མདོ་སྨད་ཁྲི་ཀའི་གེ་སར་རིག་གནས་ཀྱི་རྟོག་ཞིབ།

[ནང་དོན་གནད་བསྡུས]དཔྱད་རྩོམ་འདིར་རྩོམ་པ་པོས་ཁྲི་ཀའི་ཡུལ་གྱི་ཞང་གྲོང་དྲུག་དང་སྡེ་བ་ཉི་ཤུ་ལྷག་གི་ཡུལ་དངོས་རྟོག་དཔྱོད་བརྒྱུད་དེ། གེ་སར་རིག་གནས་ལས་ངག་རྒྱུན་ཤུལ་རྟེན་གྱི་སྐོར་དང་། གེ་སར་གར་འཆམ། ཁྲི་ཀའི་ལེའུ་བགོས་མ་སོགས་ཀྱི་གནས་ཚུལ་ངོ་སྤྲོད་བྱས་ཤིང་། དུས་ད་ལྟ་ས་དེའི་གནས་གང་དག་ཏུ་གེ་སར་རིག་གནས་དང་འབྲེལ་བའི་གཏམ་རྒྱུད་དང་བཤད་རྒྱུན། ཡང་ན་ཤོག་དྲིལ་གང་མང་ཞིག་ཡོད་པ་སོགས་ཀྱི་གནས་ཚུལ་རྩད་ཞིབ་དང་རྟོག་དཔྱོད་བྱས་པ་བརྒྱུད། གེ་སར་སྒྲུང་གི་རིག་གནས་འཚོལ་སྡུད་སྐོར་གྱི་གནས་བབ་ལ་དཔྱད་ཞིབ་བྱས་ཡོད།

[བརྡ་ཆད་གཙོ་བོ]ཁྲི་ཀ གེ་སར་རིག་གནས། ཤུལ་རྟེན།

[ཀྲུང་གོའི་དཔེ་དེབ་དབྱེ་རྟགས] K89[ཡིག་ཚང་མཚོན་བྱང]A[རྩོམ་གྱི་གོ་རིམ་སྒྲིག་ཨང]2096-0883(2020)02-0100-12

གླེང་གཞི།

༢༠༡༩ལོའི་ཟླ༡༡པའི་ཚེས༡༡ནས༡༣ཉིན་ལ་མཚོ་སྔོན་ཞིང་ཆེན་གེ་སར་སྒྲུང་ཞིབ་འཇུག་ཁང་གི་ཞིབ་འཇུག་མི་སྣ་འགྱུར་མེད་རྡོ་རྗེ་དང་། སྙིང་བོ་ཚེ་རིང་། བསོད་རྒྱལ་འབུམ། དབང་མོ་མཚོ། དབང་ཆེན་ཚེ་རིང་བཅས་མི་ལྔ་ལས་གྲུབ་པའི་རྟོག་ཞིབ་ཚན་ཆུང་ཁྲི་ཀའི་རྫོང་ཁོངས་སུ་ཡུལ་དངོས་རྟོག་ཞིབ་བྱས། སྐབས་དེར་ཁྲི་ཀའི་རྫོང་ཨུ་དང་རྫོང་མི་དམངས་སྲིད་གཞུང་གི་རྒྱབ་སྐྱོར་དང་རྫོང་མི་རིགས་སྐད་ཡིག་བྱ་བའི་ལྟེ་གནས་ཀྱི་རོགས་རམ་ལ་བརྟེན་ཏེ་དཀར་བརྗིད་དང་། ལ་ཟེ་བ། ཀབ་རོན་གཞུང་། འཕྲང་དམར་སོགས་ཞང་གྲོང་དྲུག་དང་རྐང་ཚ་གོང་ཞོལ། སྟོང་ཆེ། སྐེ་བ་ཚོ་སྒོ་དྲུག་སོགས་སྡེ་བ་ཉི་ཤུ་ལྷག་གི་གེ་སར་རིག་གནས་དང་འབྲེལ་བའི་ངག་རྒྱུན་ཤུལ་རྟེན་གེ་སར་སྒྲུབ་ཕུག་དང་། ཚ་ཞང་འདན་མའི་བླ་མཚོ། ཤན་པའི་མཚམས་ཁང་། ཁྲག་ཆེན་ཐང་། གེ་སར་རྒྱལ་པོའི་རྟ་སྒ། འདོ་རྗེ་རྐྱང་རྒོད་གཡེར་བའི་རྨིག་རྗེས། གེ་སར་ཕ་བོང་། གེ་སར་རྒྱལ་པོའི་རྟ་སྒའི་སྔ་རུ་སོགས་ལ་ཡུལ་དངོས་རྟོག་ཞིབ་བྱས་ཤིང་། ཡུལ་དེའི་ལོ་ལོན་རྒན་པ་དང་། གེ་སར་སྒྲུང་པ། གེ་སར་རིག་གནས་ཀྱི་སྲུང་སྐྱོང་པ་སོགས་ལ་རྩད་གཅོད་དང་རྟོག་ཞིབ་བྱས་ཏེ། ཡུལ་དངོས་ནས་སྒྲ་ལྡན་དང་། བརྙན་ཟློས། གཟུགས་རིས་སོགས་ཀྱི་ཐབས་ལམ་ལ་བརྟེན་ཏེ་ཁྲི་ཀ་ས་ཆའི་གེ་སར་རིག་གནས་ལ་སྤྱི་ཁོག་ནས་རྒྱུས་ལོན་བྱས། ཕྲན་གྱི་རྟོག་དཔྱོད་ཟིན་ཐོ་འདི་ལས་དེའི་སྔོན་ཆེད་མཁས་པ་དང་འབྲེལ་ཡོད་ཤེས་ལྡན་མི་སྣས་འཚོལ་སྡུད་དང་དག་སྒྲིག་བྱས་མེད་པའི་ཤུལ་རྟེན་དང་། འབྲེལ་ཡོད་ཀྱི་རྒྱུ་ཆ་དམངས་ཁྲོད་དུ་ངག་རྒྱུན་ན་ཡོད་ཀྱང་ཡིག་ཐོག་ཏུ་བཀོད་མེད་པ་སྐོར་ཞིག་གཙོར་བཟུང་སྟེ་ཡུལ་དངོས་ནས་བཅར་འདྲི་དང་རྩད་གཅོད་བྱས་ལ། ཁྲི་ཀའི་ཡུལ་གྱི་གེ་སར་རིག་གནས་སྔོག་འདོན་དང་མྱུར་སྐྱོབ། ཡང་ན་སྔར་མེད་ཀྱི་སྟོང་ཆ་སྐོང་བ་དང་རིག་གནས་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་སོགས་ལ་ནུས་པ་ངེས་ཅན་ཞིག་ཐོན་པར་སྙམ་ནས་རང་ནུས་ཡོད་ཚད་ཀྱིས་བྲིས་པ་ལགས། སྔོན་ཆད་ཡིག་ཐོག་ཏུ་བཀོད་ཡོད་པ་བསྐྱར་ཟློས་སུ་འགྲོ་བར་དོགས་ནས་རེ་འགའ་མ་གཏོགས་བརྗོད་རྒྱུ་མིན།

དང་པོ། ཁྲི་ཀ་དང་གེ་སར་སྒྲུང་བར་གྱི་འབྲེལ་བ།

སྤྱིར་གེ་སར་སྒྲུང་ནི“བོད་མི་རེའི་ཁ་ནས་སྒྲུང་རེ”ཞེས་པ་བཞིན་བོད་རིགས་འདུས་སྡོད་བྱས་པའི་ཡུལ་ཕྱོགས་ཀུན་ཏུ་ས་ཁྱབ་རྡོ་ཁྱབ་ཏུ་སོང་ཡོད། ཁྲི་ཀ་ས་ཆར་མཚོན་ནའང་གེ་སར་སྒྲུང་དར་ཁྱབ་ཏུ་སོང་ནས་གེ་སར་རིག་གནས་ཀྱི་གྲུབ་ཆ་མང་པོ་ཞིག་ཡོད།《རྟ་རྒྱུགས་དཔྱིད་ཀྱི་ཉི་མ》ལས།“ས་འདིའི་ས་ངོ་མ་ཤེས་ན། །ང་ཇོ་རུ་མ་ཐོན་ཕན་ཆད་ལ། །སྟོད་རྒྱ་གར་རྒྱལ་པོས་ས་བཟུང་བྱས། །ས་མ་ཟིན་ཆོས་ཐང་སྐྱ་མོ་བཏགས། །སྨད་རྒྱ་ནག་རྒྱལ་པོས་ས་བཟུང་བྱས། །ས་མ་ཟིན་ཁྲིམས་ཐང་སྐྱ་མོ་བཏགས། །འདྲེ་དང་སྲིན་པོའི་འགྲིམ་ལམ་རེད། །བཙན་དང་མ་མོའི་འདུ་ར་རེད། །མི་མགོས་ཀི་ཤར་ཚག་ཚག་ཚག །རྟ་མགོས་འཚེར་ལྷང་སི་ལི་ལི། །ཁྱི་མགོས་ངུ་ཟུག་ལྟུང་ལྟུང་ལྟུང་། །ལུང་བ་ངུ་ཤུ་ལྷུང་ལྷུང་ལྷུང་། །ང་ཇོ་རུ་ཐོན་དང་ཚུན་ཆད་ནས། །སྟེང་ན་འཇའ་འོད་གུར་ཁང་ཕུབ། །འོག་ན་རྩི་ཤིང་ནགས་ཚལ་རྒྱས། །བར་ནས་མེ་ཏོག་ཆར་བ་འབབ། །རྨ་སྨད་ལྷ་ལུང་སུམ་མདོ་རེད། །ཡང་སྨད་དར་གྱི་གཞི་མདོ་རེད། །”ཅེས་གེ་སར་རྒྱལ་པོ་དགུང་ལོ་བརྒྱད་ཀྱི་སྟེང་ནས་ཨ་ཁུ་ཁྲོ་ཐུང་གིས་མ་བུ་གཉིས་ས་མཐར་སྤྱུགས་ཏེ། རྨ་སྨད་གཡུ་ལུང་སུམ་མདོར་ཡོང་ནས་འཚོ་བ་རོལ། གནས་དེར་ལོ་ངོ་བཞི་ཡས་མས་སུ་བསྡད། དེས་ན་རྨ་སྨད་གཡུ་ལུང་སུམ་མདོ་ནི་ས་ཆ་གང་ཞིག་ལ་ངོས་འཛིན་བྱེད་པ་ལ། བཞེད་པ་མི་མཐུན་པ་འགའ་བྱུང་ཡོད་དེ། གཅིག་ནི་ཀན་སུའུ་ཞིང་ཆེན་གྱི་རྨ་ཁུག་དང་པོའི་ཡུལ་དེ་ཡིན་པར་འདོད་པ་དང་། གཉིས་ནི་མགོ་ལོག་དར་ལག་ས་ཁུལ་ཡིན་པར་བརྗོད་པ། གསུམ་ནི་ཁམས་རྫ་ཆུ་ཁ་ཡིན་པར་བཤད། བཞི་ནི་ཁྲི་ཀའི་ཡུལ་འདི་ཡིན་པར་བཞེད། ཕྲན་གྱི་བསམ་པར། ཡུལ་དེ་གང་ཞིག་ཡིན་པའི་ཁུངས་འདེད་པ་དེ་གཙོ་བོ་ཞིག་མིན་པར་འདོད་ཅིང་། ཡུལ་ཕྱོགས་དེར་གེ་སར་རིག་གནས་ཀྱི་རྒྱུན་ཡོད་མེད་དང་། ཡོད་ན་འཛིན་སྐྱོང་སྤེལ་གསུམ་གྱི་གནས་བབ་གང་འདྲ་ཞིག་ཡིན་པ། ཉམས་དམས་སུ་འགྲོ་བཞིན་ཡོད་མེད་སོགས་ལ་མཉམ་འཇོག་དང་དོ་སྣང་བྱེད་རྒྱུ་ཤིན་ཏུ་གལ་ཆེན་ཞིག་ཏུ་སྣང་བས། འདི་རུ་དམངས་ཁྲོད་དུ་གནས་པའི་རིག་གནས་ཀྱི་རྣམ་པ་གང་དག་ཡོད་པ་དང་། ཉམས་དམས་སུ་འགྲོ་བཞིན་པའི་རིག་གནས་སྔོག་འདོན་དང་། མྱུར་སྐྱོབ། འཚོལ་སྡུད། དག་སྒྲིག སྲུང་སྐྱོབ་བཅས་བྱེད་པ་གཙོ་གནད་དུ་བཟུང་བ་ལགས། 

