོང་བྱ་དགོས། ས་རྒོད་གསར་སྦོལ་བྱས་པའི་རྒྱལ་དབང་ས་ཞིང་ལ་ནུས་ཡོད་ཀྱིས་སྲུང་སྐྱོང་དང་བེད་སྤྱོད་གང་ལེགས་བྱས་ཐོག ས་ཞིང་རྒྱུ་ནོར་ཅན་དང་མ་རྩ་ཅན་དུ་བསྒྱུར་བའི་འཕེལ་རིམ་ལ་བརྟན་བརླིང་ངང་སྐུལ་འདེད་དང། ས་རྒོད་གསར་སྦོལ་བྱས་པའི་ས་ཞིང་ཐོན་ཁུངས་ཧུར་པོར་གཏོང་བའི་ཕན་ཡོད་ཀྱི་ཐབས་ལམ་ཧུར་ཐག་གིས་འཚོལ་ཞིབ་བྱ་དགོས།

དྲུག ཏང་གིས“ཞིང་གསུམ”བྱ་བར་མགོ་ཁྲིད་པར་ཤུགས་བསྣན་ཏེ། གྲོང་གསེབ་བཅོས་སྐྱོང་གི་རྐྱེན་སྲོལ་ཇེ་ལེགས་སུ་གཏང་དགོས།

འཕེལ་རྒྱས་གཏོང་སྟངས་མགྱོགས་མྱུར་ངང་བསྒྱུར་ནས་མཐོ་སྒང་གི་ཁྱད་ཆོས་ལྡན་པའི་དེང་རབས་སྐྱེ་ཁམས་ཞིང་ཕྱུགས་ལས་གོང་དུ་འཕེལ་བར་སྐུལ་འདེད་དང། ཞིང་ཕྱུགས་ལས་དེང་རབས་ཅན་དུ་སྒྱུར་ཚད་དང་རོང་འབྲོག་པ་འབྱོར་འབྲིང་ཕྱོགས་སུ་སྐྱོད་ཚད་ཇེ་མགྱོགས་སུ་གཏང་བ་དང། ཏང་གིས་ཁྱོན་ཡོངས་ལ་གཅིག་འདོམས་དང་ཕྱོགས་སོ་སོར་མཐུན་སྦྱོར་བྱེད་པའི་མགོ་ཁྲིད་སྲོག་ཤིང་གི་ནུས་པ་ངེས་པར་དུ་རྒྱུན་འཁྱོངས་བྱས་ཐོག རོང་འབྲོག་ཁུལ་བྱ་བའི་སྒྲིག་སྲོལ་དང་རྐྱེན་སྲོལ། བྱེད་སྟངས་དང་བྱེད་ཐབས་བཅས་ཤུགས་ཡོད་རྒུས་ལེགས་སྒྱུར་བྱ་བ་དང། ཆབ་སྲིད་དང་རྩ་འཛུགས་ཀྱི་འགན་སྲུང་རྒྱུན་མ་ཆད་པར་ཤུགས་དྲག་ཏུ་གཏང་དགོས།

