2011ལོའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཁོར་ཡུག་སྲུང་སྐྱོང་གི་གཙོ་གནད་བྱ་བར་ཤུགས་སྣོན་པའི་སྐོར་གྱི་བསམ་འཆར།(སྟོད་ཆ)

རྒྱལ་སྤེལས(2011)ཡིག་ཨང35བ།

  ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་སོ་སོའི་མི་དམངས་སྲིད་གཞུང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་པུའུ་ཨུ་སོ་སོ་དང་ཐད་གཏོགས་ལས་ཁུངས་སོ་སོ་བཅས་ལ། ལོ་མང་པོའི་རིང་ལ། རང་རྒྱལ་གྱིས་རྒྱུན་མཐུད་འཕེལ་རྒྱས་ཀྱི་འཐབ་ཇུས་ཧུར་ཐག་གིས་ལག་བསྟར་བྱས་ནས། ཁོར་ཡུག་སྲུང་སྐྱོང་བྱ་རྒྱུ་དེ་འཐབ་ཇུས་གོ་གནས་གལ་ཆེན་སྟེང་བཞག་པ་དང་། ཁོར་ཡུག་གི་གནད་དོན་ཐག་གཅོད་པའི་ཤུགས་ཚད་རྒྱུན་མ་ཆད་པར་ཇེ་ཆེར་བཏང་སྟེ་གྲུབ་འབྲས་མངོན་གསལ་བླངས། ཡིན་ཡང་ཐོན་ལས་སྒྲིག་གཞི་དང་ཆགས་སྟངས་སྔར་བཞིན་ལུགས་མཐུན་མིན་པ་དང་། བཙོག་བཟོ་འགོག་བཅོས་ཀྱི་ཆུ་ཚད་སྔར་བཞིན་ཅུང་དམའ་ཞིང་། ཁོར་ཡུག་ལྟ་སྐུལ་དོ་དམ་ལམ་ལུགས་ད་དུང་འཐུས་ཚང་མིན་པ་སོགས་རྒྱུ་རྐྱེན་དུ་མའི་དབང་གིས། ཁོར་ཡུག་སྲུང་སྐྱོང་གི་གནས་བབ་སྔར་བཞིན་ཛ་དྲག་ཧ་ཅང་ཆེ། ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ་གཏིང་ཟབ་ཏུ་ལག་བསྟར་དངོས་འབེབ་བྱེད་པ་དང་། དཔལ་འབྱོར་གོང་དུ་སྤེལ་སྟངས་སྒྱུར་བར་གང་མགྱོགས་ཀྱིས་སྐུལ་འདེད་བཏང་སྟེ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་ཆུ་ཚད་ཇེ་མཐོར་གཏོང་ཆེད། ད་ལྟ་ཁོར་ཡུག་སྲུང་སྐྱོང་གི་གཙོ་གནད་བྱ་བར་ཤུགས་བསྣན་པར་གཞིགས་ནས་བསམ་འཆར་བཏོན་པ་གཤམ་གསལ་ལྟར།

གཅིག ཁོར་ཡུག་སྲུང་སྐྱོང་དང་ལྟ་སྐུལ་དོ་དམ་གྱི་ཆུ་ཚད་སྒོ་ཀུན་ནས་ཇེ་མཐོར་གཏོང་དགོས།

  (གཅིག) ཁོར་ཡུག་ལ་བཟོ་བའི་ཤུགས་རྐྱེན་གདེང་འཇོག་ལམ་ལུགས་ལག་བསྟར་ནན་མོ་བྱེད་དགོས། ཁོར་ཡུག་ལ་བཟོ་བའི་ཤུགས་རྐྱེན་ཁྲིམས་ལྟར་གདེང་འཇོག་བྱེད་དགོས་པའི་འབབ་རྒྱུད་གཙོ་བོ་དང་། ས་ཁོངས་གསར་སྤེལ་དང་ལས་རིགས་གོང་སྤེལ་འཆར་འགོད་དང་འཛུགས་སྐྲུན་ལས་གཞི་ཡིན་ཕྱིན། ཁོར་ཡུག་ལ་བཟོ་བའི་ཤུགས་རྐྱེན་གདེང་འཇོག་བྱེད་པའི་གོ་རིམ་གཟབ་ནན་སྒོས་ལག་བསྟར་བྱེད་དགོས་པ་མ་ཟད། བཙོག་དངོས་གཙོ་བོ་ཕྱིར་ཕྱུང་བའི་བསྡོམས་འབོར་ཚོད་འཛིན་བྱེད་པའི་དམིགས་ཚད་དེ་ལས་གཞི་གསར་སྐྲུན་དང་སྒྱུར་སྐྲུན། རྒྱས་སྐྲུན་བྱེད་པ་དེས་ཁོར་ཡུག་ལ་བཟོ་བའི་ཤུགས་རྐྱེན་གདེང་འཇོག་བྱས་ནས་ཞིབ་མཆན་འགོད་པའི་སྔོན་འགྲོའི་ཆ་རྐྱེན་དུ་བརྩི་དགོས། ཁོར་ཡུག་ལ་བཟོ་བའི་ཤུགས་རྐྱེན་གདེང་འཇོག་བྱེད་པའི་གོ་རིམ་ཕྱི་གསལ་ནང་གསལ་དུ་ཁྲོམ་བསྒྲགས་བྱས་ནས། སྤྱི་ཚོགས་སྟེང་གི་མང་ཚོགས་ཀྱི་བསམ་འཆར་བསྡུ་ལེན་གང་ལེགས་བྱེད་དགོས། འཆར་འགོད་ཀྱིས་ཁོར་ཡུག་ལ་བཟོ་བའི་ཤུགས་རྐྱེན་གདེང་འཇོག་དང་འཛུགས་སྐྲུན་ལས་གཞིས་ཁོར་ཡུག་ལ་བཟོ་བའི་ཤུགས་རྐྱེན་གདེང་འཇོག་བྱེད་པའི་མཉམ་སྐུལ་ནང་རྐྱེན་གསར་འཛུགས་དང་འཐུས་ཚང་དུ་གཏོང་དགོས། ཁོར་ཡུག་ལ་བཟོ་བའི་ཤུགས་རྐྱེན་གདེང་འཇོག་གི་ཡིག་ཆར་ཆོག་མཆན་མ་བཀོད་པའི་སྔོན་ལ་རང་དགར་གྱིས་འཛུགས་སྐྲུན་བྱེད་འགོ་བརྩམས་པ་དང་། འཛུགས་སྐྲུན་བྱེད་པའི་བརྒྱུད་རིམ་ཁྲོད་རང་དགར་གྱིས་སྒྱུར་བཅོས་ཆེན་པོ་བྱས་པ། ཡང་ན་ཁོར་ཡུག་སྲུང་སྐྱོང་བྱ་བར་ཞིབ་བཤེར་རྩིས་ལེན་མ་བྱས་པར་རང་དགར་གྱིས་ཐོན་སྐྱེད་བྱེད་འགོ་བརྩམས་པ་སོགས་ཁྲིམས་འགལ་གྱི་བྱ་སྤྱོད་ལ། དོ་དམ་སྡེ་ཁག་དང་འབྲེལ་ཡོད་ཁེ་ལས་དང་མི་སྣའི་འགན་འཁྲི་ཁྲིམས་ལྟར་རྩད་གཅོད་དགོས།

  (གཉིས།) བཙོག་དངོས་གཙོ་བོ་ཕྱིར་ཕྱུང་བའི་བསྡོམས་འབོར་ཇེ་ཉུང་དུ་གཏོང་བའི་ཐད་མུ་མཐུད་དུ་ཤུགས་སྣོན་དགོས། བཙོག་དངོས་ཕྱུང་ཚད་ཇེ་ཉུང་དུ་གཏོང་བར་བསྡོམས་རྩིས་དང་ལྟ་ཞིབ་ཚད་ལེན། ཞིབ་དཔྱད་བཅས་བྱེད་པའི་མ་ལག་འཐུས་ཚང་དུ་གཏོང་བ་དང་། ས་ཁུལ་སོ་སོས་ཁྱད་ཆོས་ལྡན་པའི་བཙོག་དངོས་ཕྱིར་ཕྱུང་བའི་བསྡོམས་འབོར་ཚོད་འཛིན་བྱེད་པར་སྐུལ་བསྟོད་བྱེད་དགོས། ཤོག་བུ་བཟོ་བ་དང་པར་འདེབས་ཚོས་རྒྱག རྫས་འགྱུར་བཟོ་ལས་སོགས་ལས་རིགས་ལ་རྫས་འགྱུར་དབྱང་དབུགས་མཁོ་ཚད་དང་ཨན་དང་ཏན་ཕྱིར་ཕྱུང་བའི་བསྡོམས་འབོར་ཚོད་འཛིན་བྱེད་པར་ཤུགས་སྣོན་དགོས། བཙོག་ཆུ་ཐག་གཅོད་སྒྲིག་བཀོད་དང་འདམ་སྙིགས་ཐག་གཅོད་སྒྲིག་བཀོད། བཙོག་ཆུ་དྭངས་བཟོ་བེད་སྤྱོད་སྒྲིག་བཀོད། གད་སྙིགས་ཀྱི་ཟགས་ཆུ་ཐག་གཅོད་སྒྲིག་བཀོད་བཅས་འཛུགས་སྐྲུན་བྱེད་ཐད་ཤུགས་སྣོན་དགོས། ད་ཡོད་ཀྱི་བཙོག་ཆུ་ཐག་གཅོད་བཟོ་གྲྭར་གདང་རིམ་སྤར་ནས་སྒྱུར་བཀོད་བྱེད་དགོས། མཁར་གྲོང་གི་བཙོག་ཆུ་བསྡུ་འདྲེན་དྲ་སྦུག་འཐུས་ཚང་དུ་བཏང་ནས། ཆར་ཆུ་དང་བཙོག་ཆུ་རང་ས་ནས་བཞུར་བར་སྒྱུར་བཀོད་བྱེད་པར་སྐུལ་འདེད་གཏོང་དགོས། མཁར་གྲོང་གི་བཙོག་ཆུ་དང་གད་སྙིགས་ཐག་གཅོད་སྒྲིག་བཀོད་འཁོར་རྒྱུག་བྱེད་ཚུལ་ལ་ལྟ་སྐུལ་དོ་དམ་བྱེད་ཤུགས་ཇེ་ཆེར་གཏོང་དགོས། གློག་ཤུགས་ལས་རིགས་ལ་དབྱང་གཉིས་མུ་སི་དང་ཏན་དབྱང་རྫས་འགྱུར་དངོས་རྫས་ཕྱིར་ཕྱུང་བའི་བསྡོམས་འབོར་ཚོད་འཛིན་བྱེད་པ་དང་། རྡོ་སོལ་གློག་འདོན་བཟོ་གྲྭས་མུ་སི་འདོན་པའི་ཐད་མུ་མཐུད་དུ་ཤུགས་བསྣན་ཐོག