ཀྲུང་གོ་བོད་ཀྱི་དྲ་བ།

མཐོ་སྒང་གི་ཁྱད་ཆོས་ལྡན་པའི་དེང་རབས་སྐྱེ་ཁམས་ཞིང་ཕྱུགས་ལས་ཀྱི་འཕེལ་རྒྱས་གོམ་སྟབས་ཇེ་མགྱོགས་སུ་གཏོང་བའི་སྐོར་གྱི་བསམ་འཆར། ང་བ།

ཡོང་ཁུངས། : མཚོ་སྔོན་སྲིད་གཞུང་དྲ་བ།     སྤེལ་དུས། : 2016-05-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

16. སྤྲོ་གསེང་ཞིང་ཕྱུགས་ལས་དང་གྲོང་གསེབ་ཡུལ་སྐོར་ཤུགས་ཆེན་པོས་གོང་དུ་སྤེལ་དགོས།

 རབ་མཛེས་མཚོ་སྔོན་གྱི་ཟོང་རྟགས་གྲགས་ཅན་དང་ཡུལ་སྐོར་གྱིས་ཞིང་ཆེན་དར་རྒྱས་སུ་གཏོང་བར་བརྟེན་ནས། སྤྲོ་གསེང་ལྗོངས་རྒྱུའི་ཞིང་ཕྱུགས་ལས་ཤུགས་ཆེན་པོས་གསོ་སྐྱོང་བྱེད་པ་དང། གྲོང་གསེབ་ཀྱིི་སྤྲོ་གསེང་གུང་སེང་གཏོང་བའི་ཐོན་རྫས་གསར་སྤེལ་བྱེད་པ་དང། གྲོང་གསེབ་ཀྱིི་སྐྱེ་ཁམས་སྤྲོ་གསེང་དང་ཡུལ་སྐོར་ལྗོངས་རྒྱུ། རིག་གནས་སློབ་གསོའི་རིན་ཐང་བཅས་སྔོག་འདོན་བྱ་དགོས་ཤིང། ཞིང་ཕྱུགས་ལས་གཙོ་གཞི་གླིང་དང་གྲོང་ཁྱེར་གྱི་སྤྲོ་གསེང་ཞིང་ཕྱུགས་ལས་ཀྱི་ཐོན་ལས་གླིང། སྤྲོ་གསེང་ཞིང་གྲོང་བཅས་ཀྱི་འཛུགས་སྐྲུན་ཇེ་མགྱོགས་སུ་གཏང་དགོས། གྲོང་གསེབ་ཀྱི་སྤྲོ་གསེང་ཡུལ་སྐོར་ལ་མ་དངུལ་གཏོང་ཚད་ཇེ་ཆེར་བཏང་ནས། ལོ་རྒྱུས་དང་ས་ཁོངས། མི་རིགས་ཀྱི་ཁྱད་ཆོས་བཅས་ལྡན་པའི་ལྗོངས་རྒྱུ་ཡུལ་སྐོར་སྡེ་བ་དང་གྲོང་རྡལ་འཛུགས་པར་རྒྱབ་སྐྱོར་བྱ་དགོས་པ་དང། ཞིང་ཁྱིམ་སྤྲོ་གསེང་གླིང་དང་འབྲོག་ཁྱིམ་ཡུལ་སྐོར། སྒེར་འཁོར་བསྐོར་ནས་སྒར་རྒྱག་ཞག་སྡོད་སོགས་ཀྱི་རྣམ་པ་ཕུན་སུམ་ཚོགས་ཤིང་ཁྱད་ཆོས་འབུར་དུ་ཐོན་པའི་གྲོང་གསེབ་ཡུལ་སྐོར་སྤྲོ་གསེང་ཐོན་རྫས་སྐོར་ཞིག་གསར་སྐྲུན་བྱ་དགོས། སྤྲོ་གསེང་ཡུལ་སྐོར་གྱི་གཙོ་གནད་སྡེ་བའི་གཞུང་ལམ་དང་ཐག་ཡངས་དྲ་བ། རླངས་འཁོར་འཇོག་ས། གསང་སྤྱོད་ཁང། གད་སྙིགས་སམ་འབག་ཆུ་ཐག་གཅོད་སོགས་ཀྱི་རྨང་གཞིའི་ཞབས་ཕྱིའི་སྒྲིག་བཀོད་ཤུགས་བསྒྲིམས་ནས་ལེགས་བཅོས་བྱས་ཏེ། སྤྲོ་གསེང་ཅན་གྱི་ཞིང་ཕྱུགས་ལས་དཔེ་སྟོན་སྡེ་བ་གསར་འཛུགས་བྱ་དགོས། “སྡེ་བ་རེར་ཟོང་རྟགས་རེ”ཞེས་པའི་ཁྱད་ལྡན་ཡུལ་སྐོར་དང་དབྱར་དུས་གུང་སེང་གཏོང་བའི་ཡུལ་སྐོར་བྱ་འགུལ་སྤེལ་བ་དང། རྩྭ་ཐང་ཆེན་པོའི་དཔལ་འབྱོར་ཡུལ་སྐོར་མྱུ་ཁྱུད་འཛུགས་སྐྲུན་བྱ་དགོས།

17. ཞིང་ཕྱུགས་ལས་ཀྱི་ཐོན་ལས་འབྲེལ་རྡང་རྒྱ་བསྐྱེད་པ་དང་རོང་འབྲོག་པའི་ཁེ་ཕན་མཉམ་འབྲེལ་གྱི་རྐྱེན་སྲོལ་ཆ་ཚང་བར་བྱ་དགོས།

 ཞིང་ལས་ལམ་ལུགས་གསར་གཏོད་བྱས་པ་བརྒྱུད་ནས། འབྲུ་རིགས་དང་བདག་གཉེར་ཟུང་འབྲེལ་དང། རྨོ་འདེབས་དང་གསོ་སྐྱོང་ཟུང་འབྲེལ་སོགས་འདྲེས་སྦྱོར་ཅན་དང་ལངས་གཟུགས་ཅན་གྱི་ཞིང་ཕྱུགས་ལས་གཞི་ཁྱོན་ཅན་གྱི་བདག་གཉེར་ཆགས་པར་བྱ་དགོས། ཐོན་ལས་འབྲེལ་རྡང་རྒྱ་བསྐྱེད་དེ། ཐོན་སྐྱེད་དང་ལས་སྣོན་དང་ཕྱིར་འཚོང་བཅས་ཟུང་འབྲེལ་ལེགས་པོ་བྱེད་པར་སྐུལ་འདེད་བྱ་དགོས། ཧུར་ཐག་གིས་ཐོན་ལས་མཉམ་འདྲེས་ངང་གོང་དུ་སྤེལ་བའི་རྣམ་པ་གསར་བ་འཚོལ་སྙེག་བྱེད་པ་དང། ཚོད་ལྟའི་གནས་ཀྱི་དཔེ་སྟོན་ལེགས་པོར་སྤེལ་ཏེ། མཉམ་འདྲེས་ཀྱི་བདག་གཉེར་རྐྱེན་སྲོལ་དང་ཁེ་དབང་རྐྱེན་སྲོལ་འཛུགས་དགོས། རོང་འབྲོག་པའི་ཁེ་ཕན་མཉམ་འབྲེལ་གྱི་རྐྱེན་སྲོལ་འཛུགས་པ་དང་ཆ་ཚང་བར་བཏང་ནས། རོང་འབྲོག་པར་ཐོན་ལས་འབྲེལ་རྡང་ཡོངས་ཀྱི་རིན་འཕར་ཁེ་ཕན་རེག་ཐུབ་པར་བྱ་དགོས། དན་ཐོའི་ཞིང་ཕྱུགས་ལས་གསར་གཏོད་དང་གོང་སྤེལ་བྱས་ཏེ། ཞིང་ཕྱུགས་ལས་ཐོན་ལས་ཅན་གྱི་སྣེ་འདྲེན་ཁེ་ལས་ཀྱིས་བརྟན་འཇགས་ཀྱི་རྒྱུ་ཆ་ཐོན་སྐྱེད་རྟེན་གཞི་འཛུགས་པ་དང་། རོང་འབྲོག་པར་བུན་དངུལ་ཁག་འཁུར་བྱེད་པ་དང་དན་ཐོའི་རོང་འབྲོག་པ་དག་ཞིང་ཕྱུགས་ལས་འགན་བཅོལ་ལ་ཞུགས་པར་རོགས་དངུལ་སྤྲོད་པ་བཅས་ལ་རྒྱབ་སྐྱོར་བྱ་དགོས། མ་རྐང་མཉམ་འབྲེལ་གོང་དུ་སྤེལ་བར་བསྟོད་སྐུལ་བྱ་དགོས་པ་དང། ཞིང་བས་རང་མོས་ཀྱིས་ས་