གླེང་གཞི། ད་ལྟའི་སྤྱི་ཚོགས་ཀྱི་ཆབ་སྲིད་དང་དཔལ་འབྱོར། རིག་གནས་བཅས་ཉིན་རེ་བཞིན་འཕེལ་རྒྱས་སོང་བ་དང་བསྟུན་ནས་རོང་འབྲོག་མང་ཚོགས་ཀྱི་བསམ་བློའི་ཆུ་ཚད་དང་སྤྱི་ཚོགས་ལ་བཅངས་པའི་ལྟ་ཚུལ། སྲོལ་རྒྱུན་གྱི་འདུ་ཤེས་བཅས་ལ་ཡང་འགྱུར་ལྡོག་འབྱུང་བཞིན་ཡོད་པས། སྤྱི་ཡོངས་ནས་ཆ་འཕྲིན་གྱི་འདུ་ཤེས་གསར་བ་ཞིག་ཆགས་ཡོད་ལ། ལྷག་པར་དུ་འཕྲིན་གསར་དྲིལ་སྒྲོག་གི་དགོས་མཁོ་དེ་ཧ་ཅང་གལ་འགང་ཆེ་བའི་གནས་སུ་གྱུར་ཡོད་པ་རེད།
དེ་བས་ང་ཚོའི་བོད་སྐད་བརྙན་འཕྲིན་སྙན་སྒྲོན་པས་བོད་རང་གི་སྐད་དང་ཡི་གེར་མཐུན་པའི་སྒོ་ནས་ཏང་དང་སྲིད་གཞུང་གི་སྲིད་ཇུས་དང་སྤྱི་ཚོགས་ཀྱི་གནས་ཚུལ་གསར་པ།བྱེད་སྒོ་སྣ་ཚོགས་སོགས་དུས་ལྟར་བརྙན་འཕྲིན་བརྒྱུད་ནས་རྒྱ་ཆེའི་རོང་འབྲོག་མང་ཚོགས་ལ་བརྒྱུད་སྒྲོག་བྱས་ཏེ་ཁོ་ཚོའི་འཚོ་བའི་ཆུ་ཚད་ཕུན་སུམ་ཇེ་ཚོགས་སུ་གཏོང་བའི་ལག་ཆ་གལ་ཆེན་ཞིག་ཏུ་གྱུར་ཡོད་པ་རེད།
དེའི་ཕྱིར། ང་ཚོས་ཉིན་རྒྱུན་བརྙན་འཕྲིན་གྱི་གློག་སྒོ་ཕྱེས་ཏེ་རྒྱལ་སྤྱིའི་གསར་འགྱུར་དང་རྒྱལ་ནང་གི་གསར་འགྱུར། བོད་ཁམས་ཀྱི་གསར་འགྱུར་བཅས་ལ་བལྟ་བའི་གོ་རིམ་ཁྲོད་དུ་སྙན་སྒྲོན་པས་ཁོ་ཚོའི་ཁྱད་ཆོས་ལྡན་པའི་སྐད་ཆའི་སྒྱུ་རྩལ་རང་བཞིན་དང་སྨྲ་བརྗོད་དག་པ། གདོང་གི་འཛུམ་མདངས་དང་ལུས་ཀྱི་ཉམས་འགྱུར་སོགས་ཀྱིས་ང་ཚོ་ལ་གཞན་དང་ཐུན་མོང་མ་ཡིན་པའི་བག་ཆགས་ཟབ་མོ་ཞིག་འཇོག་བཞིན་ཡོད་པས། སྙན་སྒྲོན་པའི་ལས་རིགས་འདི་ལ་མི་མང་ཆེ་ཤོས་ཤིག་དགའ་ཞེན་ཟབ་མོ་ཡོད། ཡིན་ནའང་མི་རང་གི་སྐད་གདངས་ཀྱི་དྲག་ཞན་དང་གདོང་གི་མཛེས་ཉམས།ལུས་ཀྱི་ཉམས་འགྱུར།རིག་གནས་ཆུ་ཚད་སོགས་རྒྱུ་རྐྱེན་གང་མང་ཞིག་གི་དབང་གིས་ལས་རིགས་འདི་ལ་ཡིད་སྨོན་སྐྱེས་པ་ལས་རང་ཉིད་