ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕེན་གྱིས་རྒྱལ་ཡོངས་ཆོས་ལུགས་བྱ་བའི་གྲོས་ཚོགས་སྟེང་ནན་གྱིས་བསྟན་དོན།ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཆོས་ལུགས་རིགས་པའི་གཞུང་ལུགས་འཕེལ་རྒྱས་སུ་བཏང་ནས།གནས་བབ་གསར་པའི་འོག་གི་ཆོས་ལུགས་བྱ་བའི་ཆུ་ཚད་ཁྱོན་ཡོངས་ནས་ཇེ་མཐོར་གཏོང་དགོས།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2016-05-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

རྒྱལ་ཡོངས་ཆོས་ལུགས་བྱ་བའི་གྲོས་ཚོགས་ཟླ4པའི་ཚེས22ཉིན་ནས་ཚེས23ཉིན་བར་པེ་ཅིན་དུ་བསྡུས།ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི།ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕེན་གྲོས་ཚོགས་སུ་ཞུགས་ཤིང་གསུང་བཤད་གལ་ཆེན་གནང་།ཁོང་གིས་ནན་གྱིས་བསྟན་དོན།གནས་བབ་གསར་པའི་འོག་ཏུ་ང་ཚོས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཆོས་ལུགས་རིགས་པའི་གཞུང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་སུ་གཏོང་བ་དང་།ཏང་གི་ཆོས་ལུགས་བྱ་བའི་གཞི་རྩའི་བྱེད་ཕྱོགས་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་པ།རང་རྒྱལ་གྱི་ཆོས་ལུགས་བྱ་བའི་གནས་བབ་ལ་དབྱེ་ཞིབ་བྱེད་ཅིང་རང་རྒྱལ་གྱི་ཆོས་ལུགས་བྱ་བར་འཕྲད་པའི་གནས་ཚུལ་གསར་པ་དང་གནད་དོན་གསར་པར་ཞིབ་འཇུག་བྱེད་པ།ཆོས་ལུགས་བྱ་བའི་ཆུ་ཚད་ཁྱོན་ཡོངས་ནས་ཇེ་མཐོར་གཏོང་བ་དང་རྒྱ་ཆེའི་ཆོས་དད་མང་ཚོགས་སྔར་ལས་བཟང་པོའི་ངང་རྩ་འཛུགས་དང་གོང་བུར་བསྒྲིལ་ནས་རྒྱལ་ཡོངས་ཀྱི་མི་དམངས་དང་མཉམ་དུ“ལོ་བརྒྱ་ཕྲག་གཉིས”ཀྱི་འབད་བརྩོན་དམིགས་འབེན་མངོན་འགྱུར་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་འབྱུང་བའི་ཀྲུང་གོའི་འདུན་མ་མངོན་འགྱུར་བྱེད་པར་འབད་བརྩོན་ལྷོད་མིད་བྱེད་དགོས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུའམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་གྲོས་ཚོགས་ལ་མགོ་འཛིན་མཛད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུའམ་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏེ་ཅང་།ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུའམ་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ལིའུ་ཡུན་ཧྲན།ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུའམ་ཀྲུང་དབྱང་སྒྲིགས་ཨུའི་ཧྲུའུ་ཅི་ཝང་ཆི་ཧྲན་བཅས་གྲོས་ཚོགས་སུ་ཞུགས།ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུའམ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲེང་ཧྲེང་གིས་སྤྱི་བསྡོམས་གསུང་བཤད་གནང་།

ཞི་ཅིན་ཕེན་གྱིས་གསུང་བཤད་གནང་སྐབས་བསྟན་དོན།ཆོས་ལུགས་གནད་དོན་ནམ་ཡང་རང་རེའི་ཏང་གིས་རྒྱལ་ཁབ་སྐྱོང་བ་དང་སྲིད་དོན་གཉེར་བར་ངེས་པར་ཐག་གཅོད་བཟང་པོ་བྱེད་དགོས་པའི་གནད་དོན་ཆེན་པོ་ཞིག་ཡིན་ལ།ཆོས་ལུགས་བྱ་བ་དེ་ཏང་དང་རྒྱལ་ཁབ་ཀྱི་བྱ་བའི་ཁྱོན་ཡོངས་ཁྲོད་ཐུན་མོང་མ་ཡིན་པའི་གལ་ཆེན་རང་བཞིན་ལྡན་པས།ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལས་དོན་གྱི་འཕེལ་རྒྱས་དང་འབྲེལ་བ་ཡོད་པ་དང་།ཏང་དང་མི་དམངས་མང་ཚོགས་བར་གྱི་ཤ་ཁྲག་ལྟ་བུའི་འབྲེལ་འདྲིས་དང་འབྲེལ་བ་ཡོད་ལ།སྤྱི་ཚོགས་འཆམ་མཐུན་དུ་ཡོང་བ་དང་མི་རིགས་མཐུན་སྒྲིལ་ཡོང་བ་དང་འབྲེལ་བ་ཡོད་པ་དང་།རྒྱལ་ཁབ་ཀྱི་བདེ་འཇགས་དང་མིས་རྒྱལ་གཅིག་གྱུར་ཡོང་བ་དང་འབྲེལ་བའང་ཡོད།རང་རྒྱལ་གྱི་ཆོས་ལུགས་བྱ་བའི་གནས་བབ་སྤྱིའི་ཆ་ནས་བཤད་ན་བཟང་སྟེ།ཏང་གི་ཆོས་ལུགས་བྱ་བའི་གཞི་རྩའི་བྱེད་ཕྱོགས་ལག་ལེན་མཐར་ཕྱིན་བྱས་ཤིང་།ཏང་དང་ཆོས་ལུགས་ལས་རིགས་བར་གྱི་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་རྒྱུན་ཆད་མིད་པར་ཇེ་བརྟན་དུ་བཏང་བ་དང་།ཆོས་ལུགས་བྱ་བ་ཁྲིམས་སྐྱོང་ཅན་དུ་བསྒྱུར་བར་ཤུགས་བསྣན་པ།ཆོས་ལུགས་བྱ་འགུལ་སྤྱིའི་ཆ་ནས་བཤད་ན་བརྟན་བརླིང་དང་གོ་རིམ་ལྡན་པར་གྱུར་ཅིང་། ལག་ལེན་ལས་རང་རེའི་ཏང་གི་ཆོས་ལུགས་གནད་དོན་སྐོར་གྱི་རིགས་པའི་གཞུང་ལུགས་དང་བྱེད་ཕྱོགས།སྲིད་ཇུས་བཅས་ནི་ཡང་དག་པ་ཡིན་པ་ར་སྤྲོད་བྱས།