ཞིང་འགན་གཙང་ལེན་གྱི་བདག་གཉེར་དབང་ཆ་སོགས་སྣེ་འདྲེན་ཁེ་ལས་དང་རོང་འབྲོག་པའི་མཉམ་ལས་ཁང་ལ་མ་རྐང་འཇོག་པར་སྣེ་ཁྲིད་པ་དང། “མ་མཐའ་སྲུང་སྟེ་ཕན་ཁེ་ལེན་པ+མ་རྐང་ལྟར་དུ་ཁེ་སྤོགས་བགོ་བ”སོགས་ཀྱི་བྱེད་ཐབས་སྤྱད་དེ། རོང་འབྲོག་པར་ཁག་མི་འདྲ་བའི་ཁེ་སྤོགས་ལོངས་སྤྱོད་དུ་འཇུག་དགོས། རོང་འབྲོག་པའི་མཉམ་ལས་ཁང་དང་ཞིང་ཕྱུགས་ལས་ཐོན་རྫས་ལས་སྣོན་གྱི་སྣེ་འདྲེན་ཁེ་ལས་བར་སྦྲེལ་མཐུད་རྐྱེན་སྲོལ་འཛུགས་པར་སྣེ་ཁྲིད་དགོས། ནོར་སྲིད་ཀྱིས་རོང་འབྲོག་པར་ཐད་ཀར་མ་དངུལ་གཏོང་འཇོག་དང་མ་རྐང་འཛིན་དབང་གཏོང་འཇོག་བྱེད་པར་ཤུགས་བསྣན་ནས། རོང་འབྲོག་པ་དང་བདག་གཉེར་གཙོ་གཞི་རག་ཏུ་གྲངས་ཚད་གསལ་བོར་དབྱེ་དགོས། རོང་འབྲོག་ཁུལ་གྱི་དམངས་འཚོ་ལས་གྲྭ་སྐོར་ཞིག་དངུལ་ལོར་ཅན་དུ་བསྒྱུར་བའི་བཅོས་སྒྱུར་ཟབ་སྤེལ་བྱས་ནས། ནོར་སྲིད་ཀྱིས་ཞིང་ལས་ལ་རོགས་སྐྱོར་བྱེད་པའི་མ་དངུལ་བཀོལ་སྤྱོད་དང་རོང་འབྲོག་པས་ཐོན་ལས་འབྲེལ་རྡང་གི་ཁེ་ཕན་ལོངས་སུ་སྤྱོད་པའི་རྐྱེན་སྲོལ་འཛུགས་དགོས།

18. “ཞིང་གསུམ”ཐད་ཀྱི་མ་དངུལ་གཏོང་འཇོག་བརྟན་བརླིང་ངང་འཕར་སྣོན་བྱེད་པའི་རྐྱེན་སྲོལ་ཆ་ཚང་བར་བྱ་དགོས། 

ནོར་སྲིད་ཀྱི་ཞིང་སྐྱོར་མ་དངུལ་གཏོང་འཇོག་གི་རྐྱེན་སྲོལ་ཧུར་ཐག་གིས་གསར་གཏོད་བྱ་དགོས་པ་དང། ཞིང་འབྲེལ་མ་དངུལ་ཧྲིལ་སྡེབ་དང་གཅིག་གྱུར་འཆར་འགོད་བྱེད་པར་སྐུལ་འདེད་གཏང་དགོས། ནོར་སྲིད་ཀྱི་ཞིང་སྐྱོར་མ་དངུལ་གཏོང་ཚད་ཇེ་མང་དུ་གཏོང་བ་དང། ནོར་སྲིད་ཀྱི་ཞིང་སྐྱོར་འགྲོ་སོང་གི་སྒྲིག་གཞི་ལེགས་སྒྱུར་བྱས་ཏེ། “ཞིང་གསུམ”ཐད་ཀྱི་མ་དངུལ་གཏོང་འཇོག་གི་སྟོབས་ཤུགས་མི་ཉམས་ཤིང་སྤྱི་གྲངས་འཕར་སྣོན་འབྱུང་བ་ཁག་ཐེག་བྱ་དགོས། ཞིང་སྐྱོར་མ་དངུལ་ཁག་བགོས་ཏེ་མར་འགྲེམ་པའི་ཚོད་ལྟའི་ཁྱབ་ཁོངས་རྒྱ་བསྐྱེད་དགོས། ནོར་སྲིད་སྲིད་ཇུས་ཀྱི་ཕྱོགས་སྟོན་དང་འདེགས་ཤིང