ཉིན40ལྷག་གི་རིང་ལ། ཀྲུང་གོའི་ཚན་རིག་ཁང་ཧྲེན་དབྱང་རང་འགུལ་ཅན་ཞིབ་འཇུག་ཁང་གིས་ཞིབ་འཇུག་དང་གསར་བཟོ་བྱས་པའི“ཧའེ་ཏོའུ་དང་པོ”རྒྱ་མཚོ་ཧྲིལ་པོར་རང་བདག་གིས་རྒྱང་འཛིན་བྱེད་པའི་ཆུ་འཛུལ་ཡོ་བྱད་དེ་ཟླ6པའི་ཚེས8ཉིན“འཚོལ་ཞིབ་དང་པོའི”ཚན་རིག་རྟོག་ཞིབ་གྲུ་གཟིངས་ནང་བསྡད་དེ་གཟི་བརྗིད་ངང་ཕྱིར་ལོག་པ་རེད།
“ཧའེ་ཏོའུ་དང་པོ”ཞེས་པ་མ་ལི་ཡ་ན་མཚོ་ཁུག་ཏུ་ཐེངས་དང་པོར་གཏིང་ཚད་སྨི་ཁྲི་ཡི་རྒྱ་མཚོའི་ནང་གི་ཚོད་ལྟ་དང་ཚོད་ལྟའི་རང་བཞིན་གྱི་ཉེར་སྤྱོད་ལས་འགན་ལེགས་འགྲུབ་བྱུང་ཞིང་། ཆུ་ནང་འཛུལ་ཚད་ཆེས་ཆེ་བ་སྨི10907ལ་སླེབས་ནས། རང་རྒྱལ་གྱི་ཆུར་འཛུལ་ཡོ་བྱད་ཆུ་ནང་འཛུལ་བའི་གཏིང་ཚད་ཆེས་ཟབ་པའི་ཟིན་ཐོ་གསར་པ་བསྐྲུན་པ་དང་། དུས་མཚུངས་སུ་རང་རྒྱལ་དུ་གཏིང་ཚད་སྨི་ཁྲི་ནས་ལས་ཀ་གཉེར་བའི་མི་མེད་ཆུ་འཛུལ་ཡོ་བྱད་མེད་པའི་སྟོང་ཆ་བསྐངས་པ་རེད།
ཐེངས་འདིའི་མཚོ་འགྲུལ་ཁྲོད།“ཧའེ་ཏོའུ་དང་པོ”མ་ལི་ཡ་ན་རྒྱ་མཚོའི་གཏིང་ཚད་ལ་སྨི་ཁྲི་ཡོད་པའི་མཚོ་ཁུག་ཏུ་ཐེངས4ལ་ཆུ་ནང་དུ་འཛུལ་བ་མངོན་འགྱུར་བྱུང་། ཞིབ་ཚགས་ཆེ་ལ་ཚད་མཐོ་བའི་འཚོལ་ཞིབ་ཚད་ལེན་དང་།འཕྲུལ་ཆས་ལས་གཉེར།སྒྲ་རིག་པའི་རྩད་ཞིབ་ཚད་ལེན་དང་ས་གནས་གཏན་འཁེལ། ཆེས་གསལ་བའི་བརྙན་ཟློས་མང་པོ་བརྒྱུད་སྐྱེལ་སོགས་ཀྱི་ཐད་ལ་རང་རྒྱལ་གྱི་ཆུར་འཛུལ་ཡོ་བྱད་ཁྱབ་ཁོངས་སྣ་མང་དང་པོ་གསར་དུ་བཏོད་པ་རེད།
རྩད་ཞིབ་ཚད་ལེན་དང་ལས་ཀ་གཞི་གཅིག་ཏུ་འགྲིལ་བའི་གཏིང་ཚད་སྨི་ཁྲི་ཡི་ཆུ་ནང་དུ་འཛུལ་བའི་སྒྲིག་ཆས་ཏེ།“ཧའེ་ཏོའུ་དང་པོས”རྒྱལ་ནང་དུ་མཚོ་ཧྲིལ་པོར་ཞིབ་ཚགས་ཚད་མཐོ་བའི་སྒྲ་རིག་པའི་གནས་གཏན་འཁེལ་ལག་རྩལ་དང་འཕྲུལ་འཁོར་འདྲེན་གཏོང་འཕྲུལ་ཆས་མང་པོ་ཞིག་གི་ཆ་འཕྲིན་མཉམ་འདྲེས་བྱེད་ཐབས་སྤྱད་དེ།གཏིང་ཟབ་པའི་ས་ཁོངས་སུ་སྐོར་ཞིབ་རྩད་ཞིབ་ཚད་ལེན་དང་ཞིབ་ཚད་མཐོ་བའི་ཚད་ལེན་ལེགས་འགྲུབ་བྱུང་བ་དང་།གཞི་གྲངས་དཔྱད་ཡིག་རབ་དང་རིམ་པ་ཐོབ་པ་རེད།
དུས་མཚུངས་སུ། རང་བདག་གི་ཤེས་བྱའི་ཐོན་དངོས་བདག་དབང་ལྡན་པའི་རྒྱ་མཚོར་འཛུལ་བའི་འཕྲུལ་ཆས་ལ་བརྟེན་ནས།“ཧའེ་ཏོའུ་དང་པོས”གཏིང་ཟབ་པའི་རྒྱ་མཚོའི་ནང་དངོས་དཔེ་ལེན་པ་དང་། དིམ་བསགས་དངོས་པོ་བསྡུ་བ། མཚོན་བྱེད་དངོས་པོ་བཀོད་སྒྲིག་བྱེད་པ། ཆུ་རྣམ་བསྡུ་ལེན་སོགས་ཀྱི་བྱ་བ་གཏིང་ཚད་ལ་སྨི་ཁྲི་ཡོད