ཀྲུང་གོ་བོད་ཀྱི་དྲ་བ།

གེ་སར་དད་མོས་ཁྲོད་ཀྱི་གཏོར་མཆོད་སྐོར་ལ་དཔྱད་པ། སྟོད་ཆ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : བསོད་རྒྱལ་འབུམ།   སྤེལ་དུས། : 2017-06-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ནང་དོན་གནད་བསྡུས།  དཔྱད་རྩོམ་འདི་ལས་བོད་ནང་བསྟན་ཆོས་ལུགས་ཁྲོད་ཀྱི་མཆོད་སྦྱིན་གྱི་ཆོ་གའི་རིགས་ཤིག་སྟེ་གཏོར་མའི་གོ་དོན་དང་འབྱུང་ཁུངས།གཏོར་མའི་རྒྱུ་དང་དབྱེ་བ། དེའི་ཕན་ནུས་སོགས་ལ་དབྱེ་ཞིབ་བྱས་རྗེས་བོད་ཁུལ་མང་ཆེ་སར་ཡོད་པའི་གེ་སར་དད་མོས་ཁྲོད་ཀྱི་གཏོར་མའི་ཆོ་ག་སྟེ།བོད་ཀྱི་རྙིང་མའི་དགོན་སྡེ་མང་ཆེ་ཤོས་དང་མདོ་དབུས་ཁམས་གསུམ་ན་ཡོད་པའི་གེ་སར་ལྷ་ཁང་དང་།དམངས་ཁྲོད་ན་གེ་སར་ལྷ་རུ་མཆོད་པའི་ཆོས་ལུགས་བྱ་འགུལ་གྱི་ཁྲོད་ན་ཡང་གཏོར་མའི་མཆོད་སྦྱིན་གྱི་ཆོ་ག་རྒྱ་ཆེན་པོ་ཡོད་ཚུལ་དཔེ་མཚོན་གྱིས་གསལ་བཤད་བྱས་ཡོད་དོ།།

གནད་ཚིག  ནང་བསྟན།   གཏོར་མ། གེ་སར།


གླེང་གཞི།

བོད་ཀྱི་དགོན་སྡེ་དང་དམངས་ཁྲོད་དད་མོས་ཀྱི་ཆོ་ག་གང་རུང་དུ་མཐོང་རྒྱུ་ཡོད་པའི་གཏོར་མའི་མཆོད་སྦྱིན་རྒྱ་ཆེན་པོ་དེ་ནི་བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་ལུགས་རིག་གནས་ཀྱི་གྲོས་ཤིག་ཡིན་ཏེ། གནའ་བོའི་རྒྱ་གར་བས་མཆོད་སྦྱིན་གྱི་ལས་རྒྱ་ཆེན་པོ་བྱེད་པ་དེའི་རྣམ་པ་ཞིག་ཡིན་པར་འདོད་ལ།    རྒྱ་གར་ལ་བ་ལིང་ཞེས་གཏོར་མ་སྟོན་པའི་མིང་ཡོད་ཀྱང་།རྒྱ་གར་གྱི་བ་ལིང་བཟོ་སྟངས་དང་བོད་ཀྱི་གཏོར་མ་གཉིས་ལ་ཡང་ཁྱད་པར་ཆེན་པོ་འདུག་པའང་། དགེ་འདུན་ཆོས་འཕེལ་གྱིས་“མེ་ཏོག་དང་། ཏམྦུ་ར་དང་། འབྲས་སྐམ་པོ་རྣམས་མཆོད་རྫས་གཙོ་བོ་ཡིན།གཏོར་མ་ནི་འབྲས་དང་ཁུར་བ་སོགས་མིའི་ཟ་ལུགས་དེ་ལྟར་བྱས་ཏེ་ཕུལ་བ་ལས།རང་རེ་བཞིན་རྩེ་མོ་རིང་པོ་སོགས་དབྱིབས་སྣ་ཚོགས་པར་བྱེད་པ་མེད།དེ་འདྲ་བྱེད་པ་སྔོན་གྱི་ཆོ་ག་སོགས་ན་ཡང་མེད་ཟེར་བས་བོད་རང་གི་སྲོལ་ཡིན་པར་སེམས།བླ་མ་སོག་བཟློག་པས་རྒྱ་བྲིས་ཀྱི་ཐང་ཀ་ལ་གཏོར་མ་འདུག་བྱ་བ་མཆོད་རྫས་གཞན་ཞིག་ལ་ནོར་བའམ།ཐང་ཀ་དེ་བལ་བོ་ཞིག་གིས་བོད་དུ་བྲིས་པ་ཡིན་མཆི།བོད་ཀྱི་ཕ་མེས་རྣམས་གངས་རི་ལ་བརྩི་བསམ་ཞྭ་མོ་དང་། གཏོར་མ། ལྷ་རྟེན་སོགས་ཀྱི་རྩེ་མོ་རྣོ་རྩེ་རེ་ཡོད་པ་ཞིག་ལ་དགའ་བ་ཡིན།ཡང་དག་པར་ན་འདི་དག་གཡུང་དྲུང་བོན་གྱི་ཕྱག་ལེན་དུ་སེམས།”⑴ཞེས་པ་དང་ཨག་བྷར་གྱི་རྒྱལ་པོས་བོད་དུ་སོང་བའི་རྒྱ་གར་གྱི་མི་ཞིག་ལ་ངོ་མཚར་ཅི་མཐོང་གི་སྐད་ཆ་དྲིས་ཚེ།  ཁོ་ན་རེ། ངོ་མཚར་མང་དུ་མཐོང་མོད་ཀྱང་།  ཆེས་ངོ་མཚར་བ་ནི་གཉིས་མཐོང་སྟེ།གཅིག་ནི་བླ་མ་རྣམས་ཀྱིས་ཟན་དང་མར་ལས་བྱས་པའི་གཏོར་མ་བྱ་བ་ངོ་མཚར་ཅན་ཞིག་བྱེད་པར་མཐོང་་ཞེས་པས་ཤེས་ཐུབ།དེ་བས་གཏོར་མ་འདི་ཡང་མཐའ་གཅིག་ཏུ་རྒྱ་གར་ནས་བྱུང་བ་རེད་ཅེས་ཁ་ཚོན་གཅོད་མི་རུང་སྙམ།རང་རེ་བོད་ཀྱི་ཡར་སྔོན་བོན་ཆོས་ལས་ཀྱང་འདི་དང་འདྲ་བའི་ཆོས་ལུགས་ཆོ་ག་ཡི་སྣང་ཚུལ་མཐོང་དུ་ཡོད་དེ།བོད་དུ་ནང་བསྟན་ཆོས་ལུགས་མ་དར་ཡར་སྔོན་དུ་བོན་ལ་“གཏོར་ཟེར་”དང་“མདའ་ཟོར་”སོགས་བགེགས་དང་བར་ཆད་སེལ་བྱེད་ཀྱི་ཆོ་ག་ཡོད་པ་མ་ཟད།འདོན་ཆོས་ལ་ལའི་སྐབས་སུ་“བོན་པོ་ཟོ་ཟོར་འཕེན་པ་དང་།།ཞང་ཞུང་ཙོ་དམར་འཕེན་པ་བཟློག།”⑵ཅེས་པ་ལྟ་བུའི་ཕྱག་ལེན་ཁྱད་པར་བ་ཡང་ཡོད་པར་བཤད།《གཡུང་དྲུང་ལྷའི་བོན་མདོ་འདུས་པ་རིན་པོ་ཆེའི་རྒྱུད་བཞུགས་སོ》ཞེས་པ་ལས་“མོ་མ་ཀུན་ཤེས་ཐང་པོ་དང་།།བོན་གྱི་འཁོར་ལོ་ཕྱོགས་བཞིར་བསྐོར།། གཏོ་སྤྱད་འབུམ་སྡེ་གཏན་ལ་ཕབ།།”ཅེས་དང་“སྣང་གཤེན་ལྷ་ལ་ཡོན་འབུལ་ཞིང་།།བགེགས་ལ་ལན་ཆགས་གླུད་གཏོར་རེ།།དགེ་སྤྱོད་སྡིག་སྤོང་ཕན་པ་སྒྲུབ།།”⑶ཅེས་གཏོ་ཡི་གཞུང་ལུགས་དང་ལག་ལེན་གཉིས་མཐོང་རྒྱུ་ཡོད།ནམ་མཁའ་ནོར་བུའི་གསུངས་རྩོམ་ཕྱོགས་བསྒྲིགས་ན་ལུང་དྲངས་ཡོད་པའི་《སྣང་སྲིད་སྤྱི་མདོས》སུ།“བདུད་བོན་གྱི་དམར་ཐབས་ལ།།གཤེན་རབ་ནི་ཅི་དགྱེས་ཏེ།།  ཁྱབ་པ་ནི་ཆམ་ལ་ཕབ།། འབྲུ་དཀར་གྱི་གཏོར་མས་མཆོད།།དམར་ཐབས་ཀྱི་འདྲེས་བྱུང་ན།། གཤེན་ལྷ་ལ་ནོངས་པ་མཐོལ།།”⑷ཞེས་གསུངས་པར་བཤད་པ་ལྟར་ན།  གདོད་མའི་སྤྱི་ཚོགས་སུ་མཆོད་བཀུར་བྱེད་སྟངས་མང་ཆེ་ཤོས་དམར་མཆོད་དུ་མངོན་མོད།སྟོན་པ་གཤེན་རབ་མི་བོ་ཆེ་མི་ཡུལ་དུ་བྱོན་ནས་སྲིད་པ་རྒྱུད་ཀྱི་བོན་ལ་དག་ཐེར་མཛད་དེ།བོན་གྱི་ཆོ་གའི་ཁྲོད་དུ་གནས་པའི་ཕྱུགས་ཟོག་གི་དམར་མཆོད་འབུལ་བ་དེ་མེད་པར་བཟོས་ནས།ཤ་ཡི་དོད་དུ་ཟན་དང་ཁམ་པ།ཁྲག་གི་དོད་དུ་སྐྱེམས་དང་ཆབ་ཆུ་སོགས་གཏན་འཁེལ་བྱས་པ་ནས་བཟུང་།ལྷ་ཀླུ་གཉན་གསུམ་ལ་དད་གུས་བྱེད་པའི་ཆོ་ག་དེ་དམར་མཆོད་ནས་དཀར་མཆོད་དུ་ཁ་ཕྱོགས་པའི་འགོ་བརྩམས།དུས་ད་ལྟ་གཏོར་མའི་རྒྱུ་གཙོ་བོ་རྩམ་ཕྱེས་བཟོས་པའི་ཟན་ཏེ། ལྷ་བཤོས་བརྫིས་ནས་མི་དང་སྲོག་ཆགས་ཀྱི་གཟུགས་སམ་གྲུ་བཞི་ཟླུམ་པོ་ཟླ་གམ་ཟུར་གསུམ་གང་ལ་གང་མཁོའི་དབྱིབས་རྣམས་བཟོ་ཞིང་།  དཀར་རྩི་མར་ཁུ་དང་དམར་རྩི་མར་ཁུའི་ནང་འབྲུ་མོག་བསྲེས་པའི་ཚོན་གྱིས་གང་དེའི་གཞུང་གི་གསུངས་ལྟར་གང་དགར་བྱུགས་རྗེས། དཀར་རྒྱན་དང་དམར་རྒྱན་གང་ལ་ཅི་མཁོ་བཞིན་བརྒྱན་པ་རེད།སངས་རྒྱས་ཆོས་ལུགས་བོད་དུ་དར་ནས་རྒྱལ་བོ་ཁྲི་སྲོང་ལྡེ་བཙན་གྱི་སྐབས་ལ་སླེབས་དུས།  ནང་བསྟན་བོད་ལུགས་སུ་བསྒྱུར་བར་འབད་པ་ཆེ་ཆེར་གནང་ཞིང་།སློབ་དཔོན་པདྨ་འབྱུང་གནས་ཀྱིས་བརྟན་མ་བཅུ་གཉིས་སོགས་བོན་གྱི་ལྷ་རྣམས་ནང་བསྟན་གྱི་སྲུང་མར་བཀུག་པ་དང་།བོན་གྱི་ཆོ་ག་སྣ་ཚོགས་ལས་རི་ལྷ་གསོལ་ཚུལ་དང་བསང་གཏོང་ཚུལ་སོགས་བོད་མིའི་འཚོ་བའི་ཁྲོད་གོམས་ལོབས་སུ་སོང་བའི་ཆོ་ག་རྣམས་ནང་ཆོས་སུ་བསྡུས་ནས།བོད་མིས་དང་ལེན་མི་བྱེད་པའི་ནང་ཆོས་དེར།བོད་མིའི་སེམས་ཁམས་ད་ང་མཐུན་པའི་བོན་ཆོས་ཀྱི་ཕྱི་གོས་སྣ་ཚོགས་བཟོས་པས།ནང་ཆོས་བོད་ནས་ཁྱབ་གདལ་དུ་གཏོང་བར་ཤུགས་ཆེན་པོ་ཐེབས། དེ་བཞིན་གཏོར་མའི་རིགས་ནི་འདི་ལྟར་བན་བོན་ཆོས་ལུགས་དབྱེར་མེད་དུ་ཁྱབ་གདལ་དུ་སོང་བ་ཞིག་རེད་སྙམ།ཆོས་ལུགས་འཕེལ་རྒྱས་དང་བསྟུན་ནས་གཏོར་མའི་གཞུང་ལུགས་ཀྱང་རྒྱ་གར་ནང་བསྟན་དང་བསྟུན་ནས་གྱ་ནོམ་པ་ཞིག་དར་ཡོད་དེ།《བསྟན་འགྱུར་》གྱི་སྣ་ཚོགས་ཀྱི་ལེའུ་ལས་“པོ་”དུམ་པའི་སྐབས་ཀྱི་གཏོར་མའི་ཕྲེང་བ་ལས་“སློབ་དཔོན་བློ་བཟང་སེང་གེས་མཛད་པ།རྒྱ་གར་གྱི་མཁན་པོ་དྷརྨ་དཱི་པཾཀ་ར་དང་།ལོ་ཙཱ་བ་དྷརྨ་པཱ་པ་ལ་བྷ་དྲས་བསྒྱུར་བ།”⑸ཞེས་པའི་གཏོར་མའི་སྐོར་བཀོད་ཡོད་པས་ཀྱང་ཤེས་ཐུབ་བོ།།རྗེས་སུ་སློབ་དཔོན་པདྨའི་《རྒྱག་བརྔན་ལྷ་བསང་།》དང་་ཞྭ་དམར་སྐུ་ཕྲེང་ལྔ་པའི་《གཏོར་མ་དེ་ཉིད་བདུད་རྩིའི་དགའ་སྟོན།》འགྲོ་མགོན་ཕག་མོ་གྲུ་བའི་《གཏོར་མའི་དེ་ཉིད་བཞུགས་སོ།།》སོགས་གྲུབ་མཐའ་རང་རང་ལ་གཏོར་མའི་གཞུང་ལུགས་ཁ་ཚང་བ་རེ་ཡོད་པ་མ་ཟད།མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་ཞ་ལུ་དགོན་ནས་དཔེ་རྙིང་ཁྲོད་“སངས་རྒྱས་ཀུན་གྱི་དམ་ཚིག་གི་རབ་གནས་རྒྱུད་ཆེན་པོ་ལེའུ་ཉེར་གཅིག་པ་རྫོགས་སོ་བྱ་བ་དང་།གཏོར་མའི་དེ་ཁོ་ན་ཉིད་ལ་སོགས་བོད་ཡིག་ཁ་བྱང་མང་པོ་བཏབ། དཔེ་རིང་ལྡེབ་བཅུ་དྲུག་ཙམ་མཆིས་” ⑹ཞེས་གསུངས་པ་ལྟར་ན་གཏོར་མའི་ཕྱོགས་ཀྱི་གཞུང་ལུགས་ཀྱི་དཔེ་ཆ་ཡང་མང་པོ་འདུག་པས་གཏོར་མའི་སྐོར་ལ་ཞིབ་འཇུག་གི་རིན་ཐང་གཞལ་དུ་མེད་པ་ཡོད་པར་འདོད་དོ། །

