ཞིང་ལས་དར་རྒྱས་བཏང་། ཞིང་པར་འབབ་འཕར་བྱུང་།

—— ལྷོ་ཁ་གྲོང་ཁྱེར་གྱི་ཞིང་ལས་དང་གྲོང་གསེབ་ལས་དོན་སྐོར་རགས་ཙམ་གླེང་བ།

ཉེ་བའི་ལོ་ཤས་རིང་། ལྷོ་ཁ་གྲོང་ཁྱེར་གྱིས་གྲོང་གསེབ་དར་རྒྱས་གཏོང་བ་དམ་འཛིན་བྱ་གཞིར་འཛིན་པ་དང་། ཞིང་འབྲོག་ལས་ཀྱི་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་གཙོ་རྐང་དུ་བྱེད་པ། གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་བཅོས་སྒྲིག་དང་། ཞིང་འབྲོག་ལས་ཀྱི་ཕན་འབྲས་ཆེ་རུ་གཏོང་བ། ཞིང་འབྲོག་པར་འབབ་འཕར་ཡོང་བ་བཅས་དམིགས་ཚད་དུ་བཟུང་སྟེ་ཞིང་ལས་དང་གྲོང་གསེབ་ཀྱི་ལས་དོན་ལ་དམ་འཛིན་ལྷོད་མེད་བྱས་པས། ཞིང་ལས་དང་གྲོང་གསེབ་དཔལ་འབྱོར་གྱི་འཕེལ་ཤུགས་ཟམ་མི་ཆད་པར་ཆེ་རུ་ཕྱིན་ཞིང་། ཞིང་འབྲོག་མང་ཚོགས་ཀྱི་ཐོབ་ཚོར་དང་བདེ་སྐྱིད་ཚོར་སེམས་ཟམ་མི་ཆད་པར་ཟབ་ཏུ་ཕྱིན་པ་རེད།

ཐོན་ལས་སྟོབས་ཆེར་བཏང་བས་ཞིང་པ་ཕྱུག་པོ་ཆགས་པ།

ལྷུན་རྩེ་རྫོང་མཚེ་སྨད་གྲོང་ཚོའི་ཨོ་ལོ་ཁྱད་ལྡན་ཐོན་རྫས་ཕྱོགས་བསྡུས་བྲིན་ཚོང་ཚད་ཡོད་ཀུང་སི་ནི་ལྷོ་ཁ་གྲོང་ཁྱེར་གྱིས་ཉེ་བའི་ལོ་ཤས་རིང་འཕེལ་རྒྱས་བཏང་བའི་ཁྱད་ལྡན་ཐོན་ལས་ཤིག་ཡིན་ཞིང་། ཀུང་སི་དེའི་ལས་མི་ཡེ་ཤེས་མཁའ་འགྲོས་གསར་འགོད་པར། ཀུང་སིས་གཙོ་བོ་ནས་ནག་རྩམ་པ་དང་། རྩམ་པ་དཀར་མོ། སྲན་ཞིབ། དམར་ལྡུར་སོགས་ཁྱད་ལྡན་ཐོན་རྫས་ཐོན་སྐྱེད་བྱེད་པ་མ་ཟད། མཉམ་ལས་ཁང་གཞན་དག་གི་ཁྱད་ལྡན་ཐོན་རྫས་ཀྱང་ཚོང་རོགས་བྱེད་ཀྱི་ཡོད། མིག་སྔར་རིམ་རྩིས་བྱས་ན་ཀུང་སིར་བྲིན་ཚོང་བསྡོམས་འབོར་སྒོར་ཁྲི་158.96དང་ཁེ་སྤོགས་གཙང་མ་སྒོར་ཁྲི་79ཙམ་བྱུང་ཡོད་ཅེས་བརྗོད།

ཐོན་ལས་དབུལ་སྐྱོར་ལ་དམ་འཛིན་བྱ་རྒྱུ་ནི་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པའི་འགག་རྩ་རེད་ལ། གྲོང་གསེབ་དར་རྒྱས་མངོན་འགྱུར་བྱེད་པའི་འགག་གནད་ཀྱང་རེད།