་པའི་མཚོ་འོག་ཏུ་ཐེངས་མང་འཛུལ་ནས་སྤེལ་བར་མ་ཟད།སྨྱན་བྱེད་མ་ལག་སྤྱད་ནས་བྱེད་ལས་ཀྱི་གནས་མི་འདྲ་བ་ལས་ཐོབ་པའི་བརྙན་དཔྱད་རྒྱུ་ཆ་ཐེངས་མང་སྤེལ་ཏེ། གཡང་རོང་གི་ས་གཤིས་ཁོར་ཡུག་གི་ཁྱད་ཆོས་དང་སྐྱེ་དངོས་རིམ་འགྱུར་འབྱུང་རྐྱེན་ལ་ཞིབ་འཇུག་གཏིང་ཟབ་བྱེད་པར་རྩ་ཆེ་བའི་རྒྱུ་ཆ་འདོན་སྤྲོད་བྱས་པ་རེད།
“ཧའེ་ཏོའུ་དང་པོ”ནི་ཚན་རྩལ་པུའུ་ཡིས“ལྔ་བཅུ་གསུམ”སྐབས་སུ་རྒྱལ་ཁབ་ཀྱི་ཞིབ་འཇུག་གསར་སྤེལ་འཆར་གཞིའི“རྒྱ་མཚོའི་གཏིང་གི་འགག་རྩའི་ལག་རྩལ་དང་སྒྲིག་ཆས”གཙོ་གནད་ཆེད་དམིགས་རྣམ་གྲངས་འཛུགས་པའི་རྒྱབ་སྐྱོར་རྣམ་གྲངས་ཡིན་ཞིང་། ཧྲེན་དབྱང་རང་འགུལ་ཅན་ཞིབ་འཇུག་སའོ་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེས་ལེགས་པའི་སྡེ་ཁག་བཅུ་ལྷག་གིས་མཉམ་དུ་ཞིབ་འཇུག་གསར་བཟོ་བྱས་པ་ཞིག་རེད། 2016ལོའི་ཟླ7པར་ལས་གཞི་སྤེལ་མགོ་ཚུགས་རྗེས།“ཧའེ་ཏོའུ་དང་པོས”ལོ་གཉིས་དང་ཕྱེད་ཀའི་རིང་འགག་རྩའི་ལག་རྩལ་འགག་སྒྲོལ་དང་ཚོད་ལྟས་ར་སྤྲོད་བྱས་པ་བརྒྱུད། 2019ལོར་ཚོད་ལྟ་ཁང་གི་སྤྱིའི་སྒྲིག་སྦྱོར་དང་།ཆུ་རྫིང་ཚོད་ལྟ།གླིང་ཕྲན་མང་པོ་དང་མཚེའུ་ནང་ཚོད་ལྟ་བྱས་པར་མ་ཟད། ད་དུང་ནན་ཧའེ་རུ་སྨི4500ཡི་དུས་རིམ་རང་བཞིན་གྱི་རྒྱ་མཚོའི་ཚོད་ལྟ་ལེགས་འགྲུབ་བྱུང་བ་རེད། 2020ལོར་པྲོག་གསར་གློ་ཚད་རིམས་ནད་ཀྱི་འཇབ་རྒོལ་ཁྲོད“ཧའེ་ཏོའུ་དང་པོ”ཞིབ་འཇུག་གསར་སྤེལ་ཚོགས་པས་དཀའ་ངལ་སྣ་ཚོགས་ཁྱད་དུ་བསད་དེ། ཟླ4པའི་ཚེས23ཉིན“ཧའེ་ཏོའུ་དང་པོ”ཚན་རིག་རྟོག་ཞིབ་གྲུ་གཟིངས་མ་ལི་ཡ་ན་རྒྱ་མཚོའི་གྲོག་རོང་དུ་བསྐྱོད་དེ་དུས་ཡུན་ཐུང་ངུའི་ནང་ཕན་འབྲས་མཐོན་པོའི་སྒོ་ནས་རྒྱ་མཚོར་ཚོད་ལྟ་དང་ཚོད་ལྟའི་རང་བཞིན་གྱི་ཉེར་སྤྱོད་ལས་འགན་ལེགས་འགྲུབ་བྱུང་བ་རེད།
“ཧའེ་ཏོའུ་དང་པོས”ཞིབ་འཇུག་གསར་བཟོ་དང་།རྒྱ་མཚོར་ཚོད་ལྟ་དང་ཚོད་ལྟའི་རང་བཞིན་གྱིས་ཉེར་སྤྱོད་ལེགས་འགྲུབ་བྱུང་བ་ནི། རང་རྒྱལ་གྱི་རྒྱ་མཚོའི་ལག་རྩལ་ཁྱབ་ཁོངས་ཀྱི་ལམ་ཚད་རྡོ་རིང་ལྟ་བུ་ཡིན་ལ། རང་རྒྱལ་གྱི་གཏིང་ཟབ་པའི་ཚན་རིག་ཞིབ་འཇུག་ལ་ལག་རྩལ་གྱི་བྱེད་ཐབས་གསར་པ་ཞིག་བཏོན་པ་དང་། རང་རྒྱལ་གྱི་མི་མེད་ཆུ་འཛུལ་ཡོ་བྱད་ལག་རྩལ་དེ་རྒྱ་མཚོ་ཡོངས་སུ་ཁེབས་ཐུབ་པའི་འཚོལ་ཞིབ་ཚད་ལེན་དང་ལས་ཀའི་དུས་རབས་གསར་པར་སླེབས་ཡོད་པ་ཡང་མཚོན་ཡོད། །