ཞི་ཅིན་ཕེན་གྱིས་ནན་གྱིས་བསྟན་དོན།ཆོས་ལུགས་བྱ་བ་བཟང་པོར་བསྒྲུབ་དགོས་ན་ངེས་པར་ཏང་གི་ཆོས་ལུགས་བྱ་བའི་གཞི་རྩའི་བྱེད་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་།ཏང་གི་ཆོས་ལུགས་དད་མོས་རང་དབང་གི་སྲིད་ཇུས་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་པ།ཁྲིམས་ལྟར་ཆོས་ལུགས་ལས་དོན་དོ་དམ་བྱས་ཏེ།རང་ཚུགས་རང་བདག་རང་གཉེར་བཅས་ཀྱི་རྩ་དོན་རྒྱུན་འཁྱོངས་བྱེད་ཅིང་ཧུར་ཐག་གིས་ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་ཕན་ཚུན་མཐུན་ཐབས་ཡོང་བར་སྣེ་ཁྲིད་དགོས།ཏང་གི་ཆོས་ལུགས་བྱ་བའི་གཞི་རྩའི་བྱེད་ཕྱོགས་ནི་རང་རེའི་ཏང་གིས་མར་ཁེ་སི་རིང་ལུགས་ཀྱི་ཆོས་ལུགས་ལྟ་ཚུལ་རྒྱུན་འཁྱོངས་བྱེད་པ་དང་།རང་རྒྱལ་གྱི་རྒྱལ་ཚུལ་དང་ཆོས་ལུགས་ཀྱི་བྱེ་བྲག་གི་དོན་དངོས་ནས་གཞིར་བཟུང་སྟེ། དྲང་ལྡོག་ཕྱོགས་གཉིས་ཀྱི་ཉམས་མྱོང་སྡུད་ལེན་བྱས་ཏེ་གཏན་འབེབས་བྱས་པ་ཡིན།ཆོས་ལུགས་དད་མོས་རང་དབང་སྲིད་ཇུས་ལག་བསྟར་བྱེད་པའི་གཞི་འཛིན་ས་དང་རྐང་འཛུགས་ས་ནི་རྒྱ་ཆེའི་ཆོས་དད་དང་ཆོས་ལུགས་ལ་མི་དད་པའི་མང་ཚོགས་གང་ཐུབ་ཅི་ནུས་ཀྱིས་མཐུན་སྒྲིལ་བྱེད་པ་དེ་རེད།ཧུར་ཐག་གིས་ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་ཕན་ཚུན་མཐུན་ཐབས་ཡོང་བར་སྣེ་ཁྲིད་བྱེད་པ་ནི།ཆོས་དད་མང་ཚོགས་ཀྱི་སྣེ་ཁྲིད་དེ་མིས་རྒྱལ་ལ་དགའ་ཞེན་དང་མི་དམངས་ལ་དགའ་ཞེན།མིས་རྒྱལ་གཅིག་གྱུར་ཡོང་བར་སྲུང་སྐྱོབ།ཀྲུང་ཧྭ་མི་རིགས་ཀྱི་མཐུན་སྒྲིལ་ཆེན་པོ་སྲུང་སྐྱོབ་བྱེད་པ།རྒྱལ་ཁབ་ཀྱི་ཆེས་མཐོའི་ཁེ་ཕན་དང་ཀྲུང་ཧྭ་མི་རིགས་ཀྱི་སྤྱི་ཡོངས་ཁེ་ཕན་ལ་བསྟུན་པ་དང་ཞབས་འདེགས་ཞུ་དགོས་པ་དེ་རེད། ཀྲུང་གོ་གུང་ཁྲན་ཏང་གི་མགོ་ཁྲིད་དང་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ལ་གོང་བཀུར་བྱས་ཏེ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་དུ་སྐྱོད་པ་རྒྱུན་འཁྱོངས་བྱེད་དགོས།ཧུར་ཐག་གིས་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་ལྟ་བུའི་རིན་ཐང་ལྟ་བ་ལག་བསྟར་དང་ཀྲུང་ཧྭའི་རིག་གནས་དར་སྤེལ་གཏོང་བ་བཅས་བྱས་ཏེ།འབད་བརྩོན་སྒོས་ཆོས་ལུགས་ཀྱི་དགོངས་དོན་དེ་ཀྲུང་ཧྭའི་རིག་གནས་དང་ཕན་ཚུན་མཉམ་འདྲེས་འབྱུང་བར་འབད་དགོས།རྒྱལ་ཁབ་ཀྱི་བཅའ་ཁྲིམས་ཁྲིམས་སྲོལ་བརྩི་སྲུང་བྱས་ཏེ།རང་རྟོགས་སྒོས་རྒྱལ་ཁབ་ཀྱི་ཁྲིམས་ལྟར་དོ་དམ་དང་ལེན་བྱེད་དགོས།བཅོས་བསྒྱུར་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་ཁྲོད་ཞུགས་ནས།ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་འབྱུང་བའི་ཀྲུང་གོའི་འདུན་མ་མངོན་འགྱུར་བྱེད་པར་སྟོབས་ཤུགས་འབུལ་དགོས།

ཞི་ཅིན་ཕེན་གྱིས་ནན་གྱིས་བསྟན་དོན།ཏང་གི་ཆོས་ལུགས་བྱ་བ་བཟང་པོར་སྒྲུབ་པ་དང་ཏང་གི་ཆོས་ལུགས་བྱ་བའི་གཞི་རྩའི་བྱེད་ཕྱོགས་རྒྱུན་འཁྱོངས་བཟང་པོ་བྱེད་པའི་གནད་འགག་ནི“སྣེ་ཁྲིད”ཀྱི་ཐད་ནས་བསམ་བློ་གཏིང་ཟབ་ཏུ་གཏོང་བ་དང་མཐིལ་རྟོགས་ཡག་པོ་བྱེད་པ།ཡིད་ལ་དམ་པོར་འཛིན་པ་བཅས་བྱས་ཏེ།“སྣེ་ཁྲིད”ལ་བྱེད་ཐབས་ཡོད་པ་དང་ནུས་ཤུགས་ལྡན་པ།ཕན་འབྲས་ལྡན་པ་བཅས་བྱེད་ཅིང་ཆོས་ལུགས་བྱ་བའི་རང་འགུལ་དབང་ཆ་ཡིད་ལ་དམ་པོར་འཛིན་དགོས་པ་དེ་རེད།

ཞི་ཅིན་ཕེན་གྱིས་བསྟན་དོན།གནས་བབ་གསར་པའི་འོག་གི་ཆོས་ལུགས་བྱ་བ་བཟང་པོར་བསྒྲུབ་དགོས་ན་མར་ཁེ་སི་རིང་ལུགས་ཀྱི་ལངས་ཕྱོགས་དང་ལྟ་བ།བྱེད་ཐབས་བཅས་ཀྱིས་ཆོས་ལུགས་ལ་ངོས་འཛིན་དང་ལྟ་སྟངས་བྱེད་དགོས་ལ།ཆོས་ལུགས་དང་ཆོས་ལུགས་བྱ་བའི་ཆོས་ཉིད་ལ་བརྩི་སྲུང་བྱས་ཏེ།ཆོས་ལུགས་ཁྱབ་ཁོངས་ཀྱི་གནད་དོན་སྣ་ཚོགས་ལ་ཞིབ་འཇུག་ཟབ་མོ་དང་ཐག་གཅོད་འོས་འཚམ་བྱེད་པ་དང་།རང་རྒྱལ་གྱི་ཆོས་ལུགས་འཕེལ་རྒྱས་ཀྱི་འཕོ་འགྱུར་དང་ཆོས་ལུགས་བྱ་བའི་དོན་དངོས་དང་སྦྲེལ་ནས།རྒྱུན་ཆད་མིད་པར་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཆོས་ལུགས་རིགས་པའི་གཞུང་ལུགས་ཇེ་བརྟན་ཇེ་རྒྱས་སུ་བཏང་ནས་རང་རྒྱལ་གྱི་ཆོས་ལུགས་བྱ་བའི་ལག་ལེན་ལ་སྔར་ལས་བཟང་པོའི་སྒོ་ནས་མཛུབ་སྟོན་བྱེད་དགོས།ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་ཕན་ཚུན་མཐུན་ཐབས་ཡོང་བར་སྣེ་ཁྲིད་པའི་ལས་འགན་གཙོ་བོ་ཞིག་ནི་རང་རྒྱལ་གྱི་ཆོས་ལུགས་ཀྱིས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་པར་རྒྱབ་སྐྱོར་བྱེད་དགོས་པ་དེ་རེད།སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་ལྟ་བུའི་རིན་ཐང་ལྟ་བ་ཡིས་ཆོས་ལུགས་ལས་རིགས་ཀྱི་མི་སྣ་དང་ཆོས་དད་མང་ཚོགས་ལ་སྣེ་ཁྲིད་དང་སློབ་གསོ་བཏང་སྟེ། ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་བཟང་པོ་དར་སྤེལ་དང་མཐུན་སྒྲིལ་ཡར་ཐོན་དང་ཞི་བདེ་བཟོད་སྒོམ་སོགས་ཀྱི་འདུ་ཤེས་ཀྱིས་རྒྱ་ཆེའི་ཆོས་དད་མང་ཚོགས་ཀྱི་སྣེ་ཁྲིད་དགོས།ཆོས་ལུགས་སྣ་ཚོགས་ཀྱིས་རང་སོ་སོའི་གཞི་རྩའི་ཆོས་དད་དང་སྲོག་ཤིང་ལྟ་བུའི་ཆོས་ཀྱི་དགོངས་དོན། གུས་ཞབས་ལམ་ལུགས་བཅས་རྒྱུན་སྲུང་བྱེད་པར་རྒྱབ་སྐྱོར་བྱེད་པའི་དུས་མཉམ་དུ་ཆོས་ཀྱི་དགོངས་དོན་དང་འདུལ་ཁྲིམས་ནང་གི་སྤྱི་ཚོགས་འཆམ་མཐུན་དུ་ཡོང་བ་དང་དུས་རབས་ཡར་ཐོན། སྐྱོན་བྲལ་དཔལ་ཡོན་བཅས་ལ་ཕན་ཐོགས་པའི་ནང་དོན་སྔོག་འདོན་བྱེད་དགོས།འདུལ་ཁྲིམས་དང་ཆོས་ཀྱི་དགོངས་དོན་ལ་དེང་སྐབས་ཀྲུང་གོའི་འཕེལ་རྒྱས་དང་ཡར་ཐོན་གྱི་བླང་བྱ་དང་ཀྲུང་ཧྭ་མི་རིགས་ཀྱི་ཕུལ་དུ་བྱུང་བའི་སྲོལ་རྒྱུན་རིག་གནས་དང་མཐུན་པའི་འཆད་འགྲེལ་བྱེད་དགོས།