རྡོ་སོལ་གློག་འདོན་བཟོ་གྲྭས་ཞའོ་འདོན་པ་སྒོ་ཀུན་ནས་ཁྱབ་སྤེལ་བྱེད་པ་དང་། རྡོ་སོལ་འབུད་པའི་འཕྲུལ་འཁོར་ཚན་པ་གསར་དུ་འཛུགས་པའི་ཆབས་ཅིག་ཏུ་མུ་སི་དང་ཞའོ་འདོན་པའི་སྒྲིག་བཀོད་བསྐྲུན་དགོས། ངར་ལྕགས་ལས་རིགས་ལ་དབྱང་གཉིས་མུ་སི་དང་ཏན་དབྱང་རྫས་འགྱུར་དངོས་རྫས་ཕྱིར་ཕྱུང་བའི་བསྡོམས་འབོར་ཚོད་འཛིན་བྱེད་པ་དང་། ཨར་འདམ་དང་རྡོ་སྣུམ་རྫས་འགྱུར་བཟོ་ལས། རྡོ་སོལ་རྫས་འགྱུར་བཟོ་ལས་སོགས་ལས་རིགས་ཀྱི་དབྱང་གཉིས་མུ་སི་དང་ཏན་དབྱང་རྫས་འགྱུར་དངོས་རྫས་བཅོས་སྐྱོང་བྱེད་ཤུགས་ཇེ་ཆེར་གཏོང་དགོས། རླུང་ཁམས་ཆེན་པོ་བཙོག་པོར་བཟོ་བ་མཉམ་འབྲེལ་གྱིས་སྔོན་འགོག་ཚོད་འཛིན་བྱེད་པའི་གཙོ་གནད་ས་ཁོངས་སུ་རྡོ་སོལ་འཛད་སྤྱོད་ཀྱི་བསྡོམས་འབོར་ཚོད་འཛིན་བྱེད་པར་ཚོད་ལྟ་བྱེད་དགོས། འཕྲུལ་སྒུལ་རླངས་འཁོར་དང་གྲུ་གཟིངས་མཇུག་གི་དུ་བའི་ཏན་དབྱང་རྫས་འགྱུར་དངོས་རྫས་བཅོས་སྐྱོང་བྱེད་དགོས། གཙོ་གནད་ལས་རིགས་ཁོར་ཡུག་ཏུ་ཞུགས་ཆོག་མིན་དང་སྙིགས་རོ་ཕྱིར་གཏོང་བའི་ཚད་གཞི་ཇེ་མཐོར་གཏོང་དགོས། ཞིང་ལས་དང་ཞིང་སྡེ་བཙོག་པོར་བཟོ་བའི་སྙིགས་རོ་ཕྱུང་ཚད་ཇེ་ཉུང་དུ་གཏོང་བར་སྐུལ་འདེད་དང་། གཞི་ཁྱོན་ལྡན་པའི་ཕྱུགས་བྱ་གསོ་སྤེལ་བྱས་ནས་བཙོག་པོར་བཟོ་བ་འགོག་བཅོས་བྱ་བ་ཤུགས་ཡོད་རྒུས་ལེགས་འཛིན་བྱེད་དགོས།

  (གསུམ།) ཁོར་ཡུག་སྐོར་གྱི་ཁྲིམས་ལག་བསྟར་བྱེད་ཚུལ་ལ་ལྟ་སྐུལ་དོ་དམ་བྱེད་ཤུགས་ཇེ་དྲག་ཏུ་གཏོང་དགོས། འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་གཏན་འབེབ་དང་བཟོ་བཅོས་བྱེད་པར་དམ་འཛིན་གྱིས་སྐུལ་འདེད་བཏང་སྟེ། ཁོར་ཡུག་སྲུང་སྐྱོང་བྱ་བར་དེ་བས་འཐུས་སྒོ་ཚང་ཞིང་ནུས་ལྡན་གྱི་ཁྲིམས་ལུགས་འགན་སྲུང་འདོན་སྤྲོད་བྱེད་དགོས། ཁྲིམས་ལག་བསྟར་གྱི་གོ་རིམ་འཐུས་ཚང་དུ་གཏོང་བ་དང་། ཁྲིམས་ལག་བསྟར་གྱི་བྱ་སྤྱོད་ཚད་ལྡན་དུ་བཏང་ཐོག ཁྲིམས་ལག་བསྟར་གྱི་འགན་འཁྲིའི་ལམ་ལུགས་གསར་འཛུགས་བྱེད་དགོས། ཁོར་ཡུག་སྲུང་སྐྱོང་བྱ་བའི་ནམ་རྒྱུན་གྱི་ལྟ་སྐུལ་དོ་དམ་དང་ཁྲིམས་ལག་བསྟར་བྱས་ཚུལ་ལ་ཞིབ་བཤེར་བྱེད་ཐད་ཤུགས་སྣོན་དགོས། ཁྲིམས་འགལ་གྱིས་སྙིགས་རོ་ཕྱུང་བའི་ཁེ་ལས་ལ་དག་ཐེར་བཅོས་སྐྱོང་བྱས་ཏེ་མང་ཚོགས་ཀྱི་བདེ་ཐང་འགན་སྲུང་དང་ཁོར་ཡུག་སྲུང་སྐྱོང་གི་ཆེད་དམིགས་བྱ་འགུལ་མུ་མཐུད་དུ་སྤེལ་བ་དང་། ཁོར་ཡུག་སྐོར་གྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