ལས་ཀ་དེར་དངོས་སུ་ཞུགས་ནས་ཚད་ལྡན་སྙན་སྒྲོན་པ་ཞིག་བྱེད་རྒྱུ་ནི་ཅུང་ཉག་ཕྲ་བའི་གནས་སུ་གྱུར་ཡོད་པ་རེད། བརྙན་འཕྲིན་སྙན་སྒྲོན་པ་ནི་བརྙན་འཕྲིན་ཁང་གི་སྣང་བརྙན་བྱེ་བྲག་པ་མཚོན་མཁན་ཞིག་ཡིན་པས། ཉན་མཁན་དང་ལྟ་མཁན་གྱིས་བརྙན་འཕྲིན་ཁང་ལ་ལྟ་སྟངས་ཇི་ལྟ་བུ་ཞིག་འཛིན་པ་དེ་སྙན་སྒྲོན་པར་ཡང་ཐད་ཀར་དུ་འབྲེལ་བ་ཆེན་པོ་ཡོད་པ་རེད། གལ་ཏེ་ཕུལ་དུ་བྱུང་བའི་སྙན་སྒྲོན་པ་ཞིག་ཡིན་ཚེ། རང་ཉིད་ཀྱིས་སྙན་སྒྲོན་བྱས་པའི་ལེ་ཚན་གང་ཡིན་རུང་དེ་ལ་ལྟ་མཁན་དང་ཉན་མཁན་མང་པོས་དགའ་བསུ་ཐོབ་པ་ལས་གཞན། ལེ་ཚན་དེ་བརྒྱུད་ནས་དྲང་ཕྱོགས་ཀྱི་ནུས་པ་གལ་ཆེན་ཞིག་ཀྱང་ཐོན་བཞིན་ཡོད་པས། མདོ་འཛིན་པ་རང་ཉིད་ཀྱིས་ཀྱང་ལེ་ཚན་གཏོང་བའི་དགོས་པ་དང་ཕན་འབྲས་བདེ་བླག་ངང་ལེགས་འགྲུབ་འབྱུང་མིན་ཐད་བསམ་བློ་མང་པོ་གཏོང་དགོས་པར་མ་ཟད། སྤྱི་ཚོགས་དང་མི་དམངས་ལ་འགན་ཁུར་བའི་བསམ་བློའི་འདུ་ཤེས་དང་། ཉན་མཁན་དང་ལྟ་མཁན་གྱི་རིག་གནས་ཆུ་ཚད་ལ་གཞིགས་ཏེ་ཕ་རོལ་བོར་ནང་དོན་ནོར་མེད་སྒོས་ཁ་གསལ་དོན་གོ་བའི་ངང་ནས་གོ་བརྡ་སྤྲོད་རྒྱུ་ཡང་གལ་ཆེ།དེ་ལས་ལྡོག་སྟེ། ཚད་ལྡན་མིན་པའི་སྙན་སྒྲོན་པ་ཞིག་ཡིན་ཚེ།དེས་གསར་འགྱུར་དང་ལེ་ཚན་གང་ཞིག་བརྒྱུད་སྒྲོག་བྱས་ཀྱང་།ལྟ་མཁན་དང་ཉན་མཁན་རྣམས་ལ་སུན་སྣང་སྐྱེས་སུ་བཅུག་ནས་ལེ་ཚན་དང་གསར་འགྱུར་སྒྲོག་པའི་དགོས་དོན་དང་དམིགས་འབེན་ལེགས་འགྲུབ་མི་འབྱུང་བ་ལས་གཞན།ད་དུང་བརྙན་འཕྲིན་ལས་ཁུངས་ཀྱི་འཕེལ་རྒྱས་དང་མཚན་སྙན་ལ་ཐད་ཀར་གནོད་པ་ཐེབས་སྲིད། དེར་བརྟེན་ང་ཚོ་སྙན་སྒྲོན་པའི་ལས་ཀ་གཉེར་དང་གཉེར་བཞིན་པའི་ལས་སྒྲུབ་པ་དང་ལས་རིགས་འདི་ལ་དགའ་ཞེན་ཡོད་མཁན་དེང་རབས་ན་གཞོན་ཞིག་ལ་མཚོན་ན་གཤམ་གྱི་ཆ་རྐྱེན་འདི་དག་ལ་ངེས་པར་དུ་བསམ་གཞིགས་དང་ཤུགས་སྣོན་བྱེད་དགོས་པར་སྙམ།