ཞི་ཅིན་ཕེན་གྱིས་ནན་གྱིས་བསྟན་དོན།དགེ་མཚན་ལྡན་ཞིང་སྐྱོན་དང་བྲལ་བའི་ཆོས་ལུགས་འབྲེལ་བ་འཛུགས་དགོས།རང་རྒྱལ་དུ་ཆོས་ལུགས་འབྲེལ་བར་ཏང་དང་སྲིད་གཞུང་དང་ཆོས་ལུགས།སྤྱི་ཚོགས་དང་ཆོས་ལུགས།རྒྱལ་ནང་གི་ཆོས་ལུགས་མི་འདྲ་བ།རང་རྒྱལ་གྱི་ཆོས་ལུགས་དང་ཕྱི་རྒྱལ་གྱི་ཆོས་ལུགས་ཆོས་དད་མང་ཚོགས་དང་ཆོས་ལ་མི་དད་པའི་མང་ཚོགས་བར་གྱི་འབྲེལ་བ་བཅས་འདུས།ཆོས་ལུགས་ཀྱི་འབྲེལ་བ་འཆམ་མཐུན་ཡོང་བར་སྐུལ་འདེད་གཏོང་ན།འབྲེལ་བ་འདི་དག་ཚང་མ་ཐག་གཅོད་ལེགས་པོ་བྱེད་དགོས།རང་རྒྱལ་གྱི་ཆོས་ལུགས་བར་གྱི་འབྲེལ་བ་ཐག་གཅོད་བྱེད་ན།ངེས་པར་ཏང་གི་མགོ་ཁྲིད་རྒྱུན་འཁྱོངས་དང་ཏང་གི་སྲིད་སྐྱོང་གོ་གནས་སྲ་བརྟན་དུ་གཏོང་བ།ཏང་གི་སྲིད་སྐྱོང་རྨང་གཞི་ཇེ་དྲག་ཏུ་གཏོང་བ་བཅས་རྩ་བ་འདི་ཁོང་དུ་ཆུད་པར་བྱས་ཏེ།ངེས་པར་ཆོས་སྲིད་ཐ་དད་རྒྱུན་འཁྱོངས་བྱེད་པ་དང་།ཆོས་ལུགས་ཀྱིས་སྲིད་འཛིན་དང་ཁྲིམས་འཛིན།སློབ་གསོ་སོགས་རྒྱལ་ཁབ་ཀྱི་འགན་ནུས་ལག་བསྟར་བྱེད་པར་ཐེ་གཏོགས་བྱེད་མི་ཆོག་པ་རྒྱུན་འཁྱོངས་བྱེད་པ་དང་།སྲིད་གཞུང་གིས་ཁྲིམས་ལྟར་རྒྱལ་ཁབ་ཀྱི་ཁེ་ཕན་དང་སྤྱི་ཚོགས་ཀྱི་སྤྱི་པའི་ཁེ་ཕན་དང་འབྲེལ་བ་ཡོད་པའི་ཆོས་ལུགས་ལས་དོན་ལ་དོ་དམ་བྱེད་པ་རྒྱུན་འཁྱོངས་བྱེད་དགོས།ཆོས་ལུགས་བྱ་བ་ཁྲིམས་སྐྱོང་ཅན་དུ་འགྱུར་བའི་ཆུ་ཚད་ཇེ་མཐོར་གཏོང་དགོས་པ་དང་།བཅའ་ཁྲིམས་ལ་བརྟེན་ནས་སྲིད་གཞུང་གིས་ཆོས་ལུགས་ལས་དོན་ལ་དོ་དམ་བྱེད་པའི་བྱ་སྤྱོད་ཚད་ལྡན་དུ་གཏོང་བ་དང་།བཅའ་ཁྲིམས་ལ་བརྟེན་ནས་ཆོས་ལུགས་དང་འབྲེལ་བའི་སྤྱི་ཚོགས་ཀྱི་འབྲེལ་བ་སྣ་ཚོགས་སྙོམས་སྒྲིག་བྱེད་དགོས།རྒྱ་ཆེའི་ཆོས་དད་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོབ་བྱེད་པ་དང་།ཁྲིམས་སྐྱོང་དྲིལ་སྒྲོག་སློབ་གསོ་གཏིང་ཟབ་ཏུ་སྤེལ་ནས།རྒྱ་ཆེའི་ཆོས་དད་མང་ཚོགས་ཀྱིས་རྒྱལ་ཁྲིམས་དང་འདུལ་ཁྲིམས་བར་གྱི་འབྲེལ་བ་ངོས་འཛིན་དང་ཐག་གཅོད་ཡང་དག་བྱེད་པར་སློབ་གསོ་དང་ཁྲིད་སྟོན་གནང་བ་དང་།ཁྲིམས་སྐྱོང་གི་འདུ་ཤེས་ཇེ་མཐོར་གཏོང་བ་བཅས་བྱེད་དགོས།

