རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཐིན་གྱི་ཞིང་སྡེའི་འོས་འགན་སློབ་གསོ་མྱོང་བཞིན་པའི་སློབ་མའི་འཚོ་བཅུད་ཇེ་ལེགས་སུ་གཏོང་བའི་འཆར་གཞི་ལག་བསྟར་བྱེད་པའི་སྐོར་གྱི་བསམ་འཆར།(སྨད་ཆ)

རྒྱལ་སྲིད་གཞུང་ལས་ཐིན་སྤེལ(2011)ཡིག་ཨང54བ།

གཉིས། ཞིང་སྡེའི་འོས་འགན་སློབ་གསོ་མྱོང་བཞིན་པའི་སློབ་མའི་འཚོ་བཅུད་ཇེ་ལེགས་སུ་གཏོང་བའི་འཆར་གཞིའི་ནང་དོན་གཙོ་བོ།

  "སྲིད་གཞུང་གིས་གཙོ་ཁྲིད་དང་སྔོན་ལ་ཚོད་ལྟ་བྱེད་པ། ཡུལ་བབ་དང་བསྟུན་པ། གནད་ས་གཙོ་བོར་འཛིན་པ"བཅས་ཀྱི་རྩ་དོན་ལྟར། ཞིང་སྡེའི་འོས་འགན་སློབ་གསོ་མྱོང་བཞིན་པའི་སློབ་མའི་འཚོ་བཅུད་ཇེ་ལེགས་སུ་གཏོང་བའི་འཆར་གཞིར་བརྟན་འཇགས་ངང་སྐུལ་འདེད་བཏང་ནས། ཞིང་སྡེའི་སློབ་མའི་འཚོ་བཅུད་དང་བདེ་ཐང་གི་ཆུ་ཚད་རྒྱུན་མ་ཆད་པར་ཇེ་མཐོར་གཏོང་དགོས།