དེས་ན་ཁྲི་ཀའི་ཡུལ་ནས་གེ་སར་སྒྲུང་དང་འབྲེལ་བའི་རིག་གནས་ཀྱི་གྲུབ་ཆ་གང་དག་ཡོད་ཅེ་ན། གཅིག་ནི་དམངས་ཁྲོད་ཀྱི་གེ་སར་སྒྲུང་གི་རྒྱུན་འཛིན་པའམ་སྒྲུང་པ་དཔལ་རྒྱལ་དང་། འཕེལ་རྒྱས། སྐར་མ་ཐར། བྱང་ཆུབ། རྡོ་རྗེ་ཚེ་རིང་སོགས་མང་པོ་ཡོད། གཉིས་ནི་ཁྲི་ཀའི་ཡུལ་ན་སྒྲུང་ལས་བརྗོད་པའི་མི་མིང་སོགས་ས་མིང་དང་སྡེ་མིང་ལ་སྦྱར་བ་མང་པོ་ཡོད། དཔེར་ན། འགོག་ཚ། གླིང་ཚ། རྒྱ་ཚ་སོགས་མ་ཉམས་པར་སོར་བཞག་བྱས་ཡོད། གསུམ་ནི་གེ་སར་སྒྲུང་དང་འབྲེལ་བའི་ངག་རྒྱུན་ཤུལ་རྟེན་མང་པོ་ཡོད། དཔེར་ན། གེ་སར་སྒྲུབ་ཕུག་དང་། མཛོ་མོ་མཁར་རྫོང་། ཁྲག་ཆེན་ཐང་། ཚ་ཞང་འདན་མའི་བླ་མཚོ། འདོ་རྗེ་རྐྱང་རྒོད་གཡེར་བའི་རྨིག་རྗེས་ལྟ་བུ། བཞི་ནི་གེ་སར་ཟློས་གར་ཡོད་པ། དཔེར་ན། མཛོ་སྣའི་གེ་སར་འཆམ་དང་། གླིང་ཚའི་སྔགས་ཁང་གི་འདན་མའི་འཆམ། སྐེ་བ་སྔགས་ཁང་གི་གེ་སར་འཆམ་ལྟ་བུ། ལྔ་ནི་ས་གནས་ཀྱི་ཁྱད་ཆོས་ཐོན་པའི་གེ་སར་སྒྲུང་ཤགས་ཡོད་པ། དཔེར་ན། གླུ་ཤགས་ཀྱི་སྒོ་ནས་སྒྲུང་གླུ་ལེན་པ། དེའང་ས་གནས་འདིའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཤིག་ཀྱང་ཡིན། དྲུག་ནི་གེ་སར་ཐང་ག་དང་འབུར་སྐུ་བཞེངས་ཡོད་པ། ལྷ་ཁང་ཐང་སྔགས་ཁང་དང་གེ་སར་ནོར་བུ་གླིང་སོགས་སུ་ཐང་ག་དང་འབུར་སྐུ་བཞེངས་འདུག བདུན་ནི་ས་གནས་འདིར་འཚར་ལོངས་བྱུང་བའི་གེ་སར་རིག་པའི་ཆེད་མཁས་པ་མང་བ། དཔེར་ན། ཨ་ཁུ་ཀུན་བཟང་རྡོ་རྗེ་དང་། རྡོ་རྗེ་ཚེ་རིང་། ནོར་བུ་དབང་ལྡན་ལ་སོགས་ཡོད། བརྒྱད་ནི་གེ་སར་སྒྲུང་འཚོལ་སྡུད་དང་དྲིལ་སྒྲོག་གི་བྱ་བ་ཁྲི་ཀ་ནས་འགོ་བརྩམས་པ། མཚོ་སྔོན་ཞིང་ཆེན་ནི་གེ་སར་སྒྲུང་འཚོལ་སྡུད་དག་སྒྲིག་གི་བྱ་བ་འགོ་རྩོམ་པའི་ས་ཁུལ་ཆེས་སྔ་བ་ཡིན་ལ། གེ་སར་སྒྲུང་འཚོལ་སྡུད་ཀྱི་བྱ་བ་ཆེས་ཐོག་མ་ནི་ཁྲི་ཀ་ནས་འགོ་བརྩམས་པ་ཡིན་ཏེ། ༡༩༥༨ལོར་ཞིབ་འཇུག་པ་ཞི་གོ་ཆུན(徐国琼)དང་ཨ་ཁུ་དཔལ་རྒྱལ་གཉིས་ཀྱིས་ཁྲི་ཀ་ནས་འགོ་བརྩམས་ཏེ་རིམ་བཞིན་རྨ་ལྷོ་དང་ཀན་སུའུ། ཡུན་ནན། སི་ཁྲོན། བོད་ལྗོངས་སོགས་ས་ཆ་ནས་གེ་སར་སྒྲུང་འཚོལ་སྡུད་བྱས་ཤིང་། ཨ་ཁུ་དཔལ་རྒྱལ་དང་ནུབ་བྱང་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཝང་དབྱི་ནོན(王沂暖)གཉིས་ཀྱིས་ཁྲི་ཀའི་བསྡུས་སྒྲུང་ལེའུ་བགོས་མ་ཐོག་མར་བསྒྱུར་ཏེ་ཡོངས་ལ་བཀྲམ་པར་མ་ཟད་ཤུགས་རྐྱེན་ཟབ་མོ་ཐེབས།(ཁྲི་ཀའི་ལེའུ་བགོས་མའི་གནས་ཚུལ་གཤམ་གྱི་དོན་ཚན་ཞིག་ཏུ་ཞིབ་མོར་བྲིས་ཡོད་པས་འདི་ཅུང་ཙམ་མ་གཏོགས་མི་གླེང)དགུ་ནི་གེ་སར་སྒྲུང་གི་རིག་གནས་སྒྱུ་རྩལ་སྣ་མང་ཞིག་འཛིན་སྐྱོང་སྤེལ་གསུམ་བྱེད་མུས་ཡོད་པ། གེ་སར་སྒྲུང་གི་ཤུལ་རྟེན་དང་། ངག་རྒྱུན། སྒྲུང་པ། འབུར་སྐུ། བྲིས་སྐུ། གར་འཆམ་སོགས་ནང་དོན་ཕུན་སུམ་ཚོགས་པའི་རིག་གནས་དེ་དག་གནའ་སྔ་མོ་ནས་རྒྱུན་མ་ཆད་པར་དར་སྤེལ་གཏོང་བཞིན་མཆིས་སོ། །

གཉིས་པ། གེ་སར་ངག་རྒྱུན་ཤུལ་རྟེན།

ངག་རྒྱུན་ཤུལ་རྟེན་ནི་རིག་གནས་ཤིག་གི་རྒྱུན་འཛིན་གྱི་རྣམ་པ་དང་། དར་སྤེལ་གྱི་ཐབས་ལམ་ཞིག་ཡིན་པར་འདོད། གེ་སར་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཀྱང་ཡིན། གེ་སར་རིག་གནས་དར་ཁྱབ་སོང་བའི་ཡུལ་གྲུ་ཀུན་ཏུ་དོན་དངོས་ལོ་རྒྱུས་དང་དམངས་ཁྲོད་ཀྱི་ངག་རྒྱུན་དང་འབྲེལ་བའི་ཤུལ་རྟེན་དང་ཤུལ་རྫས་མང་པོ་མཆོད་བཀུར་རྗེས་དྲན་གྱི་ཚུལ་དུ་གནས་འདུག གེ་སར་རིག་པའི་ཆེད་མཁས་པ་རྒན་འཇམ་དཔལ་རྒྱ་མཚོས།“མི་རྣམས་ཀྱི་ངག་རྒྱུན་ལྟར་ན། གེ་སར་གྱི་ཤུལ་རྫས་ཉར་ཚགས་བྱེད་ཐུབ་ན་གཡང་འགུགས་ཐུབ་པ་དང་ཁྱིམ་མི་ཡོངས་བདེ་ཐང་ནད་མེད་ཡོང་བའི་སྨོན་འདུན་ལགས”ཞེས་གསུངས་པ་ལྟར་གེ་སར་རིག་གནས་དམངས་ཁྲོད་དད་མོས་ཀྱི་ཚུལ་དུ་གནས་ཡོད་པ་མང་ཤོས་ཡིན། གེ་སར་རིག་པའི་ཆེད་མཁས་པ་རྒན་གཅོད་པ་དོན་གྲུབ་ཀྱིས།“ཤུལ་རྟེན་ལས་མ་མཐའ་ཡང་རྟོགས་ཐུབ་པ་ནི། གཅིག་ནི་གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་འདི་ཉིད་མདོ་དབུས་ཁམས་གསུམ་ཡོངས་སུ་ས་ཁྱབ་རྡོ་ཁྱབ་ཏུ་སོང་ཡོད་པ་ཤེས་ཐུབ་པར་མ་ཟད། གེ་སར་ཁོང་ནི་གངས་ཅན་བོད་པའི་ཡིད་དུ་ནམ་ཡང་ནུབ་ཐབས་མེད་པའི་རི་རྒྱལ་ལྷུན་པོ་ལྟ་བུ་ཞིག་ཏུ་གྱུར་ཡོད་པའང་ཤེས་ཐུབ། གཉིས་ནི་གེ་སར་རྒྱལ་པོ་འདི་ཉིད་དཔའ་རྒོད་ཕུལ་དུ་བྱུང་བ་ཞིག་དང་འགྲོ་བ་ཡོངས་ཀྱི་སྐྱབས་རེ་ས་ཞིག་ཏུ་གྱུར་ཡོད་པ་ལས་གཞན་མི་རྣམས་ཀྱི་བསམ་བློའི་རེ་བཅོལ་བྱེད་ཡུལ་དུ་གྱུར་ཡོད་པའང་ཤེས་ཐུབ་པས་སོ”ཞེས་གསུངས་པ་ལྟར་གེ་སར་སྒྲུང་གི་ཤུལ་རྟེན་ནི་གེ་སར་རིག་གནས་ལས་ཚབ་མཚོན་མི་ཐུབ་པའི་དམངས་ཁྲོད་ཀྱི་རིག་གནས་སྣང་ཚུལ་ཁྱད་པར་བ་ཞིག་ཡིན་ཞིང་། དེ་འཚོལ་སྡུད་དང་། དག་སྒྲིག ཞིབ་འཇུག་བྱེད་པར་དངོས་གནས་གལ་ཆེན་ཡིན་པར་འདོད་དོ། ། གཤམ་དུ་ཐེངས་འདིར་གསར་དུ་རྟོག་ཞིབ་པའི་འབྲེལ་ཡོད་ཀྱི་ཤུལ་རྟེན་དག་རེ་རེ་བཞིན་བཀོད་ན། 