་བྱེད་ནུས་འདོན་སྤེལ་གང་ལེགས་བྱེད་པ་དང། ནོར་སྲིད་སྐྱེད་གསབ་དང་བུན་དངུལ་ཁག་འཁུར། ཐོན་ལས་འཕེལ་རྒྱས་ཐེབས་རྩ་སོགས་ཁྲོམ་ར་ཅན་གྱི་ཐབས་ལམ་སྤྱད་དེ། བྱ་དགས་ཁ་གསབ་དང་སྔོན་སྐྲུན་རྗེས་གསབ། དམངས་སྒྲུབ་གཞུང་རོགས་སོགས་ཀྱི་ཕན་ཡོད་རྐྱེན་སྲོལ་འཐུས་ཚང་དུ་གཏང་དགོས་ལ། ནོར་སྲིད་སྲིད་ཇུས་དང་དངུལ་རྩའི་སྲིད་ཇུས་ཆ་སྡེབ་མཉམ་འགུལ་བྱེད་པར་སྐུལ་འདེད་དང། རོང་འབྲོག་མང་ཚོགས་རང་བདག་སྒོས་དེར་ཞུགས་པའི་འདུ་ཤེས་སྐུལ་སློང་བྱས་ཏེ། བཟོ་ཚོང་མ་རྩ་སྔར་ལས་མང་པོ“ཞིང་གསུམ”གྱི་ཁྱབ་ཁོངས་སུ་གཅིག་བསྡུ་བྱེད་པར་འགུགས་དགོས། ཞིང་ཕྱུགས་ལས་ཀྱི་ཁ་གསབ་སྲིད་ཇུས་ཀྱི་ཕྱོད་ནུས་མཐོར་འདེགས་དང། ཞིང་ཕྱུགས་ལས་ལ་རྒྱབ་སྐྱོར་དང་སྲུང་སྐྱོབ་བྱེད་པའི་གསབ་དངུལ་སྲིད་ཇུས་ལག་བསྟར་བྱ་དགོས་པ་དང། ཞིང་ལས་འཕྲུལ་ཆས་ཉོ་བའི་གསབ་དངུལ་སྲིད་ཇུས་འཐུས་ཚང་དུ་གཏང་དགོས། ཞིང་ཕྱུགས་ལས་ཀྱི་གནོད་འགོག་གནོད་སྐྱུང་དང་ཐོན་འཕར་བརྟན་སྲུང་བྱེད་པའི་གནད་འགག་ལག་རྩལ་གྱི་ཁ་གསབ་ལ་ཤུགས་བསྣན་པ་དང། རྣང་མ་འགྱིག་ཁེབས་ཀྱི་འདེབས་འཛུགས་ལག་རྩལ་ཁ་གསབ་དོན་ཐོག་ཏུ་འཁྱོལ་དགོས། ཞིང་ཕན་མ་དངུལ་སྟེར་སྤྲོད་དང་དོ་དམ་བྱེད་ཐབས་འཐུས་ཚང་དུ་བཏང་ནས། མ་དངུལ་ཁ་ཚང་དུས་ཐོག་ཏུ་སྟེར་ཐུབ་པ་ཁག་ཐེག་བྱ་དགོས། ཞིང་ཕྱུགས་ལས་ཀྱི་སྲིད་ཇུས་རང་བཞིན་གྱི་ཁག་འཁུར་སྤྱི་གཉེར་ཁང་འཛུགས་པར་རྒྱབ་སྐྱོར་བྱ་དགོས།

བཞི། ཞིང་སྡེ་གསར་བའི་འཛུགས་སྐྲུན་ཏན་ཏན་ཏིག་ཏིག་གིས་སྤེལ་ཏེ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཕེལ་རྒྱས་གཞི་གཅིག་ཅན་དུ་གཏང་དགོས།

