ཀྲུང་གོ་བོད་ཀྱི་དྲ་བ།

པྲ་སྒྲུང་བ་སྤྲུལ་ཚེ་སྒྲུབ་ལགས་ངོ་སྤྲོད།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2017-05-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

主视觉两侧副本.jpg

པྲ་སྒྲུང་བ་བེེ་སྤྲུལ་ཚེ་སྒྲུབ་ལགས་ནི་བོད་རབ་བྱུང་བཅུ་དྲུག་པའི་མེ་ལུག་སྟེ། ཕྱི་ལོ (༡༩༦༧ )ལོར་མདོ་སྨད་ཀྱི་གནས་མཆོག་ཤར་གཉན་པོ་གཡུ་རྩེའི་ཉེ་འདབས་ཀྱི་མགོ་ལོག་ཁང་རྒན་ཡུལ་ཚོ་རུ་ཡ་རབས་དགེ་བའི་ཁྱིམ་རྒྱུད་ཞིག་ཏུ་སྐྱེས། དགུང་ལོ་བདུན་ཀྱི་སྟེང་ནས་ས་གནས་ཀྱི་དམངས་སྒེར་སློབ་ཆུང་དག་ནས་འབྲི་ཀློག་སོགས་རིམ་པར་བསླབ། དགུང་ལོ་བཅུ་གསུམ་སྟེང་ནས་དམ་པ་དུ་མའི་ཐུགས་བཞེད་ལྟར་ལུང་དཀར་དགོན་དགའ་ལྡན་ཆོས་འཕེལ་གླིང་གི་གྲྭ་སར་ཞུགས། མཁན་བློ་བཟང་བསྟན་པ་དང་རྡོ་ཤུག་ཆུང་མཁའ་འགྲོ་མ། སྒུ་རུ་བླ་མ་ཐུབ་ཚེ་སོགས་མཁས་གྲུབ་རིས་མེད་དུ་མ་ལས་དབང་ལུང་སྨིན་གྲོལ་གྱི་ཆོས་སྐལ་མང་དུ་ཐོབ། སྒུ་རུ་བླ་མ་ཐུབ་ཚེ་མཆོག་གིས་སྒུ་རུ་བླ་མ་དཔལ་རྡོར་གྱི་ཡང་སྤྲུལ་དུ་ངོས་འཛིན་གནང་། སྒུ་རུ་བླ་མ་དཔལ་རྡོར་ནི་ལྷ་ལུང་དཔལ་གྱི་རྡོ་རྗེའི་རྣམ་སྤྲུལ་དུ་གྲགས་ཤིང་གླིང་དུས་སུ་ཧོར་གྱི་མདའ་སྐྱེན་ཐང་རྩེ་གཡུ་འབྲུག་གི་སྐྱེ་བ་རྒྱུད་པའི་ལོ་རྒྱུས་ཡོད།