27. ཏང་གིས་རོང་འབྲོག་ཁུལ་གྱི་བྱ་བར་མགོ་ཁྲིད་པའི་ཆུ་ཚད་ཇེ་མཐོར་གཏང་དགོས།

 རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་ཞིང་ཕྱུགས་ལས་དང་རོང་འབྲོག་ཁུལ་བྱ་བར་མགོ་ཁྲིད་པའི་ཐད་དངོས་གནས་ཤུགས་བསྣན་པ་དང། “གལ་ཆེན་ནང་གི་འགངས་ཆེན”གྱི་འགན་འཁྲིའི་བླང་བྱ་གཟབ་ནན་སྒོས་དོན་འཁྱོལ་དང། ཏང་ཨུས་གཅིག་གྱུར་གྱིས་མགོ་ཁྲིད་པ་དང་ཏང་སྲིད་ཀྱིས་མཉམ་འཛིན་མཉམ་གཉེར་བྱེད་པ། ཏང་ཨུའི་རོང་འབྲོག་ཁུལ་ཕྱོགས་བསྡུས་སྡེ་ཁག་གིས་གཅིག་གྱུར་འཆར་འགོད་དང་མཐུན་སྦྱོར་བྱེད་པ། སྡེ་ཁག་སོ་སོས་རང་འགན་རང་ཁུར་བྱེད་པའི་རོང་འབྲོག་ཁུལ་བྱ་བའི་མགོ་ཁྲིད་སྒྲིག་སྲོལ་དང་བྱ་བའི་རྐྱེན་སྲོལ་རྒྱུན་མ་ཆད་པར་འཐུས་ཚང་དུ་གཏང་དགོས། ཏང་སྲིད་ཀྱི་མགོ་ཁྲིད་པ་གཙོ་བོས་དངོས་སུ་འཛིན་པ་དང་འགན་བགོས་བདག་གཉེར་གཙོ་གཞི་མགོ་ཁྲིད་པས་ཐད་ཀར་འཛིན་པ། རྫོང་དང་ཞང་རིམ་པ་གཉིས་ཀྱི་མགོ་ཁྲིད་པས་སེམས་ཤུགས་གཙོ་བོ་དེ་ཞིང་ཕྱུགས་ལས་དང་རོང་འབྲོག་ཁུལ་བྱ་བའི་ཐད་འདོན་དགོས། “ཞིང་གསུམ”བྱ་བར་རྒྱུས་མངའ་ཡོད་པའི་ལས་བྱེད་པ་གྲོང་ཁྱེར(ཁུལ)དང་རྫོང(གྲོང་ཁྱེར་རམ་ཆུའུ)། ཞང(གྲོང་རྡལ)གི་ཏང་ཨུ་དང་སྲིད་གཞུང་གི་མགོ་ཁྲིད་ཚན་སྐོར་དུ་གདམ་མངག་བྱ་རྒྱུར་དོ་སྣང་བྱ་དགོས། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་ཞིང་ཕྱུགས་ལས་དང་རོང་འབྲོག་ཁུལ་གོང་འཕེལ་གྱི་ཁྱད་ཆོས་ཁོང་དུ་ཆུད་པར་འཇུག་པ་དང། རོང་འབྲོག་པའི་རེ་སྨོན་གསར་བར་བསྟུན་པ་དང་རེ་ཞུ་གསར་བར་སེམས་ཁུར་བྱས་ནས་འབུར་ཐོན་གྱི་གནད་དོན་ཐག་གཅད་པ་དང། “ཞིང་གསུམ”བྱ་བ་ལེགས་སྒྲུབ་བྱེད་པའི་འཇོན་ནུས་རྒྱུན་མ་ཆད་པར་ཇེ་ཆེར་གཏང་དགོས། ཞིང་ལས་དང་འབྲེལ་བའི་སྲིད་འཛིན་ཞིབ་མཆན་འགོད་པའི་དོན་ཚན་སྔར་ལས་ལྷག་པར་ཇེ་ཉུང་དུ་གཏང་བའམ་གཤམ་དུ་གཏོང་གློད་བྱ་དགོས། རོང་འབྲོག་ཁུལ་གྱི་ཁྲིམས་སྐྱོང་འཛུགས་སྐྲུན་ཐད་ཤུགས་བསྣན་པ་དང། རོང་འབྲོག་ཁུལ་གྱི་ཐོན་དབང་སྲུང་སྐྱོང་དང་ཞིང་ཕྱུགས་ལས་ཀྱི་ཚོང་ར་ཚད་ལྡན་ངང་འཁོར་སྐྱོད། ཞིང་ཕྱུགས་ལས་ལ་རོགས་སྐྱོར་དང་སྲུང་སྐྱོང། ཞིང་ཕྱུགས་ལས་ཀྱི་ཐོན་ཁུངས་དང་ཁོར་ཡུག་སོགས་ཕྱོགས་ཀྱི་ཁྲིམས་སྲོལ་དང་སྒྲིག་སྲོལ་འཐུས་ཚང་དུ་བཏང་ཐོག འབྲེལ་ཡོད་སྲིད་ཇུས་ཕྱིར་འདོན་པ་དང་ཁྲིམས་སྲོལ་དང་སྒྲིག་སྲོལ་འཛུགས་པ་དང་སྒྱུར་བཅོས། བེད་མེད་དུ་བཟོ་བ། འགྲེལ་བཤད་བཅས་བྱ་བར་སྐུལ་འདེད་གཏང་དགོས།

