ཀྲུང་གོ་བོད་ཀྱི་དྲ་བ།

ཆི་ཨོ་ཨར་ཁོ་ཧྥུ་སི་ཅིའི་སྤྱི་འགྲོས། མེ་ཤུགས་འཕུར་མདའི་ཡབ་ཆེན་ཞིག་སྐྱེད་སྲིང་བྱས་པ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།   རྩོམ་པ་པོ། : རྗོ་དཔལ་ཆེན་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2020-05-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

སྤྱི་ལོ1903ལོར། རང་སྦྱོང་ལ་བརྟེན་ནས་ཡོན་ཏན་ཅན་དུ་གྱུར་པའི་སུའུ་ལེན་རྒྱལ་ཁབ་ཀྱི་ཚན་རིག་པ་ཆི་ཨོ་ཨར་ཁོ་ཧྥུ་སི་ཅི་ཡིས《རླུང་འབུད་ཡོ་བྱད་བེད་སྤྱད་ནས་འཇིག་རྟེན་བར་སྣང་ཁམས་ལ་ཞིབ་འཇུག་བྱེད་པ》ཞེས་པའི་ཆེད་རྩོམ་ཞིག་སྤེལ་ཏེ། གཤེར་གཟུགས་འབར་རྫས་སུ་སྤྱོད་པའི་མེ་ཤུགས་འཕུར་མདའ་འཕེན་གཏོང་བྱེད་དུས་ངེས་པར་དུ་བརྩི་སྲུང་བྱེད་དགོས་པའི་སྤྱི་འགྲོས་ཏེ་ཆི་ཨོ་ཨར་ཁོ་ཧྥུ་སི་ཅིའི་སྤྱི་འགྲོས་བཏོན་པས། ཚན་རིག་ལས་རིགས་སུ་གྲགས་འགུལ་ཆེན་པོ་བཟོས། མི་ལོ23གྱི་རྗེས་སུ། ཨ་མེ་རི་ཁའི་ཚན་རིག་པ་ཀི་ཏ་ཏི་ཡིས་གཤེར་གཟུགས་འབར་རྫས་སུ་སྤྱོད་པའི་མེ་ཤུགས་འཕུར་མདའ་ཨང་དང་པོ་ཨ་སྔོན་དབྱིངས་སུ་བསྐྱལ། འཕུར་མདའ་བར་སྣང་དུ་ཆུ་ཚོད་སྐར་ཆ2.5ཙམ་གྱི་དུས་ཡུན་ལ་མ་གཏོགས་འཕུར་སྐྱོད་བྱེད་མ་ཐུབ་མོད། འོན་ཀྱང་དེས་འགྲོ་བ་མིའི་རིགས་བར་སྣང་ཁམས་སུ་འཕུར་སྐྱོད་བྱེད་པའི་ལོ་རྒྱུས་སྟེང་དུ་འོད་སྟོང་འབར་བའི་དུས་ཡུན་ཐུང་ངུ་ཞིག་བཞག་པ་རེད།

ཆི་ཨོ་ཨར་ཁོ་ཧྥུ་སི་ཅི་ལ་ཧ་ཅང་རླབས་ཆེ་བའི་མ་འོངས་ལུང་བསྟན་ཞིག་ཡོད་པ་ནི་འདི་ལྟར།“སའི་གོ་ལ་ནི་འགྲོ་བ་མིའི་འགུལ་སླེ་ལྟ་བུ་ཡིན། འགྲོ་བ་མི་ནི་འགུལ་སླེ་དེའི་ནང་དུ་དུས་གཏན་དུ་ཉལ་ནས་མི་འདུག་པར། སྐར་མའི་གོ་ལ་གསར་པ་དང་བར་སྣང་ཁམས་གསར་པ་ལ་མཚམས་མི་འཇོག་པར་ཉམས་ཞིབ་བྱེད་ངེས་ཡིན།འགྲོ་བ་མིས་ཐོག་མར་སེམས་ཆུང་བག་ཟོན་གྱི་ངང་ནས་རླུང་ཁམས་ཆེན་པོའི་བང་རིམ་བརྟོལ་བ་དང་། དེ་ནས་ཉི་མའི་བར་སྣང་ཁམས་འདུལ་བར་སྐྱོད་པ་ཡིན”ཟེར།

