ཀྲུང་གོ་བོད་ཀྱི་དྲ་བ།

“འཕུར་སྐྱོད་པ”ཨང་དང་པོ།——དུས་རབས་ཀྱི་མཚམས་འབྱེད་པའི་འཕུར་སྐྱོད།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2020-06-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

བྱ་རྒོད་པོ་ནང་བཞིན་ནམ་མཁའི་མཐོངས་སུ་འཕུར་སྐྱོད་བྱེད་འདོད་པ་དེ་ནི། གནའ་ནས་བཟུང་སྟེ་འགྲོ་བ་མིའི་རྨི་ལམ་ལྟ་བུའི་འདུན་པ་ཞིག་ཡིན། འདུན་པ་དེ་མངོན་འགྱུར་བྱེད་ཆེད་སྔོན་བྱོན་པ་གང་མང་གིས་ཐ་ན་ཚེ་སྲོག་གི་རིན་དོད་ཡང་བཏང་མྱོང་།སྤྱི་ལོ1903ལོའི་ཟླ12པའི་ཚེས17ཉིན། ཨ་མེ་རི་ཁའི་ལའེ་ཐི་ཕུ་ནུས་འགྲོ་བ་མིའི་ལོ་རྒྱུས་སྟེང་མཁའ་རླུང་ལས་ལྕི་བའི་མཁའ་སྐྱོད་འཕྲུལ་ཆས་ཤིག་སྤྱད་དེ་སྒུལ་ཤུགས་ལྡན་པའི་འཕུར་སྐྱོད་ཨང་དང་པོ་བགྱིས་ཤིང་། གནམ་གྲུ་ནམ་མཁའ་ནས་ཆུ་ཚོད་སྐར་ཆ12རིང་ལ་འཕུར་སྐྱོད་བྱེད་དུ་བཅུག་པས། དུས་དེ་ནས་བཟུང་འགྲོ་བ་མིས་འཕུར་སྐྱོད་ཀྱི་དུས་རབས་མགོ་ཚུགས་པ་རེད།  

སྤྱི་ལོ1884ལོར། ལའེ་ཐི་ཕུ་ནུ་ཁྱིམ་གང་པོ་ཨ་རིའི་ཡུལ་དབྱིན་ཏི་ཨན་ན་མངའ་སྡེ་ནས་ཨུ་ཧི་ཨུ་མངའ་སྡེ་རུ་གནས་སྤར།ཁོང་ཕུ་ནུ་གཉིས་ཀྱིས་སློབ་གསོ་ཡག་པོ་མྱངས་རུང་སློབ་གྲྭ་ནས་སློབ་མཐར་ཕྱིན་པའི་ལག་ཁྱེར་ལོན་མེད། སྤྱི་ལོ1892ལོར། ཨ་རི་རྒྱལ་ཡོངས་སུ་ལྕགས་རྟ་དར་ཆེ་བའི་ཤུགས་རྐྱེན་ཐེབས་པའི་དབང་གིས།ཕུ་ནུ་གཉིས་ཀྱིས་ལྕགས་རྟ་ཞིག་གསོ་ཆེད་འཚོང་ཁང(ཕྱིས་སུ་ལའེ་ཐི་ལྕགས་རྟ་ཀུང་སི་རུ་གྱུར)ཞིག་བཙུགས།བགྲང་བྱ་དུ་མའི་རྗེས་སུ་ཕུ་ནུ་གཉིས་ཀྱིས་རང་ཉིད་ཀྱི་དངོས་རྟགས་ལྡན་པའི་ལྕགས་རྟ་ཐོན་སྐྱེད་བྱས།