ཞི་ཅིན་ཕེན་གྱིས་བསྟན་དོན།ཆོས་ལུགས་ཚོགས་པ་ནི་ཏང་དང་སྲིད་གཞུང་གིས་ཆོས་ལུགས་ལས་རིགས་མི་སྣ་དང་རྒྱ་ཆེའི་ཆོས་དད་མང་ཚོགས་ལ་མཐུན་སྒྲིལ་དང་འབྲེལ་གཏུག་བྱེད་པའི་ཟམ་པ་དང་སྒྲོག་ཐག་ལྟ་བུ་ཡིན་པས།ཁོ་ཚོས་བྱ་བ་སྤེལ་བར་དགོས་ངེས་ཀྱི་རྒྱབ་སྐྱོར་དང་རོགས་རམ་བྱེད་དགོས་ལ།ད་དུང་ཁོ་ཚོས་ཆོས་ལུགས་ནང་ཁུལ་གྱི་ལས་དོན་ཁྲོད་ནུས་པ་འདོན་པར་བརྩི་འཇོག་བྱས་ཏེ།ཆབ་སྲིད་སྟེང་ཡིད་རྟོན་རུང་བ་དང་སྤྱོད་ཚུལ་ཐད་དམངས་གཙོ་ཡིན་པ།བྱ་བའི་ཐད་ཕན་འབྲས་ཆེ་བ་བཅས་ཀྱི་བྱང་ཚད་མཐོ་བའི་མགོ་ཁྲིད་ཚན་ཁག་ཅིག་འཛུགས་གང་ཐུབ་བྱེད་དགོས།ཆབ་སྲིད་སྟེང་བློས་འགེལ་ཆོག་པ་དང་།ཆོས་ལུགས་ཐད་ཡོན་ཚད་ཡོད་པ།ཀུན་སྤྱོད་ཐད་ཚང་མས་ཁས་ལེན་པ།གནད་འགག་ལ་ཐུག་དུས་ནུས་པ་འདོན་ཐུབ་པའི་ཚད་གཞི་རྒྱུན་འཁྱོངས་བྱས་ཏེ།ཆོས་ལུགས་ལས་རིགས་ཁག་ནས་ཤེས་ལྡན་མི་སྣའི་དཔུང་སྡེ་འཛུགས་སྐྲུན་བྱེད་པར་རྒྱབ་སྐྱོར་བྱེད་དགོས།མངའ་ཁོངས་ཕྱི་ནས་ཆོས་ལུགས་བེད་སྤྱད་དེ་སིམ་འཛུལ་བྱེད་པ་མཐའ་གཅིག་ཏུ་བཀག་འགོག་བྱེད་པ་དང་།ཆོས་ལུགས་ཀྱི་ཐལ་དྲགས་བསམ་བློས་གནོད་འཚེ་སྐྱེལ་བར་འགོག་ཟོན་བྱེད་དགོས།སྦྲེལ་དྲ་ཆོས་ལུགས་ཀྱི་གནད་དོན་ལ་མཐོང་ཆེན་བྱས་ཏེ།སྦྲེལ་དྲའི་སྟེང་ཏང་གི་ཆོས་ལུགས་རིགས་པའི་གཞུང་ལུགས་དང་བྱེད་ཕྱོགས་སྲིད་ཇུས་དྲིལ་སྒྲོག་ཤུགས་ཆེན་བྱེད་པ་དང་།དྲང་ཕྱོགས་ཀྱི་རེ་འབོད་བརྒྱུད་སྒྲོག་བྱེད་དགོས།

ཞི་ཅིན་ཕེན་གྱིས་ནན་གྱིས་བསྟན་དོན།གནས་བབ་གསར་པའི་འོགཆོས་ལུགས་བྱ་བའི་ཁྱབ་ཁོངས་ཆེ་ཞིང་ལས་འགན་ལྕི་བས།ཁྱོན་ཡོངས་ནས་སྐུལ་འདེད་གཏོང་དགོས་ལ་གཙོ་གནད་འགག་སྒྲོལ་ཡང་བྱེད་དགོས།ཆོས་ལུགས་ཁག་གི་གནས་ཚུལ་དང་ཟུང་འབྲེལ་བྱས་ནས་འགལ་བ་གཙོ་བོ་དམ་འཛིན་དང་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་བྱས་ཏེ།གཙོ་གནད་བྱ་བ་ལེགས་པོར་བསྒྲུབས་པར་བརྟེན་ནས་ཁྱོན་ཡོངས་བྱ་བར་སྐུལ་འདེད་གཏོང་དགོས།རིམ་པ་སོ་སོའི་ཏང་ཨུས་ཆོས་ལུགས་ཐད་ཀྱི་གནད་དོན་ཐག་གཅོད་བྱེད་པའི་ནུས་པ་ཇེ་མཐོར་བཏང་སྟེ།ཆོས་ལུགས་བྱ་བ་དེ་ཉིན་རེའི་གྲོས་རིམ་གལ་ཆེན་ནང་དུ་བཞག་ནས།ཆོས་ལུགས་བྱ་བའི་ཁྲོད་ཀྱི་གནད་དོན་གལ་ཆེན་ལ་དུས་ཐོག་ཏུ་ཞིབ་འཇུག་བྱེད་པ་དང་།ཆོས་ལུགས་བྱ་བའི་ཇུས་ཆོད་བཀོད་སྒྲིག་དོན་འཁྱོལ་བྱེད་པར་སྐུལ་འདེད་གཏོང་དགོས།ཏང་གི་ཆོས་ལུགས་གནད་དོན་སྐོར་གྱི་རིགས་པའི་གཞུང་ལུགས་དང་བྱེད་ཕྱོགས།སྲིད་ཇུས་སློབ་སྦྱོང་བྱེད་པར་ཤུགས་སྣོན་པ་དང་།ཆོས་ལུགས་ཀྱི་གཞི་རྩའི་ཤེས་བྱ་སློབ་སྦྱོང་བྱེད་པར་ཤུགས་སྣོན་པ།ཏང་གི་ཆོས་ལུགས་གནད་དོན་སྐོར་གྱི་རིགས་པའི་གཞུང་ལུགས་དང་བྱེད་ཕྱོགས།སྲིད་ཇུས་དེ་ལས་བྱེད་པའི་སློབ་གསོ་དང་གསོ་སྦྱོང་འཆར་གཞིའི་ནང་བཞག་སྟེ།རིམ་པ་སོ་སོའི་ལས་བྱེད་པས་རང་ནུས་ཅི་ལྕོགས་ཀྱིས་ཁོང་དུ་ཆུད་པར་བྱེད་དགོས།ཤུགས་དང་ལྡན་པའི་མགོ་ཁྲིད་པའི་ནང་རྐྱེན་འཛུགས་པ་དང་འཐུས་ཚང་དུ་བཏང་ནས།ཆོས་ལུགས་བྱ་བར་སྣེ་ཁྲིད་དང་འཆར་འགོད།ཁྲིད་སྟོན།ལྟ་སྐུལ་ཞིབ་བཤེར་བཅས་ལེགས་པོར་བྱེད་དགོས།འཐབ་ཕྱོགས་གཅིག་གྱུར་སྡེ་ཁག་གིས་སྣེ་ཁྲིད་དང་མཐུན་སྦྱོར་གྱི་འགན་འཁྲི་འཁུར་དགོས་པ་དང་།ཆོས་ལུགས་བྱ་བའི་སྡེ་ཁག་གིས་ཁྲིམས་ལྟར་དོ་དམ་གྱི་འགན་འཁུར་དགོས་ལ།འབྲེལ་ཡོད་སྡེ་ཁག་དང་བཟོ་ཚོགས།གུང་གཞོན་ཚོགས་པ།བུད་མིད་མཉམ་འབྲེལ་ལྷན་ཚོགས།ཚན་རྩལ་མཐུན་ཚོགས་སོགས་མི་དམངས་ཚོགས་པས་མཉམ་འཛིན་མཉམ་སྒྲུབ་བྱས་ཏེ།མཉམ་དུ་ཆོས་ལུགས་བྱ་བ་ལེགས་སྒྲུབ་བྱེད་དགོས།ཏང་གི་ཆོས་ལུགས་ཀྱི་གནད་དོན་སྐོར་གྱི་རིགས་པའི་གཞུང་ལུགས་དང་བྱེད་ཕྱོགས།སྲིད་ཇུས་རྒྱ་ཆེར་དྲིལ་སྒྲོག་བྱེད་པ་དང་།ཆོས་ལུགས་དང་འབྲེལ་བའི་བཅའ་ཁྲིམས་དང་ཁྲིམས་སྲོལ་དྲིལ་སྒྲོག་བྱས་ཏེ།ཆོས་ལུགས་ཐད་ཀྱི་དྲིལ་སྒྲོག་གླེང་ཕྱོགས་ལ་ཁྲིད་སྟོན་བྱེད་པར་ཤུགས་སྣོན་དགོས།ཏང་གི་གཞི་རིམ་རྩ་འཛུགས་དང་ལྷག་པར་ཆོས་ལུགས་བྱ་བའི་ལས་འགན་ལྕི་བའི་ས་གནས་ཀྱི་གཞི་རིམ་རྩ་འཛུགས་ཀྱིས་ཆོས་ལུགས་བྱ་བ་དངོས་གནས་ལེགས་པོར་བསྒྲུབས་ཏེ།ཆོས་དད་མང་ཚོགས་ཀྱི་བྱ་བ་སྒྲུབ་པར་ཤུགས་སྣོན་དགོས།གུང་ཁྲན་ཏང་ཡོན་གྱིས་བློ་བརྟན་འགྱུར་མིད་ཀྱི་མར་ཁེ་སི་རིང་ལུགས་ཀྱི་ལྷ་མིད་སྨྲ་མཁན་བྱས་ཏེ།ཏང་གི་སྒྲིགས་ཡིག་གི་གཏན་འབེབས་ནན་སྲུང་བྱེད་པ་དང་།ཡིད་ཆེས་དང་ཕུགས་བསམ་བརྟན་པོར་གཏོང་བ།ཏང་གི་དམིགས་ཡུལ་ཡིད་ལ་དམ་པོར་འཛིན་པ་བཅས་བྱས་ཏེ།ཆོས་ལུགས་ཁྲོད་རང་ཉིད་ཀྱི་རིན་ཐང་དང་ཡིད་ཆེས་འཚོལ་བ་གཏན་ནས་བྱེད་མི་རུང་།གཞོན་ནུ་ལོ་ཆུང་ལ་ཚན་རིག་གི་འཇིག་རྟེན་ལྟ་བའི་དྲིལ་སྒྲོག་སློབ་གསོ་སྤེལ་བར་ཤུགས་སྣོན་པ་དང་།ཁོ་ཚོས་ཚན་རིག་ལ་ཡིད་ཆེས་དང་སློབ་སྦྱོང་།ཚན་རིག་བརྒྱུད་སྒྲོག་བཅས་བྱེད་པར་ཁྲིད་སྟོན་བྱས་ཏེ།ཡང་དག་པའི་འཇིག་རྟེན་ལྟ་བ་དང་མི་ཚེ་ལྟ་བ།རིན་ཐང་ལྟ་བ་བཅས་ཆགས་སུ་འཇུག་དགོས།