གཅིག གེ་སར་སྒྲུབ་ཕུག གནས་འདི་ནི་ཆུ་ཤར་ཡུལ་ཚོ་སྐེ་བ་ཚོ་དྲུག་གི་ཁོངས་གཏོགས་ཚལ་མཐའ་སྡེ་བའི་ས་ཡིན། ས་བབ་ཧྲིལ་བོའི་ཆ་སྙོམས་ཀྱི་མཐོ་ཚད་ནི་མཚོ་ངོས་ལས་སྨི༢༥༨༠ཡིན། གེ་སར་སྒྲུབ་ཕུག་ནི་ཚལ་མཐའ་སྡེ་བའི་མེ་ལོང་ལུང་བའི་ཇ་རྫོང་རི་བོའི་རྩེ་མོའི་བྲག་ཆ་ལོག་ཅེས་པའི་སྐེད་ན་ལྷང་ངེར་ཡོད། དེའི་ཁོར་ཡུག་ནི་མ་བཅོས་ལྷུན་གྱིས་གྲུབ་པའི་གནས་འདུ་འཛི་དབེན་ཞིང་བག་ཕེབས་པའི་གནས་ཤིག་ཡིན། ས་དེའི་གེ་སར་སྒྲུང་པ་རྡོ་རྗེ་ཚེ་རིང་གིས་མཚམས་སྦྱོར་བྱས་པ་ལྟར་ན། མེ་ལོང་ལུང་བའི་ཇ་རྫོང་རི་བོའི་སྐེད་ཀྱི་གེ་སར་སྒྲུབ་ཕུག་ཏུ་གནའ་སྔ་མོ་ཞིག་ལ་བདུད་རྒན་ཞིག་བསྡད་ཡོད་པས། ཉེ་འཁོར་གྱི་ཡུལ་མི་རྣམས་ལ་གནོད་སྐྱེལ་ཞིང་། ཡུལ་མི་རྣམས་རྒྱུན་པར་འཇིགས་སྐྲག་ངང་ནས་འཚོ་བ་རོལ་བཞིན་ཡོད། སྐབས་དེར་ཇོ་རུ་མ་བུ་གཉིས་ས་རྨ་སྨད་གཡུ་ལུང་སུམ་མདོར་ཕེབས་ཏེ་ཉིན་འགའ་ཤས་ཀྱི་རྗེས་སུ་མ་ཡུམ་འགག་བཟས་བདུད་རྒན་གྱིས་ཡུལ་དེའི་མི་རྣམས་ལ་གནོད་འཚེ་གཏོང་བཞིན་པ་ཤེས་ཏེ། ཉིན་ཞིག་ལ་མ་ཡུམ་འགག་བཟའ་ལྷ་མོ་ཇོ་རུས་རྩལ་སྦྱོང་ས་སྟེ་སྲིན་པོ་རི་བོའི་སྟེང་དུ་ཡོང་སྟེ་བདུད་རྒན་གྱི་གནོད་སྐྱེལ་བའི་གནས་ཚུལ་གསལ་བོ་ཇོ་རུ་ལ་ཞུས་པས། མ་བུ་གཉིས་རི་འདབས་ཀྱི་མེ་ལོང་ལུང་བར་ཡོང་ནས་སྒྲུབ་ཕུག་ནུབ་ཕྱོགས་ཀྱི་རི་སྐེད་དུ་རྡོ་ཞིག་གི་སྟེང་དུ་བདུད་རྒན་སྒྲུབ་ཕུག་ཏུ་འབུད་པར་སྒུག་བསྡད། ཉིན་གུང་གི་སྐབས་སུ། བདུད་རྒན་དེ་སྒྱིད་ལུག་ངང་ནས་སྒྲུབ་ཕུག་གི་སྒོ་ཁར་བུད་དུས། ཇོ་རུས་རྡོ་ཆེན་ཞིག་གི་སྟེང་ནས་ལྷ་མདའ་འཕངས་ཏེ་བདུད་རྒན་བསད་པ་དང་། དུས་དེ་ནས་བཟུང་གནས་དེར་སྡོད་པའི་ཡུལ་མི་རྣམས་གནོད་འཚེ་དང་བྲལ་བའི་བདེ་སྐྱིད་ཀྱི་འཚོ་བ་རོལ་པར་གྲགས་ལ། གེ་སར་རྒྱལ་པོ་ཇ་རྫོང་རི་བོའི་སྐེད་ཀྱི་སྒྲུབ་ཕུག་ཏུ་མཚམས་ལ་བསྡད་མྱོང་བར་བཤད་པས། མི་རྣམས་ཀྱིས་གེ་སར་སྒྲུབ་ཕུག་ཅེས་འབོད་བཞིན་ཡོད་དོ། ། 

གཉིས། ཇོ་རུའི་ཞབས་རྗེས། ཤུལ་རྟེན་འདི་ནི་ཆུ་ཤར་ཡུལ་ཚོ་ཚལ་མཐའ་སྡེ་བ་མེ་ལོང་ལུང་བའི་གེ་སར་སྒྲུབ་ཕུག་གི་ཁ་གཏད་དུ་ཡོད། མི་རྣམས་ཀྱིས་གེ་སར་རྒྱལ་པོ་ཆུང་དུས་ཀྱི་ཞབས་རྗེས་ཡིན་ཞེས་འཆད། ད་ལྟའི་བར་དུ་རྡོ་སྟེང་གི་ཞབས་རྗེས་གསལ་པོར་མངོན་ཡོད། རྡོ་དེའི་ཆེ་ཆུང་ནི་སྨི་གྲུ་བཞི་མ་གཉིས་ལྷག་ཡོད་པ་དང་ལྗིད་ཚད་ལ་སྤྱི་རྒྱ་སུམ་བརྒྱ་ཡས་མས་ཡོད་པ་རེད། ཞིང་ས་གསར་སྤེལ་བྱེད་པའི་སྐབས་སུ་ཇོ་རུའི་ཞབས་རྗེས་ཡོད་པའི་རྡོ་ལ་གནོད་སྐྱོན་ཐེབས་པར་དོགས་ནས་ཚལ་མཐའ་སྡེ་བའི་སྡེ་མི་ཞིག་གིས་རང་ཁྱིམ་དུ་ཁྱེར་ཡོང་ནས་ཉར་ཚགས་བྱས་ཡོད། རྒྱུས་ལོན་བྱས་པ་ལྟར་ན། དེ་སྔ་ཁྲི་ཀའི་མཚར་རྡོ་ཉར་ཚགས་བྱེད་མཁན་ཞིག་གིས་མ་དངུལ་མང་པོ་བཏང་སྟེ་ཇོ་རུའི་ཞབས་རྗེས་ཀྱི་རྡོ་འདི་ཉོ་མཁན་བྱུང་ཡང་སྡེ་མི་ཉར་ཚགས་མཁན་གྱིས་མ་བཙོང་ཞེས་བཤད། ངག་རྒྱུན་ལ་ཇོ་རུས་ཇ་རྫོང་རི་སྐེད་ཀྱི་སྒྲུབ་ཕུག་ནང་གི་བདུད་རྒན་གསོད་སྐབས། རྡོ་ཆེན་དེའི་སྟེང་ནས་ལྷ་མདའ་འཕངས་ཏེ་བདུད་རྒན་བསད་ཅིང་ཇོ་རུའི་ཞབས་རྗེས་བབས་པས། ཡུལ་མི་རྣམས་ཀྱིས་ཞབས་རྗེས་ཡོད་པའི་རྡོ་ཆེན་དེ་ལྷ་རྡོའི་ཚུལ་དུ་བཀུར་ཞིང་མཆོད་བཞིན་ཡོད་ལ། ཇོ་རུའི་མཛད་རྗེས་ཡུལ་ལུང་ཀུན་ཏུ་ཁྱབ་སྟེ་ངག་རྒྱུན་མ་ཉམས་པ་དང་ལྷ་རྡོ་ཉར་ཚགས་བྱས་ཡོད་པར་མ་ཟད། ཞབས་རྡོའི་ཤུལ་ནས་རྡོ་འབུམ་བཞེངས་འདུག

གསུམ། གེ་སར་ཆུ་མིག འདི་ནི་སྐེ་བ་སྡེ་བར་ཡོད་ཅིང་། བཤད་རྒྱུན་ལ་ཇོ་རུ་མ་བུ་གཉིས་གླིང་ཡུལ་ནས་ས་མཐའ་སྤྱུགས་རྗེས། རྨ་སྨད་གཡུ་ལུང་སུམ་མདོའི་ཡུལ་ལ་ཡོང་དུས་ཆུ་ལེན་སའི་ཆུ་མིག་ཡིན་པར་བརྗོད་ལ། ས་འདིའི་ཡུལ་མི་རྣམས་ཀྱིས་གེ་སར་ཆུ་མིག་ཅེས་པའི་མིང་བཏགས་ཡོད། ས་འདིར་སྡོང་བོ་གཅིག་ཀྱང་སྐྱེས་མེད་མོད་གེ་སར་ཆུ་མིག་ཡོད་སར་ལྕང་དཀར་གྱི་སྡོང་བོ་ཁེར་སྐྱེས་ཤིག་ཡོད་དོ། །

བཞི། གེ་སར་ཕ་བོང་། འདི་ནི་སྐེ་བ་སྡེ་བའི་མངའ་ཁོངས་སུ་ཡོད། བཤད་རྒྱུན་ལ་གླིང་གི་དུས་སུ་དམ་སྲི་ཞིག་གིས་རྒྱུན་པར་ཡུལ་འདིའི་བྱིས་པ་རྣམས་ལ་གནོད་འཚེ་བྱེད་དང་བྱེད་བཞིན་ཡོད་པ་དེ་ཇོ་རུ་རྒྱལ་པོས་མཁྱེན་ཏེ། ཐུགས་ཤིན་ཏུ་ཁྲོས་ཤིང་འདྲེ་སྲིན་དེ་ཉིད་སྐད་ཅིག་ཉིད་དུ་དམ་ལ་བཏགས་ཏེ་རྡོ་ཕ་བོང་ཞིག་གི་འོག་ཏུ་མནན་པ་ནས་བཟུང་ཡུལ་མི་རྣམས་བདེ་སྐྱིད་ཀྱི་འཚོ་བ་རོལ་ཞིང་རྡོ་ཕ་བོང་དེར་གེ་སར་ཕ་བོང་ཞེས་མིང་བཏགས། ཡུལ་དེའི་གེ་སར་སྒྲུང་པ་ནོར་བུ་ཚེ་རིང་གིས་མཚམས་སྦྱོར་ལྟར་ན། གེ་སར་ཕ་བོང་དེ་སྔོན་ཆད་ས་ཁར་བུད་པ་མང་ཞིང་ཤིན་ཏུ་མཐོ་ལ་དེང་ས་གཏིང་དུ་འཛུལ་ཡོད། བཤད་རྒྱུན་ལ་ཇོ་རུ་རྒྱལ་པོས་འདྲེ་སྲིན་རྡོ་འོག་ཏུ་མནན་ཡོད་པས་ས་འོག་ཏུ་ཅི་ལྟར་འཛུལ་ན་དེ་ལྟར་ལེགས། ཡུལ་དེའི་མི་རྣམས་ཀྱིས་བྱིས་པར་སྲི་གཏོད་པར་གེ་སར་ཕ་བོང་མདུན་དུ་ཡོང་སྟེ་བསང་ཕུད་པ་དང་དར་ལྕོག་འཐེན་པའི་སྲོལ་ད་ལྟའི་བར་དུ་མ་ཉམས་པར་རྒྱུན་འཛིན་བྱས་ཡོད། 