གཅིག ཆབ་སྲིད་བསམ་བློའི་ཆུ་ཚད་མཐོར་འདེགས་གཏོང་དགོས།
སྙན་སྒྲོན་པ་ནི་ཏང་དང་རྒྱལ་ཁབ་ཀྱི་མགྲིན་ཚབ་པ་ཡིན་པས། ཏང་ཀྲུང་དབྱང་དང་སྲིད་གཞུང་གིས་བཏོན་པའི་སྲིད་ཇུས་དང་འཐབ་ཇུས་གལ་ཆེན། ཚན་རིག་ཤེས་བྱ་ལ་སོགས་པ་བརྙན་འཕྲིན་བརྒྱུད་ནས་དུས་ཐོག་ཏུ་དྲིལ་སྒྲོག་བྱས་ཏེ་རྒྱ་ཆེའི་མི་དམངས་མང་ཚོགས་ལ་སློབ་གསོ་དང་སྐུལ་སྤེལ། གོ་སྐོན་བློ་འགུག་གི་ནུས་པ་བཏོན་ནས་ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་ལག་ལེན་མཐར་ཕྱིན་བྱེད་པ་དང་། སྤྱི་ཚོགས་འཆམ་མཐུན་དང་བདེ་འཇགས་ཀྱི་ཁོར་ཡུག་ལེགས་པོ་ཞིག་བསྐྲུན་ཅི་ཐུབ་བྱ་རྒྱུ་ནི་རང་ཉིད་ཀྱི་འགན་འཁྲི་བསྙོན་དུ་མེད་པ་ཞིག་ལ་བརྩི་བ་དང་།རང་མི་རིགས་ཀྱི་བརྙན་འཕྲིན་གྱི་བྱ་བཞག་དུས་ཡུན་རིང་བོར་གནས་ཐུབ་མིན་ལ་ཡང་འབྲེལ་བ་དམ་ཟབ་ཡོད་པས།སྙན་སྒྲོན་པས་བློ་གཅིག་སེམས་གཅིག་གིས་ཏང་དང་མི་དམངས་ལ་ཞབས་འདེགས་ཞུ་རྒྱུ་དེ་ནི་རང་ཉིད་ཀྱི་བྱ་སྤྱོད་མཐའ་དག་གི་ཚད་གཞིར་འཛིན་དགོས་ལ། བརྙན་འཕྲིན་གྱི་སྙན་སྒྲོན་ལས་ཀ་ཡག་པོ་ཞིག་བསྒྲུབ་རྒྱུ་དེ་ཏང་དང་མི་དམངས་ཀྱིས་ང་ཚོར་གནང་བའི་གཟི་བརྗིད་ཀྱི་ལས་འགན་ཞིག་ཡིན་པར་བརྟེན། ང་ཚོ་སྙན་སྒྲོན་པས་ངེས་པར་དུ་དུས་ནམ་ཡང་ཆབ་སྲིད་དང་བསམ་བློའི་ཐད་ཀྱི་བྱ་སྤྱོད་ཐོག་ནས་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་གྱི་འདུ་ཤེས་བཟུང་སྟེ། གནད་འགག་ཆེན་པོའི་མདུན་དུ་ངེས་པར་དུ་རང་ཉིད་ལ་ཁ་ཕྱོགས་མི་ནོར་བའི་ལངས་ཕྱོགས་བརྟན་པོ་ཡོད་དགོས།
གཉིས། རིག་གནས་ཤེས་བྱའི་ཆུ་ཚད་མཐོར་འདེགས་གཏོང་དགོས།
དུས་རབས་དང་མཐུན་པའི་བོད་སྐད་བརྙན་འཕྲིན་གྱི་ཚད་ལྡན་སྙན་སྒྲོན་པ་ཞིག་བྱེད་ན། བོད་ཡིག་གི་རྟགས་ཀྱི་འཇུག་པའི་ནང་དོན་ཕོ་མོ་མ་ནིང་གི་སྒྲ་གདངས་དྲག་ཞན་གྱི་དབྱེ་བ་ལྟར། ཡི་གེའི་སྐྱེ་གནས་བརྒྱད་ཀྱི་འབྱུང་ཁུངས་མི་ནོར་བར་སྦྱང་བ་མི་དམན་པ་བྱེད་དགོས། ད་ལྟའི་བོད་སྐད་སྙན་སྒྲོན་པར་མདོ་འཛིན་ཕྱོགས་ཀྱི་ཆེད་ལས་སྦྱངས་ས་མེད་པར་མ་ཟད། བོད་སྐད་བརྙན་འཕྲིན་དང་རྒྱང་སྒྲོག་གི་བྱ་བ་སྒྲུབ་པར་མི་སྣ་ཉུང་བའི་སྣང་ཚུལ་རྒྱུན་འབྱམས་དུ་གནས་པས། སྙན་སྒྲོན་པས་སྙན་སྒྲོན་ལས་གཞན་ལེ་ཚན་རྩོམ་སྒྲིག་དང་། སྒྲིག་སྦྱོར། བཅར་འདྲི་ལ་སོགས་པའི་ཆེད་ལས་ལ་ཡང་རང་སྦྱོང་གཤིས་ཕྱིན་བྱས་ནས་རང་ཉིད་དཔུང་ཁག་འདིའི་རྗེས་སུ་མི་ལུས་པར་བྱེད་དགོས། དེ་བས་མི་ཚེ་གང་བོར་སྙན་སྒྲོན་གྱི་བྱ་བ་གཉེར་མཁན་རྒན་རབས་པ་དག་གི་བླ་མེད་གཤིས་ཀ་དང་། དཀའ་སྡུག་ལ་གདོང་གཏོད་ཕོད་པའི་སྙིང་སྟོབས་ལ་སློབ་སྦྱོང་བྱེད་དགོས་པར་མ་ཟད། ཁོ་ཚོའི་བྱ་བའི་ཉམས་མྱོང་དང་ཤེས་བྱ་སོགས་རང་གི་རྒྱུད་ལ་ལེན་ཅི་ཐུབ་བྱ་རྒྱུ་དང་། དུས་རྒྱུན་གྱི་བྱ་བའི་ཁྲོད་དུ་སྙན་སྒྲོན་པས་སྒྲོག་འདོན་བྱེད་པའི་ལེ་ཚན་གྱི་ནང་དོན་དང་རིགས་ལ་ཧ་ཅང་ཁྱབ་རྒྱ་ཆེ་བས་སྙན་སྒྲོན་པས་སྣ་འཛོམས་རང་བཞིན་གྱི་རིག་གནས་ཤེས་བྱའི་དཔེ་དེབ་སྣ་ཚོགས་སྦྱོར་ཀློག་བྱེད་པ་དང་གསར་དུ་འབྱུང་བཞིན་པའི་ཆ་འཕྲིན་གསར་བ་བསྡུ་ལེན་བྱེད་ཐུབ་དགོས། རང་གི་ནང་སེམས་ཀྱི་རིག་གནས་དང་མཐོང་རྒྱ་ཁྱབ་ཆེ་རུ་གཏོང་རྒྱུ་ཧ་ཅང་གལ་ཆེ།
གསུམ། སྐད་ཆར་བྱང་བའི་ཆུ་ཚད་མཐོར་འདེགས་གཏོང་དགོས།
