མདོ་ལ་རིང་མོའི་ཕྱོགས་སུ་བསྐྱོད་པའི་ཟིན་ཐོ།

—— ངག་རྒྱུན་གྱིས་ཕྱུག་པའི་བཙུན་མོ་དམར་ཡག་མ།  

2020ལོའི་ཟླ09པའི་ཚེས25ཉིན།

ད་ལོའི་དབྱར་གནང་གི་གུང་གསེང་བེད་སྤྱད་དེ་དགེ་གྲོགས་སྐོར་ཞིག་དང་མཉམ་དུ་ཕ་ཡུལ་མཚོ་ལྷོ་ཁྲི་ཀ་བརྒྱུད་ནས་མཚོ་བྱང་མདོ་ལའི་ཕྱོགས་སུ་ཡུལ་སྐོར་དུ་ཆས།

བསམ་པའི་དཔལ་ཡོན་ཕུན་སུམ་ཚོགས་པའི་ད་ལྟའི་སྤྱི་ཚོགས་ཀྱི་འཁོར་འགྲོས་ཀྱིས་དབྱར་གཞུང་གི་དུས་ཚིགས་འདིར་ཡུལ་སྐོར་པ་སྐོར་དང་སྐོར་བྱས་ནས་རང་རྒྱལ་གྱི་ལྟ་སྐོར་མཛེས་ལྗོངས་ས་ཆ་དང་མཛེས་སྡུག་གི་ཡུལ་གྲུ། གནས་འགངས་ཆེན་བཅས་སུ་སྤྲོ་འཕྱན་ནམ་མཇལ་སྐོར་དུ་འགྲོ་བའི་ལུགས་སྲོལ་ཚ་ཚ་འུར་འུར་དུ་མཆེད་བཞིན་གདའ། ང་ཚོའང་དབྱར་གྱི་འཇོ་སྒེག་གི་ལང་ཚོའི་བཀྲག་མདངས་ཁྲོད་ནས་འཚོ་བའི་མཁོ་ཆས་ཇི་སྙེད་ཅིག་སྡུད་གསོག་བརྒྱབ་སྟེ་མདོ་ལའི་ཕྱོགས་སུ་བསྐྱོད།

ཆི་ལེན་རྫོང་ནི་མིང་དུ་གྲགས་ཤིང་རྔམ་བརྗིད་ལྡན་པའི་མདོ་ལ་རིང་མོའི་དབུས་རྒྱུད་ཀྱི་བྱང་རྒྱབ་ལྷོ་རི་དང་བདེ་ཆེན་གངས་རི། ཐོ་ལེ་རི་བོ། རྟ་ཐང་རི་བོ་བཅས་ཀྱི་དཀྱིལ་དབུས་གཤོང་ས་རུ་ཆགས་ཡོད་ལ། ས་བབ་མཐོ་ཞིང་ས་དབྱིབས་ཀྱི་རྣམ་པ་སྣ་མང་ཡིན་པས་ཆ་སྙོམས་ཀྱི་མཐོ་ཚད་ལ་སྨི3500ཡན་ཡོད། རེབ་འདིའི་ཡུལ་སྐོར་བྱེད་སའི་དམིགས་བྱ་ནི་ཆི་ལེན་རྫོང་གིA5རིམ་པའི་ཡུལ་སྐོར་ལྗོངས་ཁུལ་ཏེ། ཨ་མྱེས་སྟོང་སོ་དང་བཙུན་མོ་དམར་ཡག་མ་གཉིས་ཡིན།

ཆི་ལེན་རྫོང་གི་མངའ་ཁོངས་སུ་རི་བོ་གྲགས་ཅན་ཨ་མྱེས་སྟོང་སོ་དང་བཙུན་མོ་དམར་ཡག་མ་ལས་གཞན། རྡོ་རྗེ་དཔལ། བར་དམ་གངས་དཀར། གངས་ཞོ་བླུགས། བདེ་ཆེན་གངས་རི། ཐོ་ལེ་རི་བོ། བྱང་རྒྱབ་ལྷོ་རི་སོགས་ཡོད་པར་མ་ཟད། ཆུ་དང་གཙང་བོ་གྲགས་ཅན་ལ་མུ་རི་ཆུ་བོ་དང་གསེར་ལྡན་ཆུ་བོ། བ་ལྡིང་ཆུ་བོ་སོགས་ཁྱོན་བསྡོམས་ཆུ་བོ་ཆེ་ཆུང147ཡོད་པར་སྐད། ལྷག་པར་དུ་ཆི་ལེན་རྫོང་གི་ཁོངས་སུ་ཤུག་པ་དཀར་དམར་དང་། སྨག་ག མཛོ་མོ་ཤིང་། བེ་ཤིང་། འོམ་བུ། གླ་སྒང་། གླང་མ་སོགས་ཤིང་སྣ་མང་པོ་ཡོད་པའི་ཁར། རྫོང་འདིའི་ཁྱད་ཐོན་ནགས་ཤིང་སྟེ། གསོམ་ཤིང་དཀར་ནག་ནི་ས་ངོས་ནས་མཐོ་ཚད་ལ་སྨི1600ནས3800བར་གྱི་གཡང་གཟར་དང་ལུང་པ། རི་རྒྱུད་གང་རུང་དུ་ཚང་ཚིང་སྟུག་པོར་སྐྱེས་ཡོད་པས་ཉམས་སྣང་ཡན་གར་བ་སྦྱིན་ངེས།

ང་ཚོས་ལ་བཤད་ལུང་བཤད་ཀྱི་ཁ་བརྡ་སྣ་ཚོགས་ལ་འཇམ་སྙན་རོལ་དབྱངས་ཀྱིས་ཟུར་བརྒྱན་ཏེ་སྣུམ་ལམ་བདེ་མོའི་མདུན་ལྗོངས་སུ་ཤར་རེར་དུས་ཚོད་གསུམ་བཞི་ཙམ་ཧར་གྱིས་བཅད་པ་ན། མདོ་ལའི་སྟོད་རྒྱུད་དེ་ལུང་པའི་གཡས་གཡོན་གང་རུང་གསོམ་ཤིང་ནགས་ཚལ་གྱིས་ཀུན་ནས་བསྐོར་ཞིང་རྫ་ཆུ་བསིལ་མ་ལྷུང་ལྷུང་འབབ་པའི་ཡུལ་ལྗོངས་ཉམས་དགའ་བ་ཞིག་ཏུ་བརྟོལ་པས། ང་ཚོའི་འགྲོ་འདུག་གི་གོམ་ཁ་དབང་མེད་དུ་གནས་དེར་བཏགས་ཏེ་གུང་འབབ་བརྒྱབ་ཅིང་དྲོས་ཇ་ཡིད་ཚིམ་པ་ཞིག་འཐུང་ཞོར་གནས་འདིའི་ནགས་ས་ནགས་ཡུལ་གྱི་མཛེས་པ་ཉམས་སུ་མྱངས། མཛེས་སྡུག་གི་བསླུ་བྲིད་ཀྱིས་དགེ་གྲོགས་འགའ་ཤས་ཀྱིས་བསྟོད་བསྔགས་ཀྱི་སྙན་ཚིག་གྱེར་ཞིང་དགའ་སྣང་ཁོང་ནས་བརྡོལ་ཏེ་གླུ་ཆུང་སྙན་མོ་གྲེ་བ་ནས་ཚོར་མེད་དུ་ཤོར། སྐྱིད་སྣང་དེ་དང་ལྷན་དུ་ངེད་ཅག་མུ་མཐུད་དུ་རྒྱུ་མ་ཕུ་འདེད་ཀྱིས་ལུང་བའི་མདོ་བསྙེགས་ཏེེ་སོང་།