དང་པོ། གཏོར་མའི་གོ་དོན་དང་ཁུངས་བསྟན་པ།

གཅིག གཏོར་མའི་གོ་དོན་བསྟན་པ།

དེ་ལ་འགྲོ་མགོན་ཕག་མོ་གྲུ་བའི་《གཏོར་མའི་དེ་ཉིད་བཞུགས་སོ།།》ཞེས་པ་ལས།“གཏོར་མ་ཞེས་པ་ནི་མ་ཆགས་ཤིང་ཆགས་པ་མེད་པར་གཏོང་བའོ།།མ་ཞེས་བ་ནི་མི་སྡང་ཞིང་སྡང་བ་མེད་པ་སྟེ།ཀུན་མཉམ་པར་གཏོང་བའོ།།”⑺ཞེས་སེར་སྣ་བྲལ་ཞིང་སྙིང་རྗེ་ལྡན་པའི་སྒོ་ནས་གཞན་ལ་གཏོང་བ་ཞིག་ཡིན་པས་གཏོར་མ་ཆ་བཞི་སྟེ་དཀོན་མཆོག་སྲི་ཞུའི་མགྲོན་དང་།མགོན་པོ་ཡོན་ཏན་གྱི་མགྲོན།རིགས་དྲུག་སྙིང་རྗེས་ཀྱི་མགྲོན། ལན་ཆགས་ཤ་འཁོན་གྱི་མགྲོན་བཅས་བཞི་རུ་འདུ་ཞིང་།དེ་དག་ཀྱང་ཕར་ཕྱིན་དྲུག་གི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་ཁོངས་སུ་གཏོགས་ལ།《དུང་དཀར་ཚིག་མཛོད་》ལས‘གཏོར་བ་ཆེན་པོ་’ཞེས་པ་སྦྱིན་པའི་ཕར་ཕྱིན་གྱི་མིང་ལ་འཇུག་ཅེས་པས་ཀྱང་ཤེས་སླ་ལ།བྱམས་སྙིང་རྗེ་དང་བྱང་ཆུབ་ཀྱི་སེམས་ཀྱི་སྒོ་ནས་དམིགས་པ་ལེགས་པོས་མཆོད་སྦྱིན་གཏོང་བའི་ཆོས་ལུགས་ཀྱི་ཆོ་ག་ཞིག་ཡིན།གཏོར་མ་ལ་འཕགས་ཡུལ་དུ་བ་ལིང་ཞེས་སྟོབས་དང་ནུས་པའི་གོ་དོན་ལ་འཇུག་པ་གཞུང་གཞན་ན་བསྟན་ཡོད་ལ།བོད་སྐད་དུ་གཏོར་མ་ཞེས་ཆགས་མེད་ཡོངས་སུ་གཏོང་བའམ་འགྱེད་པའི་དོན་དུ་འགྲོ་ལ།་ཞྭ་དམར་སྐུ་ཕྲེང་ལྔ་པའི་《གཏོར་མ་དེ་ཉིད་བདུད་རྩིའི་དགའ་སྟོན།》“བ་ལིང་ཞེས་བྱ་སྟོབས་དང་ནུས་པ་ལ།། འཇུག་སྟེ་རང་གཞན་རྒྱུད་ལ་འཆི་མེད་ཀྱི། ། སྟོབས་ཆེན་ཐོབ་ནས་བདུད་བཞི་འཇོམས་ནུས་པའི།།དམ་རྫས་པཉྩ་ཨ་མྲྀ་ཏ་ཉིད་ཡིན།།བྷོ་ཊའི་བརྡ་ལས་གྲངས་པའི་འི་སྒྲ་བཤད་ལ།།ཆགས་མེད་ཡོངས་སུ་གཏོང་བས་གཏོར་ཞེས་བྱ། །སྡང་མེད་མ་བུ་ལྟར་བརྩེ་བས་མར་བརྗོད་དེ།།ཉེ་རིང་མེད་པའི་བཏང་སྙོམས་གཉིས་ཀའི་གྲོགས། །ལྟ་བ་གནས་ལུགས་སེམས་ཀྱི་གཏོར་མ་ནི།།ཆོས་སྐུ་སྐྱེ་བ་མེད་པའི་རང་ཞལ་ལ།།སྣ་ཚོགས་སྣང་བ་མ་ལུས་ཅིག་ཅར་བབ།།རོ་གཅིག་ཆོས་ཀྱི་སྐུ་ཡི་འཚོ་གཞེས་བརྟན།།སྒོམ་པ་རྣལ་འབྱོར་ལུས་་ཀྱི་གཏོར་མ་འདི།།ཡེ་ཤེས་གཏུམ་མོ་སྒྲོན་མེ་ལྔ་སྦར་ཞིང་།།ཐུགས་རྗེའི་ལྕགས་ཀྱུ་བདུད་རྩི་ལྔ་བཞུས་པས།།ཕུང་ཁམས་རྒྱལ་བ་རིགས་ལྔའི་འཚོ་གཞེས་བརྟན།།སྤྱོད་པ་བསྐྱེད་རིམ་ཕྱི་ཡི་གཏོར་མ་ནི།།གོང་དུ་ལྷག་པའི་ལྷ་ལ་མཆོད་པ་དང་། །འོག་ཏུ་འབྱུང་པོའི་ཚོགས་ལ་སྦྱིན་པ་དང་།།མཉམ་པར་རྡོ་རྗེའི་་སྤུན་ཚོགས་རོལ་བའི་རྫས།།”⑻ཞེས་ཞིབ་པར་བསྟན་ཡོད་པ་དང་།སྤྱིར་ན་གཏོར་མ་ཞེས་པའི་མིང་དེ་གཏོར་མ་ཆ་བཞིའི་སྐབས་ཀྱི་གཏོར་མ་ཡིན་པ་ལས།དེང་སྐབས་སམ་བོད་དུ་དར་བའི་ཟན་གྱི་གཏོར་མ་ཐམས་ཅད་མ་ཡིན་ཏེ།གཏོར་བའམ་འགྱེད་པ་ནི་འཕྲལ་དུ་བསྔོ་བ་ཚར་བའི་རྗེས་སུ་ཕྱོགས་ཀུན་ལ་འགྱེད་པས་དེ་ལྟར་མིང་དུ་བརྗོད་པ་ཡིན་འདུག་སྐལ།སྐབས་ཐོབ་ལ་གོ་བ་གཞན་ཡང་ཡོད་པ་གཏོར་མ་ཡོད་ཚད་འཕྲལ་དུ་འགྱེད་པ་མ་ཡིན་པར་མཆོད་རྫས་སུ་དམིགས་ནས་ཡིན་རིང་ལ་འཇོག་པའང་ཡོད་དོ། །

གཉིས། གཏོར་མའི་ཁུངས་བསྟན་པ།

གཏོར་མ་ནི་གོང་ནས་བཤད་པའི་བསྟན་འགྱུར་གྱི་སྣ་ཚོགས་ཀྱི་ལེའུ་ལས་“པོ་”དུམ་པའི་སྐབས་ཀྱི་གཏོར་མའི་ཕྲེང་བ་སོགས།སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞི་ནས་གསུངས་པ་ཡིན་ཏེ།འདུལ་བ་ནས་གཙང་སྦྲ་ལེགསཔར་བྱ་བ་དང་། བདེན་པ་བདར་བ་དང་ཆོས་ཀྱི་སྦྱིན་པ་མཛད་པ་གསུངས།མདོ་སྡེ་ནས་སྔགས་དང་བྱ་ཐབས་རྣམས་གསུངས།དེ་ཡང་ཁ་འབར་མའི་གཟུངས་དང་།གཟུངས་གྲྭ་ལྔ་ལ་སོགས་པ་མདོ་མང་པོ་ནས་གསུངས།རྒྱུད་སྡེ་བཞི་ནས་སྔགས་དང་ཕྱག་རྒྱས་གཏོར་མ་འབུལ་བ་མ་གསུངས་པ་མེད་དེ།ཀྱེེ་རྡོ་རྗེ།བདེ་མཆོགགསང་བ་འདུས་པ།རྣལ་འབྱོར་བླ་ན་མེད་པའི་རྒྱུད་ནས་སྔགས་གསུངས་པ་དང་།རྣལ་འབྱོར་གྱི་རྒྱུད་ཡོ་ག་དང་།སྤྱོད་པའི་རྒྱུད་དང་།བྱ་བའི་རྒྱུད།ཕྱག་ན་རྡོ་རྗེ་དབང་བསྐུར་བའི་རྒྱུད་དང་།རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པའི་རྒྱུད་དང་།སུ་སེདྡྷི་ཀ་ར་ལེགས་པར་གྲུབ་པའི་རྒྱུད་དང་།ཀྲི་ཡ་དཔུང་བཟངས་ཀྱི་རྒྱུད་དང་།རིག་པ་མཆོག་གི་རྒྱུད་དང་།གནོད་སྦྱིན་གར་མཁན་མཆོག  དེ་རྣམས་ནས་ཕྱག་རྒྱ་ཁོ་ནས་འབུལ་བ་གསལབར་བསྟན་པ་དང་།མདོ་རྒྱུད་ལ་ལ་ནས་ཏིང་ངེ་འཛིན་གྱིས་འབུལ་པ་གཙོ་བོར་བསྟན། དེ་ལྟར་བཀའ་ནས་ལེགས་པར་གསུངས་པ་དང་།དེ་ནས་བཀའི་དགོངས་པ་བསྡུ་བ།དགོངས་པ་འགྲེལ་པ།བཀའི་དོན་བཤད་པ།བཀའ་ལ་ཉམས་སུ་ལེན་པའི་ལག་ལེན་སྟོན་པ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྗེ་བཙུན་འཇམ་དབྱངས་དང་།སྤྱན་རས་གཟིགས་དབང་ཕྱུག་དང་།ཕྱག་ན་རྡོ་རྗེ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་མཛད་པ་དང་།དེའི་རྗེས་སུ་ཞུགས་པ་གྲུབ་ཐོབ་ས་ར་ཧ་ཆེན་པོ་དང་སློབ་དཔོན་ཀླུ་སྒྲུབ།སློབ་དཔོན་ཛ་ཡ་སེ་ནས་ལག་ལེན་ལེགས་པར་བསྟན་ནོ།།སྒྲུབ་ཐབས་ཐམས་ཅད་ནས་གཏོར་མའི་ལག་ལེན་མ་གསུངས་པ་མེད་དེ།བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་ཁུངས་ནི་ནང་བའི་སྟོན་པ་བཅོམ་ལྡན་འདས་ཀྱིས་གསུངས་པ་ཡིན་སྟབས།གཏོར་མ་ཡང་དེ་ལས་མ་འདས་མོད།ནང་ཆོས་རིག་པ་དེ་ཡང་བོད་དུ་ཡུན་རིང་དར་བའི་དུས་ཡུན་ནང་གྲུབ་མཐའ་མི་གཅིག་པ་ཁག་མང་དུ་ཐོན་པ་དང་།འདོན་ཆ་སྣ་ཚོགས།དབྱངས་སྣ་ཚོགས།རོལ་མོ་རྔ་ལ་སོགས་མཛེས་ཆས་སྣ་ཚོགས་གསར་བཟོ་བྱས་པ་བཞིན་དུ་གཏོར་མ་ཡང་ཐོག་མར་བཅོམ་ལྡན་འདས་ཀྱིས་ཡི་དྭགས་ཁ་ལ་མེ་འབར་མ་དང་ཀུན་དགའ་བོའི་དོན་དུ་གསུངས་པའི་གཏམ་རྒྱུད་ཞྭ་དམར་སྐུ་ཕྲེང་ལྔ་པའི་《གཏོར་མ་དེ་ཉིད་བདུད་རྩིའི་དགའ་སྟོན》སོགས་སུ་གསལ་ལོ། །

