ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་བྱ་བའི་སྙན་ཞུ།ཀ་བ།

ཡོང་ཁུངས། : མཚོ་སྔོན་སྲིད་གཞུང་དྲ་བ།     སྤེལ་དུས། : 2016-05-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

  2016ལོའི་ཟླ1པའི་ཚེས28ཉིན་མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེནjསྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་ལྔ་བའི་ཐོག་མཚོ་སྔོན་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་ཅཱན་ཁྲ་ཀྲང་། ཝང་ཞའོ་ཡུང་།འཐུས་མི་རྣམ་པ། ད་ལྟ་ངས་མཚོ་སྔོན་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་ཚབ་བྱས་ནས་ཚོགས་ཆེན་ལ་བྱ་བའི་སྙན་ཞུ་འབུལ་རྒྱུ་ཡིན་པས། གྲོས་ཞིབ་གནང་བ་དང་། ཞིང་ཆེན་སྲིད་གྲོས་ཨུ་ཡོན་དང་གྲོས་ཚོགས་སུ་ཟུར་ཞུགས་མཛད་པའི་བློ་མཐུན་རྣམ་པས་ཀྱང་དགོངས་འཆར་གནང་བར་ཞུ།2015ལོའི་བྱ་བ་གཙོ་བོའི་སྐོར།2015ལོར་ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་མགོ་ཁྲིད་ཡང་དག་འོག་དང་། དམངས་འཐུས་ཚོགས་ཆེན་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ནུས་ཡོད་ལྟ་སྐུལ་དང་སྲིད་གཞུང་གི་ཐུགས་ཁུར་དང་རྒྱབ་སྐྱོར། སྲིད་གྲོས་ཀྱི་དམངས་གཙོའི་ལྟ་སྐུལ་འོག ཞིང་ཆེན་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བ་དང་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བ། ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཉིས་པའི་ཨུ་ཡོན་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་བ་དང་ཐེངས་བཅུ་བ་བཅས་ཀྱི་དགོངས་དོན་ནན་ཏན་གྱིས་ལག་ལེན་མཐར་ཕྱིན་བྱས་ཐོག ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་བའི་གྲོས་ཆོད་བླང་བྱ་ལྟར། ཁྲིམས་ལྟར་ཞིང་ཆེན་སྐྱོང་བར་ཕྱོགས་ཡོངས་ནས་སྐུལ་སྤེལ་གཏོང་བ་དམིགས་འབེན་དུ་བརྩིས་པ་དང་། བཅའ་ཁྲིམས་ལྟ་སྐུལ་ཇེ་དྲག་ཏུ་གཏོང་བ་ཐབས་ལམ་གཙོ་བོ་བྱས་པ། ཁྲིམས་འཛིན་གྱོད་གཞི་ཐག་གཅོད་པ་ལྟེ་བ་བྱས་པ། སྐྱེ་ཁམས་སྲུང་སྐྱོང་བྱེད་པར་ཞབས་འདེགས་ཞུ་བ་གཙོ་གནད་བྱས་པ། སྤྱི་ཚོགས་གཏན་འཇགས་སྲུང་སྐྱོང་བྱེད་པ་ཚད་མཐར་བརྩིས་པ། ཁྲིམས་འཛིན་སྒྲིག་སྲོལ་བཅོས་སྒྱུར་ཟབ་ཏུ་སྤེལ་བ་སྒུལ་ཤུགས་སུ་བརྩིས་པ། ཉམས་སད་ཐེག་ཐུབ་པའི་དཔུང་སྡེ་འཛུགས་སྐྲུན་བྱེད་པ་འགན་སྲུང་བྱས་པ་བཅས་བྱས་ནས་ཞིབ་དཔྱོད་འགན་ནུས་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ། ཞིབ་དཔྱོད་བྱ་བ་སྣ་ཚོགས་ལ་འཕེལ་རྒྱས་གསར་བ་བྱུང་ཡོད།

  གཅིག གཙོ་གནད་ལྷང་ངེ་བར་བྱས་ཏེ་ཧུར་ཐག་གིས་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བར་ཁྲིམས་འཛིན་ཁོར་ཡུག་བཟང་པོ་བསྐྲུན།ཞིང་ཆེན་ཏང་ཨུའི་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བའི་སྐོར་གྱི་ཐབས་ཇུས་དང་བཀོད་སྒྲིག་གལ་ཆེན་ལ་དམ་པོར་དམིགས་ནས། དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བར་འགན་སྲུང་བྱེད་པའི་འགན་ཁུར་འདུ་ཤེས་དངོས་གནས་ཇེ་དྲག་ཏུ་བཏང་བ་དང་། ཞིབ་དཔྱོད་ལས་ཁུངས་ཀྱིས་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བའི་བྱ་བ་སྒྲུབ་སྟངས་སྔར་ལས་ལེགས་སྒྱུར་དང་དངོས་འབེབས་བྱས། གཅིག་ནི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱེད་པར་དངོས་གནས་འགན་སྲུང་བྱས། "སྐྱེ་ཁམས་སྲུང་སྐྱོང་ཨང་དང་པོ་ཡིན་པའི"འདུ་ཤེས་བརྟན་པོར་བཅངས་ཐོག 《མཚོ་སྔོན་ཞིང་ཆེན་ཞིབ་དཔྱོད་ལས་ཁུངས་ཀྱི་ཞིབ་དཔྱོད་འགན་ནུས་འདོན་སྤེལ་གང་ལེགས་བྱས་ཏེ་སྐྱེ་ཁམས་དཔལ་ཡོན་སྔོན་སྐྱོད་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱེད་པར་ཞབས་འདེགས་ཞུ་བའི་སྐོར་གྱི་བསམ་འཆར》ཞིབ་འཇུག་དང་གཏན་འབེབས་བྱས་པ་དང་། སྐྱེ་ཁམས་ཁོར་ཡུག་ཐོན་ཁུངས་ལ་གཏོར་བརླག་བཏང་བའི་ཉེས་བསགས་ལ་ཁྲིམས་ལྟར་རྡུང་རྡེག་གཏོང་བའི་ཆེད་དོན་ཞིབ་དཔྱོད་དང་གྱོད་ཐོ་འགོད་པར་ལྟ་སྐུལ་བྱེད་པའི་ཆེད་དོན་བྱ་འགུལ་བཀོད་སྒྲིག་དང་ཁྱབ་སྤེལ་བྱས་ཏེ། ཁོར་ཡུག་ཐོན་ཁུངས་ལ་གཏོར་བརླག་བཏང་བའི་ཉེས་བསགས་ཉེས་ཅན49ལ་འཛིན་བཟུང་ཆོག་མཆན་བཀོད་པ་དང་མི83ལ་ཞུ་གཏུག་བྱས། སྐྱེ་ཁམས་ཁོར་ཡུག་ཐོན་ཁུངས་ཁྱབ་ཁོངས་ཀྱི་ལས་གནས་ཐོག་གི་ཉེས་བསགས་གྱོད་གཞི25དང་མི43ལ་ཞིབ་གཅོད་བྱས་པ་དང་། སྐྱེ་ཁམས་ཁོར་ཡུག་ཐོན་ཁུངས་ཀྱི་དོགས་ཡོད་ཉེས་བསགས་གྱོད་གཞི3ལ་སྒོ་བྱང་བཀལ་ཏེ་ཞིབ་གཅོད་བྱེད་པར་སྐུལ་འདེད་བཏང་། ལོ་ཏུའུ་དང་དཔའ་ལུང་སོགས་ཆུའུ་དང་རྫོང་ཞིབ་དཔྱོད་ཁང་གིས་སྐྱེ་ཁམས་ཉམས་གསོ་བྱེད་པར་སྐྱིན་ཚབ་འཇལ་བའི་རྐྱེན་སྲོལ་ཧུར་ཐག་གིས་འཚོལ་ཞིབ་དང་གསར་འཛུགས་བྱས་པ་དང་། ཞིབ་དཔྱོད་གྲོས་གཞི་སོགས་རྣམ་པ་སྤྱད་དེ་མངའ་ཁུལ་གྱི་སྲིད་གཞུང་དང་སྡེ་ཁག་ལ་སྐུལ་འདེད་བཏང་ནས་བཙོག་ཆུ་བཅོས་སྐྱོང་བྱེད་པར་ཤུགས་བསྣན་པ་དང་། སྐྱེ་ཁམས་ཁོར་ཡུག་ཉམས་གསོ་བྱས་ཏེ། བཅའ་ཁྲིམས་ཕན་འབྲས་དང་སྤྱི་ཚོགས་ཕན་འབྲས་བཟང་པོ་ཐོབ་ཡོད། གཉིས་ནི་དཔལ་འབྱོར་དང་སྤྱི་ཚོགས་སྐྱོན་བྲལ་ངང་གོང་དུ་སྤེལ་བར་ནུས་ཤུགས་ཡོད་རྒུས་སྐུལ་སྤེལ་བཏང་།

《མཚོ་སྔོན་ཞིང་ཆེན་ཞིབ་དཔྱོད་ལས་ཁུངས་ཀྱི་ཞིབ་དཔྱོད་འགན་ནུས་འདོན་སྤེལ་གང་ལེགས་བྱས་ཏེ་བཅོས་སྒྱུར་ཕྱོགས་ཡོངས་ནས་ཟབ་སྤེལ་བྱེད་པར་ཞབས་འདེགས་ཞུ་བའི་སྐོར་གྱི་ལག་བསྟར་བསམ་འཆར》དངོས་འབེབས་བྱ་བ་ལེགས་འཛིན་རྒྱུན་འཁྱོངས་བྱས་ཏེ། བསྡོམས་པས་བཟོ་སྐྲུན་འཛུགས་སྐྲུན་ཁྱབ་ཁོངས་ཀྱི་ལྐོག་ཟ་དང་ལྐོག་རྔན་ཉེས་བསགས་གྱོད་གཞི43དང་མི48དང་། ཚོང་ལས་ཐད་ཀྱི་ལྐོག་རྔན་ཉེས་བསགས་གྱོད་གཞི29དང་མི32ལ་གྱོད་ཐོ་བཀོད་ནས་ཞིབ་གཅོད་བྱས། ནང་སྒོས་སུ་ཁེ་ལས་ལ་འབྲེལ་བའི་གྱོད་གཞི་ཐག་གཅོད་པའི་སྐབས་སུ་ཁྲིམས་འཛིན་ཞབས་འདེགས་ཞུ་བ་དེ་གྱོད་གཞི་ཐག་གཅོད་པའི་རྒྱུད་རིམ་ཧྲིལ་བོར་ཁྱབ་པར་དོ་སྣང་ཆེན་པོ་བྱས་པ་དང་། བཙན་ཤེད་ཀྱི་བྱེད་ཐབས་བེད་སྤྱོད་གཟབ་ནན་བྱས་ཏེ། ཁེ་ལས་རྒྱུན་ལྡན་གྱི་ཐོན་སྐྱེད་དང་བདག་གཉེར་བྱེད་སྒོར་ཤུགས་རྐྱེན་བཟོ་བར་གཡོལ་ཐབས་གང་ཐུབ་བྱས། "ཤེས་ཡོན་གྱི་ཐོན་དངོས་བདག་དབང་ལ་གནོད་སྐྱེལ་བ་དང་ཚོང་རྫས་རྫུན་མ་དང་སྤུས་ཞན་བཟོ་ཚོང་བྱས་པའི་ཉེས་བསགས་ལ་རྡུང་རྡེག་གཏོང་བ"སོགས་ཆེད་དོན་བྱ་འགུལ་ལ་ཧུར་ཐག་གིས་ཞུགས་པ་དང་། རིགས་འདིའི་ཉེས་བསགས་ལ་ཁྲིམས་ལྟར་ཉེས་ཆད་དྲག་པོ་བཅད་དེ། སྤྱི་བདེ་ལས་ཁུངས་ཀྱིས་གྱོད་ཐོ་བཀོད་པའི་གྱོད་གཞི5དང་མི5ལ་ལྟ་སྐུལ་བྱས། གསུམ་ནི་ཞིང་ཕྱུགས་ལས་ལ་འབྲེལ་བའི་ཞིབ་དཔྱོད་བྱ་བར་འབུར་ཐོན་གྱིས་ཤུགས་སྣོན་བཏང་། དམངས་འཚོ་ལེགས་བཅོས་བྱེད་པའི་ཚ་གནད་ལ་དམིགས་ནས་སློབ་གསོ་དང་ལས་ཞུགས། སྨན་བཅོས་འཕྲོད་བསྟེན། ས་ཆ་གཞུང་བསྡུས་བྱས་ཏེ་གནས་སྤོ་བ། སྤྱི་ཚོགས་འགན་སྲུང་། ཞིང་ཕྱུགས་ལས་ཐོན་སྐྱེད་སོགས་དམངས་འཚོ་ཁྱབ་ཁོངས་སུ་ཉེས་བསགས་བྱ་འགུལ་བྱུང་བའི་གནས་ཚུལ་གསར་བ་དང་འཁོར་ཕྱོགས་གསར་བར་ནན་ཏན་གྱིས་ཞིབ་འཇུག་དང་དབྱེ་འབྱེད་བྱས་པ་དང་། དུས་ཡུན་ལོ་གཉིས་ཡིན་པའི་ཞིང་ཕན་ཕྱུགས་ཕན་དབུལ་སྐྱོར་ཁྱབ་ཁོངས་ཀྱི་ལས་གནས་ཐོག་གི་ཉེས་བསགས་ལ་གཅིག་བསྡུས་ཀྱིས་ཆད་གཅོད་དང་སྔོན་འགོག་བྱེད་པའི་བྱ་བ་བཀོད་སྒྲིག་དང་ཁྱབ་སྤེལ་བྱས་ཏེ། བསྡོམས་པས་ཁྱབ་ཁོངས་འདིའི་ལས་གནས་ཐོག་གི་ཉེས་བསགས་གྱོད་གཞི49དང་མི80ལ་གྱོད་ཐོ་བཀོད་ནས་ཞིབ་གཅོད་བྱས།

མང་ཚོགས་འགྲམ་དུ་བྱུང་བ་དང་མང་ཚོགས་ཀྱི་ཁེ་ཕན་ལ་གནོད་སྐྱེལ་བའི་ལས་གནས་ཐོག་གི་ཉེས་བསགས་ལ་ཞིབ་གཅོད་བྱེད་པའི་ཆེད་དོན་བྱ་འགུལ་དང་བཟའ་ཆས་དང་སྨན་རྫས་བདེ་འཇགས་ལ་གནོད་འཚེ་གཏོང་བའི་ཉེས་བསགས་ལ་ཞིབ་གཅོད་བྱེད་པའི་གྱོད་ཐོ་འགོད་པར་ལྟ་སྐུལ་བྱེད་པའི་ཆེད་དོན་བྱ་འགུལ་སྤེལ་བར་གཏིང་ཟབ་སྒོས་སྐུལ་སྤེལ་བཏང་བ་དང་། རིགས་འདིའི་གྱོད་གཞི44དང་མི71ལ་ཞིབ་གཅོད་བྱས་ཏེ། དམངས་འཚོར་དངོས་གནས་འགན་སྲུང་དང་ལེགས་བཅོས་བྱས།