ཞི་ཅིན་ཕེན་གྱིས་བསྟན་དོན།རྒྱལ་གཅེས་རིང་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆའི་འོག ཆོས་ལུགས་ལས་རིགས་ཁག་དང་འཐབ་ཕྱོགས་གཅིག་གྱུར་བྱེད་པ་ནི།རང་རེའི་ཏང་གིས་ཆོས་ལུགས་ཐད་ཀྱི་གནད་དོན་ཐག་གཅོད་པའི་ཁྱད་ཆོས་མངོན་གསལ་དང་ཆབ་སྲིད་ཀྱི་ལེགས་ཆ་ཡིན།ཆབ་སྲིད་སྟེང་མཐུན་སྒྲིལ་མཉམ་ལས་དང་།དད་མོས་ཐད་ཕན་ཚུན་བརྩི་འཇོག་བྱེད་པ་རྒྱུན་འཁྱོངས་བྱས་ཏེ།འབྲེལ་འདྲིས་དང་གཏམ་གླེང་མང་པོ་བྱེད་པ་དང་།རོགས་རམ་མང་པོ་བྱས་ཏེ།གནས་ལུགས་ལ་བརྟེན་ནས་མང་ཚོགས་ཡིད་ཆེས་བྱེད་དུ་འཇུག་པ་དང་།བརྩེ་སེམས་ལ་བརྟེན་ནས་མི་སེམས་འགུལ་བར་བྱས་ཏེ།དངོས་ཡོད་ཀྱི་དཀའ་ངལ་ཐག་གཅོད་བྱས་པར་བརྟེན་ནས་མི་སེམས་འགུག་པ་དང་གཞན་ལ་མཐུན་སྒྲིལ་བྱེད་དགོས།

ལི་ཁེ་ཆང་གིས་གྲོས་ཚོགས་ལ་མགོ་འཛིན་མཛད་སྐབས་བསྟན་དོན།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུང་བཤད་གལ་ཆེན་ནི།ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ཀྱི་ཁྱོན་ཡོངས་དང་འཐབ་ཇུས་ཀྱི་མཐོ་ཚད་ནས།ཆོས་ལུགས་བྱ་བར་འཕྲད་པའི་གནས་བབ་དང་ལས་འགན་ལ་ཚན་རིག་དང་མཐུན་པའི་སྒོ་ནས་དབྱེ་ཞིབ་བྱས་ཡོད་པ་དང་།