28. རོང་འབྲོག་ཁུལ་གྱི་གཞི་རིམ་རྩ་འཛུགས་འཛུགས་སྐྱོང་ཐད་མུ་མཐུད་དུ་ཤུགས་བསྣན་དགོས། 

“གཞི་གསུམ”འཛུགས་སྐྲུན་གྱི་གཙོ་གནད་ལས་འགན་མུ་མཐུད་དུ་དོན་འཁྱོལ་དང། ཏང་རྩ་འཛུགས་སྲོག་ཤིང་ཡིན་པའི་རོང་འབྲོག་ཁུལ་གྱི་གཞི་རིམ་རྩ་འཛུགས་འཛུགས་སྐྱོང་ཐད་ཤུགས་བསྣན་པ་དང། ནུས་མེད་ཟབ་ཟོབ་ཀྱི་གཞི་རིམ་ཏང་རྩ་འཛུགས་མུ་མཐུད་དུ་དག་ཐེར་བྱ་དགོས། རོང་འབྲོག་ཁུལ་གྱི་གཞི་རིམ་ཏང་རྩ་འཛུགས་ཀྱི་མགོ་ཁྲིད་སྲོག་ཤིང་གི་ནུས་པ་མི་འགྱུར་བ་ཐོག་མཐའ་བར་དུ་རྒྱུན་འཁྱོངས་དང། གཞི་རིམ་ཏང་རྩ་འཛུགས་ཀྱི་འཐབ་འཛིང་བཙན་རྫོང་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། རོང་འབྲོག་ཁུལ་དུ་ཏང་གི་སྲིད་འཛིན་རྨང་གཞི་བརྟན་པོར་བཟོ་དགོས། རིམ་པ་སོ་སོའི་ཏང་ཨུས་ཞིང་སྡེའི་གཞི་རིམ་ཏང་འཛུགས་སྐྱོང་བྱ་བར་འགན་ཁུར་བའི་ལམ་ལུགས་གཟབ་ནན་སྒོས་དོན་འཁྱོལ་དང། རྫོང་རིམ་པའི་ཏང་ཨུས“སྒྲུབ་རིམ་དང་པོའི་བཀོད་འདོམས་པུའུ”ཡི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་ཞང་ཧྲིལ་བོར་སྐུལ་འདེད་དང་རྫོང་ཧྲིལ་བོ་མཐོ་རུ་འདེགས་པ་མངོན་འགྱུར་བྱ་དགོས། གྲོང་ཁྱེར་དང་རྫོང། ཞང་བཅས་རིམ་པ་གསུམ་གྱི་ཏང་ཨུའི་ཧྲུའུ་ཅིས་འབྲོག་ཁུལ་གྱི་གཞི་རིམ་ཏང་འཛུགས་སྐྱོང་གི་འགན་འཁྲི་གསལ་ཐོ་འཛུགས