གཉིས་བ།  གཏོར་མའི་མགྲོན་བསྟན་པ།

གཏོར་མ་མཆོད་སྦྱིན་བྱེད་པའི་ཡུལ་ལམ་འགྱེད་ཡུལ་སོ་སོར་བསྟན་པ་ལ།དཀོན་མཆོག་སྲིད་ཞུའི་མགྲོན་དང་།མགོན་པོ་ཡོན་ཏན་གྱི་མགྲོན་དང་།རིགས་དྲུག་སྙིང་རྗེའི་མགྲོན་དང་།ཤ་འཁོན་ལན་ཆགས་ཀྱི་མགྲོན་དང་བཞིའོ། །

མགྲོན་དེ་རྣམས་སྤྱན་དྲངས་ན་ནི་འབྱོན་ལ་སྤྱན་མ་དྲངས་ན་ནི་མི་འབྱོན།སྤྱན་དྲངས་ན་ཐུགས་རྗེ་དང་སྨོན་ལམ་གྱི་སྟོབས་ཀྱིས་མོས་པ་དང་གུས་པའི་སར་ཅིས་ཀྱང་འབྱོན་པའོ།།སྤྱན་དྲངས་ཀྱང་མི་འབྱོན་པའི་མགྲོན་ནི་རི་རབས་ཀྱི་ཁོང་སེང་ན་ཡོད་པར་བཤད་ལ།གནོད་སྦྱིན་ལག་ན་གཞོང་ཐོགས། གནོད་སྦྱིན་ལག་རིངས། རི་རྩེ་ཀན།རྟག་མྱོས་རྣམས་སྤྱན་དྲངས་ཀྱང་འོང་བའི་སྐབས་མེད།ལག་ན་གཞོང་ཐོགས་ཀྱི་ཕོ་བྲང་རི་རབ་ཀྱི་བང་རིམ་དང་།རྒྱ་མཚོའི་ཆུ་མཚམས་ན་ཡོད་པས། ཕོ་བྲང་ཆུས་ཁྱེར་དོགས་པ་དང་།གླིང་བཞི་པའི་སེམས་ཅན་ཆུ་ཡིས་ཤི་དོགས་ནས།དུས་རྒྱུན་ཆད་མེད་པར་གཞོང་པས་ཆུ་བཤོ་དགོས་པས་ཁོ་འོང་བའི་གོ་སྐབས་མེད།ལག་རིངས་ནི་རི་བོ་མཆོག་རབ་ལ་འཁྱུད་ནས་ཡོད་པས་ཁོ་འོངས་ན་རི་རབ་འགྱེལ་གྱིས་དོགས་པས་ཁོ་འོང་མི་ཐུབ་ལ།རི་རྩེ་ཀན་ནི་རི་བོ་མཆོག་རབ་ཀྱི་རྩེ་ནས་གླིང་བཞི་པའི་སེམས་ཅན་རྣམསལ་དགྲ་བྱུང་གིས་དོགས་པ་དང་།བྱ་ར་རྒྱུན་ཆད་མེད་པར་བྱེད་དགོས་པས་ཁོ་འོང་བའི་སྐབས་མེད་དོ།།རྟག་མྱོས་ནི་འདོད་པའི་ཡོན་ཏན་ལྔས་དུས་རྒྱུན་ཆད་མེད་པར་མྱོས་པས་འོང་བའི་ཁོམ་སྐབས་མེད་པས་དེ་དག་ནི་སྤྱན་དྲངས་ཀྱང་མི་འོང་བའི་མགྲོན་བཞིའོ།།སྤྱན་དྲང་དུ་མི་བཏུབ་པའི་མགྲོན་བཞི་ནི་ས་བདག་སྟོབས་པོ་ཆེ།ཡི་དྭགས་གཏེར་སྲུང་།ས་བདག་ཤི་རི་པ་ཏ།ཀླུ་ཧོན་པན་རྣམས་ནི་སྤྱན་དྲངས་དུ་མི་བཏུབ་སྟེ།ས་བདག་སྟོབས་ཆེན་སྤྱན་དྲངས་ན།ཁོ་རི་རབས་ཀྱི་འོག་ན་ཡོད་པས་རླུང་རྡོ་རྗེ་རྒྱ་གྲམ་གཡོ་བས་སེམས་ཅན་གྱི་གནས་སུ་ས་གཡོས་དང་།ཁྲུག་པ་དང་མི་བདེ་བ་སྣ་ཚོགས་འོང་བས་སྤྱན་དྲང་དུ་མི་བཏུབ།ཡི་དྭགས་གཏེར་སྲུང་སྤྱན་དྲངས་ན་གཏེར་གྱི་བུམ་པ་གཞན་གྱིས་ཁྱེར་ནས་འཇིག་རྟེན་དུ་མུ་གེ་འོང་བས་ཁོ་སྤྱན་དྲངས་དུ་མི་བཏུབ་པར་བཤད་ལ།ས་བདག་ཤི་རི་པ་ཏའི་ལག་ན་ནད་ཀྱི་རྐྱལ་པ་ཡོད་པས་ཁོ་འོངས་ཚེ་ནད་ཀྱི་རྐྱལ་པ་ཁ་ཤོར་བས་འཇིག་རྟེན་དུ་མི་ནད་ཕྱུགས་ནད་འོང་བས་ཁོ་སྦྱན་དྲངས་དུ་མི་བཏུབ།ཀླུ་ཧོན་པན་ལ་མཐོང་བའི་དུག་ཡོད་པས་ཁོ་འོངས་ན་དུག་གིས་སེམས་ཅན་ལ་གནོད་པ་སྣ་ཚོགས་འོང་བས་ཁོ་སྤྱན་དྲངས་མི་བཏུབ།སྤྱན་མ་དྲངས་ཀྱང་འོང་བའི་མགྲོན་ནི་ཡི་དྭགས་མཁའ་ལ་རྒྱུ་བའི་དྲི་ཟའི་མགྲོན་རྣམས་ནི་གཏོར་མ་བཤམས་པ་ཙམ་གྱིས་འོངས་ཏེ།དཔེར་ན་སྦྲང་མ་དྲི་ལ་འདུ་བའམ།སྟོན་མོའི་དུས་སུ་སྤྲང་པོ་འདུ་བ་དང་འདྲ་ཞེས་ཕག་མོ་གྲུ་བའི་《གཏོར་མའི་དེ་ཉིད་བཞུགས་སོ།།》ཞེས་པར་བསྟན་ཡོད་དོ། །

