ཀྲུང་གོ་བོད་ཀྱི་དྲ་བ།

རྩི་ཤིང་གི་ཞིང་ཁམས།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2018-11-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

རྩི་ཤིང་ལ་ཉི་འོད་དགོས་པའི་རྒྱུ་མཚན་ཅི།

རྫ་བུམ་གཉིས་ཀྱི་ནང་ལ་མང་ཉུང་འདྲ་བའི་སྲན་མ་བཏབ་རྗེས། རྫ་བུམ་གཅིག་ཉི་འོད་ཕོག་སར་བཞག་པ་དང་། ཅིག་ཤོས་སྒམ་ནང་དུ་བཞག་ནས་ཉི་འོད་ཕོག་ཏུ་མ་བཅུག་ཚེ། ཉི་འོད་མ་ཕོག་པའི་རྫ་བུམ་ནང་གི་སྲན་མའི་གཞུང་རྟ་ཕྲ་ལ། ཡལ་ག་དང་ལོ་མ་ཉུང་ཞིང་སེར་བོ་ཡིན། ཉི་འོད་ཕོག་པའི་རྫ་བུམ་ནང་གི་སྲན་མའི་གཞུང་རྟ་སྦོམ་ཞིང་རྒྱས་པ་དང་ལོ་མ་སྔོ་ཡུག་གེར་མཆིས། ཉི་འོད་ཕོག་པའི་སྲན་མྱུག་སྐྱེས་པ་མགྱོགས་ཤིང་བདེ་ཐང་ཡིན་ལ། ཉི་འོད་མ་ཕོག་པའི་སྲན་མྱུག་མི་འགྱང་བར་རྙིད་ནས་བསྐམ་འགྲོ། ཚོད་ལྟ་དེ་ལས་རྩི་ཤིང་སྐྱེ་བར་ངེས་པར་དུ་ཉི་འོད་དགོས་པའི་བདེན་དཔང་བྱས།

འོ་ན་རྩི་ཤིང་ལ་ཉི་འོད་དགོས་པའི་རྒྱུ་མཚན་ཅི་ཞེ་ན། ས་བོན་ནང་དུ་རྩི་ཤིང་སྐྱེ་བར་མཁོ་བའི་འཚོ་བཅུད་ཡོད། འཚོ་བཅུད་དེ་དག་ཟད་རྗེས་རྩི་ཤིང་རང་གིས་འཚོ་བཅུད་བཟོ་དགོས། རྩི་ཤིང་གིས་འཚོ་བཅུད་བཟོ་བའི“རྒྱུ་ཆ”ནི་ཉི་འོད་དང་། ཆུ་ལུད། མཁའ་རླུང་ནང་གི་དབྱང་གཉིས་ཐཱན་རྫས་སོགས་ཡིན། ཉི་འོད་ལོ་མའི་སྟེང་དུ་ཕོག་པ་ན། ལོ་མའི་ལས་སྣོན་བཟོ་གྲྭས་བཟོ་མགོ་བརྩམས་ཏེ། ཕྱོགས་གཅིག་ནས་འཚོ་བཅུད་བཟོ་བ་དང་། ཕྱོགས་གཞན་ཞིག་ནས་དབྱང་དབུགས་འབོར་ཆེན་བཏོན་ནས། མི་དང་སྲོག་ཆགས་ཀྱི་འཚོ་གནས་ལ་ཞབས་འདེགས་ཞུ་བཞིན་ཡོད། །

སྡོང་བོའི་ཡལ་ག་སར་བཙུགས་ན་སྐྱེ་བའི་རྒྱུ་མཚན་ཅི།

ལྕང་མ་དང་རྒུན་འབྲུམ་སོགས་ཀྱི་ཡལ་ག་རླན་གཤེར་དང་། བྱེ་སའི་ནང་དུ་བཙུགས་ནས་ཉིན་འགའ་འགོར་རྗེས་ལོ་མ་གསར་བ་སྐྱེ་སྲིད། ང་ཚོས་ཡལ་ག་དེ་ཕྱིར་བལ་ནས་བལྟས་ན་བཅད་མཚམས་ནས་རྩད་པ་གསར་བ་སྐྱེས་ཡོད་པ་མཐོང་ཐུབ། དེའི་རྒྱུ་མཚན་ནི་སྡོང་ལྕུག་དེར་རྩད་པ་སྐྱེ་བར་མཁོ་བའི་འཚོ་བཅུད་ཡོད། རྩི་ཤིང་མང་པོས་ནུས་པ་དེ་སྤྱད་ནས་རང་རྒྱུད་སྤེལ་བ་རེད།