བཟོ་ལས་ཀྱིས་ཞིང་ལས་ལ་སྐུལ་ཁྲིད་དང་གྲོང་ཁྱེར་གྱིས་གྲོང་གསེབ་ལ་སྐུལ་ཁྲིད་བྱེད་པ་རྒྱུན་འཁྱོངས་དང། འཆར་འགོད་ཀྱིས་སྣེ་ཁྲིད་བྱེད་ནུས་པ་ཇེ་དྲག་ཏུ་བཏང་ནས། རོང་འབྲོག་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་ཆུ་ཚད་ཇེ་མཐོར་གཏོང་བ་དང། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གཞི་རྩའི་སྤྱི་པའི་ཞབས་ཕྱི་ཆ་སྙོམས་ཅན་དུ་བསྒྱུར་བའི་ཆུ་ཚད་ཇེ་མཐོར་བཏང་ནས། མི་འདང་སར་མྱུར་དུ་ཁ་གསབ་བྱ་དགོས།

19. རོང་འབྲོག་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་ཤུགས་ཇེ་ཆེར་གཏང་དགོས། 

རོང་འབྲོག་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་ཐད་མ་དངུལ་གཏོང་བའི་ཡུན་ཕན་རྐྱེན་སྲོལ་དང་དོ་དམ་སྲུང་སྐྱོབ་རྐྱེན་སྲོལ་ཆ་ཚང་བར་འཛུགས་དགོས། ཆུ་བེད་ལས་གྲྭ་འཛུགས་སྐྲུན་ལ་ཤུགས་བསྣན་ཏེ། ཆུ་སྲི་ཆུ་འདོན་གྱི་ཆུ་བེད་ལས་གྲྭ་ཆེན་པོ་དང། ཆུ་གསོག་ཆུ་འདྲེན་གྱི་གཙོ་གནད་ཆུ་ཁུངས་ལས་གྲྭ། ཆུ་བཅོས་ཆུ་སྲུང་གི་བྲུག་འགོག་ལས་གྲྭ་གལ་ཆེན། ཆུ་སྣོན་ཆུ་གཙང་གི་གཙོ་གནད་ཆུ་སྲུང་ལས་གྲྭ། ཆུ་འདོན་ཆུ་གསབ་ཀྱི་ཆུ་དྲ་ལས་གྲྭ་ཆེན་པོ་བཅས་སྐོར་ཞིག་གཙོ་གནད་དུ་བཟུང་ནས་ལས་འགོ་རྩོམ་རྒྱུ་དང། ཤར་རྒྱུད་དང་ཚྭ་འདམ་གཞོང་། གུང་ཧོ་སོགས་གཙོ་གནད་གསར་སྤེལ་ཁུལ་གྱི་ལས་གྲྭ་རང་བཞིན་དང་སྒྲིག་གཞི་རང་བཞིན། ཐོན་ཁུངས་རང་བཞིན་གྱི་ཆུ་དཀོན་པའི་གནད་དོན་ཤུགས་བསྒྲིམས་ནས་ཐག་གཅོད་བྱ་དགོས། རོང་འབྲོག་ཁུལ་གྱི་འཐུང་ཆུའི་ཆུ་ཁུངས་ལ་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏང་དགོས། རོང་འབྲོག་ཁུལ་གྱི་འཐུང་ཆུའི་བདེ་འཇགས་སྲ་བརྟན་མཐོར་འདེགས་གཏོང་བའི་ལས་གྲྭ་ལག་བསྟར་བྱ་དགོས། མཁར་གྲོང་གི་ཆུ་འདོན་སྒྲིག་བཀོད་དེ་ཉེ་འཁོར་གྱི་རོང་འབྲོག་ཁུལ་དུ་རྒྱ་བསྐྱེད་ཐབས་བྱ་དགོས། རོང་འབྲོག་ཁུལ་གྱི་གློག་དྲའི་བསྒྱུར་བཀོད་རིམ་སྤར་ལས་གྲྭ་མུ་མཐུད་དུ་ལག་བསྟར་བྱ་དགོས་པ་དང། རོང་འབྲོག་ཁུལ་གྱི“གློག་གནོན་དམའ་བར”ཕྱོགས་བསྡུས་བཅོས་སྐྱོང་བྱ་དགོས། ཞང་རྡལ་དང་སྒྲིག་ཁོངས་སྡེ་བ་ཡོད་ཚད་