གཞན་ཡང་མགྲོན་གྱི་བྱེ་བྲག་ནི་ལ་ལ་བཤམས་པ་ཙམ་གྱིས་ཐོབ་ཡོང་།ལ་ལ་བཤལ་གྱིས་ཐོབ་པ་ཡོད།ལ་ལ་ཚིག་བཤད་ཀྱིས་ཐོབ་པ་ཡོད།ལ་ལ་སྔགས་བརྗོད་པས་ཐོབ་པ་དང་།ལ་ལ་ཏིང་ངེ་འཛིན་གྱིས་ཐོབ་པ་ཡོད་།གཏོར་མ་བཅས་ནས་མ་བསྔོས་པའི་བར་དེར་མི་མ་ཡིན་གཞན་གྱིས་ཁྱེར་བ་ཡང་ཡོད་དོ།།བླ་མ་རྡོ་རྗེ་གདན་པས་གཏོར་མ་བཅས་ནས་བསྔོས་པ་མ་བྱུང་བར་ཨེན་ཙམ་ལོན་ནས་བསྔོས་པས་མགྲོན་དེ་མངོན་སུམ་དུ་བྱུང་ནས།ཁྱོད་ཀྱི་དེ་ང་མི་འདོད་ཡི་དྭགས་ཀྱིས་ཟོས་ཟིན་ཟེར་སྐད།  གཏོར་མ་བཅས་ནས་འཇོག་ཚེ་བསྲུང་བའི་འཁོར་ལོ་བསྒོམས་ནས་འཇོག་དགོས་པར་བཤད། གཏོར་མ་བཅས་ནས་མ་བསྔོས་པའི་བར་དེར་དེའི་ཁ་ འཁྱལ་གྱིས་གཞན་ལ་བསྔོས་ན་ཡང་མགྲོན་དེ་ལ་མི་ཐོབ་སྟེ། དེའི་རྒྱུ་མཚན་སྔོན་གླང་ཐང་སྒྲོལ་མའི་ཆོས་སྐྱོང་རྡོ་རྗེ་ཁོལ་པོ་ཡིན་པས་མཆོད་པ་བྱེད་པའི་དུས་ཤིག་ན།ཁོ་ལ་མཆོད་གཏོར་བཟང་པོ་ལས་ནས་མ་བསྔོས་པའི་བར་དེར་བྱིས་པ་ཞིག་ཡོད་པ་དེས་དཔལ་མགོན་པོ་ལ་མཆོད་ཅེས་པས།དེའི་ནུབ་མོ་གཉེར་པའི་རྨི་ལམ་དུ་བྱུང་ནས་ང་ལ་མཆོད་གཏོར་མི་སྟེར་བ་ཅི་ཡིན་ཟེར་བ་ལ་གཉེར་བས་ཁྱོད་ལ་མཆོད་གཏོར་བཟང་པོ་ཞིག་སྦྱིན་པ་བྱས་པ་མ་ཡིན་ནམ་ཟེར་བ་ལ། རྡོ་རྗེ་ཁོལ་བས་དེ་བྱིས་པས་དཔལ་མགོན་པོ་ལ་ཕུལ་བས་ངས་མིག་གིས་ཀྱང་བལྟ་བར་མ་ནུས་ཟེར་བའི་ངག་རྒྱུན་དངོས་སུ་འདུགདེ་ཡང་གཏོར་མ་གཏོང་བའི་དུས་སུ་མྱུར་དུ་བསྔོ་བ་གལ་ཆེ་སྟེ་མགྲོན་ལ་ལ་ནི་ཕུད་ཁོ་ན་ཟ་ལ་ལྷག་མ་མིའདོད་པ་ཡོད།ལ་ལ་ལྷག་མ་ཁོ་ན་ཟ་ལ་ཕུད་མི་འདོད་པ་ཡོད་པས།ཐམས་ཅད་ཕྱོགས་གཅིག་ཏུ་བྱས་ཏེ་ཆ་མང་དུ་བྱས་ན་སོ་སོར་གང་འདོད་ཀྱི་གནས་སུ་ཐོབ་པས་བསོད་ནམས་ཆེ་བར་གསུངས་སོ། །

བདེན་པ་བདར་ཞིང་ཆོས་བཤད་པས་རྒྱུད་གྲོལ་ནས་ཕན་པ་བསྒྲུབ་ཅིང་གནོད་པ་མི་བསྐྱེལ་བའི་ཡོན་ཏན་ཡོད།གཏོར་མ་མ་ཆག་པར་བྱེད་ལ་ཆག་ན་ཉེས་པ་ཆེ་སྟེ།དཔལ་ནཱ་རོ་པས་ལན་གཅིག་གི་ཚེ་ལྷག་གཏོར་བརྗེད་པས་རྨི་ལམ་དུ་ངེད་རྣམས་ཀྱི་སྐལ་ཆད་ཟེར་ནས་ངུ་བ་མང་པོ་མྱོང་བའི་ངག་རྒྱུན་ཡོད་ལ།།གཏོར་མ་གཙང་མ་སྟེགས་མཐོ་བའི་ཁར་གཏོང་དགོས་པ་ལས་ཁྱིས་ཟོས་ན་སྤྱན་གཟན་གྱི་རིགས་ཡིན་པས་ཁྱིའི་མཆེ་བ་ན་དུག་ཡོད་པས་འབྱུང་པོ་སྟོར་ཁུང་ནས་འབབ་སྟེ་ཟ་བ་རྣམས་ལ་མི་ཐོབ།མི་གཙང་བའི་སར་བཏང་ན་ཀླུ་ལ་སོགས་པ་གཙང་སྦྲ་ལ་གནསཔ་རྣམས་ཀྱིས་མི་ཟ།རྣལ་འབྱོར་པའམ་འབུལ་མཁན་ལ་འགོ་བའི་ནད་འབྱུང་བ་དང་རིག་པ་རྒུད་པ་སོགས་མི་ལེགས་པའི་ལྟས་ངན་པ་འབྱུང་བར་བཤད།ཞི་བའི་གཏོར་མ་ཟོར་དུ་མི་འཕེན་སྲོག་ལ་གནོད་རྒྱས་པ་དང་དབང་གི་གཏོར་མ་ཐག་རིང་དུ་མི་བསྐྱལ།བསྐྱལ་ན་དངོས་གྲུབ་གཞན་དུ་ཤོར་འགྲོ་ལ།ལམ་ཞུགས་བར་ཆད་སེལ་བའི་གཏོར་མ་འགྲོ་ཕྱོགས་སུ་འཕེན་པ་ལས་ཕྱོགས་ལོག་ན་ཕྱི་དལ་གྱི་རྒྱུ་འཆི་བ་བླུ་བ།ལན་ཆགས་ཀྱི་གཏོར་མ་ཕྱོགས་བཅུར་འཕེན་པ་དང་བསྐྲད་པ་བགེགས་སྒྲོལ་བའི་གཏོར་མ་ཟོར་དུ་བཟློག་དགོས་སོ། །