ས་བོན་ལས་འབུས་པའི་སིལ་སྡོང་ནི་མ་སྡོང་དང་མི་འདྲ་བས། དེར་ཐོགས་པའི་སིལ་ཏོག་ཀྱང་མི་ཞིམ། མ་སྡོང་ལས་ཡལ་ག་ཞིག་བཅད་ནས་བཙུགས་ན། ད་གཟོད་མ་སྡོང་དང་འདྲ་བའི་སྡོང་བོ་གསར་བ་སྐྱེ་ཐུབ་ལ། སིལ་ཏོག་ཀྱང་ཞིམ་མངར་ལྡན་པ་ཐོགས་ངེས། །

སྟོན་ཁར་ལོ་མ་ལྷུང་བའི་རྒྱུ་མཚན་ཅི།

དགུན་ཁར་ཤིང་སྡོང་གི་རྩ་བའི་ནུས་པ་ཞན་པས་ཆུ་བསྡུ་མི་ཐུབ། གལ་ཏེ་ཤིང་སྡོང་ལ་དགུན་ཐོག་ཀྱང་ལོ་མ་ལེབ་ཆེན་མང་པོ་ཡོད་ཚེ། ཤིང་སྡོང་གི་ཆུ་ཟད་ནས་བསྐམ་འགྲོ་བའི་ཉེན་ཁ་ཧ་ཅང་ཆེ། གཞན་ཡང་ལྗོན་ཤིང་ལ་སྙིགས་དོར་གྱི་ནུས་པ་མེད་པས། ཡར་སྐྱེ་སྐབས་ཀྱི་སྙིགས་མ་རྣམས་ལོ་མའི་ནང་དུ་བསོགས་ཡོད། ལོ་རེའི་སྟོན་ཁར་ལོ་མ་སེར་བོར་གྱུར་ནས་ལྷུང་བ་དང་། དཔྱིད་ཀར་ལོ་མ་གསར་བ་འབུས་པ་དེས་གསར་རྙིང་བརྗེ་རེས་ཀྱི་ནུས་པ་འདོན་ཐུབ།

ལོ་མ་ཁབ་དབྱིབས་ཅན་གྱི་ལྗོན་ཤིང་ལ་ལྟ་ཞིབ་བྱས་ན། ལོ་མ་དེ་དག་སྟོན་ཁར་མི་ལྷུང་མོད། འོན་ཀྱང་ལོ་རེར་ཡང་ལོ་མ་རྒས་པ་ཁག་ཅིག་ལྷུང་ཞིང་ཁག་ཅིག་གསར་དུ་སྐྱེ་བཞིན་ཡོད། །

གྱོན་གོས་བཟོ་ཆོག་པའི་སྡོང་པོ་ཡོད་དམ།

ཧིན་རྡུ་ཉི་ཞི་ཡ་རྒྱལ་ཁབ་ཏུ་རས་སྡོང་ཞེས་པའི་སྡོང་པོའི་རིགས་ཤིག་སྐྱེས་ཡོད། སྡོང་པོ་དེའི་ཕྱི་ཤུན་བཀོག་ནས་ལས་སྣོན་བྱས་རྗེས། རང་གི་འདོད་མོས་ལྟར་གྱོན་གོས་བཟོ་ཆོག །

ལྷམ་བཟོས་ཆོག་པའི་སྡོང་པོ་ཡོད་དམ།

ལྷམ་སྡོང་ནི་ལི་པི་ཡ་རྒྱལ་ཁབ་ཀྱི་ཟོ་ན་སྡེ་བར་སྐྱེས་ཡོད། སྡོང་པོ་དེའི་ལོ་མའི་དཀྱིལ་གཞུང་ནི་མཁྲེགས་ཤིང་ལེབ་རིང་ཡིན་པས། ལྷམ་མཐིལ་དང་མཚུངས་ལ། ལོ་མའི་མཐའ་རུ་ཡོད་པའི་མཐའ་ཤུབས་དེ་ལྷམ་གྱི་འགྲམ་དང་མཚུངས་པས། ས་དེ་གའི་མི་རྣམས་ཀྱིས་ལོ་མ་དེ་རིགས་བཏོགས་ནས་ལྷམ་བཟོ་བ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།