་པ་དང། གྲོང་ཁྱེར་དང་རྫོང། ཞང་བཅས་རིམ་པ་གསུམ་གྱི་ཏང་ཨུའི་ཧྲུའུ་ཅིས་གཞི་རིམ་ཏང་འཛུགས་སྐྱོང་གི་འགན་འཁྲི་སྒྲུབ་ཚུལ་གསལ་ཞུ་དང་དཔྱད་གླེང་དཔྱད་ཞིབ་བྱ་རྒྱུ་རྒྱུན་འཁྱོངས་བྱ་དགོས། རོང་འབྲོག་ཁུལ་གྱི་གཞི་རིམ་ཏང་རྩ་འཛུགས་ཀྱི་སྣེ་ཁྲིད་པ་བདམས་སྤྱོད་ལེགས་པོ་དང་དོ་དམ་ལེགས་པོ་བྱ་དགོས་ཤིང། རོང་འབྲོག་ཁུལ་གྱི་ཏང་ཡོན་དཔུང་སྡེའི་འཛུགས་སྐྲུན་ཐད་ཤུགས་ཆེན་པོ་བསྣན་དགོས། ནོར་སྲིད་ཀྱི་མ་དངུལ་འཇོག་པ་གཙོ་བོ་ཡིན་པའི་གྲོན་དངུལ་འགན་སྲུང་རྐྱེན་སྲོལ་འཐུས་ཚང་དུ་བཏང་ཐོག སྡེ་བ་རིམ་པའི་རྩ་འཛུགས་འཁོར་རྒྱུག་གྲོན་དངུལ་དང་སྡེ་བའི་ལས་བྱེད་པའི་གླ་ཕོགས་ཐོབ་ཐང་དོན་ཐོག་ཏུ་འབྱོར་བར་བྱ་དགོས། སློབ་གྲྭ་ཆེན་མོ་བ་སྡེ་དཔོན་གྱི་བྱ་བར་སྔར་ལས་ལྷག་པར་ཤུགས་བསྣན་དགོས། གཞི་རིམ་གྱི་ལས་བྱེད་པའི་ཀུན་སྤྱོད་ཤུགས་ཡོད་རྒུས་བསྒྱུར་བ་དང། གཞི་རིམ་གྱི་ལས་བྱེད་པས་བྱ་བ་མི་སྒྲུབ་པ་དང་གང་འདོད་དུ་སྒྲུབ་པའི་གནད་དོན་ཐག་གཅད་པ་དང། ཏང་གི་སྒྲིག་སྲོལ་དང་འགལ་བའི་བྱ་སྤྱོད་ཐག་གཅོད་ནན་མོ་བྱས་ཐོག རོང་འབྲོག་པའི་ཉེ་གམ་དུ་བྱུང་བའི་ཚུལ་མིན་གྱི་ཀུན་སྤྱོད་དང་རུལ་སུངས་ཀྱི་གནད་དོན་རྦད་ཆོད་སྒོས་ཞིབ་གཅོད་བྱ་དགོས། རོང་འབྲོག་པའི་ཁུར་བོར་ལྟ་སྐུལ་དོ་དམ་བྱ་བར་ཤུགས་བསྣན་དགོས།