གཉིས། ཁྲིམས་འཛིན་གཟབ་ནན་བྱས་ཏེ་སྤྱི་ཚོགས་འཆམ་མཐུན་དང་གཏན་འཇགས་ཡོང་བར་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་བྱས།ཐོག་མཐའ་བར་གསུམ་དུ་སྤྱི་ཚོགས་འཆམ་མཐུན་དང་གཏན་འཇགས་སྲུང་སྐྱོང་བྱེད་པ་དེ་ལས་འགན་དང་པོར་བརྩིས་ཐོག སྤྱི་བདེ་ལས་ཁུངས་དང་མི་དམངས་ཁྲིམས་ཁང་གཉིས་དང་རང་འགུལ་གྱིས་གཞོགས་འདེགས་དམ་པོ་བྱས་ཏེ། རྒྱལ་ཁབ་བདེ་འཇགས་དང་སྤྱི་ཚོགས་གཏན་འཇགས་ཡོང་བར་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་བྱས། གཅིག་ནི་ཉེས་དོན་ཉེས་བསགས་ཚབས་ཆེན་སྣ་ཚོགས་ལ་ཁྲིམས་ལྟར་རྡུང་རྡེག་དྲག་པོ་བཏང་། ཞིང་ཆེན་ཏང་ཨུའི་བོད་ཁུལ་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་བོད་ཁུལ་ཞིབ་དཔྱོད་བྱ་བའི་སྐོར་གྱི་བཀོད་སྒྲིག་གཏིང་ཟབ་སྒོས་དོན་འཁྱོལ་མཐར་ཕྱིན་བྱས་ཐོག ཐོག་མཐའ་བར་གསུམ་དུ་ཏཱ་ལ་སྐུ་ཕྲེང་བཅུ་བཞི་བའི་ཚོགས་པས་ཁ་བྲལ་དང་སིམ་འཛུལ། གཏོར་བརླག་གཏོང་བའི་བྱ་འགུལ་ལ་དོགས་ཟོན་དང་རྡུང་རྡེག་གཏོང་བ་དེ་དགྲ་བོར་འཐབ་རྩོད་བྱེད་པའི་གཙོ་རྒོལ་ཁ་ཕྱོགས་སུ་བརྩིས་པ་དང་། "རང་བསྲེགས་ལ་ངོ་རྒོལ་བྱེད་པའི"ཆེད་དོན་འཐབ་རྩོད་དང"ཀུན་ཐུབ་ལྷའི"ལོག་ཆོས་རྩ་འཛུགས་ལ་ཆེད་དུ་འཆུན་འདོམས་བྱེད་པའི་ཕན་འབྲས་རྒྱུན་ཆད་མེད་པར་ཇེ་བརྟན་དུ་བཏང་བ། གཏུམ་དྲག་འཇིགས་སྐུལ་གྱི་ཉེས་བསགས་བྱ་འགུལ་ལ་རྡུང་རྡེག་དྲག་པོ་གཏོང་བའི་ཆེད་དོན་བྱེད་སྒོར་ནུས་ཤུགས་ཡོད་རྒུས་ཞུགས་ཏེ། ཞིབ་དཔྱོད་ལྷུ་ཚིགས་ཀྱི་གཏན་འཇགས་སྲུང་སྐྱོང་བྱ་བའི་ཁྲིམས་སྐྱོང་ཅན་གྱི་ཆུ་ཚད་ཇེ་མཐོར་གཏོང་བར་འབད་བརྩོན་བྱས། གཏུམ་དྲག་གི་ཉེས་བསགས་ཚབས་ཆེན་དང་ནག་ལས་སྟོབས་ཤུགས་ཀྱི་ཉེས་བསགས། བྱུང་ཐེངས་མང་བའི་རྒྱུ་ནོར་ལ་གནོད་སྐྱེལ་བའི་ཉེས་བསགས། མེ་མདའ་དང་དུག་རྫས་ལ་འབྲེལ་བའི་ཉེས་བསགས། མི་མང་པོར་འབྲེལ་བའི་དཔལ་འབྱོར་ཉེས་བསགས་སོགས་མི་དམངས་མང་ཚོགས་ཀྱི་བདེ་འཇགས་ཉམས་སྣང་ལ་ཤུགས་རྐྱེན་ཚབས་ཆེན་བཟོ་བའི་ཉེས་བསགས་བཅས་ལ་འབུར་ཐོན་གྱིས་རྡུང་རྡེག་བཏང་སྟེ། ཉེས་དོན་ཉེས་བསགས་བྱུང་ཐེངས་མཐོ་བའི་གནས་ཚུལ་བྱུང་བར་རྦད་ཆོད་ཀྱིས་བཀག་འགོག་བྱས། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།