གསུམ་པ། གཏོར་མའི་དབྱེ་བ་བསྟན་པ།

འགྲོ་མགོན་ཕག་མོ་གྲུ་བའི《གཏོར་མའི་དེ་ཉིད་བཞུགས་སོ།།》ཞེས་པ་ལས།“དེ་ལ་ལྔ་སྟེ།ཕྱི་གཏོར། ནང་གཏོར། གསང་གཏོར། དེ་ཁོ་ན་ཉིད།གཏོར་མ་ཆེན་པོའོ།།ཕྱི་གཏོར་ནི་དཀར་གསུམ་དང་མངར་གསུམ་བྱིན་གྱིས་བརླབས་པ་ནི།མགྲོན་གང་ལ་ཡང་ཕུལ་བས་ཆོག།ནང་གཏོར་ནི་འདོད་ཡོན་དུ་བྱིན་གྱིས་བརླབས་པ་ནི།རིགས་དྲུག་ལ་བསྔགས་སོ།།གསང་བ་ནི་ཤ་ལྔ་བདུད་རྩི་ལྔ་རུ་བྱིན་གྱིས་བརླབས་པ་ནི་མཁའ་འགྲོ་ཆོས་སྐྱོང་ལ་ཤིས་སོ།།དེ་ཁོ་ན་ཉིད་ཆེན་པོའི་ཚོགས་གསོག་དང་།ཀུ་སུ་ལུའི་ཚོགས་གསོག་ཡིན་ཏེ།གནོད་བྱེད་དང་ལན་ཆགས་ལ་ཤིས་སོ།།ག།ཏོར་མ་ཆེན་མོ་ནི་ཕྱི་སྣོད་ཀྱི་འཇིག་རྟེན་གཏོར་མའི་སྣོད།ནང་བཅུད་ཀྱི་སེམས་ཅན་གཏོར་མའི་རང་བཞིན་ཏེ།སྣང་སྲིད་ཐམས་ཅད་གཏོར་མར་མ་གྱུར་པ་མེད་དེ།མི་གཏོང་བའི་དངོས་པོ་སྤུའི་རྩེ་མོ་ཙམ་ཡང་མེད་དེ།བདག་འཛིན་ཐམས་ཅད་དང་བྲལ་བའོ།།” ⑻ཞེས་པ་ནི་གཙོ་བོ་གཏོར་མའི་ཆེ་ཕྱོགས་ཀྱི་བྱེད་ལས་ལ་དམིགས་ནས་གོང་ནས་བཤད་པའི་མགྲོན་གྱི་སྒོ་ནས་དབྱེ་བར་འདོད་ལ།ཕྱོགས་སྐྱོང་གི་གཏོར་ཆ་གཅིག་འབྱུ་བའི་གཏོར་མ་ཆ་གཅིགབགེགས་ཀྱི་གཏོར་མ་ཆ་གཅིག་སྟེ་གཏོར་མ་ཆ་གསུམ་ཟེར་བའང་ཡོད།གཞན་ཡང་བྱིན་རླབས་བླ་མའི་གཏོར་མ་དང་།   དངོས་གྲུབ་ཡི་དམ་གྱི་གཏོར་མ།འཕྲིན་ལས་མཁའ་འགྲོའི་གཏོར་མ།  དམ་ཅན་ཆོས་སྐྱོང་གི་གཏོར་མ།དྲེགས་པ་སྡེ་བརྒྱད་ཀྱི་གཏོར་མ།སྣ་ཚོགས་ཀུན་འདུས་ཀྱི་གཏོར་མ་བཅས་མཆོད་ཡུལ་མི་འདྲ་བའི་སྒོ་ནས་དབྱེ་བ་བྱས་ཆོག་ལ།གཏོར་མའི་བྱེད་ལས་མི་འདྲ་བ་ལ་གཞིགས་ནས་དབྱེ་ན།ལྷ་ཡི་རྟེན་གཏོར་དང་།  རྨད་བྱུང་གི་བསྐང་གཏོར། དྲག་པོའི་བཟློག་གཏོར།མགྲོན་བཞིའི་མཆོད་གཏོར། སྐྱིན་ཚབ་ཀྱི་གླུད་གཏོར་བཅས་ལྔ་ཡོད།འཇིག་རྟེན་ལས་བཞིའི་གཏོར་མ་སྟེ། ཞི་བའི་གཏོར་མ་ཟླུམ་པོ་དང་། རྒྱས་པའི་གཏོར་མ་གྲུ་བཞི།དབང་གི་གཏོར་མ་ཟླ་གམ།དྲག་གི་གཏོར་མ་ཟུར་གསུམ་བཅས་དབྱིབས་མི་འདྲ་བ་བཞི་ཡོད་ལ། ཞི་དྲག་སྤེལ་མའི་ཚུལ་དུ་སྟོད་སྨད་གང་རུང་ཞིག་ཟླུམ་པོ་དང་།གཞན་དེ་ཟུར་གསུམ་བྱས་པ།དེ་དང་མཚུངས་པ་ཞི་རྒྱས་སྤེལ་མ་དང་།ཞི་བ་དང་དབང་ཟུང་དུ་འདྲེས་པ།དབང་དང་དྲག་པོ་ཟུང་དུ་འདྲེས་པ།དབང་དང་ཞི་བ་ཟུང་དུ་འདྲེས་པ།དབང་དང་རྒྱས་པ་ཟུང་དུ་འདྲེས་པ་བཅས་དང་།ད་དུང་དབང་པོ་སྣ་ལྔ་ཞེས་འདོད་པའི་ཡོན་ཏན་ལྔའི་གོ་དོན་ཚང་ཞིང་།ཕུང་ཁམས་སྐྱེ་མཆེད་ཀྱི་ཆ་ཤས་ཚང་བ་སོགས་བོད་རང་གི་རིག་གནས་སྤྱི་དང་འབྲེལ་བའི་གོ་དོན་དང་མཚོན་བྱ་ཤིན་ཏུ་མང་བའི་རིགས་ཡོད་ལ།ཞི་བྱེད་གཅོད་ཀྱི་སྐབས་སུ་ལུས་ཚོགས་མཆོད་དུ་དམིགས་པ་སྟེ་ཡེ་ཤེས་ཀྱི་བདུད་རྩི་དང་ཟག་པ་མེད་པའི་རོར་གྱུར་ཅིང་ཟད་པ་མེད་པའི་ལོངས་སྤྱོད་དུ་བསྟབས་ནས་ཡར་མགྲོན་ལ་འབུལ་བ།  ཤ་ཁྲག་འདོད་ཡོན་རྒྱ་མཚོར་དམིགས་ནས་མར་མགྲོན་ལ་སྦྱིན་པའི་བསྒོམ་པ་ཕྱག་ལེན་ཡོད་པ་དང་།གསང་བ་སྔགས་ཀྱི་ཐུན་མིན་ཁྱད་ཆོས་སུ་དུག་ལྔ་སྐུ་ལྔ་ཡེ་ཤེས་རྣམ་པ་ལྔའི་ངོ་བོར་གྱུར་ནས་རང་ལུས་དག་པའི་རྫས་སུ་གྱུར་པའི་ལུས་ཀྱི་གཏོར་མ་དང་།ཕྱི་སྣོད་ཀྱི་འཇིག་རྟེན་གཏོར་གཞོང་ནང་བཅུད་སེམས་ཅན་གཏོར་མ་བཅས་རྣམ་པ་མང་པོར་བསྒྱུར་བ་ནི།གཞན་ཡང་དབང་པོ་རབ་རྣམས་ལ་ཕྱི་མི་ཟེད་རྒྱན་གཏོར།འཇིག་རྟེན་གཏོར་སྣོད།སེམས་ཅན་གཏོར་རྒྱུ་སོགས།ནང་ཕུང་པོ་གཏོར་སྣོད།ཤ་རུས་གཏོར་རྒྱུ།གསང་བ་རང་བཞིན་སྟོང་པ་སྣོད།སྣང་བ་གཏོར་མ་བཅས་ནང་བསྟན་གསང་སྔགས་གཞུང་གི་ཐབས་དང་།  དམིགས་པ།  ཏིང་འཛིན་ཁྱད་པར་བའི་སྒོ་ནས་རྒྱུ་མཚན་ལུང་རིགས་དང་ལྡན་པའི་གཏོར་མའི་རྣམ་གཞག་ཀྱང་མང་དུ་ཡོད་ལ།མདོར་བསྡུས་ན།འབྱུང་བ་ལྔ་དང་ཕུང་ཁམས་སྐྱེ་མཆེད་ཀྱི་གོ་དོན་མ་ཚང་བ་མེད་པ་ནི་གཏོར་མའི་ཁྱད་ཆོས་ཡིན་པར་ཞྭ་དམར་སྐུ་ཕྲེང་ལྔ་པ་སོགས་ཀྱིས་གསུངས།གཏོར་མའི་ཁ་དོག་མི་འདྲ་བ་ལ་གཞིགས་ནས་དཀར་གཏོར་དང་།དམར་གཏོར། ནག་གཏོར་དང་སྐྱ་གཏོར་སོགས་ཡོད། དེ་ལས་གཞན་ཡང་དམིགས་བསལ་གྱི་གཏོར་མ་ལ།མཐུ་ཡི་གཏོར་མ།གཏད་ཀྱི་གཏོར་མ།སེར་གྱི་གཏོར་མ། ཆབ་གཏོར་དང་ཀླུ་གཏོར་སོགས་ཡོད་ལ།དེ་ཡང་གཏོར་མའི་ཆེ་ཕྱོགས་བྱེད་ལས་ལ་དམིགས་ནས་མཆོད་སྦྱིན་གྱི་གཏོར་མ་དང་འབྱུང་བའི་གཏོར་མ་གཉིས་ཀྱི་སྒོ་ནས་ཆོ་ག་སྒྲུབ་པ་དང་མཆོད་སྦྱིན་བྱེད་པའང་ཡོད་དོ། །

བོན་པོའི་གཏོར་ཟོར་ཟེར་བ་ཞིག་ཡོད་པ་དེ་ནི《དུང་དཀར་ཚིག་མཛོད་ཆེན་མོ།》ལས་“ཟོར་ནི་བོན་པོའི་རྟ་ཟོར་འཕེན་པ་བཟློག་ཅེས་པའི་ཚིག་ལ་བལྟས་ན་དང་པོ་བོན་པོའི་དྲག་སྦྱོར་གྱི་བྱེད་ཚུལ་ཞིག་ཡིན་པར་མངོན་”ལ་ཞེས་པ་བཞིན།དེ་སྔ་བོད་ཀྱི་དགོན་སྡེ་རྣམས་ཀྱིས་ལོ་རེའི་དགུ་གཏོར་ཆེན་མོ་ཞེས་པར་གཏོར་ཆེན་དམར་པོ་ཁྲོ་ཞལ་ཅན་སྟེང་དུ་གདུགས་དང་ནམ་མཁའ།  རྩངས་ཕུར་སོགས་དུ་མས་བརྒྱན་པ་གང་ཞིག་དགྲ་བགེགས་དངོས་སུ་དམིགས་ནས་ལོ་རེའི་འགལ་རྐྱེན་བར་ཆད་དང་།མི་མིན་གནོད་བྱེད་འབྱུང་པོ་ཞིང་་བཅུ་ཚང་བའི་བསྟན་དགྲ་དང་བཅས་པ་ཆོས་སྲུང་རྣམས་ནས་བསྒྲལ་བའི་ལས་ལ་བསྐུལ་ཏེ་རྣམ་ཤེས་ཞིང་ཁམས་སུ་སྤོར་བ་དང་།ཚེ་སྲོག་རང་ལ་བསྟིམ་པ། ཤ་ཁྲག་བདུད་རྩིར་བསྒྱུར་བ་སྲུང་མས་གསོལ་བ་སོགས་རིམ་གཉིས་ཀྱི་གདེང་དང་ལྡན་ཞིང་གྲུབ་པའི་ཚད་གཞི་མཐོན་པོར་སླེབས་པ་ཞིག་གིས་གཏོར་མ་མེར་བསྲེག་པའམ་རྒྱང་རིང་དུ་གཡུག་པ་སོགས་ཀྱི་སྐབས་སུ་ཐུན་དང་ཟོར་གྱིས་འབྲབས་པར་བྱེད་པ་དེའོ། །