  (གཅིག) རྒྱལ་ཁབ་ཀྱིས་ཚོད་ལྟ་བྱེད་འགོ་བརྩམ་དགོས། 

2011ལོའི་སྟོན་དུས་ཀྱི་སློབ་སྐབས་ནས་བཟུང་སྟེ། གཅིག་བསྡུས་མུ་འབྲེལ་གྱི་དབུལ་ཕོངས་ས་ཁུལ་དམིགས་བསལ་ཅན(གཤམ་དུ་མུ་འབྲེལ་དབུལ་ཕོངས་ས་ཁུལ་དམིགས་བསལ་ཅན་ཟེར་རྒྱུ)དུ་ཞིང་སྡེའི(རྫོང་མཁར་འདུས་མེད། གཤམ་དུ་འདྲ།)འོས་འགན་སློབ་གསོ་མྱོང་བཞིན་པའི་སློབ་མའི་འཚོ་བཅུད་ཇེ་ལེགས་སུ་གཏོང་བའི་འཆར་གཞི་ཚོད་ལྟའི་བྱ་བ་འགོ་བརྩམ་དགོས། མུ་འབྲེལ་དབུལ་ཕོངས་ས་ཁུལ་དམིགས་བསལ་ཅན་གྱི་བྱེ་བྲག་གི་ཁྱབ་ཁོངས་དེ 《ཀྲུང་གོའི་ཞིང་སྡེ་དབུལ་སྐྱོར་གསར་སྤེལ་རྩ་གནད(2010ལོ-2020ལོ)》དང་འབྲེལ་ཡོད་ཡིག་ཆའི་གཏན་ཕབ་ལྟར་གཏན་ཁེལ་བྱེད་དགོས། ཚོད་ལྟའི་ནང་དོན་ལ། ཀྲུང་དབྱང་ནོར་སྲིད་ཀྱིས་ཚོད་ལྟའི་ས་ཁུལ་གྱི་འོས་འགན་སློབ་གསོ་མྱོང་བཞིན་པའི་སློབ་མར་འཚོ་བཅུད་ལྡན་པའི་ཟས་རིགས་ཀྱི་ཁ་གསབ་རོགས་དངུལ་འདོན་སྤྲོད་བྱེད་པ་དང་། ཚད་གཞི་ནི་སློབ་མ་རེར་ཉིན་རེར་སྒོར3(ལོ་ཧྲིལ་བོར་སློབ་མ་སློབ་གྲྭ་རུ་ཉིན200སྡོད་པ་ལྟར་བརྩི་བ།)ཡིན་ཞིང་། དེར་མཁོ་བའི་མ་དངུལ་ཡོངས་རྫོགས་ཀྲུང་དབྱང་ནོར་སྲིད་ཀྱིས་འགན་ཁུར་དགོས། ཚོད་ལྟའི་ས་ཁུལ་དང་སློབ་གྲྭས་འཚོ་བཅུད་ལྡན་པའི་ཟས་ཐོ་དང་མ་བཅོས་རྒྱུ་ཆ་འདོན་སྤྲོད། ཟས་རིགས་མཁོ་སྤྲོད་བྱེད་སྟངས། ཟས་རིགས་བདེ་འཇགས། ལྟ་སྐུལ་དོ་དམ་མ་ལག་སོགས་ཕྱོགས་ནས་ཧུར་ཐག་གིས་འཚོལ་ཞིབ་བྱས་ནས། ཞིང་སྡེའི་འོས་འགན་སློབ་གསོ་མྱོང་བཞིན་པའི་སློབ་མའི་འཚོ་བཅུད་ཇེ་ལེགས་སུ་གཏོང་བའི་འཆར་གཞི་བརྟན་འཇགས་ངང་སྐུལ་སྤེལ་བྱེད་པར་ཉམས་མྱོང་གསོག་དགོས། ཚོད་ལྟའི་བྱ་བ་དེ་ཞིང་ཆེན་རིམ་པའི་མི་དམངས་སྲིད་གཞུང་གིས་གཅིག་གྱུར་གྱིས་འཆར་འགོད་བྱེད་པ་དང་། གྲོང་ཁྱེར་དང་རྫོང་རིམ་པའི་མི་དམངས་སྲིད་གཞུང་གིས་དངོས་སུ་རྩ་འཛུགས་ལག་བསྟར་བྱེད་དགོས། ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་སོ་སོས་རང་རང་གི་ས་གནས་ཀྱི་གནས་ཚུལ་དངོས་དང་སྦྲེལ་ནས་ཚོད་ལྟ་བྱེད་སའི་རྫོང(གྲོང་ཁྱེར)གཏན་ཁེལ་བྱེད་པ་མ་ཟད། རྫོང (གྲོང་ཁྱེར)སོ་སོར་ཚོད་ལྟའི་བྱ་བའི་འཆར་གཞི་བཀོད་དེ་སློབ་གསོ་པུའུ་དང་ནོར་སྲིད་པུའུ་ལ་ཞུས་ནས་སྙན་སེང་ཐོ་འགོད་བྱས་རྗེས་ལག་བསྟར་བྱེད་དགོས།

(གཉིས།) ས་གནས་ཀྱིས་ཚོད་ལྟ་བྱེད་པར་རོགས་སྐྱོར་བྱེད་དགོས། 

མུ་འབྲེལ་དབུལ་ཕོངས་ས་ཁུལ་དམིགས་བསལ་ཅན་ཕན་ཆད་ཀྱི་ས་ཁུལ་ལ་ས་གནས་སོ་སོས་དབུལ་ཕོངས་ས་ཁུལ་དང་མི་རིགས་ས་ཁུལ། མཐའ་མཚམས་ས་ཁུལ། གསར་བརྗེ་ས་ཁུལ་རྙིང་བ་སོགས་གཙོ་གནད་བྱས་ཏེ། ཡུལ་བབ་དང་བསྟུན་ནས་འཚོ་བཅུད་ཇེ་ལེགས་སུ་གཏོང་བའི་ཚོད་ལྟའི་བྱ་བ་བསྒྲུབས་ཏེ། ཞིང་སྡེའི་དཔལ་འབྱོར་ཐད་དཀའ་ངལ་ཡོད་པའི་ཁྱིམ་ཚང་གི་སློབ་མའི་འཚོ་བཅུད་དང་བདེ་ཐང་གནས་ཚུལ་རིམ་བཞིན་ཇེ་ལེགས་སུ་གཏོང་དགོས། བྱ་བ་བསྒྲུབས་པ་བཟང་ཞིང་གྲུབ་འབྲས་ངེས་ཅན་ཞིག་བླངས་པའི་ཞིང་ཆེན་ལ་ཀྲུང་དབྱང་ནོར་སྲིད་ཀྱིས་བྱ་དགའི་ཚུལ་གྱི་ཁ་གསབ་རོགས་དངུལ་སྟེར་དགོས།