ལྔ། རྡོ་གཤགས་གོང་ཁ། ཤུལ་རྟེན་འདི་ནི་ཁྲི་ཀ་རྫོང་གི་ཤར་ལྷོའི་མཚམས་སུ་ཆགས་པའི་འཕྲང་དམར་ཡུལ་ཚོ་རྐང་ཚ་སྡེ་བའི་མངའ་ཁོངས་སུ་ཡོད་པ་དང་། ས་བབ་ཧྲིལ་བོའི་ཆ་སྙོམས་ཀྱི་མཐོ་ཚད་ནི་མཚོ་ངོས་ལས་སྨི༣༣༥༠ཡིན། འཕྲང་དམར་ཡུལ་ཚོ་ནས་སྤྱི་ལེ་བཞི་བཅུ་ཡས་མས་སུ་ཡོད། རྡོ་གཤགས་གོང་ཁ་དང་འབྲེལ་བའི་ངག་རྒྱུན་དེ《གླིང་གེ་སར་རྒྱལ་པོའི་ཤུལ་རྟེན་གྱི་ངག་རྒྱུན་ངོ་མཚར་མེ་ཏོག་ཕྲེང་མཛེས》ལས།“གནའ་སྔ་མོ་ཞིག་ལ་འབྲོག་སྡེ་ཆེན་པོ་རྐང་ཚ་ཞེས་པའི་ས་ཁུལ་དེ་རུ་སྟོབས་མངའ་ཐང་རྒྱས་ཤིང་རྒྱུ་འབྱོར་བ་ལྡན་པ། ལས་དགེ་སྡིག་ཤེས་ཤིང་ཆོས་དམ་པར་དད་པ། བྱམས་སྙིང་རྗེ་ཡོད་ཅིང་མི་ལ་ཆེ་ཆུང་ཡོད་པའི་རྫོགས་ལྡན་གྱི་དུས་བཟང་བོ་ཤར་བའི་སྐབས་ཤིག་ལ། འཇིགས་ཆེན་མགོ་ལ་རྭ་ཡིས་བཀང་བ་དང་། སྟོབས་ཆེན་ཕ་བོང་ཕྲག་ཏུ་ཁུར་བ་ངམ་གནག་སེམས་ཅན་ཁྱུར་མིད་བྱེད་པ། ཁ་ལས་མེ་ལྕེ་དགུང་ལ་འཕྱུར་བ། སྐྱེ་བོ་སུས་མཐོང་ཡང་འཇིགས་སྐྲག་གི་སྡོང་ལོ་རླུང་གིས་བདས་པ་བཞིན་ལྷབ་ལྷུབ་ཏུ་འདར་བའི་འདྲེ་རྒོད་འཇིགས་སུ་རུང་བ་ཞིག་གློ་བུར་དུ་ས་ཆ་འདིར་བསླེབས་པ་ན། གླིང་རྗེ་གེ་སར་རྒྱལ་པོ་མཚམས་ལ་བཞུགས་ཡོད་པའི་སྐབས་སུ་ཐུགས་ཀྱིས་མཁྱེན་ནས། ཁོང་ཉིད་ཀྱི་དགོངས་པར་འདྲེ་རྒོད་འདི་སྐད་ཅིག་དེ་ཉིད་དུ་དམ་ལ་མ་བཏགས་ན་སེམས་ཅན་ཐམས་ཅན་ལ་གནོད་པ་ཆེན་པོ་ཐེབས་ངེས་ཡིན་སྙམ་ནས་དེ་མ་ཐག་འཁོར་གསུམ་སྐེད་ལ་བཅིངས་ཏེ་རྐང་བ་ཟུང་གི་ཤུགས་ལ་བརྟེན་ནས་བྱ་འཕུར་བ་བཞིན་རྒྱུགས་སོང་ཙ་ན། འཇིགས་རུང་འདྲེ་རྒོད་དེས་ཀྱང་གེ་སར་ནོར་བུ་དགྲ་འདུལ་ཡིན་པ་རྟོགས་ནས་འཕྲལ་དུ་མདུན་ལ་བྲོས་བྱུང་། སྐབས་དེར་གེ་སར་རྒྱལ་པོ་རྟེའུ་ཐང་ལ་བསླེབས་ཏེ་རྟེའུ་ཞིག་ལ་ཞོན་ནས་བདས་ཀྱང་རྗེས་མ་ཆོད། དེ་ནས་རྒོད་མའི་ཐང་ལ་བསླེབས་ཏེ་རྒོད་ཅིག་ལ་བཅིབས་ཏེ་བདས་ཀྱང་རྗེས་མ་ཟིན། མཇུག་མཐར་རྟ་རྒྱུགས་ཐང་ལ་བསླེབས་ཏེ་ཅང་ཤེས་རྟ་མཆོག་ཅིག་ལ་བཅིབས་ནས་བདས་པ་ན། འདྲེ་རྒོད་དེས་ཕ་བོང་རྒྱ་སྒོ་འདྲ་བ་ཞིག་ཕྲག་ཏུ་ཁུར་ནས་ཕྱིར་འཐབ་རེས་བྱེད་འདོད་པའི་སྐབས་དེར་གེ་སར་རྗེས་ཆོད་དེ་གྲི་རྣོན་པོ་ངོ་དམར་རྡུལ་གཅོད་དེ་དགུང་ལ་ཕྱར་ཏེ་ཐེ་ཚོམ་མེད་པར་བསྣུན་པའི་ཚེ། འདྲེ་རྒོད་དེས་ཁུར་ཡོད་པའི་རྡོ་དང་མཉམ་གཅིག་ཏུ་གཞུང་གཤགས་བྱས་ཏེ་འདུལ་བ་ལགས་ཞེས་བརྗོད་ཅིང་། ཕྱིས་སུ་མི་ཚང་མས་ས་དེ་ལ་རྡོ་གཤགས་གོང་ཁ་ཞེས་བརྗེད་མེད་ཀྱི་མིང་ཡང་བཏགས་བྱུང”ཞེས་གཏམ་རྒྱུད་ཁ་ཚང་ཞིག་ཡུལ་དངོས་དང་སྦྱར་ནས་བཤད་ཡོད། ཡུལ་དེའི་མང་ཚོགས་བསོད་ནམས་ཚེ་བརྟན་གྱིས་ཡུལ་དངོས་ནས་མཚམས་སྦྱོར་བྱེད་པའི་སྐབས་སུ། ཡུལ་ཕྱོགས་འདི་ན་གེ་སར་སྒྲུང་དང་འབྲེལ་བའི་ངག་རྒྱུན་ཡོད་དེ། རྡོ་གཤགས་གོང་ཁའི་ཤར་བྱང་གཉིས་ཀྱི་མཚམས་ན་གླིང་རྗེ་གེ་སར་རྒྱལ་པོའི་རྟེའུ་ཐང་དང་། རྒོད་མའི་ཐང་། རྟ་རྒྱུག་ཐང་ཞེས་ཐང་ཆེན་པོ་ཡོད་པ་དང་། རྐང་ཚ་གོང་མ་ན་གེ་སར་གྱི་བ་རྡོ་དང་། འབྲུག་མོའི་ཆུ་སྟེགས། གེ་སར་གྱི་བཞུགས་ཁྲི། གེ་སར་རྒྱལ་པོའི་ཞབས་རྗེས་སོགས་ངག་རྒྱུན་ཤུལ་རྟེན་ཡང་མང་པོ་ཡོད་པར་བཞེད། ཡིན་ཡང་དེ་འབྲེལ་གྱི་ངག་རྒྱུན་གཏམ་རྒྱུད་མེད་པས་མིང་ཙམ་ལས་འགོད་མ་ནུས། 

དྲུག གེ་སར་རྒྱལ་པོའི་རྟ་སྒ། ངག་རྒྱུན་ཤུལ་རྟེན་འདི་ནི་རྐང་ཚ་གོང་མ་སྡེ་བར་ཡོད། སྡེ་བ་འདི་ནི་འཕྲང་དམར་སྲིད་གཞུང་གི་ཤར་ཕྱོགས་སུ་སྤྱི་ལེ༤༠ལྷག་གིས་ཆོད་པའི་ཨ་མྱེས་རྫ་དམར་གྱི་བྱང་ཕྱོགས་ན་ཆགས་འདུག གེ་སར་རྒྱལ་པོའི་རྟ་སྒ་ཞེས་པའི་རྡོ་དེའི་གཟུགས་དབྱིབས་རྟ་སྒ་དང་མཚུངས་པའི་རྡོ་ཆེན་པོ་ཞིག་ཡིན། ས་དེའི་རྒན་པོ་བསོད་ནམས་ཚེ་བརྟན་གྱིས་མཚམས་སྦྱོར་བྱས་པ་ལྟར་ན། ས་ཆ་དེ་ན་གེ་སར་སྒྲུང་དང་འབྲེལ་བའི་ངག་རྒྱུན་ཤུལ་རྟེན་མང་པོ་ཡོད་དེ། གེ་སར་རྟ་སྒ་འདིར་མི་རྣམས་ཀྱིས་གེ་སར་རྒྱལ་པོའི་ཆིབས་པ་རྐྱང་རྒོད་གཡེར་བའི་རྟ་སྒ་ཞེས་གནའ་ནས་ད་བར་དུ་ངག་རྒྱུན་དུ་གྲགས། རྡོའི་སྟེང་ན་སུར་ནག སུར་དཀར། སེྤེན་མ། ལྕང་མ། གླང་མ་སོགས་སྐྱེས་ཡོད། གཞན་ཡང་རྐང་ཚ་དགོན་ནས་ལྷོ་ཕྱོགས་སུ་སྤྱི་ལེ་བཅོ་ལྔ་ཡས་མས་སུ་སྦྲ་གུར་དང་འདྲ་བའི་རྡོ་ལྔ་དྲུག་ཅིག་ཡོད་དེ། ས་དེའི་མི་རྣམས་ཀྱིས་རྡོ་གུར་ཞེས་གནའ་ནས་ད་ལྟའི་བར་འབོད་སྲོལ་མཆིས། དེའི་ཕྱིའི་དབྱིབས་ནི་གུར་ཞིག་དང་འདྲ་ཞིང་། རྡོ་ལ་ལར་ཁུང་བུ་ཡོད་ཅིང་ཁུང་ཁ་ཆུང་རུང་ནང་དུ་འཛུལ་རྗེས་མི་ཞིག་ལངས་ནས་བསྡད་ཆོག་ལ། ལ་ལའི་ཁུང་བུ་ཆུང་བས་བཙོག་ནས་མ་གཏོགས་འདུག་མི་ཐུབ།

བདུན། ཚ་ཞང་འདན་མའི་བླ་མཚོ། ངག་རྒྱུན་ཤུལ་རྟེན་འདི་ནི་འཕྲང་དམར་གྲོང་རྡལ་མངའ་ཁོངས་ཀྱི་གླིང་ཚ་སྡེ་བར་ཡོང་། ས་བབ་ཧྲིལ་བོའི་ཆ་སྙོམས་ཀྱི་མཐོ་ཚད་ནི་མཚོ་ངོས་ལས་སྨི༢༨༤༠ཡིན། ཡུལ་འདི་ནི་ཚ་ཞང་འདན་མའི་ཕ་ཡུལ་ཞེས་པའི་ངག་རྒྱུན་ཁྱབ་ཡོད་དེ། ཆུང་དུས་ནས་ཡུལ་དེར་ནར་སོན་པའི་ཨ་ཁུ་སྐར་མ་ཐར་གྱིས་གླིང་ཚ་སྡེ་བར་ཉེ་བའི་ལྷོ་ཕྱོགས་ཀྱི་རི་བོའི་སྐེད་ན་ཤུག་པའི་སྡོང་བོ་ཁེར་སྐྱེས་ཤིག་ཡོད་པ་དེ་ནས་འགོ་བརྩམས་ཏེ་ངག་རྒྱུན་ཤུལ་རྟེན་མཚམས་སྦྱོར་བྱས། བཤད་རྒྱུན་ལ་ཤུག་སྡོང་ཁེར་སྐྱེས་དེ་ནི་སྲིན་མོ་དང་འགྲོགས་ཏེ་ནགས་ཚལ་དང་མཚོ་མོ་སོགས་གླིང་ཚའི་ཉག་ག་དགུ་གཤགས་ཏེ་འབྲོ་བའི་སྐབས་སུ་ཤུག་སྡོང་གཉིད་སོང་བའི་སྟབས་ཀྱིས་ལུས་སོང་བ་ཡིན་སྐད། དེས་ན་སྲིན་མོ་དང་། ནགས་ཚལ། མཚོ་མོ་སོགས་འབྲོ་དགོས་པའི་རྒྱུ་མཚན་ཅི་ཡིན་དྲིས་ཚེ། སྒྲུང་པ་སྐར་མ་ཐར་གྱིས་གཏམ་རྒྱུད་ཅིག་དང་སྦྱར་ནས་བཤད། གནའ་སྔ་མོར་ཚ་ཞང་འདན་མ་ཁོང་ཉིད་མཚམས་ལ་སྡོད་པའི་སྐབས་སུ། ཡུལ་འདིའི་ནགས་ཚལ་དང་མཚོ་མོ་སྐམ་བཞིན་མཆིས་པ་དེ་ནི་སྲིན་མོ་ཞིག་གིས་གནོད་བྱེད་བཞིན་ཡོད་པ་ཐུགས་སུ་མཁྱེན་ཏེ། ཚ་ཞང་འདན་མས་ལུས་ལ་ཁྲབ་ཆེན་ཉི་མ་རང་ཤར་གྱོན་པ་དང་། མགོ་ལ་རྨོག་ཆེན་བྱུ་རུ་མདངས་འཛིན་གོན་པ། རྟ་འདོ་བ་དངོས་གྲུབ་ལྡན་པར་བཅིབས་པ། རལ་གྲི་ལྗང་པ་ཡུ་དམར་བཏགས་ཏེ་གཞུ་མོ་མི་འགྱུར་དུང་གཞུ་དཀར་པོ་རང་འཁྱིལ་སྟེང་ལ་མདའ་མོ་མི་འགྱུར་གནམ་ལྕགས་ཐོག་མདའ་བཞག་སྟེ་སྲིན་མོ་སྟེང་ལ་འཕངས་ཀྱང་འདུལ་མ་ཐུབ་ཅིང་གླིང་ཚའི་ཉག་ག་དགུ་གཤགས་ནས་བྲོས། མདའ་མོ་མི་འགྱུར་གནམ་ལྕགས་ཐོག་མདའ་དེ་མཚོ་ནང་གི་གླང་ལ་ཕོག་པས་མཚོ་གླང་བསད། གླང་ཁྲག་བཞུར་རྒྱུན་མང་བས་མཚོ་མོའི་མདོག་ཀྱང་དམར་པོར་གྱུར་པ་ལགས། རྗེས་སུ་མི་རྣམས་ཀྱིས་མཚོ་མོ་དེར་ཚ་ཞང་འདན་མའི་བླ་མཚོ་ཞེས་པའི་མིང་བཏགས་པར་བཤད་དོ། །