ཆོས་ལུགས་བྱ་བའི་རིགས་པའི་གཞུང་ལུགས་ཆེན་པོ་དང་ལག་ལེན་གྱི་གནད་དོན་རབས་དང་རིམ་པ་རྒྱས་བཤད་ཟབ་མོ་གནང་ཡོད་པར་མ་ཟད།གནས་བབ་གསར་པའི་འོག་ཆོས་ལུགས་བྱ་བར་ཤུགས་སྣོན་པ་དང་ལེགས་བཅོས་བྱེད་པར་ཁྱོན་ཡོངས་ནས་བཀོད་སྒྲིག་བྱས་ཡོད་པས།མཛུབ་སྟོན་གྱི་དོན་སྙིང་གལ་ཆེན་ལྡན།རེ་བ་ཡིན་ན་ཚང་མས་ཕྱོགས་ཡོངས་ནས་ཤེས་རྟོགས་དང་ངོས་འཛིན་ཟབ་ལེན།ཞིབ་སྡུར་གཏིང་ཟབ་བཅས་བྱས་ཏེ་བསམ་བློའི་ངོས་འཛིན་ཇེ་མཐོར་གཏོང་དགོས།ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་ཆོས་ལུགས་བྱ་བར་ཏང་དང་རྒྱལ་ཁབ་ཀྱི་ཁྱོན་ཡོངས་བྱ་བའི་ཁྲོད་དམིགས་བསལ་གྱི་གལ་ཆེན་རང་བཞིན་ལྡན་པར་ངོས་འཛིན་གང་ལེགས་བྱས་ཏེ།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ནན་ཏན་གྱིས་སློབ་སྦྱོང་དང་།ཏང་གི་ཆོས་ལུགས་བྱ་བའི་གཞི་རྩའི་བྱེད་ཕྱོགས་སྒོ་ཀུན་ནས་ལག་ལེན་མཐར་ཕྱིན་བྱས་ནས།ཆོས་ལུགས་རང་སྟེང་གི་ཆོས་ཉིད་སྔར་བས་ཁོང་དུ་ཆུད་པར་བྱེད་པ་དང་།ཆོས་ལུགས་བྱ་བ་དེ་ཁྲིམས་སྐྱོང་ཅན་དུ་འགྱུར་བའི་ཆུ་ཚད་རྒྱུན་ཆད་མིད་པར་ཇེ་མཐོར་གཏོང་བ།ཆོས་ལུགས་ཁྱབ་ཁོངས་ཀྱི་གཙོ་གནད་བྱ་བའི་དམིགས་སའི་རང་བཞིན་དང་ཕན་ནུས་རང་བཞིན་ཇེ་དྲག་ཏུ་གཏོང་བ་བཅས་ཀྱིས།ཆོས་ལུགས་ལས་རིགས་དང་རྒྱ་ཆེའི་ཆོས་དད་མང་ཚོགས་ལ་མཐུན་སྒྲིལ་དང་སྐུལ་ཁྲིད་བྱེད་པ་དང་།སྤྱི་ཚོགས་འཆམ་མཐུན་ཡོང་བར་ཤུགས་བསྣན་ཏེ།མཉམ་དུ་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་འདུན་མ་མངོན་འགྱུར་འབྱུང་བར་འབད་འཐབ་ཧུར་ཐག་བྱེད་དགོས།