བཞི་བ། མཆོད་སྦྱིན་མཁན་གང་ཟག་གི་མཚན་ཉིད་དང་བྱིན་གྱིས་བརླབས་ཚུལ་བསྟན་པ།

གཅིག གཏོར་མ་མཆོད་སྦྱིན་བྱེད་མཁན་གང་ཟག་གི་མཚན་ཉིད།

དབང་པོ་རབ་རྟོགས་པ་དང་ལྡན་པའི་གང་ཟག་གིས་གཏོར་མ་ཆ་གཅིག་ལས་མེད་ཀྱང་མགྲོན་ཐམས་ཅད་ཀྱི་སྣང་བ་ལ་སོ་སོར་གང་འདོད་པ་དབང་པོ་དང་མཐུན་པའི་ལོངས་སྤྱོད་དུ་འབྱུང་སྟེ།རིན་པོ་ཆེ་འདོད་པ་ལ་རིན་པོ་ཆེ་འབྱུང་བ་དང།དཀར་གསུམ་འདོད་པ་ལ་དཀརགསུམ་འབྱུང་བ་དང་།ཤ་ཁྲག་འདོད་པ་ལ་ཤ་ཁྲག་རྟ་གླང་ལ་སོགས་པ།གཞོན་པ་འདོད་པ་ལ་གཞོན་པ་དང་།དྲི་འདོད་པ་ལ་དྲི། རྨ་བྱ་ལ་བཙན་དུག།མདོར་ན་གང་ལ་གང་འདོད་འབྱུང་།དབང་པོ་འབྲིང་གི་གང་ཟག་གིས་ཆོ་ག་ལ་ནོར་འཁྲུལ་མེད་པ།སྔགས་དང་ཕྱག་རྒྱ་དང་ཏིང་ངེ་འཛིན་གྱིས་བྱིན་གྱིས་བརླབས་པས་བདུད་རྩི་རྒྱ་མཚོར་བསྒྱུར་ཤེས་སོ།།དབང་པོ་ཐ་མས་གང་བཤམས་པ་དེ་ཐོབ་པར་བཤད་དོ། །

གཉིས། གཏོར་མ་བྱིན་གྱིས་བརླབས་ཚུལ།

བཤམས་མ་ཐག་ཏུ་བྱིན་གྱིས་བརླབས་པས་བར་ཆད་མི་འབྱུང་བ་ཡིན་ལ།ཚད་མེད་པ་བཞི་བསྒོམས་པས་གཞན་ལ་ཕན་པ་རྒྱ་ཆེན་པོ་འབྱུང་ཞིང་།སྐྱབས་སུ་འགྲོ་བ་བྱས་པས་ངག་བདེན་པའི་བྱིན་རླབས་འགྲུབ་པ་ཡིན།ཕྱོགས་བཅུའི་སངས་རྒྱས་སྤྱན་དྲངས་ནས་བདུན་རྣམ་དག་བྱས་པས་ཚོགས་རྒྱ་ཆེན་པོ་རྫོགས་པ་ཡིན།ཡི་དམ་གྱི་ལྷ་བསྒོམས་པས་གཏོར་མ་བྱིན་གྱིས་བརླབས་པ་ཡིན།དག་པ་གསུམ་གྱི་སྔགས་བརྗོད་པས་བདག་འཛིན་གྱི་དྲི་མ་དག་པ་ཡིན།ཡི་གེ་གསུམ་བརྗོད་པས་དངོས་པོ་བདུད་རྩིར་བསྒྱུར་ཞིང་འདོད་ཡོན་ཟག་མེད་དུ་བསྒྱུར་བ་ཡིན།གཟུངས་སྔགས་བརྗོད་པའི་ཡོན་ཏན་བདུད་རྩིར་བསྒྱུར་བ་དང་མང་པོ་དཔག་ཏུ་མེད་པར་སྤེལ་བ་བ་མ་ཟད།དགོས་འདོད་ཐམས་ཅད་འབྱུང་བ་དང་། གང་འདོད་པ་དེ་ཐོབ་པར་འགྱུར་བ་དང་།ངོམས་ཤིང་ཚིམ་པར་འགྱུར་བའི་ཡོན་ཏན་ཡོད་པས་ལན་མང་དུ་བརྗོད་པར་བྱའོ།།དེ་བཞིན་གཤེགས་པའི་ཡོན་ཏན་ནི།དང་པོ་གཉིས་ཀྱིས་གཏོར་མ་བྱིན་གྱིས་བརླབསཔའི་ཡོན་ཏན།ཕྱི་མ་གཉིས་ཀྱིས་མགྲོན་བྱིན་གྱིས་བརླབས་པའི་ཡོན་ཏན་ནོ།།མཆོད་པ་བྱིན་གྱིས་བརླབས་པའི་ཡོན་ཏན་སྟེ།སྤྱན་འདྲེན་པའི་ཕྱག་རྒྱ་ནི།འབར་བའི་ཕྱག་རྒྱའམ་ལྕགས་ཀྱུའི་ཕྱག་རྒྱས་སྤྱན་དྲངས་པའི་ཡོན་ཏན།སེ་གོལ་གྱི་ཕྱག་རྒྱས་བཞེས་པར་འགྱུར་བའི་ཡོན་ཏན།སོ་སོའི་གནས་སུ་བསྐྱེལ་བའི་ཡེ་ཤེས་སྐར་མདའི་ཕྱག་རྒྱ།ཏིང་ངེ་འཛིན་རྩེ་གཅིག་པས་དོན་ཐམས་ཅད་འགྲུབ་པའི་ཡོན་ཏན་དུ་གསུངས་སོ།། 

ལྔ་བ། གཏོར་མའི་རྒྱུ་དང་དམ་ཚིག་བསྟན་པ།

གཅིག  གཏོར་མའི་རྒྱུ་བསྟན་པ།

དེ་ཡང་《གསར་རྙིང་གི་རྒྱན་དང་རོལ་མོའི་བསྟན་བཅོས་སུ།》“གཏོར་མའི་རྒྱུ་ནི་དཀྱིལ་འཁོར་གཙོ་བོ་ལ། །དཀར་གསུམ་མངར་གསུམ་ཤ་ཆེན་གསུམ་ལས།།ཕྱི་ཡི་དཀར་གསུམ་མར་ཁུ་ འོ་མ་ཞོ།།དེ་བཞིན་མངར་གསུམ་སྦྲང་རྩི་ཀ་ར་དང་མེ་ཏོག་སྣ་ཚོགས་བུ་རམ་བཅས་པའོ།།ནང་གི་དཀར་གསུམ་རྩི་ཞག་རུས་པ་སྟེ། །མངར་གསུམ་དྲི་ཆེན་ཚིལ་ཆེན་གསུར་ཆེན་པོ། ། དེ་དག་སྐྱོབས་ཀྱང་དྲི་ཆུ་ཨ་མྲྀ་སྟེ།།ཆང་སྦྱར་ཤ་ཆེན་ཞལ་ཟས་སྣ་ཚོགས་སོགས།།མངར་གསུམ་བུད་མེད་རྩི་ཆེན་མཚལ་ཆེན་དང་།།དྭངས་མ་དང་ནི་དེ་བཞིན་སྙིགས་མའོ།།”⑼ཞེས་ གསུངས་པ་ལྟར།གཏོར་མ་ལ་མཁོ་བའི་རྒྱུའམ་རྫས་སྣ་ནི་ཕྱིའི་དཀར་གསུམ་ཞོ་འོ་མ་མར་དང་།མངར་གསུམ་ཀ་ར་བུ་རམ་སྦྲང་རྩི།ནང་གི་དཀར་གསུམ་རྩི་ཞག་རུས་པ་དང་། མངར་གསུམ་དྲི་ཆེན་ཚིལ་ཆེན་གསུར་ཆེན་པོ་བཅས།དེ་བཞིན་མེ་ཏོག་སྣ་ཚོགས་དང་། ཆང་། ཤ་ཆེན། ཞལ་ཟས། ཤིང་ཏོགའབྲུ་རིགས།  དར་གོས་སོགས་གཞུང་གི་གསུངས་དོན་ལྟར་བསྡེབས་ཁ་སྒྲིག་རྒྱུ་ཤིན་ཏུ་མང་པོ་ཡོད།  གཏོར་མའི་རྫས་རྣམས་ཁ་ཚང་དུ་འཇུག་པ་དང་ནོར་འཕྱུག་སོགས་མི་ཡོང་བར་གཟབ་གཟབ་བྱེད་དགོས།གལ་ཏེ་འབུལ་ཡའི་རྫས་ཁ་མ་ཚང་བའམ་རྫས་སྒྲིག་སྐབས་ནོར་འཕྱུག་འདྲ་བྱུང་ན་མི་ཕྱུགས་སོགས་ལ་མི་ལེགས་པ་འབྱུང་པར་བཤད་དོ། །

