སའི་གོ་ལའི་དྲོད་ཚད་ལོ་ཁྲི12.5ཡི་རིང་ཆེས་མཐོ་བར་གྱུར་པ།

ཉེ་ལམ། མཉམ་འབྲེལ་རྒྱལ་ཚོགས་སྲིད་གཞུང་བར་གྱི་གནམ་གཤིས་འགྱུར་ལྡོག་ཆེད་དོན་ཨུ་ཡོན་ལྷན་ཁང(IPCC)གིས་དཔྱད་དཔོག་སྙན་ཞུ་ཐེངས་དྲུག་པའི་ཁག་དང་པོ《2021ལོའི་གནམ་གཤིས་འགྱུར་ལྡོག་སྟེ། རང་བྱུང་ཚན་རིག་གི་རྨང་གཞི》ཞེས་པ་ཁྱབ་བསྒྲགས་བྱས།

སྙན་ཞུའི་ནང་། དེང་རབས་སྤྱི་ཚོགས་ཀྱིས་འགྱུར་རྡོའི་འབར་རྫས་ལ་བསྟུད་མར་བརྟེན་པ་ལས་བྱུང་བའི་དྲོད་ཁང་གི་རླངས་གཟུགས་དེས་འདས་པའི་ལོ་ངོ2000ནང་དུ་བྱུང་མ་མྱོང་བའི་མྱུར་ཚད་ཀྱིས་གོ་ལ་ཧྲིལ་པོ་ཇེ་དྲོར་གཏོང་བཞིན་ཡོད་ལ། དེའི་ཤུགས་རྐྱེན་ནི་ཧ་ཅང་མངོན་གསལ་ཡིན་པ་བསྟན་ཡོད། ཟིན་ཐོ་ལས་འགོང་བའི་ཐན་སྐྱོན་དང་མེ་རི། ཆུ་ལོག་བཅས་ཀྱིས་འཛམ་གླིང་གི་ས་ཆ་སོ་སོར་གཏོར་བརླག་གཏོང་གིན་ཡོད། གལ་ཏེ་དྲོད་ཁང་གི་རླངས་གཟུགས་བསྟུད་མར་ཕྱིར་གཏོང་བྱས་ན་གནས་ཚུལ་ཇེ་སྡུག་ཏུ་འགྲོ་སྲིད། སྙན་ཞུའི་ནང་གསལ་པོར་བསྟན་དོན། སའི་གོ་ལའི་འབྱུང་འགྱུར་དེ་ཚད་ངེས་ཅན་ཞིག་གི་ཐོག་ནས་མིའི་རིགས་ཀྱིས་ད་ལྟའི་གདམ་ག་ལ་རག་ལས་ཡོད།

“གལ་ཏེ་ང་ཚོས་མཉམ་འཇོག་མ་བྱས་ཚེ་གནས་ཚུལ་དེ་ཧ་ཅང་སྡུག་པོར་འགྱུར་རྒྱུ་རེད”ཅེས་སྙན་ཞུ་དེའི་མཉམ་ལས་པ་གཙོ་བོའི་ནང་གསེས་ཏེ། ཁ་ན་ཏའི་ཁོར་ཡུག་པུའུ་ཡི་གནམ་གཤིས་རིག་པའི་མཁས་པ་ཀྲང་ཞུའེ་པིན་གྱིས་དེ་ལྟར་བཤད།