་ལག་བསྟར་དང་ཁོར་ཡུག་གི་གནད་དོན་ལེགས་སྒྱུར་བྱས་པའི་གནས་ཚུལ་ལ་རྗེས་དེད་ནས་ལྟ་སྐུལ་ཞིབ་དཔྱད་བྱེད་དགོས། འཛུགས་སྐྲུན་ལས་གཞི་བསྐྲུན་པའི་བརྒྱུད་རིམ་ཧྲིལ་བོར་ཁོར་ཡུག་ལ་ལྟ་སྐུལ་དོ་དམ་ལམ་ལུགས་དང་སྐྱེ་ཁམས་ཁོར་ཡུག་ལ་ལྟ་ཞིབ་བྱེད་པའི་ལམ་ལུགས་གསར་འཛུགས་བྱེད་དགོས། སྲིད་འཛིན་ས་ཁོངས་བརྒལ་བའི་ཁོར་ཡུག་གི་ཁྲིམས་འཛིན་མཉམ་ལས་ནང་རྐྱེན་དང་སྡེ་ཁག་མཉམ་འབྲེལ་གྱིས་ཁྲིམས་འཛིན་པའི་ནང་རྐྱེན་འཐུས་ཚང་དུ་གཏོང་དགོས། ཁོར་ཡུག་བཙོག་བཟོས་དང་སྐྱེ་ཁམས་ལ་གཏོར་བརླག་བཏང་བའི་དོན་རྐྱེན་ཁྲིམས་ལྟར་ཞིབ་གཅོད་བྱེད་དགོས། འབབ་རྒྱུད་དང་ཁྱབ་ཁོངས། ལས་རིགས་ལ་ཆོག་མཆན་འགོད་པར་ཚོད་འཛིན་དང་སྒོ་བྱང་བཀལ་ནས་བསྒྲུབ་པར་ལྟ་སྐུལ་སོགས་ལྟ་སྐུལ་ཞིབ་བཤེར་ལམ་ལུགས་ལག་བསྟར་བྱེད་དགོས། ཁོར་ཡུག་སྲུང་སྐྱོང་གི་དམིགས་འབེན་ལས་འགན་ཡོངས་འགྲུབ་མ་བྱས་པའམ་ཁོར་ཡུག་ཕྱོགས་ཀྱི་ཐོལ་བྱུང་དོན་རྐྱེན་ཆེན་པོའམ་ཆེས་ཆེན་པོ་བྱུང་བར་འགན་ཁུར་དགོས་པའི་ས་གནས་སྲིད་གཞུང་གི་འགོ་ཁྲིད་པར་ཁ་ཆད་བཞག་སྟེ། དག་ཐེར་བཅོས་སྐྱོང་བྱེད་ཐབས་དངོས་འབེབ་བྱེད་དགོས། ཐོན་སྐྱེད་པའི་འགན་འཁྲི་རྒྱུན་བསྲིང་བའི་ལམ་ལུགས་ཁྱབ་སྤེལ་བྱེད་དགོས། ཁེ་ལས་ཀྱི་ཁོར་ཡུག་ལྟ་སྐུལ་པའི་ལམ་ལུགས་ཟབ་སྤེལ་བྱས་ནས། ཐོབ་ཐང་ཅན་གྱི་དོ་དམ་ལག་བསྟར་བྱེད་དགོས། ཁོར་ཡུག་སྲུང་སྐྱོང་ཐེར་འདོན་ལམ་ལུགས་བཙུགས་ནས་འཐུས་ཚང་དུ་གཏོང་བ་དང་། ཆ་འཕྲིན་ཁྲོམ་བསྒྲགས་བྱེད་པ་རྒྱ་ཁྱབ་ཏུ་ལག་བསྟར་བྱས་ཐོག ཁོར་ཡུག་སྲུང་སྐྱོང་བྱེད་ཚུལ་ལ་སྤྱི་ཚོགས་ཀྱིས་ལྟ་སྐུལ་བྱེད་པར་ཤུགས་སྣོན་དགོས།

  (བཞི།) ཁོར་ཡུག་གི་ཉེན་ཁ་ནུས་ཡོད་ཀྱིས་འགོག་ཟོན་དང་ཁོར་ཡུག་ཕྱོགས་ཀྱི་ཐོལ་བྱུང་དོན་རྐྱེན་འོས་མཐུན་གྱིས་ཐག་གཅོད་དགོས། སྔོན་འགོག་གཙོ་ཡིན་པའི་ཁོར་ཡུག་གི་ཉེན་ཁ་དོ་དམ་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། ཁོར་ཡུག་ལ་དགོས་མཁོར་བསྟུན་ནས་རིམ་པ་བགོ་བ་དང་འགུལ་རྣམ་གྱིས་དོ་དམ་དང་བརྒྱུད་རིམ་ཧྲིལ་བོར་དོ་དམ་བྱེད་པ་ལག་བསྟར་བྱེད་པ་དང་། ཁྲིམས་དང་ཚན་རིག་གཉིས་ཀར་མཐུན་པའི་སྒོ་ནས་ཁོར་ཡུག་ཕྱོགས་ཀྱི་ཐོལ་བྱུང་དོན་རྐྱེན་འོས་མཐུན་གྱིས་ཐག་གཅོད་དགོས། ཁོར་ཡུག་གི་ཉེན་ཁར་དོ་དམ་དང་མཁོ་བསྟུན་རོགས་སྐྱོབ་མ་ལག་སྔར་ལས་ཕན་ནུས་མཐོན་པོ་ཅན་འཛུགས་སྐྲུན་བྱས་ནས། ཁོར་ཡུག་གི་མཁོ་བསྟུན་ལྟ་ཞིབ་ཚད་ལེན་དང་ཐག་གཅོད་ནུས་པ་ཇེ་མཐོར་གཏོང་དགོས། དངོས་གནས་ལག་བསྟར་བྱས་ཆོག་པའི་ཁོར་ཡུག་གི་མཁོ་བསྟུན་འཆར་ཟིན་གཏན་འབེབ་བྱེད་པ་དང་། དགོས་ངེས་ཀྱི་རོགས་སྐྱོབ་དངོས་རྫས་དང་སྒྲིག་ཆས་སྒྲིག་སྦྱོར་དང་། ཁོར་ཡུག་གི་མཁོ་བསྟུན་དོ་དམ་དང་ལག་རྩལ་གྱི་འདེགས་སྐྱོར། ཐག་གཅོད་དང་རོགས་སྐྱོབ་དཔུང་སྡེའི་འཛུགས་སྐྲུན་ཐད་ཤུགས་བསྣན་ཐོག