འགྲོ་མགོན་ཕག་མོ་གྲུ་བའི《གཏོར་མའི་དེ་ཉིད་བཞུགས་སོ།།》ཞེས་པ་ལས་བསྟན་པ་ལྟར་ན།སྣོད་ནི་ནང་གཏོར་ལ་ཀ་པཱ་ལ་ཤིས།ཕྱི་གཏོར་གྱི་སྣོད་ཀ་པཱ་ལ་མ་ཡིན་པ།ཏིང་མ་ཡིན་པ།ལྕགས་ཕོར་དང་།ལྕགས་གཟེར་མེད་པ་གས་ཆག་མེད་པའི་སྣོད་ལ་བྱ་དགོས་པར་གསུངས་ཡོད་ལ།ཡི་དྭགས་ཕྲ་མོ་རྣམས་ཀ་པཱ་ལ་ནི་ལྷ་མ་ཡིན་གྱི་ཐོད་པ་དང་འདྲ་བས་དེ་ལ་འཇིགས་པས་མི་རུང་།ལྕགས་ནི་དྲག་པོའི་རྫས་མཚོན་ཆའི་རྒྱུ་ཡིན་པས་ཡི་དྭགས་ཐམས་ཅད་ལ་འཇིགས་སྣང་སྟེར་བས་མི་རུང་།གཏོར་མའི་རྒྱུ་ནི།ནང་གཏོར་ལ་ཤ་ལྔ་བདུད་རྩི་ལྔའམ།ཤ་ཆང་ལ་སོགས་པ་རྫས་བཟང་པོ་ལ་བྱའོ།ཐ་མ་དུག་དང་མཚོན་སྤངས་པ་གང་སྟབས་བདེ་ན་དེ་བྱེད་པར་འཚལ།ཕྱི་གཏོར་ནི་ཤ་ཆང་སྒོག་ཙོང་ལ་སོགས་པ་མ་ཡིན་པའི་མངར་གསུམ་དང་།དཀར་གསུམ་ལ་སོགས་པ་ཟན་དང་ཆུ་དང་རིན་པོ་ཆེ་དང་། འབྲུ་སྣའམ།ཤིང་ཐོག་གམ།མེ་ཏོག་ལ་སོགས་པ་ཐམས་ཅད་འཛོམ་ན་བཟང་མོད་མ་འཛོམ་ན་སྣ་རེ་བསྟེན་པས་ཀྱང་ཆོགགཏོར་ཟན་སླ་མོ་མི་བྱ་བར་རང་གི་ཁ་ཟས་སུ་ཉན་པ་ཡིས་བྱེད་དགོས།གཏོར་མ་ལ་མཐེབ་སྐྱུ་མི་བྱ།“ཇོ་བོ་རྗེའི་ཞལ་ནས།བོད་ལ་ཕྱུག་པོ་མི་འོང་།གཏོར་ཟན་སླ་མོ་བྱེད།གཏོར་མ་ལ་མཐེབ་སྐྱུ་བྱེད་པར་འདུག་གསུང་སྐད།”སྣོད་དང་ཟན་དྲི་མ་ཅན་ལ་ཆོས་སྐྱོང་མི་འཁོར་བས་གཏོར་ཟན་དྲི་མས་མ་གོས་པར་བྱ་དགོས།དེ་ལྟར་མ་བྱས་པས་རང་ལ་འགོ་བའི་ནད་སྡང་།ཏིང་ངེ་འཛིན་མི་གསལ།དྲི་མ་ཅན་ནི་ཀུན་ནས་སྤང་དགོས་བར་བཤད་ལ།གཏོར་མ་བཤམ་སྐབས་ཀྱང་སྟེགས་བུ་མཐོན་པོར་བཤམ་པ་ལས་སྟེགས་མེད་པར་མི་བཤམ།དྲང་པོར་བཤམ་པ་ལས་ཡོན་པོར་མི་བཤམ་ལ།དྲང་བོར་མེད་པ་ཕྱིས་བཅོས་ན་བར་ཆད་ཀྱི་རྒྱུ་ཡིན།རྩ་རུ་སྣོད་སྟོང་པའང་འཇོག་མི་རུང་སྟེ་དེ་ལ་ཡང་མགྲོན་གང་རུང་དེས་རེ་བ་བྱེད་པས་སོ། །

གཉིས། གཏོར་མའི་དམ་ཚིག་བསྟན་པ།

ཉམས་སུ་ལེན་པའི་དམ་ཚིག་གཏོར་མ་མ་ཆག་པ།སྣོད་ཀྱི་དམ་ཚིག་གས་ཆག་མེད་པ་གཙང་སྦྲ་དང་ལྡན་པ།རྒྱུའི་དམ་ཚིག་འབག་བཙོག་མེད་ཅིང་དྲི་མས་མ་གོས་པ།བཤམས་པའི་དམ་ཚིག་ནི་སྟེགས་དང་ལྡན་ཞིང་མི་ཡོ་པ།བྱིན་གྱིས་རློབ་པའི་དམ་ཚིག་ནི་ཏིང་ངེ་འཛིན་གསལ་ཞིང་མ་ཡེངས་པ།གཏང་སའི་དམ་ཚིག་གཙང་སར་བསྐྱལ་ཞིང་གཏོར་སྣོད་བཤལ་བའོ།།“གཏོར་མའི་དེ་ཉིད་བརྒྱད་པ།ཐ་ན་པྲ་ཕ་ཝ་ཐས་སྦྱར་བ།འགལ་ཞིང་འཁྲུལ་པ་མ་མཆིས་ན།།མཁའ་དང་མཉམ་པའི་སེམས་ཅན་རྣམས།།བར་ཆད་ཐམས་ཅད་སེལ་གྱུརནས།།རྫོགས་པའི་སངས་རྒྱས་མྱུར་ཐོབ་ཤོག།བསྐྱེད་རྫོགས་དོན་ལ་མི་གནས་ཤིང་།།གཏོར་མའི་དེ་ཉིད་མི་ཤེས་པར།།ང་ནི་སྔགས་པ་ཡིན་ཞེས་སྨྲ།།འདུས་བྱས་དགེ་བ་ཁྱད་དུ་གསོད།།ཡོན་ཏན་མེད་པའི་གང་ཟག་དེ།  །ཡོན་ཏན་ཅན་ལ་ལྷག་པར་སྡང་།།ཐོས་ནས་འཁུ་བས་ང་རྒྱལ་བྱེད།།རྨོངས་པ་གཏི་མུག་ཅན་ལ་གསང་བར་བྱ།།དཔལ་ཕག་མོ་གྲུ་པས་བླ་མ་འཇིམ་ལོ་ཙཱ་བ་ལ་ཞུས།རྒྱས་པ་འདི་ཙམ་ནི།ཐུན་རེ་བདག་གིས་ཁ་འཐོར་བསྡེབས་པ་ཡིན།མངྒ་ལཾ་”⑽ཞེས་འགྲོ་མགོན་ཕག་མོ་གྲུ་བའི《གཏོར་མའི་དེ་ཉིད》ལས་གསུངས་པ་བཞིན་ནོ། །

ཀློང་བརྡོལ་བླ་མས་“དམ་ཅན་རྒྱ་མཚོ་དེ་དག་གི་དམ་ཚིག་གསང་སྔགས་སྤྱི་འགྲོའི་དམ་ཚིག་སྡོམ་པ་སྲུང་བ་གཞིར་བྱས་ལ།དགོས་ཀྱི་དམ་ཚིག་ནི།སྒྲུབ་པ་པོ་ནང་ཕན་ཚུན་འཁོན་སེམས་མེདཔ། མཚམས་དམ་པར་བཅད་པ།ཆང་ཕུད་ཕྱེ་ཕུད་གཞན་གྱི་སྤྱོད་འཕྲོ་མ་ཡིན་པ།དམ་ཉམས་དང་གྲིབ་ཅན་གྱི་ལག་ནས་བྱུང་བ་མ་ཡིན་པ། སྣ་ཚོགསཔའི་གཏམ་དང་།རྣམ་རྟོག་བྱ་བ་ལ་མི་ཞུགས་པ། ཤགས་འགྱེད་དང་ཚིག་རྩོད་མི་བྱེད་པ།བསྙེན་པའི་ཆོས་སྐྱོང་གང་ཡིན་དེ་ལས་གཞན་གྱི་སྙིང་བོ་མི་བགྲང་བ།ནང་མཆོད་མི་བསྒུལ་བ།གདན་མི་སྤྲུག་སྒྲུབ་རྫས་ཕྱིར་མི་འདོན།ཉམས་གྲིབ་ཅན་གྱི་ཟས་མི་ཟ།བསྙེན་པའི་ཚེ་མི་གསར་པ་དང་གཏན་མི་འཕྲད་པ།སྒྲུབ་པ་ཚར་ནས།གཏོར་མ་བྱ་ཁྱི།དམ་སེལ།རང་དང་མི་མཐུན་པ་རྣམས་ལ་མི་བྱིན་པ།རྟ་ནག་གཡག་ནག་ལུག་ནག་བྱ་ཁྱི་ལ་སོགས་པ་ལ་རྡོ་མི་རྡེག་པ།སྡོམ་སྡིག་རླུང་ནག་སོགས་ལྟས་ངན་དུ་ལྟ་བ་སོགས་མི་བྱེད་ཅེས། བླ་མ་གོང་མ་དུ་མ་ཞིག་གི་གསུང་རྒྱུན་ལས་བྱུང་ངོ་”⑾ཞེས་གཏོར་མ་མཆོད་སྦྱིན་བྱེད་མཁན་གྱིས་དམ་ཚིག་མ་ཉམས་པར་འཛེམ་བྱའི་སྐོར་ཚུལ་ཇི་ལྟར་བྱ་དགོས་པར་གསལ་བོར་གསུངས་ཡོད་དོ། །〖མུ་འགོད 〗

གོང་གི་ནང་དོན་དག་ཆབ་འགག་ཇོ་རུའི་རིག་གནས་འཕྲིན་སྟེགས་ལས་བཤུས།

རྩོམ་སྒྲིག་པ། : ཀླུ་མོ་མཚོ།