ཕྱི་དྲོའི་དུས་ཚོད་ལྔ་ཡས་མས་སུ་ལུང་པའི་འགག་འཕྲང་དོག་པའི་ཆི་ལེན་རྫོང་ཐོག་ཏུ་བརྟོལ། ཉིན་དེའི་ལམ་ཐག་ཧ་ཅང་རིང་པས་ང་ཚོ་ཐང་ཆད་དེ་ནུབ་འཚལ་སྟབས་བདེ་ཞིག་འཐུང་ནས་སྔ་མོར་ངལ་གསོས་པ་ཡིན། ཕྱི་ཉིན། ཉི་མ་རི་བོའི་ཟོམ་ནས་དལ་གྱིས་ཡར་འཕགས་དུས་ངེད་ཅག་ཉིན་གཅིག་གི་ཡུལ་སྐོར་འཆར་གཞིའི་གཏན་འཁེལ་དུས་ཚོད་ལྟར་མགྲོན་ཁང་གི་འགབ་ནས་འཛོམས། རྫོང་མཁར་གྱི་དཀྱིལ་སྲང་སྙེག་སྟེ་སྤྱི་ལེ་ལྔ་ཙམ་སོང་མཐར་བཙུན་མོ་དམར་ཡག་མའི་ཡུལ་སྐོར་ལྗོངས་ཁུལ་ལ་སླེབས་ཤིང་། གནས་དེའི་གཏན་འཁེལ་སྤྱི་འཁོར་ལ་བསྡད་དེ་དམའ་བ་གཤོངས་ནས་མཐོ་བ་རི་སྒང་གི་ཕྱོགས་སུ་ཕྱུགས་ཀྱི་ནང་ཁྲོལ་ལྟ་བུའི་གཞུང་ལམ་ཀྱག་ཀྱོག་བརྒྱུད་དེ་ཕྱིན།

སྤྲིན་དཀར་གྱི་ལུག་ཁྱུ་རི་ཚོགས་ཀྱི་མགུལ་བར་དཀྲིས་ཤིང་ས་གདན་ལྗང་ཁུ་བཏིངས་འདྲའི་སྤང་ཐང་གི་མཚམས་མཚམས་སུ་གྲུ་བཞི་ཁ་གང་དང་གྲུ་བཞི་ནར་མོའི་དབྱིབས་ཀྱི་ཞིང་ཐང་མངོན་ལ། གནས་དེའི་ཞིང་ཐང་ཡོད་དོ་ཅོག་ནི་སེར་ལམ་ལམ་གྱི་མེ་ཏོག་གདན་དུ་བཏིངས་འདྲའི་སྐེ་ཚེའི་མེ་ཏོག་རེད། དེ་དང་ཐག་མི་རིང་བའི་རི་བོའི་ལྡེབས་ངོས་སུ་མེ་ཏོག་དཀར་སེར་དམར་ལྗང་ནི་མིས་བཟོས་ཆེད་བཙུགས་ལྟར་བྱུར་བུར་གཏམས་པ་རྒྱང་རིང་གི་མགྲོན་པོར་མེ་ཏོག་གི་མཆོད་པ་འབུལ་བ་དང་ཀུན་ནས་མཚུངས། མཚལ་མདོག་བསྐུས་པ་ལྟ་བུའི་རི་བོའི་མདུན་ངོས་ཀྱི་བྱེ་རྡོ་དང་བྲག་རྡོ་ནི་དམར་པོ་དམར་རྐྱང་དུ་མངོན་པས་རང་བྱུང་ཁྱད་མཚར་གྱི་ཉམས་སྣང་ལྡན་ལ། གནའ་རྫས་བརྟག་དཔྱོད་པས་དེ་ནི་སྤྱིར་བཏང་མ་ཡིན་པའི་ཁྱད་མཚར་གྱི་ས་གཤིས་ཤིག་ཏུ་བརྩི་ངེས་སྙམ། གནས་དེའི་ཡུལ་སྐོར་གསར་སྤེལ་རུ་ཁག་གིས་རི་བོའི་འདབས་ནས་བཟུང་ཞིང་སྐས་དང་ལྡིང་ཁང་རབ་དང་རིམ་པ་མཐོ་དམའ་ལྟར་དུ་རི་བོའི་རྩེ་མོའི་བར་བཟོས་ཡོད་པས་རྒྱང་ནས་བལྟས་ཚེ་ལྷ་ཡུལ་དུ་བགྲོད་པའི་དམུ་ཐག་ལྟར་དུ་སྣང་། སྨི་ལྔ་བརྒྱ་ལྷག་གི་ཤིང་སྐས་ཀྱི་མཚམས་སུ་ཀླུའི་གདེངས་ཀ་ལྟ་བུའི་ཤིང་གི་རྒྱ་ཕིབས་སྣེ་མོ་ཕྱོགས་བཞིར་བརྒྱངས་པའི་ལྡིང་ཁང་ཆེན་པོ་རེ་ཕུབ་ཡོད་ལ། དེ་རུ་གནས་དེའི་ཁྱད་འཕགས་ཐོན་རྫས་ཏེ་གྱོན་གོས་ཀྱི་རིགས་དང་བཟའ་བཏུང་གི་རིགས་སོགས་ཚོང་བ་མང་པོའི་འབོད་འགུག་གི་ཀློང་ན་མི་ཚོགས་ཀྱི་འདུ་འགོད་སྤྲིན་ལྟར་འཁྲིགས། ཡུལ་སྐོར་པ་ཚོས་ཉེ་རྒྱང་གང་རུང་གི་མཛེས་སྡུག་ལྡན་པའི་ཡུལ་ལྗོངས་རེ་རེ་པར་མིག་གི་རྒྱུན་ལ་དྲངས་ཏེ་དྲན་རྟེན་དུ་ཉར་བ་དང་། མི་སྒེར་དང་མཉམ་པར་བསྐྱོན་པའི་བཟོ་ལྟ་འདྲ་མིན་དང་ཚུགས་ཀ་སྣ་ཚོགས་སྟོན་བཞིན་ཡིད་འཕྲོག་གི་ཡུལ་ཁམས་རྒྱབ་ལྗོངས་སུ་བཀོད་དེ་པར་ལ་བསྐྱོན་པར་བྲེལ། ཕྱོགས་བཞིའི་མགྲོན་པོ་དག་གདན་གཅིག་ཏུ་འཛོམས་པ་ལྟར་ཡུལ་སྐོར་པ་རེ་འགའ་བཙུན་མོ་དམར་ཡག་མའི་རི་རྩེར་སྙེག་ཞོར་ཡར་ལ་བགྲོད་པ་དང་ཡུལ་སྐོར་པ་ལ་ཤས་གནས་འདིའི་ཕུན་ཚོགས་བཀོད་པ་ལོངས་སུ་སྤྱད་ཚར་རྗེས་ཕྱིར་ལྡོག་པའི་འཚང་ཁའི་གོམ་ཁ་མཚམས་མེད་དུ་སྒྱུར་བཞིན་གདའ།

