ཀྲུང་གོ་བོད་ཀྱི་དྲ་བ།

གེ་སར་རྟ་འཆམ་གྱི་རྒྱུད་འཛིན་པ་ཚེ་རིང་དཔལ་ལྡན།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2019-11-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

795a7e2db81caa6c33e7bd568e1d1ff5.jpg

         གེ་སར་རྟ་འཆམ་གྱི་རྒྱུད་འཛིན་པ་ཚེ་རིང་དཔལ་ལྡན་ནམ་ཚེ་དཔལ་ནི་སྤྱི་ལོ1972ལོར་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གཅིག་སྒྲིལ་རྫོང་གི་ཨ་བཟོད་སྡེ་བའི་འབྲོག་ཁྱིམ་དཀྱུས་མ་ཞིག་ཏུ་སྐྱེས། ཁོང་ནི་གཅིག་སྒྲིལ་ཨ་བཟོད་དགོན་པའི་སྤྲུལ་སྐུ་ཡིན་པར་མ་ཟད་རྒྱལ་ཁབ་རིམ་པའི་གེ་སར་ཟློས་གར་གྱི་འཐུས་ཚབ་རྒྱུན་འཛིན་པའང་རེད། ཆུང་དུས་ནས་གེ་སར་སྒྲུང་ལ་ཉན་པར་སྤྲོ་ཞིང་ཆུང་ཆུང་རྩེད་རོགས་དང་མཉམ་དུ་གེ་སར་སྒྲུང་གི་མི་སྣར་ལད་ཟློས་བྱས་ནས་འཁྲབ་པ་དང་། དུས་རྒྱུན་གྱི་ཕྱུགས་རྫིའི་ཁྲོད་དུ་གེ་སར་སྒྲུང་གི་དོན་ཚན་དང་དབྱངས་རྟ་མང་པོ་གྱེར་བཤད་བྱས། སྤྱི་ལོ1992ལོར་མགོ་ལོག་གཅིག་སྒྲིལ་ཨ་བཟོད་དགོན་གཉན་པོ་གཡུ་རྩེ་གླིང་གེ་སར་རིག་གནས་སྒྱུ་རྩལ་ཚོགས་པར་ཞུགས་ཤིང《རྟ་རྒྱུག་ནོར་བུ་ཆ་བདུན》དང《དམྱལ་གླིང་མུན་པ་རང་གསལ》 《གླིང་བྲོ་བདེ་ཆེན་རོལ་མོ》 《ཤན་འདན་སྟག་སེང་ཁ་སྤྲོད》སོགས་སྒྲུང་སྣ་མང་པོ་འཁྲབ་ཁྲིད་དང་མི་སྣ་གཙོ་བོ་འཁྲབ་སྟོན་བྱས། སྤྱི་ལོ2003ལོར་ཁོང་ཉིད་རྨ་ཡུལ་ཨ་བཟོད་དགོན་གཉན་པོ་གཡུ་རྩེ་གླིང་གེ་སར་རིག་གནས་སྒྱུ་རྩལ་ཚོགས་པའི་ཚོགས་གཙོར་བདམས་ཏེ། ཟློས་གར་ཚོགས་པའི་འཁྲབ་གཞུང་འཆར་འགོད་པ་དང་འཁྲབ་སྦྱོང་བསྡུ་སྒྲིག་སོགས་ཀྱི་འགན་གཅིག་ལྕོགས་སུ་ཁུར་པ་དང་། རྒྱུན་ཆད་མེད་པར་གེ་སར་རིག་གནས་དང་ཟློས་གར་འཁྲབ་སྟོན་སྒྱུ་རྩལ་སློབ་སྦྱོང་བྱས་ནས་ཉམས་མྱོང་ཕུན་སུམ་ཚོགས་པ་བླངས། སྔ་གཞུག་ཏུ་མ་དངུལ་འབོར་ཆེན་བཏང་ནས་སྲོལ་རྒྱུན་གྱི་ཁྱད་ཆོས་ལྡན་པའི་ཟློས་གར་འཁྲབ་སྟོན་གྱི་རྨོག་དང་། ཁྲབ། མཚོན་ཆ། གྱོན་ཆས་སོགས་འཁྲབ་ཆས་མང་པོ་བསྒྲིགས་ཏེ་དགོན་པའི་ཟློས་གར་འཁྲབ་སྟོན་ཇེ་རྒྱས་ཇེ་ལེགས་སུ་བཏང་ཞིང་།2004ལོར་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་ལོ་འཁོར་50ལོན་པའི་དགའ་སྟོན་སྐབས་གེ་སར་རྟ་འཆམ་འཁྲབ་སྟོན་པའི་བྱ་དགའ་ཐོབ། 2012ལོར་མགོ་ལོག་ཁུལ་རྨ་ཡུལ་གེ་སར་རིག་གནས་སྒྱུ་རྩལ་དུས་ཆེན་སྐབས་རྟ་འཆམ་འཁྲབ་སྟོན་འགྲན་བསྡུར་སྟེང་བྱ་དགའ་ཐོབ་པ་སོགས་རྫོང་དང་ཁུལ།ཞིང་ཆེན་སོགས་ནས་ཐེངས་དུ་མར་བྱ་དགའ་ཐོབ། གཞན་ཡང་དམངས་ཁྲོད་དུ་གནས་པའི་གེ་སར་སྒྲུང་དཔེ《གངས་རིའི་གཏེར་རྫོང》སོགས་མང་པོ་མྱུར་སྐྱོབ་དང་འཚོལ་སྡུད། དག་སྒྲིག་བགྱིས་པས་གེ་སར་སྒྲུང་ཕུན་སུམ་ཇེ་ཚོགས་དང་རིག་གནས་འཕེལ་རྒྱས་གཏོང་བར་བྱས་རྗེས་བླ་ན་མེད་པ་བཞག སྤྱི་ལོ2009ལོར་མགོ་ལོག་ཁུལ་གེ་སར་རིག་གནས་མགོ་ཁྲིད་ཚན་ཆུང་གཞུང་ལས་ཁང་དང་གེ་སར་རིག་གནས་ཞིབ་འཇུག་ལྟེ་གནས་གཉིས་ཀྱིས་མགོ་ལོག་ས་ཁུལ་གྱི་གེ་སར་རིག་གནས་མྱུར་སྐྱོབ་དང་ འཚོལ་སྡུད། དག་སྒྲིག ཞིབ་འཇུག དཔེ་སྐྲུན། བརྒྱུད་སྤེལ་བཅས་ཀྱི་ཐད་བྱས་རྗེས་འཇོག་པའི་ཞིབ་འཇུག་མི་སྣ》ཞེས་པའི་དཔང་ཡིག་གནང་། སྤྱི་ལོ2010ལོར་མཚོ་སྔོན་ཞིང་ཆེན་རིག་གནས་དང་གསར་འགྱུར་དཔེ་སྐྲུན་ཐིང་གིས《ཞིང་ཆེན་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་སྟེ་སྲོལ་རྒྱུན་གེ་སར་ཟློས་གར་གྱི་འཐུས་ཚབ་རྒྱུན་འཛིན་པར》བདམས། སྤྱི་ལོ2017ལོར་རྒྱལ་ཁབ་རིག་གནས་པུའུ་ཡིས《རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་སྟེ་སྲོལ་རྒྱུན་གེ་སར་ཟློས་གར་གྱི་འཐུས་ཚབ་རྒྱུན་འཛིན་པར》བདམས་ཐོན་བྱུང་ངོ་། །

རྩོམ་སྒྲིག་པ། : བསམ་ནོར།