ཀྲུང་གོ་བོད་ཀྱི་དྲ་བ།

ཉིན་རེར་སྐར་མ6གི་ལུས་ཕུང་སྦྱོང་བརྡར་ལྕི་མོ་བྱས་ན་ཤེས་རྟོགས་ནུས་པ་ཉམས་པ་སྔོན་འགོག་བྱེད་ཐུབ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་དོན་གྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2023-02-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

སྐར་མ6ལ་ལུས་ཕུང་སྦྱོང་བརྡར་ལྕི་མོ་བྱས་ན་ཀླད་ཆེན་གྱི་ཚེ་ཐག་ཇེ་རིང་ལ་གཏོང་ཐུབ་པ་དང་། ཨ་ཨར་ཚི་ཧའེ་མོ་ནད་དང་ཕ་ཅིན་སེན་ནད་སོགས་དབང་རྩའི་ཕྱིར་སྣུར་རང་བཞིན་གྱི་ནད་རིགས་འབྱུང་བར་ཇེ་དལ་དུ་གཏོང་ཐུབ། དབྱིན་ཇིའི《སྐྱེ་ཁམས་རིག་པའི་དུས་དེབ》སྟེང་དུ་བཀོད་པའི་ཞིབ་འཇུག་གསར་པ་ཞིག་ལས། དུས་ཐུང་ནང་ཛ་དྲག་ཆེ་བའི་རྐང་འཁོར་རྒྱུག་ན་དམིགས་བསལ་གྱི་སྤྲི་དཀར་རིགས་ཤིག་འབྱུང་པ་དང་། སྤྲི་དཀར་དེ་རིགས་ཀླད་ཆེན་གྲུབ་པ་དང་སློབ་སྦྱོང་། དྲན་ཤེས་བཅས་ལ་ཤིན་ཏུ་གལ་ཆེ། དེས་ཀླད་ཆེན་སྲུང་སྐྱོབ་བྱས་ནས་ལོ་ཚོད་དང་འབྲེལ་ཡོད་ཀྱི་ཤེས་རྟོགས་ནུས་པ་ཉམས་པར་སྔོན་འགོག་བྱེད་ཐུབ། གསར་རྟོགས་འདིས་མི་རྒན་པའི་ལུས་ཕུང་བདེ་ཐང་ལ་ཕན་པའི་སྨན་རྫས་མིན་པའི་བྱེད་ཐབས་གསར་གཏོད་བྱེད་པར་ཕན།

ཀླད་ཁུངས་རང་བཞིན་གྱི་དབང་རྩའི་འཚོ་བཅུད་རྐྱེན་གྲངས(BDNF)ཀྱི་དམིགས་བསལ་སྤྲི་དཀར་གྱིས་དབང་རྩའི་འགྱིག་གཤིས་དང་དབང་རྩའི་ནུས་པ་མཐོར་འདེགས་གཏོང་ཐུབ། སྲོག་ཆགས་ཀྱི་ཞིབ་འཇུག་ལས་གསལ་བཤད་བྱས་པ་ལྟར་ན། BDNFཡི་ཐོབ་རུང་རང་བཞིན་གྱིས་དྲན་ཤེས་ཆགས་པ་དང་གསོག་འཇོག་ལ་སྐུལ་འདེད་གཏོང་ཐུབ་ཅིང་། སློབ་སྦྱོང་གི་ནུས་པ་ཆེ་རུ་བཏང་ནས་སྤྱིའི་ཆ་ནས་ཤེས་རྟོགས་ནུས་པ་མཐོར་འདེགས་གཏོང་ཐུབ།     

ཟས་བཅད་པ་དང་སྦྱོང་བརྡར་གྱིསBDNFལ་ཐོན་པའི་ཤུགས་རྐྱེན་ལེགས་སྒྲིག་བྱ་ཆེད། ནེའུ་ཙི་ལན་ཨའོ་ཐ་གུ་སློབ་ཆེན་གྱི་ཞིབ་འཇུག་མི་སྣས་རྒྱུ་རྐྱེན་སྣ་ཚོགས་ཞིབ་བསྡུར་བྱས་ནས། དེའི་ཁེར་རྐྱང་དང་ཕན་ཚུན་ནུས་པ་ཐོན་པའི་ཤུགས་རྐྱེན་ལ་ཞིབ་འཇུག་བྱས་ཤིང་། ཆུ་ཚོད20ལ་ཟས་བཅད་པ་དང་། ལུས་ཕུང་སྦྱོང་བརྡར་ཡང་མོ(སྐར་མ90རུ་རྐང་འཁོར་བསྐོར་བ)སྦྱོང་བརྡར་ལྕི་མོ(སྐར་མ6ལ་རྐང་འཁོར་བསྐོར་བ)ཟས་བཅད་པ་དང་སྦྱོང་བརྡར་ཟུང་འབྲེལ་བཅས་ཚུད།

ཁོ་ཚོས་ཤེས་རྟོགས་བྱུང་བར། ཉིན་གཅིག་གི་ཟས་བཅད་པ་དང་བསྡུར་ན། དུས་ཐུང་ནང་གི་འགུལ་སྐྱོད་ལྕི་མོསBDNFམང་པོ་ཁ་སྣོན་བྱེད་ཐུབ། དུས་ཡུན་རིང་བོར་སྦྱོང་བརྡར་བྱས་ཡོད་མེད་ལ་མི་བལྟོས་པར། ཟས་བཅད་པ(BDNFགར་ཚད་ལ་འགྱུར་ལྡོག་མེད)ཡང་ན་དུས་ཡུན་རིང་བོར་འགུལ་སྐྱོད་བྱེད་པ(BDNFགར་ཚད་ཅུང་མང་དུ་ཕྱིན་པ)དང་བསྡུར་ན།    BDNFལྡབ4-5འཕར་སྣོན་བྱུང་ཡོད།    

འགུལ་སྐྱོད་ཁྲོད་ལྟ་ཞིབ་བྱས་པའིBDNFཡི་འཕར་སྣོན་ནིBDNFཡི་ཁྲག་རྡུལ་འབོར་ཆེན་གསོག་འཇོག་བྱེད་པའི་གྲངས་འབོར་འཕར་སྣོན་བྱུང་བ་ལས་བྱུང་བ་རེད། ཟས་བཅད་པ་དང་བསྡུར་ན། འགུལ་སྐྱོད་ཀྱིས་ཁྲག་ནང་འཁོར་སྐྱོད་ཀྱི་ཁྲག་རྡུལ་གར་ཚད་ཀྱི་ཤུགས་རྐྱེན་དེ་བས་ཆེ་བ་དང20%འཕར་ཡོད།    །

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།