2015ལོར་གྲོས་འཆམ་བྱུང་བའི《པ་ལི་གྲོས་ཆོད》ལྟར་ན། རྒྱལ་སྤྱིའི་སྤྱི་ཚོགས་དུས་རབས་འདིའི་གོ་ལ་ཧྲིལ་པོའི་དྲོད་ཚད་ཀྱི་འཕར་ཚད་དེ་བཟོ་ལས་ཅན་དུ་མ་གྱུར་གོང་གི་ཆུ་ཚད་ལས2.0℃མཐོ་བ་ཡི་ནང་དུ་ཚོད་འཛིན་བྱ་རྒྱུར་མོས་མཐུན་བྱུང་བར་མ་ཟད། དྲོད་ཚད་ཀྱི་འཕར་ཚད1.5℃ཡི་ནང་དུ་ཚོད་འཛིན་བྱེད་པའི་ཐད་འབད་བརྩོན་བྱེད་རྒྱུ་རེད། གལ་ཏེ་འགྱུར་མཚམས་དེ་ལས་བརྒལ་ན། བྱང་སྣེའི་མཚོ་དར་མེད་པར་འགྱུར་བ་དང་། བྱུ་རུའི་བྲག་རྡོ་གཞི་ཁྱོན་ཆེན་པོའི་སྒོ་ནས་མེད་པར་འགྱུར་སྲིད་ལ། དེ་བཞིན་ཡུན་རིང་གནས་པའི་འཁྱགས་རོམ་ཞུ་བ་སོགས་ཀྱི་སྣང་ཚུལ་སྔར་བས་མང་པོ་ཐོན་སྲིད་པས། སའི་གོ་ལའི་སྐྱེ་ཁམས་མ་ལག་ལ་ཡུན་རིང་རང་བཞིན་གྱི་འགྱུར་ལྡོག་འབྱུང་སྲིད།

སྙན་ཞུ་འདིས་མ་འོངས་པའི་ལོ་བཅུ་ཕྲག་འགའི་ནང་གི་འཛམ་གླིང་ཧྲིལ་པོ་ཇེ་དྲོར་འགྱུར་ཚད་ལ་ཚོད་དཔག་གསར་པ་བྱས་ཡོད། སྙན་ཞུའི་ནང་བསྟན་དོན། 2011ལོ་ནས2020ལོའི་བར་གྱི་ལོ་བཅུའི་ནང་གོ་ལ་ཧྲིལ་པོའི་ས་ངོས་ཀྱི་དྲོད་ཚད་ནི།1850ལོ་ནས1900ལོའི་བར་ལས་དྲོད་ཚད1.09℃ཡིས་ཇེ་མཐོར་སོང་ཡོད། འདི་ནི་ལོ་ཁྲི12.5གོང་གི་འཁྱགས་རོམ་དུས་རབས་ཚུན་གྱི་མཐོང་མ་མྱོང་བའི་ཆུ་ཚད་རེད། འདས་པའི་ལོ5པོ་ཡང1850ལོར་ཟིན་ཐོ་ཡོད་པ་ནས་བཟུང་བའི་དྲོད་ཚད་ཆེས་མཐོ་བའི་ལོ་ལྔ་རུ་གྱུར་ཡོད།

མ་འོངས་པའི་ལོ20རིང་གི་ཆ་སྙོམས་ཆུ་ཚད་ལ་བལྟས་ཏེ། ཚན་རིག་པ་རྣམས་ཀྱིས་སྔོན་དཔག་བྱས་པ་ལྟར་ན། དུས་རབས་འདིའི་ལོ་རབས30པའི་དུས་དཀྱིལ་དུ་སླེབས་ན་དྲོད་ཚད་འཕར་ཚད1.5℃ལས་བརྒལ་རྒྱུ་རེད།

སྙན་ཞུའི་ནང་མ་འོངས་པའི་ལོ་བཅུ་ཕྲག་ཁ་ཤས་ནང་ས་ཁུལ་ཡོངས་ཀྱི་གནམ་གཤིས་འགྱུར་ལྡོག་ཆེ་རུ་འགྲོ་རྒྱུ་ཡིན་པ་སྔོན་དཔག་བྱས་ཡོད། གོ་ལ་ཧྲིལ་པོའི་དྲོད་ཚད1.5℃ཇེ་མཐོར་འགྲོ་བ་དང་།ཚ་རླབས་ཇེ་ཆེ་ནས་ཇེ་ཆེར་འགྲོ་ངེས་ལ། ཚ་བ་ཆེ་བའི་དུས་ཚིགས་ཇེ་རིང་དང་འཁྱགས་པའི་དུས་ཚིགས་ཇེ་ཐུང་དུ་འགྲོ་རྒྱུ་རེད། སྙན་ཞུའི་ནང་བསྟན་དོན། གོ་ལ་ཧྲིལ་པོའི་དྲོད་ཚད2.0℃གིས་ཇེ་མཐོར་སོང་ན། ཚ་གདུག་གིས་ཞིང་ལས་དང་བདེ་ཐང་ལ་གནོད་འཚེ་ཐེབས་སླ། །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།