ཀྲུང་གོ་བོད་ཀྱི་དྲ་བ།

སྐད་ཡིག་དང་ཚན་རིག་ལག་རྩལ་བྱུང་ཚུལ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2019-09-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

སྐད་ཡིག་གི་བྱུང་བ་དང་ཚན་རྩལ་གྱི་མྱུ་གུ་འབུས་པ་ནི་མིའི་རིགས་ཀྱི་ཐོན་སྐྱེད་ནུས་ཤུགས་དང་དངོས་པོའི་ལོངས་སྤྱོད་དར་རྒྱས་སུ་ཕྱིན་པའི་འབྲས་བུ་རེད། སྐད་ཆ་ནི་ཕན་ཚུན་གོ་བརྡ་སྤྲོད་བྱེད་དང་། བསམ་བློ་བརྗེ་རེས་ཀྱི་ལག་ཆ་ལྟ་བུ་ཡིན་ལ། ཡུལ་གྲུ་མི་གཅིག་པའི་དབང་གིས་སྐད་ཆ་ལ་ཡང་མ་ལག་དང་ཡན་ལག་དང་ཉིང་ལག་གི་ཁྱད་པར་ཤོར་ཡོད། སྐད་ཆ་བྱུང་བའི་རྗེས་སུ། དྲན་པ་ཡུན་གནས་དང་བསམ་བློ་ཐོ་འགོད་བྱེད་པའི་ཡི་གེ་དར་བས་ན། ཡུལ་དུས་ཀྱི་བཀག་རྒྱ་བསལ་ཐུབ་པ་བྱུང་། གདོད་མའི་ཚན་རྩལ་གྱི་མྱུ་གུ་འབུས་པ་དང་གཞུང་རྟ་ཐོག་མར་རྒྱས་པ་དེས། མིའི་རིགས་ཀྱི་འཚོ་བའི་ཆ་རྐྱེན་ཇེ་ལེགས་སུ་ཕྱིན་ཅིང་། གདོད་མའི་དུས་ཀྱི་དངོས་པོའི་དཔལ་ཡོན་བསྐྲུན།

