ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་མོ་འབྲུག་པས་གླིང་རྗེ་གེ་སར་རྒྱལ་པོའི་སྐོར་བཤད་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2017-09-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

དེ་ཡང་དེང་སང་རྒྱལ་ཁབ་ཕྱི་ནང་གི་རང་རིགས་མཁས་པ་མང་པོས་བྲིས་པའི་བོད་ཀྱི་ལོ་རྒྱུས་ནང་དུ་གླིང་གེ་སར་རྒྱལ་པོ་ཡང་བོད་རྗེ་ཞིག་ཏུ་བརྩིས་ཏེ། བོད་སིལ་བུའི་སྐབས་ཀྱི་བྱུང་བ་བརྗོད་སྐབས་དེ་རྒྱལ་ཕྲན་གྱི་གྲས་སུ་བཞག་ནས་གླིང་གི་ལོ་རྒྱུས་རྣམས་བརྟག་གཞིར་བཀོད་ཡོད་ལ། དེའང་དེང་དུས་འཛམ་གླིང་ན་སྙན་གྲགས་འབར་བའི་བོད་རིགས་དཔའ་བོའི་བསྟོད་གླུ《གླིང་གེ་སེར་རྒྱལ་པོའི་སྒྲུང》བྱ་བའི་ལོ་རྒྱུས་ཀྱི་སྙན་རྩོམ་རིང་མོ་དེའི་ནང་། གླིང་རྗེ་གེ་སར་གྱིས་ཕྱོགས་བཞིའི་དགྲ་བཞི་བཏུལ་ཚུལ་ནས་མཐོ་གཉའ་གནོན་དང་དམའ་བྱམས་སྐྱོང་བྱེད་ཚུལ་སོགས་རྒྱ་ཞིང་རྒྱས་པར་བཀོད་ཡོད་པ་ལས། དོན་དག་མང་ཙམ་ཞིག་དངོས་ཡོད་ལོ་རྒྱུས་དང་ཞལ་ཤིན་ཏུ་མཐུན་པར་བརྟེན་བོད་ཀྱི་མཁས་པ་སྐོར་ཞིག་གིས་གནས་ཚུལ་དེ་རྣམས་རང་རེའི་ལོ་རྒྱུས་འཁྲུལ་མེད་དུ་སེམས་ཀྱང་། དོན་དུ་དེ་དག་ནི་ལོ་རྒྱུས་དང་རྩོམ་རིག་ལྷ་སྒྲུང་བཅས་འདྲེས་པའི་འཆར་ཡན་གྱི་ལམ་ནས་དུས་དང་གནས་ལས་བརྒལ་བའི་བྱུང་བ་མང་སྟབས་དངོས་ཡོད་ལོ་རྒྱུས་ལྟར་བརྗོད་པར་མི་འཐད་ཅིང་། 