ང་ཚོ་ཚང་མས་ཤེས་གསལ་ལྟར། ཚད་ལྡན་གྱི་སྙན་སྒྲོན་པ་ཞིག་བྱེད་པར་ཐོག་མར་ལྷན་སྐྱེས་ཀྱི་སྐད་ངག་གི་ཆ་རྐྱེན་འཛོམས་པོ་ཞིག་ཡོད་དགོས་ལ། དེ་ནས་སྐད་གདངས་གསལ་ལ་སྨྲ་དག་པའི་སྒོ་ནས་སྐད་ངག་གི་སྒྱུ་རྩལ་ལ་བརྟེན་ཏེ་སྒྲོག་འདོན་ཐེངས་གཅིག་གིས་ལེ་ཚན་སོ་སོའི་ནང་དོན་དང་བརྗོད་དོན་མ་ལུས་པར་ཉན་མཁན་དང་ལྟ་མཁན་རྣམས་ཀྱི་སེམས་སུ་འཇོག་དགོས་པས། སྙན་སྒྲོན་པས་དུས་རྒྱུན་དུ་སྙན་སྒྲོན་མ་བྱས་གོང་རང་ཉིད་ཀྱི་བསྒྲག་བྱའི་ཡི་གེ་དེ་སྐད་ཀྱི་ལྕི་ཡང་རན་པ་དང་མིང་དང་ཚིག་གི་སྡེབ་སྦྱོར་འགྲིག་པ། ཚིག་གི་གཅོད་མཚམས་བདེ་བ། ངག་གི་འགྱུར་ཁུགས་སྙན་པ། སྒྲ་གདངས་ཀྱི་དམ་ལྷོད་རན་པ། བྱེད་འབྲེལ་གྱི་དབྱེ་བ་གསལ་ལ། བརྗོད་བྱའི་དོན་གནད་དུ་འཁེལ་བ་བཅས་ལ་བྱང་ཆུབ་པ་བྱེད་དགོས།
བཞི། མི་རིགས་རང་བཞིན་གྱི་བསམ་བློའི་འདུ་ཤེས་མཐོར་འདེགས་གཏོང་དགོས།
སྙན་སྒྲོན་པ་ནི་སྤྱི་ཚོགས་ཀྱི་མི་མང་ཆེ་ཤོས་ཤིག་གིས་དུས་རྒྱུན་དུ་བརྙན་འཕྲིན་དང་དྲ་རྒྱ་སོགས་ལས་མང་དུ་མཐོང་དྲག་སྟེ་ཁྱོད་རང་ས་ཆ་གང་དུ་ཕྱིན་ཡང་ངོས་ཟིན་མཁན་མང་བར་མ་ཟད་ཀུན་གྱིས་དགའ་བསུ་ཐོབ་པའི་ས་གནས་རང་བཞིན་གྱི་མི་སྣ་གྲགས་ཅན་དུ་བརྩི། དེ་བས་མི་མང་པོ་ཞིག་གིས་ཁྱོད་ཀྱི་བྱ་བའི་འགྲོ་འདུག་སྤྱོད་གསུམ་དང་བྱ་བྱེད་ལས་གསུམ་ལ་ཐེ་གཏོགས་དང་ལད་ཟློས། ད་དུང་སློབ་སྦྱོང་བྱེད་མཁན་ཡང་མང་པོ་འབྱུང་ངེས། དེ་བས་སྙན་སྒྲོན་པས་དུས་རྒྱུན་རང་གི་ལས་རིགས་ཀྱི་ཀུན་སྤྱོད་གཙང་མ་ཞིག་གིས་མི་རིགས་ཀྱི་རིག་གནས་དང་སྲོལ་རྒྱུན་གྱི་ཡུལ་སྲོལ་གོམས་འདྲིས་མི་འདོར་བར་དངོས་སུ་ལག་ལེན་དང་རང་ཉིད་ནས་མགོ་བརྩམས་ཏེ་ཧ་ཅང་མཐོང་ཆེན་བྱེད་དགོས། དེ་ལྟར་བྱས་ན་ད་གཟོད་མི་རྣམས་ཀྱིས་གལ་ཆེ་བའི་གནད་དོན་དེ་དག་ལ་གདེང་འཇོག་དང་ཤུགས་སྣོན་བྱེད་སྲིད་པར་མ་ཟད། རང་ཉིད་སྙན་སྒྲོན་པ་ཞིག་ཡིན་པའི་ངོས་ཐད་ནས་སྤྱི་ཚོགས་དང་མི་རིགས་ལ་གླེང་ཕྱོགས་ཀྱི་དྲིལ་སྒྲོག་ནུས་པ་གལ་ཆེན་ཞིག་ཀྱང་ཐོན་ཐུབ་པས། སྙན་སྒྲོན་པའི་ཐུན་མིན་གྱི་འགན་འཁྲིའི་འདུ་ཤེས་དྲག་པོ་དེ་དུས་དང་རྣམ་པ་ཀུན་ཏུ་སེམས་པའི་གཏིང་དུ་ཉར་དགོས།