དུས་བཅད་ལྟར་རྩ་འཛུགས་བྱས་ནས་གསོ་སྦྱོང་དང་དངོས་སྦྱོང་བྱེད་དགོས། གཙོ་གནད་འབབ་བརྒྱུད་དང་ཁྱབ་ཁོངས་ཀྱི་ཁོར་ཡུག་དང་བདེ་ཐང་ཕྱོགས་ལ་བརྟག་དཔྱད་ཞིབ་འཇུག་བྱེད་དགོས། བཙོག་བཟོས་དོན་རྐྱེན་མཁོ་བསྟུན་ཐག་གཅོད་བྱ་བ་ཤུགས་ཡོད་རྒུས་ལེགས་སྒྲུབ་བྱེད་པ་དང་། དུས་ཐོག་ཏུ་བརྡ་འཕྲིན་ཡང་དག་པར་ཁྱབ་སྤེལ་བྱས་ནས། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་ལ་གྱོང་གུད་དང་སྐྱེ་ཁམས་ཁོར་ཡུག་ལ་གནོད་འཚེ་ཐེབས་ཚད་ཇེ་ཉུང་དུ་གཏོང་དགོས། འགན་འཁྲི་རྩད་གཅོད་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། ཁེ་ལས་ཀྱི་ཁོར་ཡུག་བདེ་འཇགས་ཀྱི་འགན་འཁྲི་གཙོ་བོ་གཟབ་ནན་སྒོས་དངོས་འབེབ་བྱས་ཐོག ས་གནས་སྲིད་གཞུང་གི་ཁོར་ཡུག་བདེ་འཇགས་ལ་ལྟ་སྐུལ་དོ་དམ་བྱེད་པའི་འགན་འཁྲི་ཤུགས་དྲག་ཏུ་གཏོང་དགོས།

  གཉིས། ཚན་རིག་ལྟར་འཕེལ་རྒྱས་གཏོང་བར་གནོད་རྐྱེན་བཟོ་བ་དང་མང་ཚོགས་ཀྱི་བདེ་ཐང་ལ་གནོད་སྐྱེལ་བའི་འབུར་ཐོན་གྱི་ཁོར་ཡུག་གནད་དོན་ཤུགས་ཡོད་རྒུས་ཐག་གཅོད་དགོས།

  (ལྔ།) ལྕི་བའི་ལྕགས་རིགས་ཀྱིས་བཙོག་བཟོ་འགོག་བཅོས་ཐད་དངོས་གནས་ཤུགས་སྣོན་དགོས། གནད་སའི་སྔོན་འགོག་ཚོད་འཛིན་བྱེད་སའི་ལྕི་བའི་ལྕགས་རིགས་ཀྱིས་བཙོག་བཟོ་ས་ཁུལ་དང་ལས་རིགས། ཁེ་ལས་བཅས་ལ་གཅིག་བསྡུས་ཀྱིས་བཅོས་སྐྱོང་བྱེད་དགོས། ལྕི་བའི་ལྕགས་རིགས་དང་འབྲེལ་བའི་ཁེ་ལས་ཀྱི་ཁྱབ་སྟངས་ལུགས་མཐུན་གྱིས་ལེགས་སྒྲིག་བྱེད་པ་དང་། འཕྲོད་བསྟེན་འགོག་སྲུང་གི་བར་ཐག་གཟབ་ནན་སྒོས་དངོས་འབེབ་བྱས་ཐོག གནད་སའི་སྔོན་འགོག་ཚོད་འཛིན་ཁྱབ་ཁོངས་སུ་ལྕི་བའི་ལྕགས་རིགས་ཀྱིས་བཙོག་བཟོ་སྙིགས་རོ་ཕྱིར་ཕྱུང་བའི་བསྡོམས་འབོར་ཇེ་མང་དུ་གཏོང་བའི་ལས་གཞི་གསར་སྐྲུན་དང་སྒྱུར་སྐྲུན་རྒྱས་སྐྲུན་བྱེད་པར་རྦད་ཆོད་ཀྱིས་གཏན་འགོག་བྱེད་དགོས། ལྕི་བའི་ལྕགས་རིགས་དང་འབྲེལ་བའི་ཁེ་ལས་ཀྱི་ཁོར་ཡུག་ལ་ལྟ་སྐུལ་དོ་དམ་བྱེད་ཐད་ཤུགས་བསྣན་ནས་ཚད་གཞི་དང་མཐུན་པའི་སྒོ་ནས་སྙིགས་རོ་ཕྱིར་ཕྱུང་བར་ཁག་ཐེག་བྱེད་དགོས། ལྕི་བའི་ལྕགས་རིགས་ཀྱིས་བཙོག་པོར་བཟོས་པའི་ཁེ་ལས་ལ་ཉེས་ཆད་གཅོད་ཤུགས་ཇེ་ཆེར་གཏོང་བ་དང་། དུས་བཅད་ལྟར་དག་ཐེར་བཅོས་སྐྱོང་བྱེད་ཐབས་སྤྱད་དེ་སྔར་བཞིན་བླང་བྱ་དང་མཐུན་པར་བྱེད་མི་ཐུབ་ཚེ། ཁྲིམས་ལྟར་སྒོ་གཏན་པའམ་ཐོན་སྐྱེད་བྱེད་མཚམས་འཇོག་པ་དང་ཡང་ན་བེད་མེད་དུ་བཟོ་དགོས། གློག་ཆས་དང་གློག་རྡུལ་ཐོན་རྫས་བེད་མེད་རྙིང་བ་ཕྱིར་བསྡུ་ཐག་གཅོད་བྱ་འགུལ་ཚད་ལྡན་དུ་བཟོ་བ་དང་། ཐོན་རྫས་བེད་མེད་རྙིང་བ་ཕྱིར་བསྡུ་མ་ལག་དང་གཅིག་བསྡུས་ཀྱིས་ལས་སྣོན་ཐག་གཅོད་ར་བ་འཛུགས་སྐྲུན་བྱེད་དགོས། ལྕི་བའི་ལྕགས་རིགས་ཀྱིས་བཙོག་པོར་བཟོས་པའི་ལོ་རྒྱུས་ཀྱི་ཤུལ་བཞག་གནད་དོན་ཧུར་ཐག་གིས་ཐག་གཅོད་དགོས།

  (དྲུག) རྫས་འགྱུར་དངོས་རྫས་ཀྱི་ཁོར་ཡུག་དོ་དམ་གཟབ་ནན་བྱེད་དགོས། རྫས་འགྱུར་དངོས་རྫས་ཀྱི་ལས་གཞི་ཁྱབ་སྟངས་ལ་ལེགས་སྒྲིག་དང་གདེང་འཇོག་བྱས་ཏེ། རྡོ་སྣུམ་དང་རྫས་འགྱུར་བཟོ་ལས་སོགས་ལས་གཞི་ཚན་རིག་དང་མཐུན་པར་འཆར་འགོད་དང་ལུགས་མཐུན་སྒོས་བཀོད་སྒྲིག་བྱེད་དགོས། རྫས་འགྱུར་དངོས་རྫས་ཐོན་སྐྱེད་བདག་གཉེར་བྱེད་མཁན་ཁེ་ལས་ཀྱི་ཁོར་ཡུག་གི་མངོན་མེད་རྐྱེན་ངན་ལ་རིམ་པ་བཞིན་ཞིབ་བཤེར་བྱེད་པ་དང་། རྒྱ་མཚོ་དང་གཙང་བོ། མཚེའུ་བཅས་འགྲམ་རྒྱུད་ཀྱི་རྫས་འགྱུར་བཟོ་ལས་ལ་ཕྱོགས་བསྡུས་ཀྱིས་དག་ཐེར་བཅོས་སྐྱོང་བྱེད་པ་དང་། བདེ་འཇགས་འགན་སྲུང་བྱེད་ཐབས་ཤུགས་དྲག་ཏུ་གཏོང་དགོས། ཁོར་ཡུག་གི་ཉེན་ཁར་གདེང་འཇོག་བྱ་བ་དེ་ཉེན་ཡོད་རྫས་འགྱུར་དངོས་རྫས་ཀྱི་ལས་གཞིར་གདེང་འཇོག་བྱེད་པའི་ནང་དོན་གལ་ཆེན་དུ་རྩིས་ནས། རྫས་འགྱུར་དངོས་རྫས་ཐོན་སྐྱེད་བྱེད་པའི་ཁོར་ཡུག་ཆོག་འཐུས་ཆ་རྐྱེན་དང་འཛུགས་སྐྲུན་ཚད་གཞི་ཇེ་མཐོར་བཏང་ཐོག རྫས་འགྱུར་དངོས་རྫས་འཛུགས་སྐྲུན་ལས་གཞིའི་ཁོར་ཡུག་བདེ་འཇགས་ཀྱི་འགོག་སྲུང་བར་ཐག་ཚན་རིག་དང་མཐུན་པའི་སྒོ་ནས་གཏན་ཁེལ་བྱེད་པ་མ་ཟད་དངོས་འབེབ་བྱེད་དགོས། དུག་ཆེ་ཞིང་དུག་སེལ་དཀའ་བ་དང་། ཁོར་ཡུག་ལ་ཉེན་ཁ་ཆེ་བའི་རྫས་འགྱུར་དངོས་རྫས་ཁྲིམས་ལྟར་བེད་མེད་དུ་བཟོ་བ་དང་། ཁོར་ཡུག་ལ་ཉེན་ཁ་ཆེ་བའི་རྫས་འགྱུར་དངོས་རྫས་ཐོན་སྐྱེད་དང་བེད་སྤྱོད་པར་ཚོད་འཛིན་དགོས། བཟོ་ལས་ཐོན་རྫས་སྐྱེ་ཁམས་དང་འཕྲོད་པར་ཇུས་འགོད་བྱེད་པ་ཁྱབ་སྤེལ་བྱེད་དགོས། རྫས་འགྱུར་དངོས་རྫས་ཀྱི་བརྒྱུད་རིམ་ཧྲིལ་བོའི་ཁོར་ཡུག་གི་དོ་དམ་ལམ་ལུགས་འཐུས་ཚང་དུ་གཏོང་དགོས། རྒྱུན་དུ་སྐྱེ་ལྡན་བཙོག་དངོས་ཕྱིར་གཏོང་བའི་གཙོ་གནད་ཁེ་ལས་ལ་ལྟ་སྐུལ་དོ་དམ་བྱེད་ཐད་ཤུགས་སྣོན་དགོས། རྫས་འགྱུར་དངོས་རྫས་ཀྱིས་ཁོར་ཡུག་བཙོག་པོར་བཟོས་པའི་འགན་འཁྲིར་ནམ་ཡང་རྩད་གཅོད་པའི་ལམ་ལུགས་དང་བརྒྱུད་རིམ་ཧྲིལ་བོའི་སྲིད་འཛིན་འགན་འཁྲི་འདྲི་རྩད་ལམ་ལུགས་གསར་འཛུགས་བྱེད་དགོས།