བརྒྱད། མཛོ་མོ་རུ་རྫོང་མཁར། ཤུལ་རྟེན་འདི་ནི་དཀར་བརྗིད་ཡུལ་ཚོའི་དཀར་བརྗིད་སྡེ་བའི་ནུབ་ཕྱོགས་ཀྱི་རི་འདབས་སུ་ཡོད། བཤད་རྒྱུན་ལ་གེ་སར་སྒྲུང་གི་མི་སྣ་ཧོར་ཤན་པ་རྨེ་རུ་རྩེའི་མཁར་ཤུལ་ཡིན་པར་གྲགས། སྒྲུང་དུ།“ཕུ་ལུང་རྡོ་རྗེའི་བྲག་སྟེང་ན། །མཛོ་མོ་རུ་རྫོང་མཁར་ནང་ན། །ཧོར་སྡིག་པ་ར་ཙའི་བུ་ལྔ་ཡོད། །སྡིག་གཅོད་ཤན་པ་རྨེ་རུ་རྩེ……”ཞེས་པ་བཞིན་མཁར་ཤུལ་དེར་ས་དེའི་ཡུལ་མི་རྣམས་ཀྱིས་ཤན་པའི་མཁར་ཡིན་ཞེས་གླེང་བཞིན་གདའ། མཁར་ཤུལ་དེའི་སྤྱིའི་བཀོད་པ་ནི་གྲུ་བཞི་ཅུང་ནར་མོ་ཞིག་དང་། མཁར་ཤུལ་ནང་དུ་འགྲོ་སའི་སྒོ་ནི་ནུབ་ཕྱོགས་སུ་གཤགས་ཡོད། “མཁར་གྱི་དབྱིབས་ནི་གྲུ་བཞི་སྣ་རིང་མ་ཞིག་ཡིན་ལ། འདིའི་ལྷོ་བྱང་གི་རིང་ཚད་ལ་སྨི༢༢༨དང་། ཤར་ནུབ་ཀྱི་ཞེང་ཚད་ལ་སྨི༡༤༠ཡོད། མཁར་རྟིང་གི་ཞེང་ཚད་ལ་སྨི༡༠དང་མཁར་ཁའི་ཞེང་ཚད་ལ་སྨི༥ཡོད།”རྫོང་མཁར་དུ་ངག་རྒྱུན་འདི་འདྲ་ཞིག་ཡོད་པ་ནི། སྔོན་དུས་གླིང་རྗེ་གེ་སར་རྒྱལ་པོས་ཧོར་རྗེ་གུར་དཀར་སོགས་ཆམ་ལ་ཕབ་ཅིང་ཤན་པ་རྨེ་རུ་རྩེ་མངའ་འོག་ཏུ་བཀུགས་རྗེས། འཇང་ས་དམ་རྒྱལ་པོའི་བུ་འཇང་ཕྲུག་གཡུ་ལྷ་ཐོག་འགྱུར་འདུལ་བའི་དུས་ལ་བབ་ཡོད་པས་ན། གླིང་རྗེ་གེ་སར་རྒྱལ་པོས་ཤན་པ་རྨེ་རུ་རྩེ་དེ་དབུས་ཚ་མཚོ་ཁར་འཇང་ཕྲུག་འདུལ་བར་བསྔགས། ཤན་པས་འཇང་ཕྲུག་དམ་ལ་བཏགས་ཏེ་གླིང་ལ་ལོག་པའི་དུས་སུ་ལམ་རྐེད་དུ་མཛོ་མོ་རུ་རྫོང་མཁར་ནང་དུ་ཉིན་བཅུ་ལྷག་ལ་བསྡད་རྗེས་གླིང་དཀར་སྟོད་ལ་ལོག་སྐད། རྫོང་མཁར་གྱི་ལྷོ་ངོས་སུ་ས་དམར་སྤུངས་ཐོ་ཞིག་ཡོད་པ་དེར་དམངས་ཁྲོད་དུ་བཤད་རྒྱུན་འདི་འདྲ་ཞིག་ཡོད་དེ།“སྔོན་དུས་ཧོར་གླིང་གཉི་ག་གཡུལ་འཁྲུག་དྲག་པོ་རྒྱག་པའི་སྐབས་སུ་གེ་སར་རྒྱལ་པོས་རྫུ་འཕྲུལ་གྱིས་མཁར་འདིའི་ཁ་གཏད་ཀྱི་རི་བོའི་རྩེ་མོ་བཅད་དེ་མཁར་འདིའི་ལྷོ་ངོས་ཀྱི་ཟུར་གཅིག་བཤིག་པས་ཡིན་ལ། མདུན་དེའི་མགོ་ནི་མིས་དངོས་སུ་བཅད་པ་ལྟར་བདེ་བདེ་ཞིག་ཡིན་པའང་དེ་ལྟར་རོ། །”བཤད་རྒྱུན་གཞན་ཞིག་ནི་མདུན་གྱི་ཁྲག་ཆེན་ཐང་གི་ཁྲག་དེ་ནས་མར་བཞུར་བས་ས་དམར་དུ་གྱུར་བ་ཡིན་ཞིང་ཁྲག་ནུར་སྣ་ཁ་ཞེས་འབོད་བཞིན་མཆིས་སོ། །

དགུ། ཁྲག་ཆེན་ཐང། ཤུལ་རྟེན་འདི་ནི་དཀར་བརྗིད་ཡུལ་ཚོའི་ཁོངས་གཏོགས་དང་དཀར་བརྗིད་སྡེ་བའི་ཞིང་ས་ཡིན། མཛོ་མོ་རུ་རྫོང་མཁར་མདུན་གྱི་བྱང་ཕྱོགས་ན་ཡོད། ངག་རྒྱུན་ལ་ཧོར་དམག་མང་པོ་བསད་པའི་ཤུལ་ཡིན་པར་གྲགས། ཁྲག་ཆེན་ཐང་གི་ས་ཞིང་དེའི་ཆེ་ཆུང་ལ་ས་མུའུ་བདུན་བརྒྱ་དང་དྲུག་ཅུ་ལྷག་ཡོད། དེར་བཤད་རྒྱུན་འདི་འདྲ་ཞིག་ཡོད་དེ། ཧོར་གླིང་གཡུལ་འཁྲུག་གི་སྐབས་སུ་དེ་ནས་ཧོར་དམག་མང་པོ་བསད་པས་ཁྲག་བཞུར་བའི་ཐང་ཡིན་ལ། ཧོར་དམག་རྣམས་ཕམ་རྗེས་རྨས་མ་རྣམས་བྲོས་ཏེ་ཁྲག་ཆེན་ཐང་གི་ནུབ་བྱང་མཚམས་ཀྱི་ལུང་བ་ཧོར་སྐྱོང་ནང་དུ་བསྡད་སྐད། ཁྲག་ཆེན་ཁུག་གི་ས་ཞིང་དུ་གནའ་བོའི་དུར་ཁྲོད་མང་པོ་ཡོད་ཅིང་མིའི་རུས་རྙིང་སོགས་མང་པོ་རྙེད་ལ། རུས་པ་སྤྱིར་བཏང་གི་མི་དང་མི་འདྲ་བར་ཅུང་ཆེ་བ་ཡོད་པར་བཤད་དོ། ། 

བཅུ། ཤན་པ་རྨེ་རུ་རྩེའི་མཚམས་ཁང་། ཤུལ་རྟེན་འདི་ནི་དཀར་བརྗིད་ཡུལ་ཚོའི་ཁོངས་སུ་གཏོགས། དཀར་བརྗིད་སྔགས་ཁང་གི་ཨ་ཁུ་འཇམ་དབྱངས་ཤེས་རབ་ ཀྱིས་མཚམས་སྦྱོར་ལྟར་ན། བཤད་རྒྱུན་ལ་དེང་སྐབས་ཀྱི་དཀར་བརྗིད་སྔགས་ཁང་བཞེངས་ཡོད་པའི་གནས་དེ་ཡིན་པ།《ཁྲི་ཀའི་རིག་གནས་ལོ་རྒྱུས》ལས།“སྲིད་པ་ཆགས་པའི་ལྷ་དགུའི་ནང་ཚན། ཟོ་དོར་དགྲ་རྒྱལ་རྒོད་པོ་རྩེའི་ཉེ་འདབས། སྒོ་མེ་དཀར་བརྗིད་ཅེས་དགེ་བཅུའི་དཔལ་གཡང་འཛོམས་པའི་ཡུལ་གྲུ་དང་མི་རིང་བའི་ནུབ་ངོས། ཧོར་ཤན་པ་རྨེ་རུ་རྩེའི་སྐྱེས་ལྷ་ལྕོག་ལྷ་མཚལ་རྩེའི་མདུན་ཞོལ་དུ། སྔ་འགྱུར་རྙིང་མའི་དགོན་པ་རྣམ་གྲོལ་པདྨ་གླིང་བཏབ”ཅེས་དཀར་བརྗིད་སྔགས་ཁང་ནི་ཤན་པ་རྨེ་རུ་རྩེའི་མཚམས་ཁང་གི་གནས་དེ་ལ་བརྟེན་ནས་ཐོག་མར་ཁང་པ་གྱན་གསུམ་ནས་རིམ་བཞིན་འདུ་ཁང་ཆེན་མོ་འཛུགས་སྐྲུན་བྱས། ད་ལྟའི་བར་དུ་ཕལ་ཆེར་ལོ་ངོ་བདུན་བརྒྱའི་ལོ་རྒྱུས་ཡོད་པར་བཞེད། དེ་ལས་དཀར་བརྗིད་སྔགས་ཁང་གི་རྒྱབ་རི་དེ་ནི་ཤན་པ་རྨེ་རུ་རྩེའི་བླ་རི་ལྕོག་ལྷ་མཚལ་རྩེ་ཡིན་པའང་བསྟན་ཡོད། དེང་སྐབས་ས་དེའི་མང་ཚོགས་ཀྱིས་རི་མགོར་ལ་རྩེ་བསྟད་ཡོད། 