ཡིན་ན་ཡང་། མ་འོངས་ལུང་བསྟན་པ་རླབས་པོ་ཆེ་དེ་ནི་བློ་ཕམ་པའི་གནས་ཚུལ་འོག་ཏུ་ནར་སོན་པ་ཡིན་ཏེ། ལོ9ཡི་སྟེང་དུ་ཚ་རིམས་དམར་སྐྱའི་འདུས་ནད་ཕོག་སྟེ་རྣ་བ་ཟུང་གིས་ཕལ་ཆེར་མི་ཐོས་པར་གྱུར། ལོ12ཀྱི་སྟེང་ཁོང་གི་ཨ་མ་འཇིག་རྟེན་མི་ཡུལ་དང་བྲལ། རྣ་བ་འོན་པ་དང་དབུལ་ཞིང་ཕོངས་པའི་རྐྱེན་གྱིས་ཁོང་ཉིད་སློབ་གྲྭར་འགྲིམ་མ་ཐུབ། ཐ་ན་གྲོགས་པོ་ཆུང་ཆུང་ཚོ་དང་མཉམ་དུ་རྩེད་མོ་ཡང་རྩེ་མ་ཐུབ་པ་རེད། ཡིན་ནའང་ཁོང་ཉིད་ནི་གྲོགས་མེད་ཁེར་རྐྱང་ཞིག་མིན་པར་རང་གི་ཀླད་པ་འགུལ་ནས་རང་ཉིད་ལ་རྩེད་ཆས་ལས་པར་མ་ཟད།ད་རུང་སློབ་འབྲིང་གི་སློབ་ཚན་རང་སྦྱོང་བྱས་ཏེ་མཇུག་རྫོགས་པར་བྱས།

སྤྱི་ལོ1873ལོར། ཁོང་ཉིད་ཕ་ཡུལ་ནས་གྲོང་ཁྱེར་མོ་སི་ཁོ་རུ་འོངས་ཤིང་། ལོ་གསུམ་གྱི་རིང་ལ་དཔེ་མཛོད་ཁང་ཏག་ཏག་གི་ནང་དུ་འཛུལ་ནས་མཐོ་རིམ་རྩིས་རིག་དང་གནམ་རིག་རིག་པ། དངོས་ཁམས་རིག་པ།འཕྲུལ་ཆས་རིག་པ་ལ་སོགས་པའི་སློབ་ཚན་རང་སྦྱོང་བྱས། ཁོང་གི་འཇིག་རྟེན་བར་སྣང་ཁམས་སུ་འཕུར་སྐྱོད་བྱེད་པའི་སྐོར་གྱི་དགོངས་པ་ནི་ཕལ་ཆེར་དུས་སྐབས་དེའི་རིང་ལ་ཆགས་པ་རེད།