སྤྱི་ལོ1896ལོར། ལི་ལིན་ཏ་ཨར་གྱི་ཚོད་ལྟའི་འཕུར་སྐྱོད་ལ་ཆག་སྒོ་བྱུང་ཞིང་།ཡིད་སྐྱོ་བའི་དོན་རྐྱེན་དེས་ལའེ་ཐི་ཕུ་ནུས་ལུས་དང་སེམས་ཀྱི་ནུས་ཤུགས་སྔར་བས་མང་པོ་གནམ་གྲུ་ས་ནས་ཡར་འཕུར་བའི་ཚོད་ལྟའི་སྟེང་དུ་འཇོག་པར་སྐུལ་མ་བྱས། ཐེངས་དེར་ཁོང་ཚོས་སྔོན་བྱོན་པའི་བསླབ་བྱ་བླངས་པ་སྤྱི་དང་ཁྱད་པར་དུ་གནམ་གྲུ་དོ་མཉམ་པོ་ཡོང་བའི་ཁ་ལོ་སྒྱུར་སྟངས་ལ་ལྷག་པར་ཡིད་འཇོག་བྱས། དེའི་ཕྱིར་བྱ་རིགས་ཀྱི་འཕུར་སྐྱོད་བྱེད་སྟངས་ལ་སློབ་སྦྱོང་བྱས་པར་མ་ཟད།ད་རུང་སྐབས་ཐོག་དེར་རིག་རྒྱུ་ཡོད་པའི་མཁའ་སྐྱོད་ཕྱོགས་ཀྱི་རིགས་པའི་གཞུང་ལུགས་ཀྱི་དཔེ་ཆ་ཧ་ལམ་ཡོད་དོ་ཅོག་ལ་བརྩོན་ཞིབ་བགྱིས།

འདིར་དམིགས་སུ་བཀར་ནས་བཤད་དགོས་པ་ཞིག་ནི།ལའེ་ཐི་ཕུ་ནུ་གཉིས་ཀྱིས་མཁའ་སྐྱོད་ཀྱི་ཞིབ་འཇུག་ལས་ཀ་དོན་དུ་གཉེར་བའི་དུས་སྐབས་ནི།མཁའ་སྐྱོད་ཀྱི་ལས་དོན་ལ་བར་ཆད་ཡང་ཡང་བྱུང་བའི་དུས་སྐབས་ཤིག་ཡིན་ཏེ།འཕུར་སྐྱོད་ཀྱི་ལག་རྩལ་དགེ་རྒན་ཕི་ཨར་ནི་གནམ་གྲུ་ཐོར་ནས་རྐྱེན་ལམ་དུ་ཤོར་བ་དང་། འཕྲུལ་མདའ་སྤག་སྤག་ལྕི་གྲས་ཀྱི་གསར་གཏོད་མཁན་པོ་མ་ཁི་ཆིན་ལ་ཚོད་ལྟའི་འཕུར་སྐྱོད་ཁྲོད་ཕམ་ཉེས་ཐེབས་པ།མཁའ་སྐྱོད་རིག་པ་བ་ལན་ལི་ནི་གནམ་གྲུ་དང་བཅས་པ་མཉམ་དུ་ཆུ་ནང་དུ་ལྷུང་བ་སོགས་ཀྱི་གནས་ཚུལ་ངན་པ་དེ་དག་གི་རྐྱེན་གྱིས་སྐྱེ་བོ་མང་ཆེ་བ་ནི་རེ་ཐག་ཆད་ཅིང་། ཕྱོགས་བཞི་ཐམས་ཅད་ལ་བློ་ཕམ་ཡིད་ཆད་ཀྱི་རྣམ་པ་ཞིག་ཆགས་འདུག

སྤྱི་ལོ1900ལོ་ནས1902ལོའི་བར་དུ། ལའེ་ཐི་ཕུ་ནུ་གཉིས་ཀྱིས་རླུང་ཤུགས་ལ་བརྟེན་ནས་འཕུར་བའི་ཚོད་ལྟ་ཐེངས1000ལྷག་བགྱིས་པ་ཕུད། ད་རུང་གཤོག་པ་མི་འདྲ་བ200ལྷག་རང་ཉིད་ཀྱིས་བཟོ་སྐྲུན་བྱས་ཏེ་རླུང་ཁུང་གི་ཚོད་ལྟ་ཐེངས་ཆིག་སྟོང་ཡན་ཆད་བགྱིས་ཤིང་། ལི་ལིན་ཏ་ཨར་གྱི་ནོར་འཁྲུལ་གྱི་འཕུར་སྐྱོད་གཞི་གྲངས་ཁ་ཤས་ཡོ་བསྲང་བྱས་པ་དང་སྦྲགས། གྱེན་དུ་འཕུར་ཤུགས་ཅུང་ཟད་ཆེ་བའི་གཤོག་པའི་བཅད་ངོས་དབྱིབས་གཟུགས་ཇུས་འགོད་བྱས།