བཙུན་མོ་དམར་ཡག་མ་ནི་ཆི་ལེན་རྫོང་སྲིད་གཞུང་གི་རྒྱབ་རི་ཡིན་ལ། ཨ་མྱེས་སྟོང་སོ་དང་ཁ་གཏད་དུ་གནས་ཡོད་ཅིང་། རྒྱབ་ཕྱོགས་ཀྱི་གཡོན་ཟུར་ན་བློན་པོ་བྱ་རྒོད་དང་། མདུན་ཕྱོགས་སུ་གསེར་ལྡན་ཆུ་བོ་ལྷུང་ལྷུང་དལ་གྱིས་འབབ་བཞིན་ཡོད། མཐོ་ཚད་ལ་སྨི3700ལྷག་ཡོད་པའི་རི་བོའི་རྒྱབ་ངོས་སུ་སྟག་ཤར་གཞོན་པ་ཞིག་གི་ནག་ཅིང་འཛིངས་པའི་སྐྲ་ལོ་བཞིན་ཚང་ཚིང་གཡུ་ལོ་བཀོད་པའི་གསོམ་ཤིང་གི་ནགས་ཚལ་ཀུན་ནས་དཀྲིགས་པ་དང་། རི་སྐེད་ཀྱི་མཚམས་མཚམས་སུ་སྐེ་ཚེའི་ཞིང་ཐང་སེར་ལམ་མེར་མིག་གི་རྒྱལ་མོར་གསེར་མདོག་གི་གོས་ཆེན་ཞིག་ཐང་ལ་གཡོགས་འདྲའི་ཚོར་སྣང་ཡ་མཚན་པ་སྟེར། དམངས་ཁྲོད་ངག་རྒྱུན་དུ་གནས་རི་འདི་ནི་ཨ་མྱེས་སྟོང་སོའི་བཙུན་མོ་ཡིན་པ་དང་། སྐྱེས་གཟུགས་ཧ་ཅང་ལེགས་པས་རི་འདིའི་མིང་ལ་བཙུན་མོ་དམར་ཡག་མ་ཟེར། གནས་རི་འདི་གཉིས་ཀྱིས་བརྩེ་དུང་གི་གསེར་སྐུད་དམ་དུ་སྦྲེལ་ཞིང་མཛའ་མཐུན་གྱི་ལག་རྡང་ཆད་མེད་དུ་འབྲེལ་ཏེ་གསེར་དངུལ་གྱི་རིན་ཆེན་ཐོན་ཁུངས་དང་སྒོ་ཕྱུགས་ཀྱི་ཕྱྭ་གཡང་སྣ་མང་མདོ་ལ་རི་བོའི་པང་བ་ན་འཚོ་བའི་འབངས་མང་ཚོགས་ཀྱི་བདེ་སྐྱིད་འཚོ་བ་རྟག་བརྟན་ཡོང་བའི་སྡོངས་གྲོགས་སུ་གནས་ཡོད་སྐད།