ན་ནིང་ལྷོ་ཁ་གྲོང་ཁྱེར་གྱིས་ཞིང་ལས་དང་གྲོང་གསེབ་ཁྱབ་ཁོངས་ཀྱི་རྣམ་གྲངས་179ལག་བསྟར་བྱས་པར་ཁྱོན་མ་དངུལ་སྒོར་དུང་ཕྱུར་33.6བཏང་སྟེ་གོང་དཀར་རྫོང་གི་མུའུ་ཁྲི་ཡི་ནས་འདེབས་འཛུགས་རྟེན་གཞི་དང་། ལྷུན་རྩེ་རྫོང་གི་མུའུ་ཁྲི་ཡི་ནས་ནག་འདེབས་འཛུགས་རྟེན་གཞི། རྒྱ་ཚ་རྫོང་གི་མུའུ་ཁྲི་ཡི་དཔལ་འབྱོར་ཤིང་འབྲས་འདེབས་འཛུགས་རྟེན་གཞི། ལྷུན་རྩེ་རྫོང་གི་བོད་ཕག་བརྒྱ་ཡི་གསོ་ཚགས་རྟེན་གཞི་བཅས་བསྐྲུན་རྒྱུར་སྐུལ་འདེད་ཧུར་ཐག་བཏང་བ་རེད། མིག་སྔར་རྟེན་གཞི་དེ་དག་ས་གནས་དེ་གའི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་ཞིང་འབྲོག་མང་ཚོགས་འབབ་འཕར་ཕྱུག་འགྱུར་ཡོང་བར་སྣེ་ཁྲིད་བྱེད་པའི་སྒུལ་ཤུགས་གལ་ཆེན་ཞིག་ལ་གྱུར་ཡོད་པ་རེད།

“བཙོག་ཟིང་ཞན་གསུམ”གྱི་རྣམ་པ་བསྒྱུར་བས་གྲོང་གསེབ་ཀྱི་རྣམ་པ་གསར་རྐྱང་དུ་གྱུར་པ།

གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་བཅོས་སྒྲིག་བྱས་ཚུན། རྒྱ་ཚ་རྫོང་གླིང་མདའ་ཤང་སྐུ་ཁམས་གྲོང་ཚོར་འགྱུར་ལྡོག་ཆེན་པོ་བྱུང་བ་རེད།

སྐུ་ཁམས་གྲོང་ཚོའི་འགྱུར་ལྡོག་ནི་ལྷོ་ཁ་གྲོང་ཁྱེར་གྱི་གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་ལ་འགྱུར་ལྡོག་ཆེན་པོ་ཕྱིན་པའི་དཔེ་མཚོན་ཞིག་ཡིན་ཞིང་། ན་ནིང་གི་ཚུན་དུ་ལྷོ་ཁ་གྲོང་ཁྱེར་གྱིས་ཞིང་འབྲོག་མང་ཚོགས་ཀྱིས་དོ་སྣང་ཆེ་ཤོས་བྱེད་པ་དང་། མང་ཚོགས་དང་ཐད་ཀར་འབྲེལ་བ་ཆེ་ཤོས་ཡོད་པ། མང་ཚོགས་ལ་འཕྲལ་མཁོ་ཆེ་ཤོས་ཡིན་པ་བཅས་ཀྱི་སྡོད་མལ་ཁོར་ཡུག་ཐད་ཀྱི་མངོན་གསལ་དོད་པའི་གནད་དོན་ནས་འགོ་བཙུགས་ཏེ《གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་གི་ལོ་གསུམ་བྱ་སྤྱོད་ཀྱི་གཙོ་གནད་ལས་དོན་དང་ལས་འགན་ཁག་བགོས་ཀྱི་ཇུས་གཞི》དང《2019ལོའི་གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་བཅོས་སྒྲིག་ལས་དོན་གྱི་གཙོ་གནད》སོཌ་མཛུབ་ཁྲིད་རང་བཞིན་གྱི་ཡིག་ཆའི་འཆར་ཟིན་བཟོས་ཤིང་། མང་ཚོགས་སྒྲིག་འཛུགས་བྱས་ཏེ་དཔྱིད་ཀ་དང་། དབྱར་ཁ། སྟོན་ཁ་བཅས་ལ་གྲོང་ཚོར་གཙང་སྦྲའི་བྱེད་སྒོ་སྤེལ་བ་བརྒྱུད་གྲོང་གསེབ་ཀྱི་འཚོ་བའི་གད་སྙིགས་ཏུན་26639གཙང་སེལ་དང་། ཞིང་འབྲོག་པ་མང་ཚོགས་མི་ཐེངས་265866ཞུགས་པ། དྲིལ་བསྒྲགས་དཔྱད་ཡིག་52940སྤྲད་པ། དྲིལ་བསྒྲགས་སྦྱར་ཡིག་6468སྦྱར་བ་རེད།

གཞན་ཡང་ལྷོ་ཁ་གྲོང་ཁྱེར་གྱིས“གསང་སྤྱོད་གསར་བརྗེར”སྐུལ་འདེད་ཧུར་ཐག་བཏང་སྟེ“གྲོང་ཚོ་རེ་ལ་ཡིག་ཚགས་རེ་ཡོད་པ་དང་དུད་ཚང་རེ་ལ་གཱ་རེ་ཡོད་པའི”བླང་བྱ་གཞིར་བཟུང་ཁྱིམ་ཚང་གསང་སྤྱོད་22184བསྐྲུན་ཡོད།