སྤྱི་ལོ1883ལོར།ཆི་ཨོ་ཨར་ཁོ་ཧྥུ་སི་ཅི་ཡིས《རང་དབང་གི་བར་སྣང་ཁམས》ཞེས་པའི་ཆེད་རྩོམ་སྤེལ་ཏེ། བར་སྣང་ཁམས་སུ་འཕུར་སྐྱོད་བྱེད་པ་ལ་ངེས་པར་དུ་རླུང་འབུད་ཀྱི་རྩ་བའི་རིགས་པ་བེད་སྤྱོད་བྱེད་དགོས་ཚུལ་ཐོག་མར་བཏོན། སྤྱི་ལོ1903ལོར། ཁོང་གིས《རླུང་འབུད་ཡོ་བྱད་བེད་སྤྱད་དེ་འཇིག་རྟེན་བར་སྣང་ཁམས་ལ་ཞིབ་འཇུག་བྱེད་པ》ཞེས་པའི་རྩོམ་ཡིག་ནང་དུ་མེ་ཤུགས་འཕུར་མདའ་ལ་བརྟེན་ནས་འཕུར་སྐྱོད་བྱེད་པའི་རིགས་པའི་གཞུང་ལུགས་རྒྱས་བཤད་བྱས་ཤིང་། མེ་ཤུགས་འཕུར་མདའ་དེ་སྐར་མའི་གོ་ལའི་བར་གྱི་འགྲིམ་འགྲུལ་ཡོ་ཆས་སུ་སྤྱོད་ཐུབ་ཚོད་ཀྱི་སྐོར་རྒྱས་པར་བརྗོད་ཐོག ད་རུང་གཤེར་གཟུགས་འབར་རྫས་སུ་སྤྱོད་པའི་མེ་ཤུགས་འཕུར་མདའི་རྩ་བའི་རིགས་པའི་རི་མོ་བྲིས་པ་དང་།རླབས་ཆེ་བའི་ཆི་ཨོ་ཨར་ཁོ་ཧྥུ་སི་ཅིའི་སྤྱི་འགྲོས་བཏོན་པ་རེད། ཁོང་གིས་ད་རུང་གཡོ་སྐར་གཞན་དག་གི་སྟེང་དུ་འཕུར་སྐྱོད་བྱེད་པར་ངེས་པར་དུ་སའི་གོ་ལའི་སྲུང་སྐར་ལྟ་བུའི་བར་གནས་ས་ཚིགས་གསར་འཛུགས་བྱེད་དགོས་ཚུལ་བཏོན། སྤྱི་ལོ1929ལོར། ཁོང་གིས་ཡང་རིམ་པ་མང་བའི་མེ་ཤུགས་འཕུར་མདའི་སྒྲིག་གཞི་བཏོན་ཐོག རིམ་པ་མང་བའི་མེ་ཤུགས་འཕུར་མདའ་བེད་སྤྱད་དེ་སའི་གོ་ལའི་འཐེན་ཤུགས་ལས་ཐར་བར་བྱས་ནས། འཇིག་རྟེན་བར་སྣང་ཁམས་སུ་བགྲོད་པའི་མྱུར་ཚད་ལོན་ཐབས་བྱེད་རྒྱུའི་གྲོས་མགོ་བཏོན་པ་བཅས་ཀྱི་རྒྱུ་མཚན་གྱི་སྟེང་ནས། ཆི་ཨོ་ཨར་ཁོ་ཧྥུ་སི་ཅི་ཁོང་ཉིད་དེང་རབས་མེ་ཤུགས་འཕུར་མདའི་རིགས་པའི་གཞུང་ལུགས་ཀྱི་གསར་གཏོད་མཁན་པོ་རུ་གྱུར། །

【ཟུར་བཀོད།】མཁའ་དབྱིངས་སུ་འགྲོ་སྐྱོད་བྱེད་པའི་སྐོར་གྱི་ལོ་རྒྱུས་གཏམ་ཐུང་།

མཁའ་དབྱིངས་སུ་འགྲོ་སྐྱོད་བྱེད་པ་དེ་ལ། གྲུ་ཤག་ནས་ཕྱིར་བུད་དེ་བྱེད་སྒོ་སྤེལ་བ་ཡང་ཟེར་ཞིང་། དེ་ནི་མི་ཐེག་དབྱིངས་བསྐྱོད་འཕྲུལ་ཆས་ཀྱི་ཕྱི་དང་ཡང་ན་ཟླ་བའི་གོ་ལ་དང་གཡོ་སྐར་སོགས་ནམ་མཁའི་ཁམས་གཞན་དག་གི་སྟེང་ནས་དབྱིངས་བསྐྱོད་པས་ལས་འགན་སྣ་ཚོགས་སྒྲུབ་ཅིང་བསྲིབས་པའི་བརྒྱུད་རིམ་དེ་ལ་ཟེར།

མཁའ་དབྱིངས་སུ་འགྲོ་སྐྱོད་བྱེད་པ་དེ་འདོན་མཁན་སྔ་ཤོས་དེ་ཡང་ཆི་ཨོ་ཨར་ཁོ་ཧྥུ་སི་ཅི་ཡིན་ལ། ཁོང་གིས《མཁའ་དབྱིངས་སུ་འགྲུལ་སྐྱོད་བྱེད་པ》ཞེས་པའི་དཔེ་ཆ་དེའི་ནང་དུ། མཁའ་དབྱིངས་སུ་འགྲོ་སྐྱོད་བྱེད་པ་མངོན་འགྱུར་བྱེད་ཐུབ་ཚུལ་བཏོན་པར་མ་ཟད།ད་རུང་མཁའ་དབྱིངས་སུ་འགྲོ་སྐྱོད་བྱེད་པ་མངོན་འགྱུར་བྱེད་པར་ངེས་པར་དུ་འགྲོ་སྐྱོད་བྱེད་མཁན་ལ་དབྱིངས་བསྐྱོད་གྱོན་ཆས་དང་རླངས་འགག་སྒོ་ཁང་། བདེ་འཇགས་ཐག་པ་བཅས་འདོན་སྤྲོད་བྱེད་དགོས་ཚུལ་བཏོན་པ་རེད།

མཁའ་དབྱིངས་སུ་འགྲོ་སྐྱོད་བྱས་པའི་མི་ཨང་དང་པོ་ནི་སུའུ་ལེན་རྒྱལ་ཁབ་ཀྱི་དབྱིངས་བསྐྱོད་པ་ལེ་ཨང་ནོ་ཧྥུ་རེད། སྤྱི་ལོ1965ལོའི་ཟླ3པའི་ཚེས18ཉིན། ལེ་ཨང་ནོ་ཧྥུ་ཡིས་ལུས་ལ་དབྱིངས་བསྐྱོད་གྱོན་ཆས་དཀར་པོ་མནབ་པ་དང་བདེ་འཇགས་ཐག་པས་ལུས་པོ་བཏགས་ནས་དབྱིངས་བསྐྱོད་འཕྲུལ་ཆས་ནང་ནས་སྨི5.3ཡོད་པ་ཙམ་ཕྱིར་བུད་དེ་ཆུ་ཚོད་སྐར་མ12རིང་འགོར་བ་རེད། དབྱིངས་བསྐྱོད་གྱོན་ཆས་ཆེ་རུ་སྦོས་པའི་རྐྱེན་གྱིས་ཁོང་ཉིད་དབྱིངས་བསྐྱོད་འཕྲུལ་ཆས་ཀྱི་ནང་དུ་ཕྱིར་འཛུལ་དཀའ་བའི་ཉེན་ཁ་ཡང་བྱུང་མྱོང་།

ཟླ་བའི་གོ་ལའི་ཕྱི་ངོས་ཀྱི་མཁའ་དབྱིངས་སུ་འགྲོ་སྐྱོད་བྱས་པའི་མི་ཨང་དང་པོ་ནི་ཨ་མེ་རི་ཁའི་དབྱིངས་བསྐྱོད་པ་ཨ་མུའུ་སི་ཐི་ལང་རེད། སྤྱི་ལོ1969ལོའི་ཟླ7པའི་ཚེས21ཉིན། ཁོང་དང་ཁོང་གི་ལས་གྲོགས“ཨ་ཕོ་ལུའོ”འཕུར་གྲུ་ཨང11པ་དང་བྲལ་ནས། གླག་རྒོད་རྟགས་ཅན་གྱི་ཟླ་བའི་གོ་ལའི་སྟེང་དུ་འབབ་པའི་གྲུ་ཁང་ལ་བསྡད་ནས་ཟླ་བའི་གོ་ལའི་སྟེང་དུ་བབས་ཏེ། ཟླ་བའི་གོ་ལའི་སྟེང་འགྲོ་བ་མིའི་རིགས་ཀྱི་རྐང་རྗེས་ཐོག་དང་པོར་བཞག་པ་རེད།