  (གསུམ།) ཟ་འཐུང་གི་ཆ་རྐྱེན་ཇེ་ལེགས་སུ་གཏོང་དགོས། 

ས་གནས་སོ་སོས་ཞིང་སྡེའི་སློབ་གྲྭ་ཆུང་འབྲིང་གི་སློབ་ཁང་ཉལ་ཁང་ཞིག་གསོ་སྒྱུར་བཀོད་ཀྱི་ཡུན་ཕན་ནང་རྐྱེན་དང་ནུབ་དབུས་རྒྱུད་ཀྱི་ཞིང་སྡེའི་དམའ་འབྲིང་གི་སློབ་ཁང་ཉལ་ཁང་སྒྱུར་བཀོད་བཟོ་འགོད་ཀྱི་མ་དངུལ་གཅིག་གྱུར་གྱིས་གྲབས་གཤོམ་བྱས་ནས། སློབ་མའི་ཟ་ཁང་དེ་འཛུགས་སྐྲུན་གྱི་ནང་དོན་གཙོ་བོར་བཀོད་དེ། དེ་ཉིད་བཟའ་བཏུང་ཞབས་འདེགས་ཆོག་འཐུས་ཀྱི་ཚད་གཞི་དང་བླང་བྱར་མཐུན་པར་འཇུག་དགོས། ཀྲུང་དབྱང་ནོར་སྲིད་ཀྱིས་ཞིང་སྡེའི་འོས་འགན་སློབ་གསོ་ཉམས་ཞན་པའི་སློབ་གྲྭ་སྒྱུར་བཀོད་འཆར་གཞིའི་ཁྲོད་ཆེད་དུ་ཟ་ཁང་འཛུགས་སྐྲུན་མ་དངུལ་བཀོད་སྒྲིག་བྱས་ཏེ། ནུབ་དབུས་རྒྱུད་ས་ཁུལ་གྱི་ཞིང་སྡེའི་སློབ་གྲྭའི་ཟ་འཐུང་གི་ཆ་རྐྱེན་ལེགས་བཅོས་བྱེད་པར་ཁ་གསབ་རོགས་དངུལ་སྟེར་བ་མ་ཟད། རྒྱལ་ཁབ་ཀྱི་ཚོད་ལྟའི་ས་ཁུལ་ལ་འོས་འཚམ་གྱིས་གཟིགས་སྐྱོང་བྱེད་དགོས། གྲོན་ཆུང་དང་བདེ་འཇགས། གཙང་མ། སྤྱོད་གོ་ཆོད་པ་བཅས་ཀྱི་རྩ་དོན་ལྟར་ཟ་ཁང་བསྐྲུན་དགོས་པ་ལས། ཚད་གཞི་ལས་བརྒལ་བ་དང་རྒྱས་སྤྲོས་བྱས་ནས་བསྐྲུན་གཏན་ནས་མི་ཆོག་ཅིང་། འཛུགས་སྐྲུན་སྒྱུར་བཀོད་བྱ་བར་ལྟ་སྐུལ་དོ་དམ་བྱེད་ཐད་ཤུགས་སྣོན་དགོས། གཞི་ཁྱོན་ཅུང་ཆུང་བའི་ཞིང་སྡེའི་སློབ་གྲྭས་དངོས་སུ་སྒྱུར་བཀོད་དང་། ཇ་ཁང་དང་འབྲེལ་ཡོད་སྒྲིག་བཀོད་སྒྲིག་སྦྱོར་བྱས་པའི་གནས་ཚུལ་ལྟར་སློབ་མས་སློབ་གྲྭ་རུ་ཟ་འཐུང་ལ་གཞི་རྩའི་ཆ་རྐྱེན་འདོན་སྤྲོད་བྱེད་དགོས། ས་གནས་མི་དམངས་སྲིད་གཞུང་གིས་ས་དེ་གའི་གནས་ཚུལ་དངོས་གཞིར་བཟུང་སྟེ་ཞིང་སྡེའི་སློབ་གྲྭའི་ཟ་ཁང་ལ་ཚད་ལྡན་གྱི་ལས་བྱེད་མི་སྣ་བཀོད་སྒྲིག་བྱེད་པ་མ་ཟད། དེ་དག་གི་ཐོབ་ཐང་དང་ཆེད་ལས་གསོ་སྦྱོང་སོགས་གནད་དོན་འོས་མཐུན་གྱིས་ཐག་གཅོད་དགོས།

  (བཞི།) སྤྱི་ཚོགས་ཞུགས་པར་སྐུལ་བསྟོད་བྱེད་དགོས། 

གུང་གཞོན་ཚོགས་པ་དང་བུད་མེད་མཉམ་འབྲེལ་ལྷན་ཚོགས་སོགས་མི་དམངས་ཚོགས་པ་དང་སྡོད་དམངས་ཨུ་ཡོན་ལྷན་ཁང་། སྡེ་དམངས་ཨུ་ཡོན་ལྷན་ཁང་སོགས་འབྲེལ་ཡོད་གཞི་རིམ་རྩ་འཛུགས་དང་ཁེ་ལས། ཐེབས་རྩ་ཚོགས་པ། དགེ་སྒྲུབ་ལས་ཁུངས་སོགས་ས་གནས་མི་དམངས་སྲིད་གཞུང་གི་གཅིག་གྱུར་འཆར་འགོད་འོག ཞིང་སྡེའི་འོས་འགན་སློབ་གསོ་མྱོང་བཞིན་པའི་སློབ་མའི་འཚོ་བཅུད་ཇེ་ལེགས་སུ་གཏོང་བའི་བྱ་བའི་ཁྲོད་ཧུར་ཐག་གིས་ཞུགས་ནས་སྐུལ་འདེད་གཏོང་བ་དང་། ཟ་འཐུང་གི་ཆ་རྐྱེན་ཇེ་ལེགས་སུ་གཏོང་བ་དང་། ཟས་རིགས་མཁོ་སྤྲོད་བྱེད་སྟངས་གསར་གཏོད། སྤྱི་ཚོགས་ཀྱི་ལྟ་སྐུལ་ཐད་ཤུགས་སྣོན་པ་སོགས་ཕྱོགས་ནས་དགེ་མཚན་ལྡན་པའི་ནུས་པ་འདོན་པར་སྐུལ་བསྟོད་བྱེད་དགོས།

  (ལྔ།) དཔལ་འབྱོར་ཐད་དཀའ་ངལ་ཡོད་པའི་ཁྱིམ་ཚང་གི་བཅའ་སྡོད་སློབ་མའི་འཚོ་བའི་གྲོན་དངུལ་ལ་ཁ་གསབ་རོགས་དངུལ་སྟེར་བའི་སྲིད་ཇུས་འཐུས་ཚང་དུ་གཏོང་དགོས། 

ཞིང་སྡེའི་འོས་འགན་སློབ་གསོའི་གྲོན་དངུལ་འགན་སྲུང་ནང་རྐྱེན་སྔར་ལས་ལྷག་པར་འཐུས་ཚང་དུ་གཏོང་བ་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཆུ་ཚད་དང་ནོར་ཤུགས་དངོས་གཞིར་བཟུང་སྟེ། ཁ་གསབ་རོགས་དངུལ་སྟེར་བའི་ཁྱབ་ཁོངས་དང་ཚད་གཞི་སོགས་ལ་སྟབས་བསྟུན་གྱིས་ལེགས་སྒྲིག་བྱེད་དགོས། 2011ལོའི་སྟོན་དུས་ཀྱི་སློབ་སྐབས་ནས་བཟུང་སྟེ་དཔལ་འབྱོར་ཐད་དཀའ་ངལ་ཡོད་པའི་ཁྱིམ་ཚང་གི་བཅའ་སྡོད་སློབ་མའི་འཚོ་བའི་གྲོན་དངུལ་ལ་ཁ་གསབ་རོགས་དངུལ་སྟེར་བའི་ཚད་གཞི་ནི་སློབ་མ་རེར་ཉིན་རེར་སྒོར1ཇེ་མང་དུ་བཏང་ནས། སློབ་ཆུང་སློབ་མ་རེར་ཉིན་རེར་སྒོར4དང་། སློབ་འབྲིང་སློབ་མ་རེར་ཉིན་རེར་སྒོར5ལ་བསླེབ་ཏུ་འཇུག་དགོས། ཀྲུང་དབྱང་ནོར་སྲིད་ཀྱིས་ནུབ་དབུས་རྒྱུད་ས་ཁུལ་དུ་གཞི་རྩའི་ཚད་གཞི་དངོས་འབེབ་བྱེད་པར་མཁོ་བའི་མ་དངུལ་དེ50%ཡི་བསྡུར་ཚད་ལྟར་བྱ་དགའི་ཚུལ་གྱི་ཁ་གསབ་རོགས་དངུལ་སྟེར་དགོས།

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།