འཛམ་གླིང་ཡོངས་ཧ་ལས་སུ་བཅུག་པའི“འཕུར་སྐྱོད་པ”ཨང་དང་པོ་ནི་དེ་ལྟར་བྱུང་བ་རེད། གནམ་གྲུ་དེའི་གཤོག་པ་བརྐྱངས་པའི་རིང་ཚད་ལ་སྨི12.3ཡོད་པ་དང་། འཕུར་འབབ་གདོས་པ་མདུན་ཕྱོགས་སུ་ཡོད་པ། འཕུར་ཕྱོགས་གདོས་པ་གཞུག་ན་ཡོད་པ། གཞོགས་གཉིས་སུ་འདབ་ལྷེ་གཉིས་ཅན་གྱི་དུང་འཁྱུལ་འབུད་འདེད་ཁེམ་འཁོར་ཡོད་པ་དེ་ནི་ལྕགས་ཐག་གིས་བསྐོར་ནས་འཁོར་བ། ཐང་དུ་འབབ་པའི་སྒྲིག་ཆས་ནི་ཤུད་བགྲོད་ཅན་ཡིན་པ་བཅས་རེད། ཏི་ལ་ཡིས་རོགས་རམ་བྱས་འོག ཕུ་ནུ་གཉིས་ཀས་ད་རུང་ལྗིད་ཚད་ལ་སྟོང་ཁེ70ཡོད་པ་དང་། རྟ་ཤུགས12ཡིན་པའི་རྫ་མ་བཞི་ཅན་གྱི་སྒུལ་བྱེད་འཕྲུལ་འཁོར་ཞིག་བཟོ་སྐྲུན་བྱས།

སྤྱི་ལོ1903ལོའི་ཟླ12པའི་ཚེས17ཉིན། ལའེ་ཐི་ཕུ་ནུས་ཅི་ཐི་ཧོ་ཁི་ཟེར་བའི་ཡུལ་གྲུ་དེར་ཤིད་ཆས་ཡོད་པའི་གཤོག་པ་གཉིས་ཅན་གྱི་གནམ་གྲུ་ཞིག་ལ་བརྟེན་ནས།འགྲོ་བ་མིའི་ལོ་རྒྱུས་སྟེང་དུ་མཁའ་རླུང་ལས་ལྕི་བའི་མཁའ་བསྐྱོད་འཕྲུལ་ཆས་སྤྱད་དེ་སྒུལ་ཤུགས་ལྡན་པའི་འཕུར་སྐྱོད་ཐོག་དང་པོ་བྱས་སོང་། ཉིན་དེར་ཁོང་ཚོས་བསྡོམས་པས་འཕུར་སྐྱོད་ཐེངས4བྱས་ཤིང་།ཟིན་ཐོ་མཐོ་ཤོས་ནི་ཝེར་པོ•ལའེ་ཐིས་གསར་དུ་བསྐྲུན་པའི་དུས་ཡུན་ཆུ་ཚོད་སྐར་ཆ56དང་། འཕུར་སྐྱོད་བར་ཐག་གི་རིང་ཚད་སྨི256.7ཡོད་པ་དེ་རེད།དུས་དེ་ནས་བཟུང་སྟེ་འགྲོ་བ་མིས་རང་དབང་དང་ལྡན་པའི་སྒོ་ནས་རང་གི་གཤོག་པར་རང་གིས་ཁ་ལོ་བསྒྱུར་ཏེ་ཐང་དཀར་རྒོད་པོ་ཇི་བཞིན་དགུང་ཨ་སྔོན་དབྱིངས་སུ་འཕུར་སྐྱོད་བྱེད་ཐུབ་པར་གྱུར།

སྤྱི་ལོ1904ལོར། ཨ་མེ་རི་ཁའི་ཧྲིན་ལུའུ་དབྱི་སིའི་འཛམ་གླིང་དངོས་དམངས་སྟོན་ཚོགས་སྟེང་དུ། ལའེ་ཐི་ཕུ་ནུ་གཉིས་ཀྱིས་གསར་གཏོད་བྱས་པའི་གནམ་གྲུ་དེ་ཐེངས་དང་པོར་འགྲེམ་སྟོན་བྱས། སྤྱི་ལོ1906ལོར། ཁོང་ཅག་གི་གནམ་གྲུ་ལ་ཨ་རིའི་གསར་གཏོད་ཀྱི་ཆེད་ཁེའི་བདག་དབང་ཐོབ། སྤྱི་ལོ1909ལོར། ཁོང་ཚོས“ལའེ་ཐི་གནམ་གྲུ་ཀུང་སི”གསར་འཛུགས་བྱས། ཕྱིས་སུ་ལའེ་ཐི་གནམ་གྲུ་ཀུང་སི་དེ་གནམ་གྲུ་བཟོ་སྐྲུན་ཁེ་ལས་མིང་གྲགས་ཅན་ནང་གི་གཅིག་ཏུ་གྱུར།