སྐད་ཆའི་བྱུང་བ་དང་མ་ལག

ལོ་རྒྱུས་འཕེལ་རྒྱས་ཀྱི་བརྒྱུད་རིམ་རིང་མོའི་ཁྲོད་དུ། མིའི་རིགས་ཀྱིས་རང་བྱུང་ཁམས་དང་གཅན་གཟན་སོགས་ཀྱི་འཇིགས་པ་བཟློག་ཆེད་དུ་སྐོར་དང་སྐོར་བྱས་ནས་འཚོ་བ་རོལ། ངལ་རྩོལ་དང་སྤྱི་ཚོགས་ཀྱི་ལག་ལེན་རབས་དང་རིམ་པ་བརྒྱུད། མིའི་རིགས་ཀྱི་དབང་ཤེས་ཇེ་གསལ་ནས་ཇེ་གསལ་དུ་གྱུར་པ་དང་བསམ་གཞིག་གཏོང་བའི་ནུས་པའང་མཐོར་འདེགས་སུ་ཕྱིན་ཅིང་། དུས་རྒྱུན་འཚོ་བའི་ཁྲོད་དུ་རིམ་གྱིས་ཕན་ཚུན་གོ་བརྡ་སྤྲོད་པ་དང་ཉམས་མྱོང་བརྗེ་རེས་བྱེད་ཐུབ་པ་བྱུང་། དང་ཐོག་ལག་པའི་བརྡ་ལ་བརྟེན་ནས་བརྩེ་དུངས་མཚོན་པ་དང་། དགའ་སྐྱོ་ཆགས་སྡང་སོགས་ཡིད་ཀྱི་འགྱུར་བ་ཅི་རིགས་ལུས་ཀྱི་ཉམས་དང་བསྟུན་ནས་སྐད་སྒྲའང་འབྱིན་པར་བྱེད། དེར་མ་ཟད། རང་བྱུང་ཁམས་དང་སྲོག་ཆགས་སོགས་མ་ཟིན་པའི་སྒྲ་ལ་ལད་མོ་བྱས་ཏེ་གདོད་མའི་སྐད་ཆ་ཐོག་མར་བྱུང་སྐད། གདོད་མའི་སྐད་ཆ་ལ་བྱེ་བྲག་གི་ཁྱད་ཆོས་རེ་གཉིས་མཆིས་ཏེ།དངོས་པོ་བྱེ་བྲག་པའི་བརྡ་དང་ཐ་སྙད་ཕུན་སུམ་ཚོགས་པ་ཞིག་ཡོད་ནའང་། དོན་ཡོངས་སུ་སྟོན་པའི་བརྗོད་པ་ད་དུང་གྲུབ་མེད། ཁྱད་ཆོས་གཞན་ཞིག་ནི་སྐད་ཆ་རེ་ལ་མིང་ཚིག་མང་པོ་མེད་པ་དེ་རེད། སྔ་དུས་སུ་མིའི་རིགས་ཀྱི་སྐད་ཆ་དང་བསམ་གཞིག་གི་ནུས་པ་ནི་གཅིག་ལ་གཅིག་བརྟེན་གྱིས་བྱུང་བར་མངོན་ཏེ། གླུ་ལེན་པ་དང་བྲོ་འཁྲབ་པ་སོགས་ཀྱི་འདུ་འགོད་རྒྱས་དུས་ཕན་ཚུན་གོ་བརྡ་སྤྲོད་པ་ཇེ་མང་དུ་གྱུར་ཅིང་། དེས་མིའི་རིགས་ཀྱི་བློ་རིག་དང་བསམ་གཞིག་གི་ནུས་པ་ཇེ་མཐོར་བཏང་བ་རེད་ལ། ད་གཟོད་སྐད་ཆའི་ཁྲོད་དུ་སྔ་ཕྱི་འབྲེལ་བ་ཆགས་པའི་ཚིག་ཚོགས་འགྲུབ་པའི་ཆ་རྐྱེན་བསྐྲུན།

ཧ་ལམ་རིགས་རྒྱུད་ཆགས་པའི་དུས་མཚུངས་སུ། སྐད་ཆའི་མ་ལག་ཀྱང་གྲུབ་པར་མངོན། དང་པོ་སྐད་ཆ་བྱུང་དུས་ནས་བཟུང་སྟེ་ཚོགས་པ་སོ་སོའི་བར་ཁྱད་པར་ཧ་ཅང་ཆེ་ནའང་། ས་ཁོངས་གཅིག་པ་དང་ཡང་ན་ཉེ་འབྲེལ་དུ་ཆགས་པའི་མི་རྣམས་འཚོ་བའི་གོམས་སྲོལ་སོགས་ཕན་ཚུན་གཅིག་མཚུངས་སམ་ཉེ་བའི་དབང་གིས། བརྗོད་བྱའི་དོན་སྟོན་ཐབས་རིམ་གྱིས་ཇེ་ཉེར་གྱུར་པ་དང་། ངག་གི་འབྱིན་ལུགས་ཀྱང་ཕལ་ཆེར་ཕྱོགས་གཅིག་ཏུ་སོང་སྟེ།མི་རབས་ནས་རབས་བརྒྱུད་མཐར་སྐད་ཁོངས་གཅིག་གམ་མ་ལག་གཅིག་ཏུ་གྲུབ་པ་རེད། དེ་བཞིན་དུ། སྐད་ཁོངས་ཞེས་པའི་མ་ལག་གཅིག་ལའང་སྐད་རྒྱུད་དང་སྐད་རིགས་དང་སྐད་ཆ་ཞེས་ཡན་ལག་ཉིང་ལག་གི་ཁྱད་པར་བྱུང་། འཛམ་གླིང་གི་སྐད་བརྡ་མ་ལུས་སྐད་ཁོངས་ཁ་ཤས་སུ་བསྡུ་ཆོག་སྟེ། གཙོ་ཆེ་བ་སྣ་ཁ་བཅུ་རུ་བགྲངས་པའང་ཡོད་མོད་གཅིག་ཏུ་མ་ངེས། ང་ཚོས་ཤེས་དགོས་པ་ཞིག་ལ། རྒྱ་བོད་སྐད་ཁོངས་ནི་དེའི་གྲས་ཀྱི་མ་ལག་གཅིག་ཡིན་པ་དང་། དེ་ལའང་ནང་གསེས་ཀྱི་དབྱེ་བ་མང་དུ་ཡོད།