ལ་འགྲུལ་སྐྱེལ་རླངས་འཁོར་ཐོན་པ་མྱུར་དུ་མངོན་འགྱུར་བྱ་དགོས་པ་དང། མི་གྲངས་ཀྱི་གཞི་ཁྱོན་ངེས་ཅན་ཡོད་པའི་རང་བྱུང་སྡེ་བ་ལ་གོ་རིམ་ཡོད་པའི་སྒོ་ནས་གཞུང་ལམ་སྦྲེལ་བར་སྐུལ་འདེད་བྱ་དགོས། རོང་འབྲོག་ཁུལ་གྱི་གཞུང་ལམ་སྲུང་སྐྱོང་མ་དངུལ་དེ་རིམ་བཞིན་ས་གནས་ནོར་སྲིད་སྔོན་རྩིས་ཁྲོད་འཇོག་དགོས། ཞིང་སྡེའི་ཉེན་ཁང་བསྒྱུར་བཀོད་བྱེད་ཤུགས་ཇེ་ཆེར་གཏང་དགོས་པ་དང། བུན་དངུལ་སྐྱེད་གསབ་དང་གཞུང་གླས་ཁང་བ་གཅིག་བསྡུས་འཛུགས་སྐྲུན། ཡུལ་གཞན་དུ་གནས་སྤོ་བ་སོགས་ཀྱི་ཐབས་ལམ་ལ་བརྟེན་ནས། རོང་འབྲོག་ཁུལ་གྱི་དཀའ་ཁག་ཆེ་བའི་ཁྱིམ་ཚང་གི་སྡོད་ཁང་ཉེན་ཁ་མྱུར་དུ་ཐག་གཅོད་བྱ་དགོས། རོང་འབྲོག་ཁུལ་དུ་རྒྱང་སྒྲོག་བརྙན་འཕྲིན་ཁྱིམ་ཚང་ཀུན་ལ་ཐོན་པ་དང་ཆ་འཕྲིན་སྡེ་བ་ཀུན་ལ་ཐོན་པའི་ལས་གྲྭ་ཟབ་སྤེལ་བྱ་དགོས་པ་དང། སྒྲ་སྡུད་འཕྲུལ་ཆས་སྦྲ་ནང་དུ་ཐོན་པའི་ལས་གྲྭ་མུ་མཐུད་ལག་བསྟར་བྱ་དགོས་ལ། རོང་འབྲོག་ཁུལ་གྱི་ཆ་འཕྲིན་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་ཐག་ཡངས་དྲ་བ་མགྱོགས་མྱུར་གྱིས་ཁྱབ་གདལ་དུ་བཏང་སྟེ། སྲིད་འཛིན་སྡེ་བ་ཕལ་ཆེར་ལ་དྲ་བ་ཡོད་པར་བྱེད་པ་དང། ཆ་འཕྲིན་སྡེ་བ་དང་ཁྱིམ་ཚང་ཀུན་ལ་སྐྱེལ་དགོས།

20. རོང་འབྲོག་ཁུལ་གྱི་སྤྱི་པའི་ཞབས་ཕྱི་ཆུ་ཚད་མཐོར་འདེགས་བྱ་དགོས། 

རོང་འབྲོག་ཁུལ་དང་ཞིང་ཕྱུགས་ལས་ཀྱི་གནས་སྤོ་མི་གྲངས་ཅུང་མང་བའི་མཁར་གྲོང་དེ་སྤྱི་ཚོགས་ལས་དོན་གོང་དུ་སྤེལ་བའི་གཙོ་གནད་དུ་བཟུང་ནས། མཁར་གྲོང་གི་སྤྱི་པའི་ཞབས་ཕྱི་དེ་རོང་འབྲོག་ཁུལ་དུ་རྒྱ་བསྐྱེད་པར་མགྱོགས་མྱུར་ངང་སྐུལ་འདེད་བྱ་དགོས། རོང་འབྲོག་ཁུལ་གྱི་སློབ་སྔོན་སློབ་གསོ་ཤུགས་ཆེན་པོས་གོང་དུ་སྤེལ་དགོས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་འོས་འགན་སློབ་གསོའི་གྲོན་དངུལ་འགན་སྲུང་རྐྱེན་སྲོལ་སྔར་བས་འཐུས་ཚང་དུ་གཏང་དགོས། དབུལ་ཕོངས་ས་ཁུལ་གྱི་འོས་འགན་སློབ་གསོའི་སློབ་སྒྲུབ་ཆ་རྐྱེན་དང་རོང་འབྲོག་ཁུལ་གྱི་སློབ་གྲྭའི་བཅའ་སྡོད་ཆ་རྐྱེན་ཇེ་ལེགས་སུ་གཏང་བ་དང། སློབ་གྲྭའི་ཚད་ལྡན་ཅན་འཛུགས་སྐྲུན་ལ་སྐུལ་འདེད་བྱ་དགོས། མཐོ་འབྲིང་དུས་སྐབས་ཀྱི་སློབ་གསོ་མགྱོགས་མྱུར་ངང་ཁྱབ་གདལ་དུ་གཏང་བ་དང། ཁུལ་དྲུག་གི་སློབ་མ་ཡོངས་དང་ཟི་ལིང་ངམ་མཚོ་ཤར་གྱི་དབུལ་ཕོངས་ཁྱིམ་ཚང་གི་སློབ་མར་ལོ15ལ་ཡི་རིན་མེད་སློབ་གསོ་ལག་ལེན་དུ་བསྟར་བ་དང། གྲོང་ཁྱེར་དང་གྲོང་གསེབ་ཀྱི་འགན་བབས་སློབ་གསོའི“རིན་མེད་གཉིས་དང་ཁ་གསབ་གཅིག”གི་སྲིད་ཇུས་གཅིག་གྱུར་བཀོད་སྒྲིག་བྱ་དགོས། འགན་བབས་སློབ་གསོའི་ཉམ་ཞན་སྒྱུར་བཅོས་ལས་གྲྭ་མུ་མཐུད་དུ་ལག་ལེན་དུ་བསྟར་བ་དང། སློབ་མཚམས་འཇོག་པ་ཚོད་འཛིན་དང་སློབ་མའི་ཁ་གྲངས་ཁག་ཐེག་བྱེད་ཤུགས་ཇེ་ཆེར་གཏང་དགོས། མི་རིགས་ས་ཁུལ་ཏུ“སྐད་གཉིས”སློབ་གསོ་ཧུར་ཐག་གིས་སྤེལ་ནས། སློབ་གསོ་དོ་མཉམ་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་བྱ་དགོས། རོང་འབྲོག་ཁུལ་གྱི་དབུལ་ཕོངས་ས་ཁུལ་ནས་ཕྱོགས་ངེས་གཏན་གྱིས་སློབ་མ་སྡུད་པ་སོགས་ཀྱི་ཆེད་དམིགས་འཆར་གཞི་ལག་བསྟར་བྱས་ཏེ། མི་རིགས་རང་སྐྱོང་རྫོང་ལ་ཡོངས་སུ་ཁེབས་པ་མངོན་འགྱུར་བྱ་དགོས། གྲོང་གསེབ་ཀྱི་དགེ་རྒན་དཔུང་སྡེ་འཛུགས་སྐྲུན་ལ་ཤུགས་བསྣན་པ་དང། དགེ་རྒན་ཁ་སྣོན་བྱེད་པའི་ཐབས་ལམ་རྒྱ་བསྐྱེད་དེ། མཁར་གྲོང་གི་ཕུལ་བྱུང་དགེ་རྒན་གྲོང་གསེབ་ཀྱི་སློབ་གྲྭར་འཁོར་རྒྱུག་བྱེད་པར་སྐུལ་འདེད་བྱ་དགོས། རོང་འབྲོག་ཁུལ་གྱི་དམིགས་བསལ་སློབ་གསོ་ལེགས་པོར་བསྒྲུབ་དགོས། གྲོང་ཁྱེར་དང་གྲོང་གསེབ་སྡོད་དམངས་ཀྱི་གཞི་རྩའི་སྨན་བཅོས་འགན་བཅོལ་ལམ་ལུགས་ཧྲིལ་སྡེབ་བྱས་ནས། རོགས་གསབ་ཚད་གཞི་དང་མི་སྒེར་གྱི་སྤྲོད་དངུལ། གཅིག་གྱུར་འཆར་འགོད་ཆུ་ཚད་བཅས་འོས་འཚམ་གྱིས