QQ图片20170601084733.png

སྤྲུལ་ཚེ་སྒྲུབ་ཁོང་པྲ་སྒོ་མ་ཕྱེས་པའི་སྔོན་རོལ་ནས་ལྷ་ཀླུ་མཁའ་འགྲོ་དང་འདྲེ་སྲིན་སོགས་གཟིགས་མེད་མིག་མཐོང་གི་པྲ་མིག་དང་ལྡན་པ་ཞིག་ཡིན། དགུང་ལོ་ཉེར་གཅིག་སྟེང་ཤུག་ཆུང་མཁའ་འགྲོ་མ་བསམ་གཏན་ལྷ་མོ་དང་སྤྲུལ་ཀརྨ་འཇམ་དབྱངས་རྣམ་གཉིས་ཀྱི་མདུན་ནས་གེ་སར་གྱི་པྲ་ལུང་ཐོབ་ཅིང་པྲ་སྒོ་ཕྱེས། གཏེར་ཆེན་པདྨ་གཏུམ་པོ་དཔལ་ཡུལ་ཏུ་ཕེབས་སྐབས་ཁོང་ལ་གེ་སར་གྱི་དབང་ལུང་ཐོབ། སྤྱིར་པྲ་ལ་རིགས་མང་ནའང་ཁོང་ནི་རྫས་སྔགས་སོགས་ལ་རྟེན་མ་དགོས་པར་ལྷན་སྐྱེས་ཀྱི་པྲ་མཐོང་ཐུབ་པའི་མིག་དང་ལྡན་ཞིང་གཟུགས་པྲ་འབེབས་མཁན་ཞིག་ཡིན་པར་འདུག ཁོང་གི་ད་ལྟ་པྲ་ཕབ་སའི་མེ་ལུང་དེ་ཡང་ཡབ་མེས་ཀྱི་པྲ་མཁན་མི་རབས་ལྔའི་བར་དུ་བརྒྱུད་ཅིང་བྱིན་གྱིས་བརླབས་པའི་མེ་ལུང་ཞིག་ཡིན་འདུག་སྟེ། དེ་ཡང་པྲ་བ་དང་པོ་བཻ་ཚེ་བརྟན་རྡོ་རྗེ། གཉིས་པ་བེེ་ཀློང་ཡངས་རྒྱ་མཚོ། གསུམ་པ་བེེ་སྤྲུལ་བསྟན་པ་ཡར་འཕེལ། བཞི་བ་བེེ་མཐའ་ཡས་རྒྱ་མཚོ། ལྔ་བ་བེེ་སྤྲུལ་ཚེ་སྒྲུབ་བཅས་ཡིན་ལ་ཁོང་རྣམས་རུས་རྒྱུད་གཅིག་ཏུ་འཁྲུངས་ཤིང་ཐམས་ཅད་ཡི་དམ་ལྷག་པའི་ལྷའི་བསྙེན་སྒྲུབ་ལ་བརྟེན་ནས་པྲ་འབེབ་མཁན་ཤ་སྟག་ཡིན་ལ་རྟེན་སྔགས་འཆང་དང་གྲུབ་མཐའ་རིས་མེད་ཡིན་པར་གྲགས། ཁོང་གིས་པྲ་ལ་བརྟེན་ནས་ལྐོག་གྱུར་མངོན་གཟིགས་གིས་ལུང་མང་པོ་བསྟན་པ་ཇི་བཞིན་དོན་ཐོག་ཏུ་ཁེལ་བ་མང་སྟེ་དཔེར་ན་སོག་རི་ལྕམ་སྐོར་ཆེན་གྱི་ཐུབ་གྲགས་སྤུན་གཉིས་ཁྲིན་ཏུ་ལ་རླངས་འཁོར་ཉོ་རུ་སོང་ནས་དོན་རྐྱེན་བྱུང་སྟེ་ཤི་གསོན་མ་ངེས་སྐབས་ཀྱི་པྲ་ལུང་དང་།ཡང་ལུང་དཀར་ཁྲི་བ་བསྟན་པའི་རྒྱལ་མཚན་གྱི་ཨ་ནེ་རྒན་མོ་ཞིག་གི་འཁོར་ལོ་རྐུན་ལ་ཤོར་བ་གང་ནས་བཙོང་རྒྱུ་ཡིན་པ་གསལ་བོར་བསྟན་པ་དང་།ཡང་སྒུ་རུ་བླ་མ་གསང་ལོའི་སྐུ་གདུང་མི་ལོ་བཞི་བཅུའི་སྔོན་རོལ་ནས་ས་འོག་དུ་ཐིམ་པའི་ས་མིག་ངོས་བཟུང་སྟེ་གདུང་རུས་བཏོན་པ་སོགས་དམངས་ཁྲོད་ནས་ཁོས་པྲ་ལུང་མང་ཆེ་བ་མངོན་སུམ་འཛུབ་སྟོན་རེད་ཅེས་བསྔགས་བརྗོད་བྱེད་ཀྱིན་ཡོད།