ང་ཚོ་དགེ་གྲོགས་ཚོ་བརྩེ་དུང་གིས་ཕྱུག་པའི་དམངས་ཁྲོད་ངག་རྒྱུན་གྱི་ཀློང་རིམ་དུ་ཐིམ་བཞིན་དེང་རབས་བཟོ་བཀོད་ཀྱིས་མཛེས་པར་སྤུད་པའི་མཁར་གྱང་མཐོན་པོའི་རྩེ་མོར་འགོས་ཏེ་ཕྱོགས་བཞིར་རྒྱང་ལྟ་བྱེད་དུས། རི་ཚོགས་ཀྱི་ཕྲེང་བ་ཚར་དུ་དངར་ཞིང་། ལྗོན་ཚལ་ནགས་ཀློང་ཕྱུག་མོ་གནས་འདིའི་རྒྱན་ཆ་རུ་མཐོང་བ་དང་། རྩྭ་ལྗང་མེ་ཏོག་གི་ཚོགས་ནི་བི་ཤ་ཀ་རྨའི་པིར་རྩེ་ལས་འཁྲུངས་པའི་ཐང་ཀ་འཇེབས་པོ་ཞིག་དང་ཨ་ན་མ་ན་རེད། དེ་ལས་ཀྱང་མངོན་པར་འཕགས་པ་ནི་ཏག་ཏག་བཙུན་མོ་དམར་ཡག་མའི་མདུན་ཐད་དུ་ཀྲོང་ངེར་འགྱིང་བའི་ཨ་མྱེས་སྟོང་སོ་རེད། ཆི་ལེན་རྫོང་གི་བླ་རི་དང་གནས་བདག་གཙོ་བོར་གྱུར་བའི་ཨ་མྱེས་སྟོང་སོ་ནི་དངོས་གནས་ཕོ་རྩལ་སྣ་དགུ་འཛོམས་པའི་སྟག་ཤར་གཞོན་ནུ་ཞིག་དང་འདྲ་བར་དུས་དང་རྣམ་པ་ཀུན་ཏུ་བཙུན་མོ་དམར་ཡག་མ་མིག་གིས་འཚོས་ཤིང་སེམས་ཀྱིས་སྲུང་བ་དང་དབྱེར་མ་མཆིས། བདེན་ཏེ། དཔྱིད་དབྱར་སྟོན་དགུན་གྱི་དུས་ཚིགས་བཞི་པོར་རི་རྩེ་གངས་ཀྱིས་བཟུང་ཞིང་རི་སྐེད་དུ་གསོམ་སྡོང་དང་ཤུག་སྡོང་སོགས་ཚང་ཚིང་ནགས་ཀྱིས་བརྒྱན་པ། རི་འདབས་སུ་སྔོན་མོ་སྤང་གིས་གཡོགས་ཤིང་གླ་དང་དྲེད་མོང་། ཤྭ་བ། སྤྱང་ཀི་སོགས་རང་རྒྱལ་གྱི་སྲུང་སྐྱོབ་རི་དྭགས་སྣ་ཚོགས་བག་ཡངས་སུ་རྒྱུ་བར་སྐད། ས་གནས་འདིའི་མང་ཚོགས་ཚོས་ཀྱང་རི་སྐྱེས་སྲོག་ཆགས་དང་སྨན་རྩྭ་གྲངས་མང་གནས་བདག་ཨ་མྱེས་སྟོང་སོའི་སྒོ་ཟོག་དང་རྒྱུ་ནོར་ཡིན་པར་རློམ་ནས་གཏོར་བརླག་དང་འབྲེག་གཅོད་གཏན་ནས་མི་བྱེད་པར་སྲུང་སྐྱོབ་གང་ལེགས་བྱེད་པ་ཧ་ལས་པའི་ཚོད་དུ་གདའ་ཟེར།