་ཇེ་མཐོར་གཏང་དགོས། གྲོང་ཁྱེར་དང་གྲོང་གསེབ་སྡོད་དམངས་ཀྱི་ནད་ཆེན་འགན་བཅོལ་ལམ་ལུགས་ཁྱོན་ཡོངས་ནས་ལག་བསྟར་བྱ་དགོས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྨན་བཅོས་རོགས་སྐྱོབ་ལམ་ལུགས་ཆ་ཚང་བར་བྱ་དགོས། གྲོང་ཁྱེར་དང་གྲོང་གསེབ་སྡོད་དམངས་རྒན་གསོ་འགན་བཅོལ་ལ་ཞུགས་པ་དང་དངུལ་སྤྲོད་པར་སྐུལ་སློང་དང་འཆིང་གཅུན་བྱེད་པའི་རྐྱེན་སྲོལ་འཐུས་ཚང་དུ་གཏང་དགོས་པ་དང། གྲོང་ཁྱེར་དང་གྲོང་གསེབ་སྡོད་དམངས་ཀྱི་རྨང་གཞིའི་རྒན་གསོ་མ་དངུལ་ཚད་གཞི་ཇེ་མཐོར་གཏང་དགོས། ཞིང་སྡེའི་དམའ་སྲུང་ཞུ་ལེན་ཁྱིམ་ཚང་གི་དཔལ་འབྱོར་གནས་ཚུལ་ལ་ཞིབ་བཤེར་བྱེད་པའི་རྐྱེན་སྲོལ་སྔར་བས་འཐུས་ཚང་དུ་གཏང་བ་དང། ཞིང་སྡེའི་མ་མཐའི་འཚོ་བ་འགན་སྲུང་ཚད་གཞི་ཇེ་མཐོར་བཏང་སྟེ། དེ་དང་དབུལ་སྐྱོར་ཚད་གཞི“ལམ་གཉིས་གཅིག་འདྲེས”ཡོང་བ་མངོན་འགྱུར་བྱ་དགོས། རོང་འབྲོག་ཁུལ་གྱི་ཁྱིམ་སྲུང་བྱིས་པ་དང་བུད་མེད་དང་ལོ་ལོན་བཅས་ལ་ཐུགས་ཁུར་བྱེད་པའི་ཞབས་ཕྱི་མ་ལག་འཛུགས་པ་དང་ཆ་ཚང་བར་བྱ་དགོས། རོང་འབྲོག་ཁུལ་གྱི་རྒན་གསོ་ཞབས་ཕྱི་མ་ལག་དང་དབང་བོ་སྐྱོན་ཅན་གྱི་བདེ་ཐང་སླར་གསོ། བསྙེན་བཀུར་རམ་བཅོལ་གསོ་བཅས་ཀྱི་སྒྲིག་བཀོད་འཛུགས་སྐྲུན་བྱེད་པར་ཤུགས་བསྣན་དགོས། རོང་འབྲོག་ཁུལ་གྱི་གཞི་རིམ་ཕྱོགས་བསྡུས་སྤྱི་པའི་ཞབས་ཕྱིའི་ཐོན་ཁུངས་ལེགས་བསྒྱུར་ཧྲིལ་སྡེབ་ལ་སྐུལ་འདེད་བྱ་དགོས། རོང་འབྲོག་ཁུལ་གྱི་དེང་རབས་སྤྱི་པའི་རིག་གནས་ཞབས་ཕྱི་མ་ལག་འཛུགས་སྐྲུན་ལ་ཁྱོན་ཡོངས་ནས་ཤུགས་བསྣན་ནས། རིག་གནས་དམངས་ཕན་གྱི་ལས་གཞིའི་རྒྱ་བསྐྱེད་དགོས། རོང་འབྲོག་ཁུལ་གྱི་སྲོལ་རྒྱུན་རིག་གནས་སྲུང་སྐྱོབ་བྱེད་པར་ཤུགས་བསྣན་པ་དང། ཞིང་ཕྱུགས་ལས་ཀྱི་རིག་གནས་ཤུལ་བཞག་ལུགས་མཐུན་སྒོས་འདོན་སྤེལ་བྱ་དགོས།  །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།