འདོགས་སྤྱད་ཀྱི་ཐག་པ་གྲོལ་ཏེ་ཐོག་དང་པོར་བར་སྣང་ཁམས་སུ་འགྲོ་སྐྱོད་བགྱིས་པའི་འགྲོ་བ་མི་ནི་ཨ་རིའི་དབྱིངས་བསྐྱོད་པ་མའེ་ཁན་ཏི་ལི་སི་རེད། སྤྱི་ལོ1984ལོའི་ཟླ2པའི་ཚེས7ཉིན། ཁོང་དང་ཁོང་གི་ལས་གྲོགས་སི་ཐུའུ་ཨར་ཐི་གཉིས་ཀ“འགྲན་སློང་མཁན”རྟགས་ཅན་གྱི་འཕུར་གྲུའི་སྟེང་ནས་ཕྱིར་འཕུར་འོངས་ཏེ། ལུས་སྟེང་ནས་རང་ཉིད་འདོགས་སྤྱད་ཀྱི་ཐག་པ་གྲོལ་ནས་མཁའ་དབྱིངས་སུ་སྨི170ལ་འགྲོ་སྐྱོད་བྱེད་ཐུབ་སོང་།

མཁའ་དབྱིངས་སུ་འགྲོ་སྐྱོད་རྐྱང་མ་བྱས་ཡུན་རིང་ཤོས་ཀྱི་མི་ནི་ཨ་རིའི་དབྱིངས་བསྐྱོད་པ་ཝོ་སི་དང་ཧིར་མུའུ་སི་རེད། སྤྱི་ལོ 2001ལོའི་ཟླ3པའི་ཚེས11ཉིན་ཁོ་ཚོ“གསར་རྙེད”རྟགས་ཅན་གྱི་དབྱིངས་བསྐྱོད་གནམ་གྲུའི་སྟེང་ནས་ཕྱིར་བུད་དེ་བྱེད་སྒོ་སྤེལ་ཞིང་། ཆུ་ཚོད8དང་སྐར་མ56གི་རིང་ལ་མཁའ་དབྱིངས་སུ་འགྲོ་སྐྱོད་བགྱིས་པའི་ཟིན་ཐོ་བསྐྲུན།

སྤྱི་ལོ2003ལོར།“ལྷ་གྲུ”ཨང5པས་ཀྲུང་གོའི་དབྱིངས་བསྐྱོད་པ་དང་པོ་དབྱང་ལི་ཝེ་སའི་གོ་ལའི་འཁོར་ལམ་དུ་བསྐྱལ། སྤྱི་ལོ2005ལོར“ལྷ་གྲུ”ཨང6པས་ཀྱང་ཀྲུང་གོའི་དབྱིངས་བསྐྱོད་པ་ཧྥེ་ཅུན་ལུང་དང་ཉེ་ཧའེ་ཧྲིན་གཉིས་ཀ་ཁྱེར་ནས་བར་སྣང་ཁམས་སུ་ཉིན5ལ་དབྱིངས་བསྐྱོད་བྱས། སྤྱི་ལོ2008ལོར་ཀྲའེ་ཀྲི་ཀང་གིས་ཀྲུང་གོའི་དབྱིངས་བསྐྱོད་པ་ལོ་རྒྱུས་སྟེང་དུ་ཐོག་དང་པོར་མཁའ་དབྱིངས་སུ་འགྲོ་སྐྱོད་བྱེད་པ་མངོན་འགྱུར་བྱས། སྤྱི་ལོ2011ལོར།“ལྷ་གྲུ”ཨང8པ་དང“ལྷའི་ཕོ་བྲང་ཨང་དང་པོས”སྣོལ་འཕུར་སྣེ་མཐུད་བྱེད་པ་མངོན་འགྱུར་བྱས། སྤྱི་ལོ2012ལོའི་ཚེས16ཉིན“ལྷ་གྲུ”ཨང9པའི་སྟེང་དུ་དབྱིངས་བསྐྱོད་པ་ཅིན་ཧའེ་ཕིན་དང་ལིའུ་དབྱང་།ལིའུ་ཝང་བཅས་བསྡད་ནས“ལྷའི་ཕོ་བྲང་ཨང་དང་པོ”དང་འཁོར་ལམ་སྟེང་ནས་ཐེངས་གཉིས་ལ་སྣེ་མཐུད་བྱེད་པ་ལེགས་འགྲུབ་བྱུང་། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།