ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོའི་འབར་རྒྱུ་ཡོད་པའི་འཁྱགས་རོམ་གྱིས་ལོ་བརྒྱ་ཡན་འདང་བ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2017-07-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཟླ5པའི་ཚེས18ཉིན། རང་རྒྱལ་གྱིས་མཚོ་ཁོངས་ཀྱི་རང་བྱུང་སོལ་རླངས་ཀྱི་ཆུ་བསྲེས་དངོས་རྫས(འབར་རྒྱུ་ཡོད་པའི་འཁྱགས་རོམ་ཡང་ཟེར)ལ་ཚོད་ལྟ་སྔོག་འདོན་བྱས་ནས་ལེགས་འགྲུབ་བྱུང་།

རང་བྱུང་སོལ་རླངས་ཀྱི་ཆུ་བསྲེས་དངོས་རྫས་ནི་ཆུ་དང་རང་བྱུང་སོལ་རླངས་དེ་མཐོ་གནོན་དང་དྲོད་ཚད་དམའ་བའི་གནས་ཚུལ་འོག་ཆབ་རོམ་གྱི་གཟུགས་སུ་ཆགས་པའི་དངོས་པོ་ཞིག་ཡིན་ཕྱིར། དེར་འབར་རྒྱུ་ཡོད་པའི་འཁྱགས་རོམ་ཟེར་ཞིང་། སྨི་རྒྱ་དཔངས་གྲུ་བཞི་མ་རེའི་འབར་རྒྱུ་ཡོད་པའི་རང་བྱུང་སོལ་རླངས་འབར་བ་ལས་བྱུང་བའི་ནུས་ཚད་ནི་རྒྱུན་ལྡན་གྱི་རང་བྱུང་སོལ་རླངས་ཀྱི་ལྡབ1.43ཡིན་པས། རྡོ་སོལ་དང་རྡོ་སྣུམ་ལས་མཐོ་བ་དང་། འབར་བའི་སྦགས་བཙོག་ཡང་རྡོ་སོལ་དང་རྡོ་སྣུམ་ལས་དམའ་བས། དྭངས་གཙང་དང་ཁོར་ཡུག་སྲུང་སྐྱོབ་ཅན་ཞིག་ཡིན།

ལྷོ་རྒྱུད་རྒྱ་མཚོའི་མཚོ་ཁོངས་ནི་རང་རྒྱལ་གྱི་འབར་རྒྱུ་ཡོད་པའི་འཁྱགས་རོམ་ཆགས་ས་གཙོ་བོ་ཡིན་པ་དང་། རྒྱལ་ཡོངས་སུ་འབར་རྒྱུ་ཡོད་པའི་འཁྱགས་རོམ་ཐོན་ཁུངས་གསོག་ཚད་རྡོ་སྣུམ་ལྟར་བརྩིས་ན་ཏུན་དུང་ཕྱུར1000ཡོད་ལ། དེའི་ནང་གི་ཏུན་དུང་ཕྱུར800ནི་ལྷོ་རྒྱུད་མཚོ་ཁོངས་སུ་ཡོད། རྩད་གཅོད་བྱས་པ་ལྟར་ན། ལྷོ་རྒྱུད་མཚོ་ཁོངས་སུ་གཏེར་གཞི11དང་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ128ཡོད་པ་དང་། ཐོན་ཁུངས་གསོག་ཚད་རྡོ་སྣུམ་ལྟར་བརྩིས་ན་ཏུན་དུང་ཕྱུར1.5ཡོད། ཚོད་ལྟའི་སྔོག་འདོན་གྱི་ཡུལ་དངོས་བཀོད་འདོམས་པའི་ས་གཤིས་ཚན་ཆུང་གི་གཙོ་བདག་ལུའུ་ཅིན་ཨན་གྱིས“སྔོག་འདོན་ལེགས་འགྲུབ་བྱུང་བ་ནི་ཀྲུང་གོས་གསོག་ཚད་ཏུན་དུང་ཕྱུར་སྟོང་རིམ་པའི་རྡོ་སྣུམ་གཏེར་ཁ་ཞིག་རྙེད་པ་དང་འདྲ”ཞེས་བཤད། ཆེད་མཁས་པས་བསྟན་དོན། མིག་སྔར་རང་རྒྱལ་གྱིས་མཁོ་ཚད་ལྟར་རགས་རྩིས་བྱས་ན། འབར་རྒྱུ་ཡོད་པའི་འཁྱགས་རོམ་དེ་རང་རྒྱལ་གྱིས་ལོ་བརྒྱ་ཡན་བཀོལ་ཆོག མིག་སྔར་རང་རྒྱལ་གྱིས་རྡོ་སྣུམ་གཞན་ལ་བརྟེན་དགོས་ཚད60%ཡན་ཡིན་པས། འབར་རྒྱུ་ཡོད་པའི་འཁྱགས་རོམ་དེ་རང་རྒྱལ་གྱི་ནུས་ཁུངས་བདེ་འཇགས་དང་དཔལ་འབྱོར་འཕེལ་རྒྱས་ལ་མཚོན་ན་དོན་སྙིང་གལ་ཆེན་ལྡན། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།