བཅུ་གཅིག ལྷ་ཁང་ཐང་གི་གེ་སར་རྒྱལ་པོའི་འབུར་སྐུ། གེ་སར་རྒྱལ་པོའི་འབུར་སྐུ་དེ་ནི་ལ་ཟེ་བ་གྲོང་རྡལ་ལྷ་ཁང་ཐང་སྡེ་བའི་སྔགས་ཁང་གི་ཚོགས་ཁང་ཆེན་མོའི་གཡས་ཕྱོགས་ཀྱི་འདུ་ཁང་ནང་དུ་བཞེངས་འདུག སྐུའི་རྣམ་པ་ནི་གླིང་རྗེ་གེ་སར་རྒྱལ་པོ་འདོ་རྗེ་རྐྱང་རྒོད་གཡེར་བར་བཅིབས་ཤིང་། ཞལ་ངོ་དཀར་ཞིང་བཅོ་ལྔའི་དུང་ཟླ་འདྲ་བ། ལུས་ལ་ཟ་འོག་གི་གོས་སྣ་ཚོགས་ཀྱིས་བརྒྱན་པ། བྲང་དུ་མེ་ལོང་འཛམ་གླིང་རང་ཤར་བཏགས་པ། ཕྱག་གཡོན་པས་སྦ་ལྕག་བསམ་པའི་དོན་འགྲུབ་དང་གཡས་པས་སྲབ་མདའ་དང་རུ་དར་འཆང། མགོ་ལ་རྨོག་གྱོན་ཞིང་དེའི་སྟེང་རུ་དར་གྱིས་བརྒྱན་པ་ཞེས་གེ་སར་རྒྱལ་པོའི་སྣང་བརྙན་བསྟན་ཡོད། 

བཅུ་གཉིས། འདོ་རྗེ་རྐྱང་རྒོད་གཡེར་བའི་རྨིག་རྗེས། ཤུལ་རྟེན་འདི་ནི་ལ་ཟེ་བ་གྲོང་རྡལ་ལྷ་ཁང་ཐང་སྡེ་བའི་ཁོངས་སུ་ཡོད། ལྷ་ཁང་ཐང་སྔགས་ཁང་གི་སྒོ་ཆེན་གྱི་གཡོན་དུ་རྡོ་བདག་ཉར་བྱས་ཡོད། མི་རྣམས་ཀྱིས་རྡོ་དེའི་སྟེང་གི་རྟའི་རྨིག་རྗེས་དང་མཚུངས་པའི་ཀོང་ལ་ལྷུང་ཡོད་པ་དེ་ནི་གླིང་རྗེ་གེ་སར་རྒྱལ་པོའི་འདོ་རྗེ་རྐྱང་རྒོད་གཡེར་བའི་རྨིག་རྗེས་ཡིན་པར་བཤད། སྔོན་ཆད་ལ་ཟེ་བ་གྲོལ་རྡལ་ཉེ་འགྲམ་གྱི་གྲམ་པའི་ཚེར་མ་ནང་དུ་ཡོད་ཅིང་། ས་དེའི་མང་ཚོགས་ཀྱིས་བོར་སྟོར་འབྱུང་བར་དོགས་ནས་ལྷ་ཁང་སྔགས་ཁང་དུ་ཁྱེར་ཡོང་ནས་བདག་ཉར་བྱས། རྡོ་དེའི་སྟེང་དུ“གླིང་རྗེ……རྨིག་རྗེས”ཞེས་པའི་གསལ་ལ་མི་གསལ་བའི་ཡིག་འབྲུ་འགའ་བྲིས་ཡོད། རྡོའི་གོང་དུ་རྨིག་རྗེས་ཀྱི་ཤུལ་ནི་རང་བྱུང་གིས་ཀོང་བར་གནས་ཡོད།“འདོ་རྗེ་རྐྱང་རྒོད་གཡེར་བ་དེ། །ཕྱི་བལྟས་བྱོལ་སོང་རྟ་ཡི་ཚུལ། །ནང་ན་སངས་རྒྱས་དགོངས་པ་ཅན། །སྣང་བ་མཐའ་ཡས་སྤྲུལ་བ་ཡིན། །……འདོ་བ་བདེ་བའི་རྨིག་བཞི་ལ། །མགྱོགས་པ་རླུང་གི་དགྲ་ལྷ་འཁོར……”ཞེས་ཤུལ་རྟེན་དེ་བདག་ཉར་བྱས་ན་མི་ལ་ན་ཚ་མི་འབྱུང་བ་དང་ཕྱུག་ལ་གོད་ཁ་མེད་པ། ལོ་ལ་ལོ་ལེགས་འབྱུང་བའི་སྨོན་ལམ་དང་མཆོད་བཀུར་བགྱིས་པ་ཡིན་པར་བཞེད་དོ། །

གསུམ་པ། ཁྲི་ཀའི་ལེའུ་བགོས་མ།

གེ་སར་སྒྲུང་གི་ཁྲི་ཀའི་ལེའུ་བགོས་མ་ནི་གེ་སར་རིག་གནས་བྱ་བའི་ཁྲོད་དུ་སྐད་གྲགས་ཆེ་ཞིང་དངོས་གནས་བརྗོད་འོས་པ་དང་ལོ་རྒྱུས་ཀྱི་དོན་སྙིང་ལྡན་པའི་སྒྲུང་ཡིག་ཅིག་ཡིན། ཁྲི་ཀའི་ལེའུ་བགོས་མའི་རྒྱ་འགྱུར་མ་ནས་འགོ་བརྩམས་ཏེ་བོད་ཀྱི་དཔའ་བོའི་ལོ་རྒྱུས་བརྗོད་པའི་སྙན་རྩོམ་རིང་མོ་གེ་སར་སྒྲུང་མི་རིགས་གཞན་པར་ངོ་སྤྲོད་དང་དྲིལ་སྒྲོག་བྱས། དེས་ན་ང་ཚོས་དེའི་སྐོར་གྱི་རྒྱ་འགྱུར་མ་ཇི་ལྟར་བྱུང་བ་དང་སྒྲུང་དཔེའི་མ་ཡིག་ནི་གང་ནས་བྱུང་བ་ཡིན་ཞེ་ན། བཤད་རྒྱུན་དང་དཔྱད་གཞིའི་ཡིག་ཆ་མང་པོ་ལས། ཁྲི་ཀའི་ལེའུ་བགོས་མ་ནི་ཁྲི་ཀའི་སྒྲུང་པ་དཔལ་རྒྱལ་གྱིས་ལྷ་ཁང་ཐང་གི“拉果”ལག་ནས་གཡར་བ་ཡིན་ཞེས་བརྗོད་པ་དང་། མི་དེ་ནི་ཕོ་མོ་གང་ཡིན་ཡང་གསལ་ཐག་ཆོད་མེད་པ། ཡང་འགའ་རེས་དཔལ་རྒྱལ་གྱིས་བྲིས་པ་ཡིན་སོགས་བཤད་རྒྱུན་མང་པོ་འདུག་པས། ཐེངས་འདིའི་རྟོག་དཔྱོད་ཚན་ཆུང་གིས་གཙོ་གནད་དུ་བཟུང་སྟེ་རྩད་གཅོད་བྱས་པ་ཡིན། ཁྲི་ཀའི་ལེའུ་བགོས་མའི་མ་ཡིག་གི་བདག་པོ“拉果”ཞེས་པ་ནི་ལྷ་ཁང་ཐང་གི་སྔགས་པ་རབ་ཁོ་ཡིན། ཀུན་གྱིས་ཁས་ལེན་པའི་སྔགས་པ་ཆེན་མོ་ཞིག་ཡིན། ཨ་ཁུ་རབ་ཁོ་དགུང་ལོ༩༨སྟེང་སྐུ་གཤེགས། ཁོའི་གཟུགས་རིས་ཤིག་ལྷ་ཁང་ཐང་སྔགས་ཁང་ཚོགས་ཆེན་འདུ་ཁང་གི་ཁྲི་ཐོག་ཏུ་བདག་ཉར་མཛད་ཡོད། གཟུགས་རིས་དེ་ནི་གཡོན་དུ་ཨ་ལགས་རིན་ཆེན་རྣམ་རྒྱལ་དང་། དཀྱིལ་དུ་སྔགས་འཆང་རབ་ཁོ། གཡས་སུ་ཏིང་ཀྱཱ་རིན་པོ་ཆེ་བཅས་གསུམ་པོ་མཉམ་དུ་བླངས་ཡོད་ཅིང་པར་སྒྲོམ་དུ་བཅུག་འདུག དཔལ་རྡོར་སྐྱབས་ཀྱིས་མཚམས་སྦྱོར་བྱས་པ་ལྟར་ན།“སྐབས་དེར་ངའི་ཨ་ཞང་ཨ་ཁུ་རབ་ཁོའི་ལག་ཏུ་ལྷ་གླིང་གབ་ཙེ་དགུ་སྐོར་སོགས་སྒྲུང་ཡིག་མང་པོ་ཨ་ཁུ་དཔལ་རྒྱལ་གྱིས་ཁོ་ཚོས་ཞིབ་འཇུག་དང་པར་སྐྲུན་བྱེད་ཀྱི་ཡིན་ཟེར་ནས་གཡར་སོང་བ་ཡིན། རྗེས་མར་དཔེ་ཆ་དེ་དག་ཕྱིར་མ་འཕྲོད། ཨ་ཁུ་རབ་ཁོས་ལྷ་གླིང་གབ་ཙེ་དགུ་སྐོར་གྱི་ནང་དོན་ཧ་ཅང་ཡག་པར་བཞེད། སྒྲུང་དཔེ་དེ་དག་ཁོང་གིས་བྲིས་པ་མིན་ཞིང་ཡུལ་གཞན་ཞིག་ནས་ཁྱེར་ནས་ཡོང་བ་ཡིན། སྔོན་ཆད་ཁྱིམ་དུ་སྒྲུང་དཔེ་སོགས་དཔེ་ཆ་མང་པོ་ཡོད་ལ‘རིག་གསར’སྐབས་སུ་མེར་སྲེག་ནས་མེད་བརླག་ཏུ་བཏང་སོང་།”སྤྱི་ལོ༡༩༥༣ལོའི་ཁྲི་ཀ་རྫོང་སྲང་གཞུག་གི་ཨ་ཁུ་དཔལ་རྒྱལ་ལགས་མཚོ་སྔོན་ཞིང་ཆེན་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱིས་གདན་འདྲེན་ཞུས་ཏེ། སྔ་རྗེས་སུ་འབྲེལ་ཡོད་མི་སྣ་དང་མཉམ་དུ་རྩེ་ཁོག་དང་། ཁྲི་ཀ དཔའ་ལུང་། བླ་བྲང་སོགས་ས་ཆར་དམངས་ཁྲོད་རྩོམ་རིག་དང་གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་འཚོལ་སྡུད་བྱས། གེ་སར་རིག་པའི་ཞིབ་འཇུག་པ་ཞི་གོ་ཆུན་གྱིས།“མཚོ་སྔོན་ཞིང་ཆེན་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱིས་དཔལ་རྒྱལ་གདན་འདྲེན་བྱས་ཏེ་ཁྲི་ཀ་ཞིང་གྲོང་ནས་ཟི་ལིང་དུ་ཡོང་སྐབས། གེ་སར་སྒྲུང་ཡིག་ལག་བྲིས་མ་ཞིག་བཟུང་ཡོད། དེ་ནི་གེ་སར་སྒྲུང་ལས་དེང་སྐབས་རྒྱལ་ཁབ་ཕྱི་ནང་དུ་གྲགས་བཞིན་པའི་གེ་སར་སྒྲུང་དཔེ‘ཁྲི་ཀའི་ལེའུ་བགོས་མ’ཞེས་པ་དེ་ཡིན”ཞེས་ཁྲི་ཀའི་ལེའུ་བགོས་མའི་མ་ཡིག་ནི་ལག་བྲིས་མ་ཞིག་ཡིན་ཞིང་། ཞིབ་འཇུག་པ་ཝང་དབྱི་ནོན(王沂暖)དང་ཨ་ཁུ་དཔལ་རྒྱལ་གཉིས་ཀྱིས་ལག་བྲིས་མ་དེ་མ་ཡིག་བྱས་ཏེ་རྒྱ་ཡིག་ལ་བསྒྱུར་བ་དང་།“ལེའུ་བགོས་མ(分章本)”ཞེས་པའི་མིང་དེ་ཐོག་དང་པོར་བཏགས་པ་རེད། སྤྱི་ལོ༡༩༥༩ལོའི་ཟླ༤པར་མཚོ་སྔོན་ཞིང་ཆེན་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཐོག་མར་དཔར་ཞིང་། སྤྱི་ལོ༡༩༨༡ལོའི་ཟླ༣པར་ཀན་སུའུ་མི་དམངས་དཔེ་སྐྲུན་ཁང་ནས་དངོས་སུ་དཔེ་སྐྲུན་བྱས། སྤྱི་ལོ༡༩༨༧ལོའི་ཟླ༣པར་འཇར་པན་གྱི་ཆི་ཧྥི་སློབ་གསོའི་སློབ་གྲྭ་ཆེན་མོ་ཕྱི་སྐད་ཡིག་སློབ་གླིང་གི་དགེ་རྒན་ཆེན་མོ་ཅུན་ཏའོ་ཅིའུ་ཙི(君岛久子)ཡིས་འཇར་པན་གྱི་ཡི་གེར་བསྒྱུར་ནས་དངོས་སུ་དཔེ་སྐྲུན་བྱས། 