གལ་ཏེ་དྲང་བདེན་དུ་འདོད་ན་གནད་དོན་མི་ཉུང་བ་ཞིག་འགྲེལ་མི་ཐུབ་པར་མ་ཟད་སྒྲུང་རང་ངོས་ཀྱི་རིན་ཐང་དང་མཚན་ཉིད་ཀྱང་ཡལ་བར་འགྲོ་ཤོས་ཆེ་བས། དེར་ཕྲན་གྱིས་བསམས་ན་ལོ་རྒྱུས་ཀྱི་དོན་དངོས་དང་རྩོམ་རིག་གི་སྒྲོ་འདོགས། ཆོས་ལུགས་ཀྱི་བསམ་འདུན་བཅས་དཀྱུས་གཅིག་ཏུ་མཚོན་པའི་རྩོམ་སྒྲུང་འདི་ལ་ཕྱོགས་དུ་མ་ནས་བརྟག་དཔྱད་ཞིབ་འཇུག་ལེགས་པོ་གནང་རྒྱུ་མ་གཏོགས་རྦད་དེ་ཁ་ཚོན་བཅད་ནས་དེ་རྒྱལ་ཕྲན་སིལ་མའི་གྲས་ཤིག་ཏུ་བཞག་ཐོག་གླིང་རྗེའི་བྱུང་བ་རྣམས་བོད་ཀྱི་རྒྱལ་རབས་ལོ་རྒྱུས་དང་ཇི་བཞིན་སྦྱོར་མི་འོས་པར་སེམས། འོ་ན《དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས》དང་《མདོ་སྨད་ཆོས་འབྱུང》《རླངས་ཀྱི་པོ་ཏི་བསེ་རུ》《སྡེ་དགེའི་རྒྱལ་རབས》《མགོ་ལོག་རུས་མཛོད》སོགས་བོད་ཀྱི་ལོ་རྒྱུས་དེབ་ཐེར་དང་རུས་མཛོད་རྣམ་ཐར་གྲགས་ཅན་དེ་དག་ཏུ་གླིང་གེ་སར་གྱི་བྱུང་བ་དང་འཁྲུངས་འདས་ལ་སོགས་པ་གསལ་བོར་བཀོད་ཡོད་པ་རྣམས་ཅི་ཡིན་སྙམ་ན་མ་འགལ་ཏེ། ལོ་རྒྱུས་ཡིག་ཆ་དེ་རིགས་ལས་བྱུང་བའི་དོན་དངོས་ནི་གླིང་ཡུལ་ཆུང་ངུའི་སྡེ་དཔོན་ནམ་མི་སྣ་གྲགས་ཅན་ཞིག་གི་མཛད་རྗེས་དང་ཡང་ན་ས་གནས་ལོ་རྒྱུས་ལྟ་བུའི་ཚུལ་དུ་བཀོད་པ་ཡིན་ཏེ། 《མདོ་སྨད་ཆོས་འབྱུང》དུ། “དེ་ཡང་སྔོན་རྨ་འགྲམ་སྟོད་ཀྱི་ས་ཐམས་ཅད་གླིང་རྗེ་གེ་སར་རྒྱལ་པོས་དབང་བསྒྱུར། དེ་ཉིད་ཀྱི་འཁྲུངས་ལོ་ལྕགས་བྱི་དང་ཆུ་སྦྲུལ་ལ་འདོད་མཁན་གཉིས་སྣང་བ་གང་ཡིན་ཡང་རབ་བྱུང་དང་པོ་ཚུགས་ཁ་མའི་དྲུག་ཅུ་སྐོར་དེར་གཏོགས་ལ། རླང(ས)བྱང་ཆུབ་འདྲེ་བཀོལ་དང་། སྨྲྀ་ཏི་ཛྙཱ་ན་ཀིརྟི་སྤྱན་དྲངས་ཏེ་ཆོས་ཞུས་དང་། གཙུག་ལག་ཁང་བཞེངས་པར་བཤད་པས་ཀྱང་ཤེས་ནུས། འཁྲུངས་ས་ཡང་ཚབ་ཚ་དགོན་གྱི་ཉེ་འདབས་རྫ་སྲིབ་ངོས་རྫ་ཆུའི་རྒྱུད་མཚོ་གོར་ཁ་ཡིན་ཟེར་བ་དང་། རྒྱུ་དར་གྱི་དར་ས་ནག་ལུང་ཡིན་ཡང་ཟེར། གང་ལྟར་འདིའི་ལོ་རྒྱུས་ལ་འདྲ་མིན་སྣ་ཚོགས་སྣང་ངོ་། ། 

ད་ལྟ་ས་འདི་ཕལ་ཆེར་མགོ་ལོག་གིས་བཟུང་། ”ཞེས་སོགས་འབྱུང་བ་ལྟར་གླིང་གེ་སར་ནི་ཡུལ་ཉི་ཚེ་བ་རྨ་ཡུལ་ཏེ་དེང་གི་མགོ་ལོག་ས་ཆའི་ཚོ་དཔོན་ཞིག་ཡིན་པ་ཙམ་ལས་བོད་སྤྱིའི་ཆབ་སྲིད་ལ་ཤུགས་རྐྱེན་ཐེབས་པའི་རྒྱལ་པོ་ཞིག་མ་ཡིན་ཞིང་ཐ་ན་མདོ་སྨད་ཡོངས་ལ་དབང་ཁྱབ་པ་ཞིག་ཀྱང་མ་ཡིན་པར་མངོན། དེ་ལྟར་གླིང་གེ་སར་དངོས་ནི་སྤྱི་ལོ་དུས་རབས་བཅུ་གཅིག་པའི་ནང་ཡུལ་མདོ་ཁམས་ཀྱི་རྫ་ཆུའི་ཁར་སྐུ་འཁྲུངས་ཤིང་། ཕྱིས་རྨ་ཡུལ་ཏེ་ད་ལྟའི་མགོ་ལོག་ས་ཆར་གཞིས་ཆགས་ཏེ་ཡུལ་གྲུ་དེ་ཀུན་ལ་དབང་མཛད་པས་སྙན་གྲགས་ཅུང་ཟད་རྒྱས་པ་ཞིག་བྱུང་ཞིང་། སྐབས་འདི་ཡང་བོད་ཆེན་པོའི་རྒྱལ་ཁམས་སིལ་བུར་འཐོར་ནས་སྡེ་དཔོན་སོ་སོས་རང་རང་གི་ཡུལ་གྲུ་བཅད་བཟུང་བྱས་ཏེ་དབང་བྱེད་པའི་དུས་ཡིན་སྟབས།    