ཞིང་ལས་ལག་རྩལ་གྱི་ཞབས་ཞུར་ཤུགས་སྣོན་བརྒྱབ་པས་ཞིང་ལས་འཕེལ་རྒྱས་ལ་རམ་འདེགས་ཐུབ་པ།

ན་ནིང་ལྷོ་ཁ་གྲོང་ཁྱེར་གྱིས་ཁྱོན་བསྡོམས་ཚན་རྩལ་ཞབས་ཞུའི་ལག་རྩལ་པ་19འདེམས་གཏོང་བྱས་ཤིང་། འབྲུ་རིགས་ཐོན་སྐྱེད་གཙོ་བོའི་རྫོང་6ལ་བརྟེན་ནས་ས་བབ་མཐོ་ཞིང་གྲང་ངར་ཆེ་བའི་རྫོང་6ལ་རྩལ་ནུས་མཛུབ་ཁྲིད་ཀྱི་ཞབས་ཞུའི་ལས་དོན་སྤེལ་བར་སྣེ་ཁྲིད་བྱས་པ་དང་། ལྗང་མདོག་དང་སྤུས་ཚད་མཐོ་བ་དང་ཕན་འབྲས་ཆེ་བའི་ལས་འགན་ལག་བསྟར་བྱ་རྒྱུ་དང་ཟུང་འབྲེལ་གྱིས་རྣམ་གྲངས་ལག་བསྟར་བྱ་ཡུལ་གྱི་རྫོང་ཆུས་6གི་རྒྱ་ཁྱོན་མུའུ་ཁྲི་28ཡི་སར་ས་དཔྱད་རྫས་སྦྱོར་ལུད་རྒྱག་ལག་རྩལ་ཁྱབ་གདལ་བཏང་ཡོད། གཞན་ཡང་ཚན་རྩལ་རིགས་གཅིག་མཁས་ཅན་སྒྲིག་འཛུགས་བྱས་ནས་གྲོང་ཁྱེར་ཡོངས་ཀྱི་ཚན་རྩལ་ཞབས་ཞུའི་ལག་རྩལ་པ་དང་ཞིང་འབྲོག་མང་ཚོགས་ཚོར་གསོ་སྦྱོང་དང་དྲིལ་བསྒྲགས་སྣ་ཚོགས་ཐེངས་110བྱས་པར་མི་ཐེངས་12800ཙམ་ཞུགས་ཡོད།

གཞན་ཡང་ཞིང་འབྲོག་མང་ཚོགས་ལ་འབབ་འཕར་ཡོང་བར་སྐུལ་འདེད་གཏོང་ཆེད། རྣམ་གྲངས་ཀྱི་མ་དངུལ་ཞིང་འབྲོག་ཁུལ་དུ་ཕྱོགས་ནས་དོན་འཁྱོལ་བྱས་པ་བརྒྱུད་མང་ཚོགས་ཚོ་རྣམ་གྲངས་འཛུགས་སྐྲུན་ནང་ཞུགས་རྒྱུར་ཁྲིད་སྟོན་དང་། ལས་སྒྲུབ་མཉམ་འབྲེལ་རུ་ཁག་འཛུགས་པ། འབབ་འཕར་གྱི་ཐབས་ལམ་ཡངས་སུ་གཏོང་བ། ཁྱད་ལྡན་འདེབས་འཛུགས་དང་གསོ་ཚགས་ལས་རིགས། དེ་བཞིན་ལས་སྣོན་ལས་རིགས་བཅས་འཕེལ་རྒྱས་བཏང་སྟེ་མང་ཚོགས་ཀྱི་ཡོང་འབབ་མང་དུ་བཏང་ཞིང་། ས་ཞིང་ལམ་ལུགས་སྒྱུར་བཅོས་བྱེད་མགྱོགས་སུ་བཏང་སྟེ་ས་ཞིང་དང་རྩྭ་ཐང་བརྒྱུད་བཤུག་གཏོང་རྒྱུར་སྐུལ་འདེད་བཏང་བ་དང་། དམངས་ཕན་ཁ་གསབ་རོགས་དངུལ་སོགས་ཀྱི་སྲིད་ཇུས་དང་བྱེད་ཐབས་དུས་ཐོག་ཏུ་དོན་འཁྱོལ་བྱས་ནས་ཞིང་འབྲོག་པར་འབབ་འཕར་ཡོང་བར་སྐུལ་འདེད་ནུས་ལྡན་བཏང་ཡོད། བསྡོམས་རྩིས་བྱས་པར་གཞིགས་ན། ན་ནིང་ལྷོ་ཁ་གྲོང་ཁྱེར་གྱི་ཞིང་འབྲོག་པ་མི་རེར་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྔོན་རྩིས་བྱས་ན་སྒོར་14122བྱུང་སྟེ་སྒོར་1625འཕར་བ་དང་འཕར་ཚད་13%ཟིན་ཡོད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།