ལྔ། ཕྱིའི་ཉམས་འགྱུར་མངོན་སྟངས་ཀྱི་ཚད་ཇེ་མཐོར་གཏོང་དགོས།
འདི་རུ་གླེང་བའི་ཉམས་འགྱུར་ནི་ལུས་ཀྱི་ཉམས་དང་གདོང་གི་ཉམས།ངག་གི་ཉམས་གསུམ་ཡིན་ལ། སྙན་སྒྲོན་པས་སྒྲོག་པའི་ལེ་ཚན་ནི་སྤྱིར་སྐད་ཆར་བརྟེན་ནས་ཕྱིར་མངོན་པ་ལས་གཞན་ཞོར་དུ་གདོང་གི་ཉམས་འགྱུར་དང་ལུས་ཀྱི་བཟོ་ལྟ། ངག་གི་འགྱུར་ཁུགས་བཅས་ལ་བརྟེན་ནས་བརྩེ་དུང་གིས་ཕྱུག་པའི་ནང་སེམས་ཀྱི་འགྱུར་བག་ཏེ་ཕྱིར་མངོན་པར་བྱས་ན།ད་གཟོད་རྒྱ་ཆེའི་ལྟ་མཁན་དང་ཉན་མཁན་རྣམ་པར་ལེ་ཚན་གྱི་ནང་དོན་དང་མཐུན་པའི་སེམས་ཁམས་ཤིག་སྟེར་ཐུབ། དཔེར་ན། རིག་རྩལ་སྤྲོ་ཚོགས་སོགས་ཀྱི་ལེ་ཚན་ཞིག་བརྒྱུད་སྒྲོག་བྱེད་སྐབས་སྙན་སྒྲོན་པའི་གདོང་ལ་འཛུམ་གྱིས་ཁེངས་ཤིང་དགའ་སྤྲོ་དང་བརྩེ་དུང་གི་ཉམས་ཐོན་པར་བྱས་ནས་ལེ་ཚན་དེ་བརྒྱུད་སྒྲོག་བྱས་ན།ད་གཟོད་ལྟ་མཁན་དང་ཉན་མཁན་རྣམས་ལ་རང་ཤུགས་ཀྱིས་ལེ་ཚན་དེ་དང་མཐུན་པའི་དགའ་སྤྲོའི་འདུན་པ་ཞིག་བཅོས་མིན་དུ་སྟེར་ངེས་ལ། གཞན། བཀྲ་མི་ཤིས་པའམ་ལྟས་ངན་པའི་གནད་དོན་གང་རུང་ཞིག་བརྒྱུད་སྒྲོག་བྱེད་སྐབས་སྙན་སྒྲོན་པའི་གདོང་ལ་ལྟོས་བཅས་ཀྱིས་སྡུག་སྣང་འཛིན་པའམ་ཡང་ན་སྐད་ངག་ནས་སྐྱོ་ཉམས་ཐོན་པར་བྱས་ཏེ་ལེ་ཚན་བརྒྱུད་སྒྲོག་བྱས་ན་ཉན་མཁན་དང་ལྟ་མཁན་རྣམས་ཀྱི་སྣང་ངོར་དོན་དག་དེར་དངོས་སུ་ཞུགས་ཡོད་པ་ལྟ་བུའི་མྱོང་ཚོར་དང་བག་ཆགས་ཟབ་མོ་འཇོག་ཐུབ་ངེས་ཡིན། །
རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།
བོད་སྐད་བརྙན་འཕྲིན་གྱི་སྙན་སྒྲོན་པ་ཞིག་ལ་ཚང་དགོས་པའི་ཆ་རྐྱེན་དང་སྤུས་ཚད་སྐོར་རགས་ཙམ་གླེང་བ།