གདོད་མའི་ཡི་གེའི་བྱུང་བ་དང་རྣམ་པ།

སྐད་ཆ་བཤད་ཤེས་པ་ཙམ་གྱིས་གདོད་མའི་མིའི་རིགས་ཀྱི་དགོས་མཁོ་ཡོངས་སུ་སྐོང་མི་ཐུབ་ཅིང་། དེ་དག་མི་བརྗེད་པའི་གཟུངས་སུ་འགོད་པ་དང་ཡུལ་དུས་བརྒལ་ནས་ཡུན་རིང་གནས་པར་བྱ་ཆེད་དང་། ཕན་ཚུན་འབྲེལ་ལམ་འཛུགས་པའི་ལག་ཆ་ཞིག་བསྐྲུན་པའི་ཆེད་དུ་ཡི་གེ་གསར་བཟོ་བྱེད་མགོ་བརྩམས། ཡི་གེའི་བྱུང་བ་ནི་དང་པོ་མྱུ་གུ་འབུས་པ་དང་བར་དུ་འཕེལ་རྒྱས་སུ་ཕྱིན་པ་དང་། མཐའ་མར་འཐུས་ཚང་དུ་གྱུར་པའི་གོ་རིམ་གསུམ་བརྒྱུད་པ་རེད། དང་པོ་མི་རྣམས་དངོས་པོའམ་ཅ་ལག་སྣ་ཚོགས་ཀྱི་གཟུགས་རིས་ལ་བརྟེན་ནས་འཚོ་བའི་གོ་རིམ་བྱེ་བྲག་ཟིན་བྲིས་སུ་བཏབ་པ་དང་། མ་རྒྱུད་རིགས་རྒྱུད་ཀྱི་དུས་སྐབས་སུ་སླེབས་པ་ན། རི་མོ་སྣ་ཚོགས་ལག་ཆར་བྱས་ཏེ་དོན་དངོས་རེག་ཟིག་ཏུ་འདེབས་པའམ་བསམ་བློ་གང་རུང་མཚོན་པར་བྱས། དེ་ནས་གདོད་མའི་སྤྱི་ཚོགས་ཀྱི་དུས་མཇུག་ཏུ་བསླེབས་པའི་ཚེ། དངོས་པོའི་སྣང་བརྙན་གྱི་བརྡ་རྟགས་ལ་བརྟེན་ནས་བསམ་དོན་གང་རུང་མཚོན་པའི་ཡི་གེ་རང་མཚན་པ་བྱུང་བ་རེད།