29. གྲོང་གསེབ་བཅོས་སྐྱོང་རྐྱེན་སྲོལ་གསར་གཏོད་དང་འཐུས་ཚང་དུ་གཏང་དགོས། 

ཞང་རྡལ་གྱི་ཞབས་ཕྱི་རང་བཞིན་གྱི་སྲིད་གཞུང་འཛུགས་སྐྲུན་ཐད་ཤུགས་བསྣན་དགོས། ཁྲིམས་ལྟར་སྡེ་དམངས་ཀྱིས་རང་སྐྱོང་བྱེད་པ་ལག་ལེན་དང། སྡེ་བའི་ཏང་རྩ་འཛུགས་ཀྱིས་མགོ་ཁྲིད་པའི་སྡེ་དམངས་ཀྱིས་རང་སྐྱོང་བྱེད་པ་དེ་ཕན་ཡོད་ཀྱི་མངོན་འགྱུར་བྱེད་སྟངས་འཚོལ་ཞིབ་བྱ་དགོས། རོང་འབྲོག་ཁུལ་གྱི་སྡེ་གླིང་འཛུགས་སྐྲུན་ཚོད་ལྟའི་བྱ་བ་གཏིང་ཟབ་ཏུ་སྤེལ་པ་དང། ཕྱོགས་མང་པོས་མཉམ་སྐྱོང་བྱེད་པའི་རོང་འབྲོག་ཁུལ་གྱི་སྡེ་གླིང་བཅོས་སྐྱོང་སྒྲིག་གཞི་འཐུས་ཚང་དུ་གཏང་དགོས། དངོས་གཉེར་གོ་ཆོད་ཀྱི་སྡེ་དོན་ལྟ་སྐུལ་ཨུ་ཡོན་ལྷན་ཁང་ངམ་རྣམ་པ་གཞན་པའི་སྡེ་དོན་ལྟ་སྐུལ་ལས་ཁུངས་བཙུགས་ཐོག་འཐུས་ཚང་དུ་གཏང་དགོས། གྲོང་གསེབ་བཅོས་སྐྱོང་བྱེད་ཁྲོད་དུ་སྡེ་སྲོལ་དམངས་ཆིངས་ཀྱི་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་གང་ལེགས་བྱ་དགོས། ཞིང་ལས་དང་འབྲེལ་བའི་ཡིག་བསྐུར་ངོ་གཏུག་ཁྲོད་ཀྱི་འབུར་ཐོན་གྱི་གནད་དོན་ཆེད་དམིགས་བཅོས་སྐྱོང་གཏིང་ཟབ་མོ་བྱ་དགོས། རྫོང་དང་ཞང། སྡེ་བ་བཅས་རིམ་པ་གསུམ་གྱི་བཅོས་སྐྱོང་ལྟེ་གནས་འཛུགས་སྐྲུན་བྱ་བར་སྐུལ་འདེད་དང། རོང་འབྲོག་ཁུལ་གྱི་བདེ་སྐྱོང་སྔོན་འགོག་ཚོད་འཛིན་མ་ལག་འཐུས་ཚང་དུ་གཏང་དགོས། རོང་འབྲོག་ཁུལ་གྱི་སྣང་ཚུལ་མི་ལེགས་པ་ཆེད་དམིགས་བཅོས་སྐྱོང་བྱ་བ་དང། རོང་འབྲོག་ཁུལ་གྱི་འཆལ་རྒྱན་དུག་གསུམ་དང་ཁྲིམས་འགལ་གྱི་ཆོས་ལུགས་བྱེད་སྒོ་སོགས་འབུར་དུ་ཐོན་པའི་གནད་དོན་བཅོས་སྐྱོང་བྱ་དགོས། རོང་འབྲོག་ཁུལ་གྱི་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་ལ་གཏོར་བརླག་དང། རོང་འབྲོག་པའི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་གནོད་འཚེ་སྐྱེལ་བའི་ཉེས་བསགས་བྱ་འགུལ་ལ་ཁྲིམས་ལྟར་རྡུང་རྡེག་གཏང་དགོས།