ཨ་མྱེས་སྟོང་སོ་བྱུང་བའི་ངག་རྒྱུན་ལ། གླིང་རྗེ་གེ་སར་རྒྱལ་པོས་ཧོར་ལ་དམག་འཁྲུག་བསླངས་ནས་ཧོར་གུར་དཀར་ཆམ་ལ་ཕབ་ཅིང་། ཧོར་ཡུལ་གྱི་སེར་སྐྱ་ཕོ་མོ་ཡོངས་ལ་དམ་པའི་ཆོས་ཀྱི་དབང་ལུང་མན་ངག་གི་བདུད་རྩི་ཆར་བཞིན་ཕབ་རྗེས་དམག་དཔུང་ཁྲིད་ནས་ཕྱིར་ལོག་ཁར་སོ་བ་སྟོང་ཕྲག་ལྷག་བཞག་ནས་ཧོར་ཡུལ་གྱི་གནས་ཚུལ་ལ་སོ་ལྟ་བྱེད་དུ་བཅུག རྗེས་སུ་སོ་བ་སྟོང་གི་དམག་དཔུང་ས་གནས་འདིའི་གནས་བདག་ཏུ་གྱུར་པ་དང་། སྟོང་སོ་ཞེས་པའི་མིང་ཡང་དེ་ལྟར་ཐོགས་པར་བཤད།

ཨ་མྱེས་སྟོང་སོ་ནི་མདོ་ལ་ས་ཁུལ་གྱི་གནས་བདག་གཙོ་བོ་ཞིག་ཡིན་པ་དང་མདོ་ལའི་ཚབ་མཚོན་རང་བཞིན་གྱི་ཡུལ་སྐོར་ལྗོངས་ཁུལ་གཙོ་བོའང་ཡིན་པར་མ་ཟད། འཇུ་ལག་ཆུ་བོའི་འབབ་རྒྱུད་ཀྱི་མུ་རི་མཐོན་པོ་བཅུ་གསུམ་ནང་གི་གཅིག་ཡིན་པར་གྲགས། ང་ཚོས་ས་གནས་ལོ་རྒྱུས་ཀྱི་ཁུངས་འདེད་ཞོར་རི་བོའི་ལྡེབས་སུ་བཞེངས་པའི་རྣམ་རྒྱལ་མཆོད་རྟེན་ལ་མཆོད་མཇལ་ཞུས་ཏེ་སོས་དལ་བག་ཡངས་དང་དགའ་སྤྲོ་སྐྱིད་སྣང་གི་སེམས་ཁམས་ཉི་མ་འདྲ་བོ་བཏེགས་ཏེ་མིས་བཟོས་ཤིང་སྐས་ཀྱི་ཕྱིར་ལམ་སྙེག་བཞིན་གནས་སྐོར་ས་ཚིགས་ཕྱི་མའི་ཕྱོགས་སུ་གོམ་ཁ་བསྒྱུར་རོ། །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།