དེ་ཡང་གསལ་པོར་བཤད་ན། དང་པོ་ནི་རྟགས་བརྐོ་བའམ་ཐག་མདུད་རྒྱག་པ་དང་། བར་དུ་ནི་རི་མོའི་ཡི་གེ་དང་། མཐའ་མར་འདྲ་གཟུགས་ཡི་གེ་བྱུང་བ་སྟེ། རྟགས་བརྐོ་བའི་རྒྱུ་ཆ་གཙོ་བོ་ནི་རྡོ་དང་རུས་པ་དང་ཤིང་དང་སྨྱུག་མ་སོགས་ཡིན་ལ། རྟགས་བཏབ་པའི་ཚེག་གནས་དང་ཐག་རིས་ལ་བརྟེན་ནས་དོན་ངེས་པར་བྱེད་པ་རེད། ཐག་མདུད་རྒྱག་པ་ནི་ཐག་པ་དང་མདུད་པའི་གྲངས་ཀ་དང་ཆེ་ཆུང་དང་ཁ་དོག་དང་མདུད་མཚམས་ཀྱི་བར་ཐག་སོགས་ལ་བརྟེན་ནས་དོན་ངེས་པར་བྱེད་པ་ཞིག་རེད། རི་མོའི་ཡི་གེ་ནི་དཔེར་ན་མི་དང་ལྗོན་ཤིང་དང་མདའ་མདུང་སྲོག་ཆགས་སྣ་ཚོགས་ཏེ། མང་ཆེ་བ་སྡོང་ཤུན་དང་རྡོ་དང་རུས་པ་དང་རྫ་ཆས་དང་ཀོ་ལྤགས་ཀྱི་སྟེང་དུ་བྲིས་ཡོད། རི་མོའི་ཡི་གེའི་སྟེང་ནས་ད་གཟོད་འདྲ་གཟུགས་ཡི་གེ་བྱུང་བ་རེད། གོང་གི་ཡིག་རིགས་དེ་གསུམ་ལ་སོ་སོའི་ཁྱད་ཆོས་ཡོད་དེ། རྟགས་བརྐོ་བའམ་ཐག་མདུད་རྒྱག་པ་དེ་ནི་གྲངས་ཀ་མཚོན་པ་ཙམ་ལས་དངོས་པོའི་ཁྱད་ཆོས་དང་ངོ་བོ་སྟོན་མི་ནུས། རི་མོའི་ཡི་གེ་ནི་བརྗོད་འདོད་ཀྱི་ནང་དོན་ཙམ་ལས་སྐད་ཆའི་རྣམ་པ་ཇི་ལྟ་བུ་ཡིན་པ་མཚོན་མི་ནུས་ལ་བརྗོད་དོན་རྒྱ་ཆེ་བའང་སྟོན་མི་ཐུབ་མོད། འོན་ཀྱང་གསོན་ཉམས་ལྡན་ཞིང་གོ་སླ་བ་ཞིག་ཏུ་སྣང་། འདྲ་གཟུགས་ཡི་གེ་ནི་གཙོ་ཆེ་བ་བརྡ་རྟགས་ཡིན་ཏེ། བརྡ་རྟགས་ཀྱིས་ནང་དོན་ངེས་ཅན་ཞིག་གཏན་ལ་ཕབ་ཡོད་དོ། ། འདྲ་གཟུགས་ཡི་གེ་དེ་ཕྱིས་སུ་དོན་མཚོན་ཡི་གེར་འཕེལ་འགྱུར་བྱུང་བ་རེད།

དེས་ན་འཛམ་བུ་གླིང་འདིར་འདྲ་གཟུགས་ཡི་གེ་དང་དོན་མཚོན་ཡི་གེ་དང་སྒྲ་སྦྱོར་ཡི་གེ་སྟེ་རིགས་ཆེན་པོ་གསུམ་དུ་ཕྱེ་ཞིང་། རང་རེའི་བོད་ཡིག་ནི་སྤྱིར་བཏང་དུ་སྒྲ་སྦྱོར་ཡི་གེའི་གྲངས་བགྲང་བའོ། །