ཁྲི་ཀའི་ལེའུ་བགོས་མའི་མ་ཡིག་གི་གནས་ཚུལ་ལ། ཞིབ་འཇུག་པ་ཞི་གོ་ཆུན(徐国琼)གྱིས་ཁྲི་ཀའི་ལེའུ་བགོས་མ་སྐོར་ལ་བྲིས་པའི་གསལ་བཤད་ཀྱི་ཡི་གེ་ལས།“这个本子是一本比较陈旧抄本,由王沂暖和华甲据此抄本,基本上是忠实译出的”ཞེས་ཤོག་བུ་ཞིག་གི་སྟེང་དུ་བྲིས་འདུག དེས་ན། ཁྲི་ཀའི་ལེའུ་བགོས་མའི་ལག་བྲིས་མ་དེ་ནི་སུས་དག་སྒྲིག་བྱས་པ་ཡིན་ཞེ་ན། དེ་ནི་ཨུ་རུ་སུའི་མཁས་པ་པོྰ་ཐ་ཉིང(波塔宁)སོགས་ཀྱིས་དག་སྒྲིག་དང་ལག་བྲིས་མཛད་པར་བཞེད། “མན་ཇུ་རྒྱལ་རབས་ཀྱི་གོང་མ་ཀོང་ཞུས(约于清朝光绪年间)ཀྱི་སྐབས་སུ(སྤྱི་ལོ༡༨༧༥ནས༡༩༠༨བར)ཨུ་རུ་སུ་ནས་ཡོང་བའི་མཁས་པ་པོ་ཐ་ཉིང(波塔宁)སོགས་ཀྱིས་མཚོ་སྔོན་ཁྲི་ཀའི་མངའ་ཁོངས་སུ་ཡུལ་སྐོར་རྟོག་དཔྱོད་བྱས་པ་དང་བསྟུན་ནས། བོད་ཁམས་སུ་དར་ཁྱབ་སོང་ཡོད་པའི་དམངས་ཁྲོད་ཀྱི་ལོ་རྒྱུས་སྙན་རྩོམ་རིང་མོ་གེ་སར་སྒྲུང་འཚོལ་སྡུད་བྱས་ཤིང་། ས་དེའི་མང་ཚོགས་ཀྱི་རོགས་རམ་ལ་བརྟེན་ནས་ལྷ་གླིང་དང་། འཁྲུངས་སྐོར། རྟ་རྒྱུག བདུད་འདུལ་སོགས་ཀྱི་ཚན་པ་དག་སྒྲིག་དང་ལག་བྲིས་བྱས། འདི་ནི་དེང་སྐབས་བརྗོད་བཞིན་པའི་ཁྲི་ཀའི་ལེའུ་བགོས་མའི་ཐོག་མའི་རྣམ་པ་ཡིན”ཞེས་འདི་ནི་ཁྲི་ཀའི་ལེའུ་བགོས་མའི་རྒྱུན་འཛིན་མི་སྣ་མི་རབས་ལྔ་བ་བུན་ཁྲང་ཐར་གྱི་བཅར་འདྲིའི་རྒྱུ་ཆ་ཡིན་པར་བརྗོད། ཁྲི་ཀའི་ལེའུ་བགོས་མ་ནི་སྒྲུང་ཡིག་མང་པོ་ལས་ཚན་བཤུས་བྱས་ཏེ་དག་སྒྲིག་གི་གོ་རིམ་ལས་བྱུང་བ་རྟོགས་ནུས། ཞིབ་འཇུག་པ་ཞི་གོ་ཆུན་གྱི་གསལ་བཤད་ཡི་གེ་ལས།“‘文革’前有拉果的侄子(或外甥)名叫朗克加(藏族)来信催还,由我从大十字邮局挂号寄还了朗克加。以后的情况就不知道了”ཞེས་ཞིབ་འཇུག་པ་ཞི་གོ་ཆུན་གྱིས་སྦྲགས་སྲིད་ཅུས་བརྒྱུད་དེ་བདག་པོར་ཕྱིར་བསྐུར་བར་བཤད། དུས་དེ་ནས་བཟུང་ཁྲི་ཀའི་ལེའུ་བགོས་མའི་མ་ཡིག་བོར་བརླག་ཏུ་སོང་ནས་གར་སོང་ཆ་མེད་དུ་གྱུར། དཔའ་ལུང་ཡུལ་དུ་ཁྱབ་པའི་གེ་སར་སྒྲུང་གི་ལེའུ་བགོས་མ་ཞིག་ཡོད་པ་དེ་དང་ཁྲི་ཀའི་ལེའུ་བགོས་མའི་རྒྱ་འགྱུར་མ་གཉིས་ཀྱི་ནང་དོན་གཅིག་མཚུངས་ཡིན་པར་བཞེད་ལ། དེའི་སྐོར་ལ་ཀྲུང་གོའི་སྤྱི་ཚོགས་ཚན་རིག་གླིང་མི་རིགས་རྩོམ་རིག་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་ལིས་ལིན་རོང་གིས།“སྒྲུང་ཡིག་འདི་གཉིས་ཀྱི་སྤྱིའི་སྒྲིག་གཞི་དང་ནང་དོན་གྱི་བྱུང་རིམ་དག་གཞི་རྩའི་སྟེང་ནས་གཅིག་མཚུངས་རེད། དེབ་གཅིག་གི་འདྲ་བཤུས་གཉིས་ཡིན་ཞེས་བཤད་ནའང་ཆོག་པར་སྙམ། ཡིན་ཡང་སྐད་ཆ་བཤད་སྟངས་སོགས་ཐད་ནས་ཁྱད་པར་ཁ་ཤས་རེ་ཡོད།”སྐབས་དེར་སྒྲུང་ཡིག་ཧ་ཅང་དཀོན་པོ་ཡིན་པ་དང་། ལག་བྲིས་མ་ནི་གེ་སར་སྒྲུང་གི་བརྒྱུད་སྤེལ་བྱེད་པའི་བྱེད་ཐབས་ཤིག་ཀྱང་ཡིན་པས་སྒྲུང་ཡིག་གཅིག་ལས་བཤུ་འབྲིའི་ལག་བྲིས་མ་མང་པོ་འབྱུང་བ་ནི་དོན་དངོས་དང་མཐུན་པོར་འདུག་གོ །

བཞི་བ། གེ་སར་གར་འཆམ།

ཁྲི་ཀའི་ཡུལ་གྱི་གེ་སར་གར་འཆམ་ནི《ཁྲི་ཀའི་རིག་གནས་ལོ་རྒྱུས》དང་།《ཁྲི་ཀའི་གེ་སར་རིག་གནས་ཀྱི་ཐོག་མའི་དཔྱད་གཏམ》《བོད་ཡུལ་གྱི་གེ་སར་རྒྱལ་པོའི་ཤུལ་རྟེན་གྱི་རྣམ་བཤད་རབ་གསལ་མེ་ལོང་》སོགས་འབྲེལ་ཡོད་ཀྱི་དཔེ་ཆ་དང་རྩོམ་ཡིག་ཁྲོད་དུ་བཀོད་ཡོད་པ་དག་འདིར་བརྗོད་རྒྱུ་མིན། སྤྱིར་གེ་སར་གར་འཆམ་གྱི་འབྱུང་ཁུངས་ནི་ཁམས་རྫོགས་ཆེན་དགོན་པ་ནས་རིམ་བཞིན་ཕྱོགས་སོ་སོར་དར་བ་ཡོངས་ཁྱབ་ཏུ་གྲགས། ཁྲི་ཀའི་གེ་སར་གར་འཆམ་གྱི་འབྱུང་ཁུངས་ཀྱང་དེ་ལས་མ་འདས་ཤིང་། ཐོག་མར་མཛོ་སྣ་དགོན་པས་རྫོགས་ཆེན་དགོན་པ་ནས་བསླབས་ཏེ་རིམ་བཞིན་སྐེ་བ་སྔགས་ཁང་དང་། དཀར་བརྗིད་སྔགས་ཁང་། གླིང་ཚ་སྔགས་ཁང་སོགས་སུ་དར་བར་བཞེད་དེ། གླིང་ཚ་སྡེ་བ་ན་ཚ་ཞང་འདན་མའི་འཆམ་སྟེག་པའི་སྲོལ་མཆིས། ས་དེའི་ལོ་ལོན་སྐར་མ་ཐར་གྱིས་བཤད་པ་ལྟར་ན། ལོ་རེའི་དགུ་བའི་ཉེར་གཅིག་ནས་བཅུ་བའི་ཚེས་གཅིག་བར་དུ་ཆོས་ཐོག་ཡོད་པ་དང་ཚེས་ཉེར་ལྔ་ཉིན་འཆམ་སྟེག་པའི་སྲོལ་ཡོད། མཛོ་སྣ་དང་། གླིང་ཚ། དམེ་ཀྱཱ་སོགས་ཀྱི་འཆམ་ནི་གཅིག་མཚུངས་ཡིན་པ་དང་། གླིང་ཚ་སྡེ་བའི་འཆམ་ནི་མཛོ་སྣ་དགོན་པ་ནས་ཡུལ་འདིར་ཁྱབ་པ་ཡིན་ཞིང་ཚ་ཞང་འདན་མའི་འཆམ་སྟེག་སྲོལ་ཡོད། ཡིན་ཡང་ད་ལྟ་གླིང་ཚ་སྡེ་བའི་གེ་སར་གར་འཆམ་འཁྲབ་པའི་སྲོལ་དེ་ཉམས་དམས་སུ་སོང་འདུག་སྐད། གཞན་ཡང་། སྔོན་ཆད་དཀར་བརྗིད་སྔགས་ཁང་དུའང་གེ་སར་སྒྲུང་ལས་ཧོར་སྟོབས་ཆེན་གླང་བོ་ཁྲ་འབར་གྱི་འཆམ་སྟེག་པའི་སྲོལ་ཡོད་པ་དང་། ཆུ་ཤར་ཡུལ་ཚོའི་གོང་བ་སྔགས་ཁང་གི་འཆམ་དུ་གེ་སར་རྒྱལ་པོ་དང་སྲིན་པོ་ཡུལ་ལྷ་གཉིས་ཀྱིས་བདུད་འདུལ་བའི་འཁྲབ་ཚན་ཞིག་ཡོད་པར་བཤད་དོ། །