གླིང་གེ་སར་ཡང་དཔའ་སྟོབས་དང་བློ་ཐབས་ལྡན་པ་ཞིག་ཡིན་པས་རང་སྡེ་བྱམས་ཀྱིས་བསྐྱངས་ཤིང་ཕས་རྒོལ་དགྲ་ཇག་ཚར་བཅད་པ་སོགས་འཇིག་རྟེན་གྱི་བྱ་གཞག་ཅུང་ཟད་རྒྱས་པར་མ་ཟད། རང་ཉིད་ཀྱང་དམ་པའི་ཆོས་ལ་ཡིད་མོས་ཏེ་རླངས་བྱང་ཆུབ་འདྲེ་བཀོལ་བྱ་བའི་གྲུབ་ཐོབ་གདན་དྲངས་ནས་ཆོས་ཞུས་པ་དང་ལྷ་ཁང་བཞེངས་པ་སོགས་རྣམ་དཀར་གྱི་འཕྲིན་ལས་སྤེལ་བས། ཡུལ་དེ་གའི་སྐྱེ་བོའི་བཀུར་བསྟི་དང་བསྟོད་བསྔགས་ཐོབ་པར་བརྟེན་ཁོང་གི་མཛད་རྗེས་རྣམས་ཐོག་མར་ངག་ཐོག་ཏུ་ཁྱབ་ཅིང་ཕྱིས་སྒྲུང་གི་རྣམ་པར་གྱུར་ནས་དར་བས། ད་ལྟ་ང་ཚོས་མཐོང་བཞིན་པའི་གེ་སར་རྒྱལ་པོའི་སྒྲུང་ནང་གི་གླིང་གེ་སར་ནི་བོད་སྤྱིའི་རྒྱལ་པོ་གང་ཞིག་གི་མཛད་རྗེས་དང་། ཡང་ན་བོད་ཀྱི་ལོ་རྒྱུས་སྟེང་གི་དོན་ཆེན་མཚོན་བྱེད་ལྟ་བུའི་སྒྱུ་རྩལ་གྱིས་སྣང་བརྙན་གསར་བསྐྲུན་བྱས་ནས་བྱུང་བའི་གཟུགས་མེད་ཀྱི་སྐྱེས་བུ་ཞིག་ཡིན་ཚུལ་སོགས་ཁོ་བོའི《གླིང་གེ་སར་དང་སྒྲུང་གེ་སར》①ཞེས་པའི་སུག་རྩོམ་དུ་ཅུང་ཙམ་ཁ་གསལ་ཞིང་། དེ་མིན་མཁས་པ་གཞན་དག་གི་དཔྱད་རྩོམ་མང་པོ་བདོག་པས་དེ་རྣམས་ལས་ཀྱང་ཤེས་པར་འགྱུར་བས། སྐབས་བབ་བོད་ཀྱི་ལོ་རྒྱུས་དངོས་གླེང་དུས་ཞར་བྱུང་གི་ཚུལ་དུ་ཅུང་ཙམ་འཕྲོས་པ་ལགས་སོ།  །

ཁམས་པའི་བོད་ཡིག་དྲ་བ་ལས་བཤུས།

རྩོམ་སྒྲིག་པ། : ཀླུ་མོ་མཚོ།