གདོད་མའི་ཚན་རྩལ་ཇི་ལྟར་དར་ཚུལ།

བཟའ་ཆས་འཐུ་སྒྲུག་དང་རྔོན་རྒྱག་པའི་གོ་རིམ་ཁྲོད་དུ། གདོད་མའི་མིའི་རིགས་ཀྱིས་ལྕགས་ཀྱུ་དང་མདའ་མདུང་དང་སྟ་གྲི་སོགས་ལས་ཀའི་ཡོ་བྱད་བཟོས་པ་རེད། དེ་ནས་ཀྱང་བྱ་ཕོ་དང་ཕག་དང་ནོར་དང་ལུག་སོགས་ཆེས་ཐོག་མར་གཡུང་དུ་ཕབ་ཅིང་སྒོ་ཟོག་ཏུ་བཀུག་སྟེ་བཟའ་ཆས་ཀྱི་ཁ་སྣོན་མཛད། ཁོར་ཡུག་གི་འགྱུར་ལྡོག་དང་རྔོན་ལས་ཇེ་མང་དུ་ཕྱིན་པ་དང་བསྟུན་ནས། མིའི་རིགས་ཀྱིས་ཟོར་བ་གསར་དུ་བཟོས་ཏེ་རི་སྐྱེས་ཀྱི་གྲོ་དང་ཁྲེ་དང་མ་རྨོས་ལོ་ཏོག་གི་འབྲས་བུ་བསྡུས། དེ་དང་ཆབས་ཅིག་ཏུ། རྩི་ཤིང་སྐྱེ་འཕེལ་གྱི་དུས་ཚིགས་དང་ཆོས་ཉིད་རྟོགས་པར་གྱུར་ཏེ་འདེབས་འཛུགས་ཀྱི་ལག་རྩལ་ཡང་དར། གདོད་མའི་ཞིང་ལས་དང་ཕྱུགས་ལས་ཐོག་མར་དར་དུས་སུ་དེ་སྔའི་རྔོན་ལས་སོགས་དང་ཁྱད་པར་མཐའ་གཅིག་ཏུ་བྱུང་མེད་དེ། གཅིག་ཁ་གཅིག་གསུབ་ཀྱི་ཚུལ་དུ་མིའི་རིགས་ཀྱི་བཟའ་ཆས་ཁག་ཐེག་བྱས་ཤིང་། ཞིང་ཕྱུགས་ལས་ཀྱི་ལག་རྩལ་བྱུང་བ་དེས་མིའི་རིགས་འཕེལ་རྒྱས་ཀྱི་གོམ་ཁ་སྔར་བས་ཇེ་མགྱོགས་སུ་བཏང་།

གདོད་མའི་མིའི་རིགས་ཀྱི་འཚོ་བ་ཇེ་ལེགས་སུ་སོང་བ་དང་བསྟུན་ནས། སྡོད་ཁང་དང་ཁྱིམ་སྤྱོད་ཅ་ལག་དང་འཚོ་བའི་ཡོ་བྱད་སོགས་ལོངས་སུ་སྤྱད་པ་རེད། དེ་ནས་རིམ་བཞིན་འཐག་སླེ་དང་རྫ་ཆས་བཟོ་བའི་ལག་རྩལ་དར་ཏེ་མིའི་རིགས་ཀྱི་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་བཏང་ཡོད་ལ།བཟའ་བཏུང་གཡོས་སྦྱོར་གྱི་ཆེད་དུ་རྫ་ཆས་བཟོས་པ་དང་། འཐག་སླེ་བྱས་པའི་སླེ་བོ་སོགས་དངོས་པོ་ནི་ཡར་མར་ལ་འཁྱེར་བདེ་བར་བརྟེན། བལ་དང་སློ་མ་དང་སྲིང་བལ་གྱི་འཐག་རྫས་ཀྱང་རིམ་གྱིས་བྱུང་། དང་པོ་རང་བྱུང་དུ་འབར་བའི་མེ་བེད་སྤྱོད་བྱས་ཤིང་། རྗེས་སུ་མེ་ཁ་ཇི་ལྟར་གསོ་བ་ཤེས་ཏེ། རྔོན་པ་རྒྱག་པའི་དུས་སུ་གཅན་གཟན་གྱི་གནོད་འཚེ་བཟློག་ཅིང་བཟའ་ཆས་ཟ་བསྲེགས་བརྒྱབ། ཞིང་ལས་དུས་སྐབས་སུ། ཁང་པའི་སྨག་མུན་སེལ་བ་དང་དྲོད་ལེན་པ། བཟའ་བཏུང་གཡོས་སྦྱོར་བྱེད་པ། ས་རྒོད་མེར་བསྲེགས་ནས་ཞིང་དུ་རྨོས་པ་སོགས་ཀྱི་བྱེད་ནུས་ཐོན་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།