  (བདུན།) ཉིང་རྡུལ་དང་འགྱེད་འཕྲོའི་བདེ་འཇགས་ཁག་ཐེག་བྱེད་དགོས། ཉིང་རྡུལ་སྒྲིག་བཀོད་འཁོར་སྐྱོད་ལ་ལྟ་སྐུལ་དོ་དམ་བྱེད་པ་གཙོ་གནད་བྱས་ཏེ། གསར་སྐྲུན་དང་རྒྱས་སྐྲུན་བྱས་པའི་ཉིང་རྡུལ་སྒྲིག་བཀོད་ཀྱི་བདེ་འཇགས་ལ་ཞིབ་བཤེར་དང་གདེང་འཇོག་བྱེད་ཤུགས་ཇེ་དྲག་ཏུ་གཏོང་བ་དང་། ཉིང་རྡུལ་སྒྲིག་བཀོད་རྙིང་བ་བཀོལ་མཚམས་འཇོག་པ་དང་འགྱེད་འཕྲོ་རང་བཞིན་གྱི་བེད་མེད་དངོས་རྫས་བཅོས་སྐྱོང་བྱེད་པར་སྐུལ་འདེད་གཏོང་དགོས། ཉིང་རྡུལ་རྒྱུ་ཆ་དང་འགྱེད་འཕྲོ་རང་བཞིན་གྱི་དངོས་རྫས་ཐོན་སྐྱེད་དང་སྐྱེལ་འདྲེན། གསོག་ཉར་སོགས་ལྷུ་ཚིགས་ཀྱི་བདེ་འཇགས་དོ་དམ་དང་འགྱེད་འཕྲོ་འགོག་སྲུང་བྱེད་ཐད་ཤུགས་བསྣན་ཐོག ཡུ་གཏེར་དང་ལྷན་སྐྱེས་ཀྱི་འཕྲོ་བའི་རང་བཞིན་ལྡན་པའི་གཏེར་ཁའི་ཁོར་ཡུག་སྲུང་སྐྱོང་བྱེད་པར་སྐུལ་འདེད་གཏོང་དགོས། འཕྲོ་རྫས་འབྱུང་ཁུངས་དང་འཕྲོ་འོད་སྒྲིག་ཆས། གནོན་ཤུགས་མཐོ་བའི་གློག་སྐྱེལ་གློག་སྒྱུར་དང་སྤོ་འགུལ་འཕྲིན་སྐྱེལ་བཟོ་འགོད་སོགས་འགྱེད་འཕྲོའི་ཁོར་ཡུག་དོ་དམ་བྱེད་ཤུགས་ཇེ་དྲག་ཏུ་གཏོང་དགོས། ཉིང་རྡུལ་དང་འགྱེད་འཕྲོའི་བདེ་འཇགས་ཞིབ་བཤེར་གདེང་འཇོག་བྱེད་ཐབས་འཐུས་ཚང་དུ་གཏོང་བ་དང་། འགྱེད་འཕྲོའི་ཁོར་ཡུག་ལྟ་ཞིབ་ཚད་ལེན་དང་ལྟ་སྐུལ་མ་ལག་འཐུས་ཚང་དུ་བཏང་སྟེ། རྒྱལ་ཁབ་ཀྱི་ཉིང་རྡུལ་དང་འགྱེད་འཕྲོའི་བདེ་འཇགས་ལྟ་སྐུལ་དོ་དམ་ལག་རྩལ་ཞིབ་འཇུག་གསར་སྤེལ་རྟེན་གཞི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། ལྟ་སྐུལ་དོ་དམ་ལག་རྩལ་གྱི་འདེགས་སྐྱོར་ལས་སྟེགས་བསྐྲུན་དགོས།

  (བརྒྱད།) ཁྱབ་ཁོངས་གཙོ་བོ་བཙོག་པོར་བཟོ་བ་ཕྱོགས་བསྡུས་ཀྱིས་འགོག་བཅོས་གཏིང་ཟབ་ཏུ་བྱེད་དགོས། བཏུང་ཆུའི་ཆུ་ཁུངས་སྲུང་སྐྱོང་ས་ཁུལ་དབྱེ་འབྱེད་དང་དོ་དམ་ནན་མོ་བྱས་ཏེ། དུས་བཅད་ལྟར་ཆུའི་རྒྱུ་སྤུས་ལ་ཕྱོགས་ཡོངས་ནས་དབྱེ་ཞིབ་བྱེད་པ་དང་། ཆུ་འབྱུང་ཡུལ་གྱི་ཁོར་ཡུག་བཅོས་སྐྱོང་དང་སླར་གསོ། འཛུགས་སྐྲུན་བཅས་ཀྱི་བཟོ་འགོད་ལག་བསྟར་བྱས་ནས། ཆུའི་རྒྱུ་སྤུས་ཚད་གཞིར་བསླེབས་ཚད་ཇེ་མཐོར་གཏོང་དགོས། ས་འོག་གི་ཆུ་བཙོག་པོར་བཟོས་པའི་གནས་ཚུལ་ལ་བརྟག་དཔྱད་དང་ཉེན་ཁར་ཞིབ་བཤེར་གདེང་འཇོག