ཡུས་ཀྲེང་ཧྲེང་གིས་སྤྱི་བསྡོམས་གཏམ་བཤད་ཁྲོད་བསྟན་དོན།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུང་བཤད་གལ་ཆེན་དེས།ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་སྤྱི་ཡོངས་ཀྱི་འཐབ་ཇུས་མཐོ་ཚད་ནས།ཚན་རིག་དང་མཐུན་པར་ཆོས་ལུགས་བྱ་བའི་མདུན་དུ་ལྷགས་པའི་གནས་བབ་དང་ལས་འགན་ལ་དབྱེ་ཞིབ་བྱས་ཡོད་པ་དང་།ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཆོས་ལུགས་རིགས་པའི་གཞུང་ལུགས་གསལ་པོར་བཏོན་འདུག་ལ།ཆོས་ལུགས་བྱ་བའི་གལ་ཆེའི་གཞུང་ལུགས་དང་ལག་ལེན་གནད་དོན་རབས་དང་རིམ་པར་གཏིང་ཟབ་མོས་འགྲེལ་བཤད་བརྒྱབ་ཡོད།འདི་ལས་ང་ཚོའི་ཏང་གིས་ཆོས་ལུགས་གནད་དོན་དང་ཆོས་ལུགས་བྱ་བར་ངོས་ཟིན་བྱས་པ་དེ་མཐོ་ཚད་གསར་པ་ཞིག་ལ་སླེབས་ཡོད་པ་མཚོན་ཞིང་།ང་ཚོ་ལ་གནས་བབ་གསར་པའི་འོག་ཆོས་ལུགས་བྱ་བ་ལེགས་སྒྲུབ་བྱ་དགོས་པར་མཛུབ་སྟོན་བྱེད་པའི་རྩ་འཛིན་རང་བཞིན་གྱི་ཡིག་ཆ་ཡིན།གྲོས་ཚོགས་ཀྱི་དགོངས་དོན་ལ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་ན།གནད་འགག་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་ཤེས་རྟོགས་བྱེད་དགོས་ཤིང་།ཆོས་ལུགས་བྱ་བའི་གཞི་རྩའི་བྱེད་ཕྱོགས་རྒྱུན་འཁྱོངས་ཀྱི་གནད་འགག་ཡིན་ས་ཡང་དག་པར་ཁོང་དུ་ཆུད་པ་དང་།གསུང་བཤད་ཁྲོད་ཀྱི་ཆོས་ལུགས་གནད་དོན་སྐོར་གྱི་བསམ་བློ་གསར་པ་དང་ལྟ་བ་གསར་པ།བླང་བྱ་གསར་པ་བཅས་ཤེས་རྟོགས་ཟབ་མོ་བྱེད་དགོས་པ་དང་།དངོས་གནས་བསམ་བློ་དང་བྱ་སྤྱོད་དག་གསུང་བཤད་ཀྱི་དགོངས་དོན་སྟེང་ལ་གཅིག་གྱུར་ཡོང་བར་བྱེད་དགོས།ཆོས་ལུགས་བྱ་བའི་དམིགས་བསལ་གྱི་གལ་ཆེན་རང་བཞིན་ལ་གོ་བ་ཟབ་མོ་བླངས་ནས།དེ་ལས་ལྷག་པར་ཧུར་བརྩོན་རང་འགུལ་གྱི་སྒོ་ནས་གནས་བབ་གསར་པའི་འོག་གི་ཆོས་ལུགས་བྱ་བ་ལེགས་སྒྲུབ་བྱེད་དགོས།ཆོས་ལུགས་བྱ་བའི་ངོ་བོ་ནི་མང་ཚོགས་ཀྱི་བྱ་བ་ཡིན་པ་ལ་གོ་བ་ཟབ་མོ་བླངས་ནས།མང་ཚོགས་ཀྱི་བྱ་བའི་རིགས་ལམ་དང་བྱེད་ཐབས་བཀོལ་མཁས་པའི་སྒོ་ནས་བྱ་བ་སྤེལ་དགོས།རང་རྒྱལ་གྱི་ཆོས་ལུགས་ཀྱི་སྤྱི་ཚོགས་ནུས་པ་ལ་གོ་བ་ཟབ་མོ་བླངས་ནས། ཆེས་ཆེ་བའི་མཚམས་ཚད་ནས་ཆོས་ལུགས་ཀྱི་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱེད་པ་དང་།ཆེས་ཆེ་བའི་མཚམས་ཚད་ནས་ཆོས་ལུགས་ཀྱི་གནོད་པའི་ནུས་པ་ཚོད་འཛིན་བྱེད་དགོས།རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་དུ་འགྱུར་བའི་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་པ་ལ་གོ་བ་ཟབ་མོ་བླངས་ནས།ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་ཕན་ཚུན་འཕྲོད་མཐུན་ཡིན་པའི་རྒྱ་ཆེ་ཚད་དང་གཏིང་ཟབ་ཚད་རྒྱུན་ཆད་མིད་པར་མཐོ་རུ་འདེགས་དགོས།ཤིན་ཏུ་སྐྱོན་བྲལ་ཡིན་པའི་ཆོས་ལུགས་འབྲེལ་བ་འཛུགས་པར་གོ་བ་ཟབ་མོ་བླངས་ནས།ཆོས་ལུགས་འབྲེལ་བ་འཆམ་མཐུན་ཡིན་པ་ཁ་མིན་དོན་གྱིས་དངོས་འབེབས་དོན་འཁྱོལ་བྱེད་ཐུབ་ཏུ་འཇུག་དགོས། ཆོས་ལུགས་བྱ་བའི་ཁྲིམས་སྐྱོང་ཅན་གྱི་ཆུ་ཚད་མཐོ་རུ་འདེགས་པ་ལ་གོ་བ་ཟབ་མོ་བླངས་ནས།ཁྲིམས་ལྟར་ཆོས་ལུགས་ཁྱབ་ཁོངས་ཀྱི་འགལ་བ་དང་གནད་དོན་སྣ་ཚོགས་ཡང་དག་པར་ཐག་གཅོད་བྱེད་དགོས།ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་གྲོས་ཚོགས་ཀྱི་དགོངས་དོན་ལག་ལེན་དངོས་འབེབས་བྱེད་པར་དངོས་གནས་ལེགས་འཛིན་བྱས་ཏེ།སློབ་སྦྱོང་དང་དྲིལ་སྒྲོག་ལ་ཤུགས་སྣོན་པ་དང་།ཁ་མིན་དོན་གྱིས་གནད་དོན་ཐག་བཅད་ནས།བྱ་བའི་འགན་འཁྲི་དངོས་འབེབས་བྱེད་པ་དང་།ཀྲུང་དབྱང་གི་དགོངས་དོན་དང་བླང་བྱ་དངོས་འབེབས་དོན་འཁྱོལ་བྱེད་པར་ཁག་ཐེག་ནན་མོ་བྱེད་དགོས།

སློབ་གསོ་པུའུ་དང་སྤྱི་བདེ་པུའུ།ཧོ་པེ་ཞིང་ཆེན།ཅང་སུའུ་ཞིང་ཆེན།ཀོང་ཏུང་ཞིང་ཆེན།ཉིང་ཞ་ཧུའེ་རིགས་རང་སྐྱོང་ལྗོངས་ཀྱི་འགན་ཁུར་བློ་མཐུན་ཚོས་གྲོས་ཚོགས་སྟེང་གཏམ་བཤད།

པེ་ཅིན་དུ་ཡོད་པའི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི།རྒྱལ་སྲིད་ཨུ་ཡོན།ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་།ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཇན་ཁྲ་ཀྲང་བཅས་གྲོས་ཚོགས་ལ་ཞུགས།

ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་སོ་སོ།ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་སྡེ་དང་དེ་མིན་ཞིང་ཆེན་རིམ་པ་གཞོན་པའི་གྲོང་ཁྱེར་ཏང་ཨུ་དང་སྲིད་གཞུང་གི་འགན་ཁུར་བློ་མཐུན་རྣམས་དང་།ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་དང་དམག་དཔུང་གི་འབྲེལ་ཡོད་སྡེ་ཚན་གྱི་འགན་ཁུར་བློ་མཐུན་རྣམས་གྲོས་ཚོགས་ལ་ཞུགས།།

རྩོམ་སྒྲིག་པ། : ཀླུ་མོ་མཚོ།