30. རོང་འབྲོག་ཁུལ་གྱི་བསམ་པའི་དཔལ་ཡོན་འཛུགས་སྐྲུན་ལ་སྐུལ་འདེད་གཏང་དགོས། 

སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་གསོ་སྐྱོང་དང་ལག་ལེན་བྱེད་པར་དམིགས་ནས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དང་ཀྲུང་གོའི་འདུན་མ་དྲིལ་སྒྲོག་སློབ་གསོ་གཏིང་ཟབ་ཏུ་སྤེལ་དགོས། རོང་འབྲོག་ཁུལ་གྱི་བསམ་བློའི་ཀུན་སྤྱོད་འཛུགས་སྐྲུན་ཐད་ཤུགས་བསྣན་པ་དང། རོང་འབྲོག་པའི་རྒྱལ་ཁབ་ཀྱི་འདུ་ཤེས་དང་དམངས་གཙོ་ཁྲིམས་སྐྱོང་གི་འདུ་ཤེས། སྤྱི་ཚོགས་འགན་འཁྲིའི་འདུ་ཤེས་ཇེ་དྲག་ཏུ་གཏང་བ་དང། ཁ་དན་ཚིག་གནས་ཀྱི་སློབ་གསོ་གཏོང་ཐད་ཤུགས་བསྣན་པ། གན་རྒྱ་འཇོག་པའི་སྙིང་སྟོབས་དང་ཚན་རིག་གི་སྙིང་སྟོབས་དར་སྤེལ་བཏང་ནས་རོང་འབྲོག་པའི་ཕྱོགས་བསྡུས་བྱང་ཚད་དང་རོང་འབྲོག་ཁུལ་གྱི་སྤྱི་ཚོགས་ལ་དཔལ་ཡོན་ལྡན་ཚད་ཇེ་མཐོར་གཏང་དགོས། རོང་འབྲོག་ཁུལ་གྱི་བསམ་པའི་དཔལ་ཡོན་གསར་སྐྲུན་བྱ་འགུལ་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏང་བ་དང། དཔལ་ཡོན་ལྡན་པའི་སྡེ་བ་དང་གྲོང་རྡལ། “སྐར་ལྔའི་རིམ་པའི་དཔལ་ཡོན་ཁྱིམ་ཚང”། “ལྔ་བཟང་ཁྱིམ་ཚང”དཔྱད་འདེམས་གསར་སྐྲུན་བྱ་འགུལ་གཏིང་ཟབ་ཏུ་སྤེལ་བ་དང། དཔལ་ཡོན་ལྡན་པའི་ཡུལ་སྲོལ་དང་ཁྱིམ་སྲོལ་ལེགས་པོ། ཡུལ་མི་མཁས་མཛངས་ཅན་གསར་བའི་རིག་གནས་བཅས་གསོ་སྐྱོང་བྱ་དགོས། གཞི་རིམ་ལས་བྱེད་པ་ཕུལ་བྱུང་ཅན་དང་ཀུན་སྤྱོད་དཔེ་ལེགས་ཅན། ཉེ་གམ་གྱི་མི་བཟང། ཆེས་མཛེས་པའི་གྲོང་གསེབ་སོགས་སྔོན་ཐོན་དཔེ་མཚོན་ཅན་རྒྱ་ཁྱབ་ཏུ་དྲིལ་སྒྲོག་བྱ་དགོས། སྲོལ་རྒྱུན་རིག་གནས་ཕུལ་བྱུང་ཅན་དར་སྤེལ་དང་གྲོང་གསེབ་ཀྱི་དཔལ་ཡོན་རྒྱུན་འཛིན། ཡུལ་སྲོལ་ལེགས་སྒྱུར་བཅས་བྱས་ཐོག སྐྱོན་བྲལ་དཔལ་ཡོན་ལྡན་པའི་དར་སྲོལ་གསར་བ་འཛུགས་དགོས།

འབྱོར་འབྲིང་ཁྱོན་ཡོངས་ནས་ལེགས་འགྲུབ་བྱེད་པའི་དམིགས་འབེན་མངོན་འགྱུར་དང། མཐོ་སྒང་གི་ཁྱད་ཆོས་ལྡན་པའི་སྐྱེ་ཁམས་ཞིང་ཕྱུགས་ལས་འཛུགས་སྐྲུན་གྱི་གོམ་སྟབས་ཇེ་མགྱོགས་སུ་གཏང་རྒྱུའི་འགན་འཁྲི་ལྕི་ཞིང་ལས་འགན་དཀའ་ཚེགས་ཆེ་ལ་གཟི་བརྗིད་ཀྱང་ལྡན་པས། ང་ཚོས་བློ་མཐུན་ཞི་ཅིན་ཕེན་སྤྱི་ཁྱབ་ཧྲུའུ་ཅི་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་ལས་མཐུན་སྒྲིལ་དམ་པོ་བྱས་ཏེ། དཔལ་འབྱོར་གྱི་རྒྱུན་རྣམ་གསར་བར་རང་འགུལ་གྱིས་བསྟུན་པ་དང། གསར་སྤེལ་གསར་གཏོད་དང་ཏན་ཏིག་གིས་བྱ་བ་བསྒྲུབ་པ། དཀའ་ངལ་ཁྱད་གསོད་ཀྱིས་མདུན་དུ་སྐྱོད་དེ་རོང་འབྲོག་ཁུལ་མགྱོགས་མྱུར་ངང་བཅོས་སྒྱུར་དང་འཕེལ་རྒྱས་སུ་གཏང་བ་དང། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བར་བྱས་རྗེས་གསར་བ་འཇོག་དགོས། ། 

རྩོམ་སྒྲིག་པ། : ཀླུ་མོ་མཚོ།