དེ་ལྟར་ཁོང་གི་ལོ་རྒྱུས་ག་ས་གང་དུ་གླེང་བཞིན་པ་ཁུལ་གེ་སར་ཞིབ་འཇུག་ཁང་དང་ཁུལ་མང་ཚོགས་སྒྱུ་རྩལ་ཁང་གི་གཙོ་འཛིན་ལྡོང་ནོར་སྡེ་དང་ཚེ་རིང་སོགས་ཀྱིས་ཐོས་ནས་ཆེད་དུ་འདྲི་བརྩད་དང་བཅས་སྤྱི་ལོ་༢༠༠༧ལོའི་ཟླ་༧པར་ཀྲུང་གོའི་གེ་སར་རིག་པའི་འབུམ་རམས་པ་ནོར་བུ་དབང་ལྡན་ལ་འཚམས་སྦྱོར་བྱས་ཤིང་། མཁས་དབང་དེ་ཉིད་ཀྱིས་ཡང་ནས་ཡང་དུ་ཞིབ་འཇུག་བྱས་ཤིང་མཐར་བསྔགས་བརྗོད་དང་གདེངས་འཇོག་མི་དམན་པ་མཛད། ཡང་རྒྱལ་ཁབ་རིམ་པའི་གླིང་གེ་སར་ཞིབ་འཇུག་ཆེད་མཁས་པ་འཇམ་དཔལ་རྒྱ་མཚོ་ལགས་ཀྱིས་ཁོང་གི་པྲ་སྒྲུང་ལ་བསྟོད་བྱང་བྲིས་ཏེ་བསྩལ་ཡོད་པ་དང་། དེ་བཞིན་ཏུ་ཀྲུང་དབྱང་བརྙན་འཕྲིན་ཁང་cctv-4གིས་ཁོངས་གཏོགས་རྣམ་གྲངས་《ཀྲུང་གོ་མགོ་ལོག་གེ་སར་རིག་གནས་ཀྱི་ཕ་ས་》ཞེས་པའི་སྒོ་བྱང་འདོགས་པའི་མཛད་སྒོ་ལ་ཕེབས་པའི་ཆེད་མཁས་པ་སོགས་གེ་སར་རིག་པའི་མཁས་དབང་མང་པོས་སྔ་གཞུག་དུ་མར་བཅར་འདྲི་ཡང་ཡང་བྱས་ཤིང་ཡིད་ཆེས་དང་ངེས་ཤེས་རྙེད་པའི་ཐུགས་རིས་བསྟན། མཐར་སྤྱི་ལོ་༢༠༡༠ .༡༡.༢༥ཉིན་རྒྱལ་ཡོངས་གེ་སར་ལས་སྒྲུབ་ཚོ་ཆུང་གཞུང་ལས་ཁང་གིས་ཚེ་སྒྲུབ་ནི་གེ་སར་རིག་གནས་སྒྱུ་རྩལ་བ་ཞིག་ཡིན་པའི་བདེན་དཔང་བསྩལ། ད་ལྟ་ཁོང་གིས་པྲ་ལ་རྟེན་ནས་གླིང་ས་ངོས་འཛིན་དང་། ཧོར་བདུད་མོན་འཇང་སོགས་གླིང་དུས་ཀྱི་རྒྱལ་ཁག་སོ་སོའི་གོ་མཚོན་དང་མཁར་ཁང་གི་རྣམ་པ། གླིང་དཔའ་རྟུལ་རྣམས་ཀྱི་གོ་ཁྲབ་དང་མདའ་མཚོན་གྱི་དབྱིབས་དང་རྣམ་གྲངས། དགྲ་ལྷ་ཝེར་མ་སོགས་ཀྱི་སྐུ་མདོག་ཕྱག་མཚན་རྒྱན་ཆ་ལུགས་སྟངས་སྟབས་སོགས་གསལ་བོར་ཞིབ་འཇུག་པས་སྒྲ་ཕབ་པ་དང་ལྷ་རིས་མཁས་པས་དེ་མཚུངས་རི་མོའི་ལམ་དུ་ཕབ་པ་འང་མི་ཉུང་བ་མཐོང་རྒྱུ་དང་ཉན་རྒྱུ་གདའ།མདོར་ན་གསོན་པོའི་སྐྱིད་སྡུག་ལེགས་ཉེས་དང་ནད་པ་ཡིན་ན་ནད་ཀྱི་ཡང་ལྕི་དང་སྲོག་བྱ་ལ་སྐྱོན་ཡོད་མེད་སོགས། དེ་བཞིན་ཏུ་གཤིན་པོ་ཡིན་ན་བདེ་འགྲོ་ཐོབ་ཡོད་མེད་དང་ད་ལྟ་སྐྱེ་བ་གང་དུ་བླངས་ཚུལ་སོགས་གླིང་རྗེ་གེ་སར་རྒྱལ་པོའི་སྣང་གསལ་གབ་པ་མངོན་ཕྱུང་གི་པྲ་ལ་བརྟེན་ནས་ལུང་དུ་སྟོན་བཞིན་པ་སོགས་དངོས་བརྒྱུད་དུ་མ་ནས་བསྟན་པ་དང་སེམས་ཅན་གྱི་དོན་མཛད་བཞིན་པ་ལེགས་སོ། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།