གཅིག་རྗེས་གཉིས་མཐུད་དུ་ལྷགས་པའི་མཚན་སྙན་གྲགས་ཆེན་པོའི་མདུན་དུ། ལའེ་ཐི་ཕུ་ནུ་གཉིས་ཀྱིས་ཡོད་དཀའ་བའི་བབ་བརླིང་གི་རྣམ་འགྱུར་བཟུང་། ཁོང་ཚོས་མུ་མཐུད་དུ་གནམ་གྲུ་ལེགས་བཅོས་བྱས་ཏེ་རྟ་ཤུགས30ཅན་གྱི་སྒུལ་བྱེད་འཕྲུལ་འཁོར་ཞིག་སྒྲིག་སྦྱོར་བྱས་ཤིང་། ཁ་ལོ་བའི་ཨོང་སྟེགས་གཤོག་བར་དུ་ཡོད་པར་ལེགས་སྒྱུར་བྱས། སྤྱི་ལོ1908ལོར་ཁོང་ཅག་གིས་ཧྥ་རན་སིའི་གྲོང་ཁྱེར་པ་ལི་ནས་འཕུར་སྐྱོད་ཀྱི་འཁྲབ་སྟོན་བྱས་ཏེ། བསྟུད་མར་ཆུ་ཚོད2དང་སྐར་མ22དང་སྐར་ཆ23རིང་འཕུར་སྐྱོད་བྱས་པ་དང་འཕུར་སྐྱོད་བར་ཐག་གི་རིང་ཚད་ལ་སྟོང་སྨི117.5ཡོད་པའི་ཟིན་ཐོ་གསར་གཏོད་བྱས། དེ་ནི་སྐབས་ཐོག་དེར་འཛམ་གླིང་ཡོངས་ཀྱི་ཆེས་རིང་བའི་འཕུར་སྐྱོད་དུས་ཡུན་དང་བར་ཐག་རེད།

ཕྱི་ཚུལ་ཙམ་ནས་བལྟས་ན། ལའེ་ཐི་ཕུ་ནུ་གཉིས་ཀྱིས་འགྲོ་བ་མི་ལ་བཞག་པའི་བྱས་རྗེས་ནི་གནམ་གྲུས་སྒུལ་བྱེད་འཕྲུལ་འཁོར་གྱི་ཤུགས་ཚད་དང་འབུད་འདེད་འཁོར་ལོའི་འདེད་ཤུགས་ལ་བརྟེན་ཅིང་མི་བསྡད་དེ་འཕུར་སྐྱོད་བྱེད་པ་མངོན་འགྱུར་བྱས་པ་ཙམ་ཡིན་མོད། འོན་ཀྱང་དོན་དངོས་སུ་ཁོང་ཅག་གིས་མཁའ་སྐྱོད་ཀྱི་ལས་དོན་ལ་བློ་གཅིག་སེམས་གཅིག་དང་ཞུམ་མེད་མདུན་སྐྱོད། ཚེ་སྲོག་བློས་གཏོང་བར་མི་སྐྲག་པའི་སྙིང་སྟོབས་བསྐྱེད་པ་དེས། འགྲོ་བ་མིས་མཁའ་སྐྱོད་ཀྱི་ལས་དོན་གོང་དུ་སྤེལ་བའི་ནམ་མཁའ་ལ་འོད་སྣང་གིས་གསལ་བར་བྱས་ཡོད་སྟབས། ཤུལ་འཛིན་པ་རྣམས་ལ་མཚོན་ན་དེ་ནི་ལམ་སྟོན་གྱི་སྒྲོན་མེ་ལྟ་བུ་ཡིན། །

རྗོ་དཔལ་ཆེན་རྒྱལ་གྱིས《ཚན་རིག་གིས་མིའི་རིགས་ཀྱི་འཚོ་བར་འགྱུར་ལྡོག་བཏང་བ》ཞེས་པ་ལས་བདམས་སྒྱུར་བྱས།

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།