ཞིག་གསོ་དཔེ་སྟོན་བཅས་བྱེད་དགོས། འབབ་རྒྱུད་གཙོ་བོའི་ཆུ་བཙོག་པོར་བཟོས་པ་འགོག་བཅོས་བྱེད་པ་མུ་མཐུད་དུ་ཁྱབ་སྤེལ་བྱེད་པ་དང་། ཞིབ་དཔྱད་ནང་རྐྱེན་འཐུས་ཚང་དུ་གཏོང་དགོས། པོ་དབྱང་མཚེའུ་དང་ཏུང་ཐིང་མཚེའུ། ཧུང་ཙེ་མཚེའུ་སོགས་མཚེའུ་བཙོག་པོར་བཟོས་པ་བཅོས་སྐྱོང་བྱེད་ཐད་ཤུགས་སྣོན་དགོས། ཆུའི་རྒྱུ་སྤུས་བཟང་བའམ་སྐྱེ་ཁམས་ཉམས་ཞན་པའི་མཚེའུ་ལ་སྲུང་སྐྱོང་བྱེད་ཤུགས་ཇེ་ཆེར་གཏོང་དགོས། སྐྱེ་ཁམས་ཧ་ཅང་དོ་མཉམ་མིན་པར་གཏོང་སྲིད་པའི་ས་གནས་སུ་མཚོ་མཐའ་བསྐོར་ནས་སྙོམ་པའི་བྱ་འགུལ་སྤེལ་མི་ཆོག་པ་དང་། རྒྱ་མཚོའི་ནང་འབེབ་པའི་གཙང་བོ་བཙོག་པོར་བཟོས་པ་བཅོས་སྐྱོང་དང་རྒྱ་མཚོའི་ནང་བཅོག་ཆུ་གཏོང་སར་ལྟ་སྐུལ་དོ་དམ་བྱེད་ཐད་ཤུགས་བསྣན་ཐོག པའོ་ཧེ་མཚོ་དང་འབྲི་ཆུ། རྨ་ཆུ། ཀྲུའུ་ཅང་གཙང་བོ་སོགས་ཀྱི་ཆུ་རྔའི་མཚོ་ཁོངས་ཀྱི་ཁོར་ཡུག་གི་སྤུས་ཚད་གནད་སར་བཟུང་སྟེ་ལེགས་བཅོས་བྱེད་དགོས། ཁོར་ཡུག་གི་མཁའ་དབུགས་ཀྱི་སྤུས་ཚད་ཚད་གཞི་བཟོ་བཅོས་བྱེད་པ་དང་། རླུང་ཁམས་ཆེན་པོ་བཙོག་པོར་བཟོ་བའི་དངོས་པོར་ལྟ་ཞིབ་ཚད་ལེན་གྱི་དམིགས་ཚད་ཇེ་ཆེར་གཏོང་བ་དང་། ཁོར་ཡུག་གི་སྤུས་ཚད་གདེང་འཇོག་བྱེད་ཐབས་ཇེ་ལེགས་སུ་གཏོང་དགོས། ཁྱབ་ཁོངས་གཙོ་བོའི་རླུང་ཁམས་ཆེན་པོ་བཙོག་པོར་བཟོ་བར་མཉམ་འབྲེལ་གྱིས་སྔོན་འགོག་ཚོད་འཛིན་བྱེད་པའི་ནང་རྐྱེན་འཐུས་ཚང་དུ་བཏང་སྟེ། བཙོག་དངོས་སྣ་མང་མཉམ་འབྲེལ་གྱིས་ཚོད་འཛིན་བྱས་ཐོག ཡལ་སླ་བའི་སྐྱེ་ལྡན་བཙོག་དངོས་ཕྱིར་གཏོང་ཚད་ཚོད་འཛིན་ནན་མོ་བྱེད་དགོས། རུལ་དྲི་དང་འུར་སྒྲ བཟའ་བཏུང་གི་དུ་དྲེག་བཅས་ཀྱིས་བཙོག་པོར་བཟོ་བ་ཚོད་འཛིན་བྱེད་ཐད་ཤུགས་སྣོན་དགོས། གྲོང་ཁྱེར་གྱི་འཚོ་བའི་གད་སྙིགས་གནོད་མེད་ཅན་དུ་གཏོང་ཤུགས་ཇེ་ཆེར་གཏོང་དགོས། བཙོག་པོར་བཟོས་པའི་ས་གནས་ཡང་བསྐྱར་གསར་སྤེལ་བྱས་ཏེ་བེད་སྤྱོད་པར། ཁོར་ཡུག་ལ་གདེང་འཇོག་བྱེད་པ་དང་གནོད་མེད་ཅན་དུ་གཏོང་དགོས། གཙོ་གནད་ཁེ་ལས་ལ་བཙན་ཐབས་ཀྱིས་དག་གཙང་ངང་ཐོན་སྐྱེད་བྱེད་དུ་བཅུག་ནས་ཞིབ་དཔྱད་བྱེད་པ་ཁྱབ་སྤེལ་བྱེད་དགོས། བཙོག་བཟོ་ཁེ་ལས་ཀྱི་ཁོར་ཡུག་སྲུང་སྐྱོང་གི་གྲུབ་འབྲས་ལ་གདེང་འཇོག་བྱེད་པ་ཁྱབ་སྤེལ་དང་། ཚོང་རར་བཀྲམ་པའི་ཁེ་ལས་ཀྱིས་ཁོར་ཡུག་སྲུང་སྐྱོང་བྱས་ཚུལ་ལ་ཞིབ་བཤེར་ནན་མོ་བྱེད་དགོས། གྲོང་ཁྱེར་གྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་དང་ཁོར་ཡུག་སྲུང་སྐྱོང་དཔེ་སྟོན་གྲོང་ཁྱེར་གསར་སྐྲུན་བྱ་འགུལ་གཏིང་ཟབ་ཏུ་སྤེལ་དགོས།

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།