མཇུག་བསྡུ་བའི་གཏམ།

གོང་དུ་བརྗོད་པ་བཞིན་ཁྲི་ཀའི་ཡུལ་དུ་གེ་སར་རིག་གནས་ཀྱི་རྣམ་པ་དང་ནང་དོན་ཕུན་སུམ་ཚོགས་པོ་ཡོད་ཅིང་། རང་ས་གནས་སུ་ཡོད་པའི་རིག་གནས་སྔོག་འདོན་དང་དར་སྤེལ་བཏང་ན། ད་གཟོད་ཀུན་གྱིས་དང་ལེན་བྱེད་ཐུབ་པ་དང་ཁྱད་ཆོས་ཀྱང་རང་ཤུགས་སུ་ཐོན་ངེས་པས། རིག་གནས་རྩ་ཆེན་འདི་དག་གཅིག་བསྡུས་དང་ཕྱོགས་བསྡུས་ཀྱིས་སྔོག་འདོན་དང་། སྲུང་སྐྱོབ། དྲིལ་སྒྲོག་བྱས་ཚེ། ཁྲི་ཀའི་ཡུལ་གྱི་གེ་སར་རིག་གནས་འཛིན་སྐྱོང་སྤེལ་གསུམ་བྱེད་ཐུབ་པ་དང་། ཡུལ་སྐོར་ལྗོངས་རྒྱུ་འཕེལ་རྒྱས་གཏོང་བར་ནུས་པ་ཐོན་ལ། དེ་དང་འབྲེལ་ནས་ཡུལ་དེའི་མང་ཚོགས་ཀྱི་ཡོང་སྒོ་ཡང་ཇེ་མང་དུ་འགྲོ་བ་མ་ཟད། ས་གནས་ཀྱི་དཔལ་འབྱོར་གོང་འཕེལ་དུ་གཏོང་བར་ནུས་པ་ཐོན་རྒྱུ་ཡིན། དེས་ན་ཡུལ་སྐོར་ལྗོངས་རྒྱུ་ས་ཁུལ་འཛུགས་སྐྲུན་བྱེད་ན་ངེས་པར་དུ་མིག་གི་ལྟ་རྒྱུ་ཡོད་པའི་རིག་གནས་ཀྱི་རྣམ་པ་ཞིག་ཏུ་གྲུབ་དགོས། དཔེར་ན། རིག་གནས་ཐང་ཆེན་ལ་སོགས་སུ་ཁྲི་ཀའི་བསྡུས་སྒྲུང་ལེའུ་བགོས་མའི་རྡོ་བརྐོས་དང་། གེ་སར་རྒྱལ་པོ་དང་དཔའ་རྟུལ་རྣམས་ཀྱི་འབུར་སྐུ་དང་། ལྡེབས་རིས། ཐང་ག ཟློས་གར་འཁྲབ་སྟོན་སོགས“གེ་སར་སྒྲུང་གི་རྒྱུན་མཐུད་རིག་གནས”རྒྱུན་འཛིན་དང་དར་སྤེལ་བཏང་སྟེ་དྲིལ་སྒྲོག་ལེགས་པོ་ཞིག་བྱེད་པ་གཙོ་བོ་ཡིན། དྲིལ་སྒྲོག་བྱེད་པའི་སྐབས་སུ་སྲོལ་རྒྱུན་གྱི་དྲིལ་སྒྲོག་གི་རྣམ་པ་ལས་བརྒལ་ཏེ་དེང་རབས་ཆ་འཕྲིན་ཅན་དང་རྩིས་འཕྲུལ་ཅན་གྱི་ལག་རྩལ་ལ་བརྟེན་པ། དཔེར་ན། ཝེ་པོད(微博)དང་སྐད་འཕྲིན།(微信)ཆེད་གཉེར་གྱི་དྲ་ཚིགས(专题网站)འཛུགས་པ། ཡང་ནAPPགསར་གཏོད་བྱེད་པ། དེ་མིན་ན་སྲིད་གཞུང་གི་དྲ་ཚིགས་ལས་གེ་སར་རིག་པའི་ལེ་ཚན་ཆེན་མོ་ཕྱེ་སྟེ་དྲིལ་སྒྲོག་བྱེད་པ། ལྷག་ཏུ་སྐད་འཕྲིན་ལས་བསྒྲགས་ན་བརྡ་འཕྲིན་གྱི་མྱུར་ཚད་མགྱོགས་ཤིང་ཁྱབ་རྒྱ་ཆེ། དེང་སྐབས་མི་རེའི་ལག་ན་ལག་ཁྱེར་ཁ་པར་རེ་ཡོད་པ་དང་། ལག་ཁྱེར་ཁ་པར་རེ་ན་སྐད་འཕྲིན་རེ་ཡོད། ཐིན་ཞུན་ཀུང་ཟིས༢༠༡༩ལོའི་ཟླ༦པར་བསྡོམས་རྩིས་བྱས་པ་ལྟར་ན་སྐད་འཕྲིན་བེད་སྤྱོད་མཁན་མི་དུང་ཕྱུར༡༡ལ་སླེབས་ཡོད་པས། སྐད་འཕྲིན་གྱི་འཕྲིན་སྟེགས་ཐོ་འགོད་བྱས་ཏེ་དྲིལ་སྒྲོག་བྱས་ན་བེད་སྤྱོད་བྱེད་མཁན་ཚོར་སྟབས་བདེར་བསྐྲུན་ཡོད་པར་མ་ཟད། བརྡ་འཕྲིན་གྱི་ཁྱབ་ཚུལ་ཧ་ཅང་མགྱོགས་པའི་སྟབས་ཀྱིས། དཔེར་ན།“贵德格萨尔”ལྟ་བུའི་མིང་བཏགས་ཏེ། ནང་དོན་གྱི་ཆ་ནས་སྒྲ་ལྡན་དང་། བརྙན་ཟློས། པར་རིས། ཡི་གེ་བཅས་ཀྱི་ལམ་ནས་བསྒྲགས་པར་ཧ་ཅང་གལ་ཆེན་ཡིན་ནོ། །

མཆན།

དཔྱད་རྩོམ་འདི་ནི༢༠༡༩ལོའི་རྒྱལ་ཁབ་སྤྱི་ཚོགས་ཚན་རིག་ཐེབས་རྩའི་ལས་གཞི《གེ་སར་སྒྲུང་གི་གཟུགས་རིས་རིག་གནས་ཀྱི་སྲུང་སྐྱོབ་དང་ཞིབ་འཇུག》ཅེས་པའི་བར་སྐབས་ཀྱི་གྲུབ་འབྲས་ཤིག་ཡིན། ལས་གཞིའི་ཆོག་མཆན་ཨང་རྟགས་ནི19XZW036ཡིན།

  རྩོམ་སྒྲིག་འགན་ཁུར་པ། ཚེ་རྒྱལ།

དཔྱད་རྩོམ་འདི་ནི་བོད་ཀྱི་དམངས་སྲོལ་རིག་གནས2020ལོའི་དཔར་ཐེངས2པ་ལས་བཤུས། 


འབྲེལ་ཡོད་གཟུགས་རིས།

1.jpg

ལྷ་ཁང་ཐང་གི་གེ་སར་རྒྱལ་པོའི་འབུར་སྐུ།

2.jpg

མཛོ་མོ་རུ་རྫོང་མཁར་།

3.jpg

ཁག་ཆེན་ཐང་།

4.jpg

འདོ་རྗེ་རྐྱང་རྒོད་གཡེར་བའི་རྨིག་རྗེས།

5.jpg

གེ་སར་རྒྱལ་པོའི་རྟ་སྒ།

6.jpg

ཚ་ཞང་འདན་མའི་བླ་མཚོའི་ཤུལ།

7.jpg

གེ་སར་ཕ་བོང་།

8.jpg

རྟོག་དཔྱོད་ཚོ་ཆུང་གིས་ཡུལ་དངོས་ནས་བཅར་འདྲི་བྱེད་བཞིན་པ།

9.jpg

རྩོམ་པ་པོ་དབང་ཆེན་ཚེ་རིང་གིས་ཡུལ་དངོས་ནས་རྟོག་ཞིབ་བྱེད་བཞིན་པ།

རྩོམ་པ་པོ་ངོ་སྤྲོད།

དབང་ཆེན་ཚེ་རིང་། སྨྱུག་མིང་ལ་ཆབ་འགག་ཇོ་རུ། མདོ་སྨད་ཆབ་འགག་ཡུལ་དུ་སྐྱེས། ད་ལྟ་མཚོ་སྔོན་ཞིང་ཆེན་གེ་སར་སྒྲུང་སྲུང་སྐྱོབ་ཞིབ་འཇུག་ལྟེ་གནས་ཀྱི་གཞུང་ལས་ཁང་གི་ཀྲུའུ་རིན་དང་ཞིབ་འཇུག་པ་གཞོན་པ་ཡིན། མཚོ་སྔོན་ཞིང་ཆེན་ན་གཞོན་མཉམ་འབྲེལ་ལྷན་ཚོགས་ཀྱི་རྒྱུན་ལས་ཨུ་ཡོན། ཀྲུང་གོ་དམངས་ཁྲོད་རིག་རྩལ་མཐུན་ཚོགས་དང། ཀྲུང་གོ་དམངས་སྲོལ་སློབ་ཚོགས། མཚོ་སྔོན་ཞིང་ཆེན་རྩོམ་རིག་སྒྱུ་རྩལ་དཔྱད་གླེང་མཐུན་ཚོགས་སོགས་རིག་གཞུང་ཚོགས་པ8ཀྱི་ཚོགས་མི་ཡིན། ད་ལྟའི་བར་དུ་བོད་རྒྱ་ཡིག་རིགས་གཉིས་ཀྱི་རིག་གཞུང་དཔྱད་རྩོམ43སྤེལ་བ་དང་། ཞིབ་འཇུག་ཆེད་དེབ3དང་སྒྲུང་དཔེ6ལེགས་སྒྲིག་པར་བསྐྲུན་བྱས། ཞིབ་འཇུག་གི་གྲུབ་འབྲས་སོགས་ལ་རིམ་པ་མི་འདྲ་བའི་བྱ་དགའ17ཐོབ་མྱོང་། རྒྱལ་ཁབ་རིམ་པའི་ལས་གཞི12ལ་རོགས་སྒྲུབ་ཞིབ་འཇུག་བྱས་ཤིང་། རྒྱབ་ཁབ་སྤྱི་ཚོགས་ཚན་རིག་ཐེབས་རྩའི་ལས་གཞི་གསུམ་དང་། རྒྱལ་ཁབ་རིམ་པའི་རིག་གནས་སྐྱེ་ཁམས་སྲུང་སྐྱོང་ཁུལ་གྱི་ལས་གཞི་གཅིག ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡི་ལས་གཞི་གཅིག་བཅས་ལ་མགོ་འཛིན་བྱས། སྔ་གཞུག་ཏུ་ཀྲུང་གོའི་གེ་སར་ཞིབ་འཇུག་དྲ་བ་དང་རྨ་ཡུལ་གེ་སར་དྲ་བ། ཆབ་འགག་ཇོ་རུའི་གེ་སར་རིག་གནས་འཕྲིན་སྟེགས་སོགས་བསྒྲུབས་ཤིང་ཞིང་ཆེན་ཕྱི་ནང་གི་གསར་འགྱུར་འཕྲིན་སྦྱོར་སྟེང་གསར་འགྱུར་དང་རྩོམ་ཐུང60ལྷག་སྤེལ། 2015ལོར་ཀྲུང་གུང་ཐེམ་ཆེན་རྫོང་ཨུའི་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་གཞོན་པའི་འགན་འཁུར་པ་དང་། 2016ལོར་མཚོ་སྔོན་ཞིང་ཆེན་རྩེ་གྲས་གསར་གཏོད་ཀྱི་འཇོན་མི་སྟོང་གི་འཆར་གཞིའི་ནང་དུ་བདམས་ཐོན་བྱུང་། 2018ལོར་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ཆེད་མཁས་སྐོར་བཞིའི་འཇོན་ཐང་མི་སྣའི་མཚན་སྙན་ཐོབ། 2019ལོར་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་མཚོ་སྔོན་ཞིང་ཆེན་གྱི་ཕུལ་བྱུང་ཆེད་ལས་ལག་རྩལ་མི་སྣའི་མཚན་སྙན་གནང་།

རྩོམ་སྒྲིག་པ། བསམ་ནོར།

དཔྱད་མཆན 0 ཡོད།