ཀྲུང་གོ་བོད་ཀྱི་དྲ་བ།

ཀླད་པས་རྒྱས་ཟ་རྒྱས་འཐུང་ཅི་ལྟར་འགོག་གྱིན་ཡོད།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་དོན་གྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2022-10-31
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཟས་ཞིམ་པོ་ལྕེ་ཡི་སྐྱིད་ཅིག་ཡིན། འོན་ཀྱང་རྒྱས་ཟ་རྒྱས་འཐུང་གིས་ལུས་ཕུང་རྒྱགས་པོ་ཆགས་ཏེ་ནད་རིགས་མང་པོ་སྐྱེད་པའི་ཉེན་ཁ་སློང་སྲིད། ཀླད་པར་ཟ་མ་འདང་ངེས་ཟས་རྗེས་ཡི་གར་ཚོད་འཛིན་པའི་བྱེད་ནུས་ཡོད། འཇར་པན་གྱི་ཞིབ་འཇུག་གསར་ཤོས་ཅིག་ལས་གོ་རིམ་འདིའི་ཁྲོད་དུ་བྱེད་ནུས་འདོན་བཞིན་པའི་དབང་རྩའི་རྒྱུད་ལམ་གཏན་ཁེལ་བྱུང་བ་དང་། དེས་མིའི་རིགས་ཀྱི་ལུས་རྒྱགས་པ་དང་ཟས་ཟ་བར་འགོག་རྐྱེན་ཡོད་པ་སོགས་ཀྱི་གནད་དོན་ལ་གོ་བ་གཏིང་ཟབ་མོ་ལེན་པར་ཕན་ཐོགས་ལྡན།

འཇར་པན་གྱི་རྫས་འགྱུར་རིག་པའི་ཞིབ་འཇུག་སོའོ་ཡིས་ཉིན་འགའི་སྔོན་དུ་སྤྱི་བསྒྲགས་སྤེལ་བའི་ནང་། ཟ་མའི་ཡི་ག་འགོག་པ་དང་འཕེལ་བར་སྐུལ་རྒྱུ་འགར་རག་ལས་ཡོད། སོའི་དེའི་ཞིབ་འཇུག་མི་སྣས་ཚོད་ལྟའི་བྱི་ལ་ཕོ་མ་དཔེར་བཟུང་ནས། སྐུལ་རྒྱུ་དེ་དག་ཁྲོད་ཀྱི་བུ་བཙའི་སྐུལ་རྒྱུ་ཡི་བྱེད་ནུས་འདོན་ཐབས་ལ་ཞིབ་འཇུག་བྱས། བུ་བཙའི་སྐུལ་རྒྱུ་ནི་ཀླད་དེའུ་འོག་མའི་ཤག་འགྲམ་ལྟེ་སྙིང་དང་མཐོང་བྱེད་སྟེང་ཉིང་གི་བུ་བཙའི་སྐུལ་རྒྱུའི་དབང་རྩའི་རྒྱུ་འདྲེས་སྦྱོར་བྱེད་པ་ལས་བྱུང་བ་ཡིན། བུ་བཙའི་སྐུལ་རྒྱུ་ནི་གཙོ་བོ་སྲོག་ཆགས་ཀྱི་ཕྲུ་གུ་སྐྱེ་བ་དང་ནུ་མ་བསྣུན་པ། བྱིས་པ་གཉོར་བ་སོགས་ཀྱི་སྤྱོད་པ་དང་འབྲེལ་བ་དམ་ཟབ་ལྡན། དེ་སྔོན་གྱི་ཞིབ་འཇུག་ལས་མངོན་པར། བུ་བཙའི་སྐུལ་རྒྱུས་ལུས་པོའི་ལྗིད་ཚད་ཇེ་མཐོར་འགྲོ་བ་འགོག་པར་བྱེད་ནུས་ལྡན། 

ཞིབ་འཇུག་མི་སྣས་ཐོག་མར་ཞིབ་འཇུག་བྱི་ལ་ཕོའི་ཀླད་དེའུ་འོག་མའི་ཤག་འགྲམ་ལྟེ་སྙིང་གི་བུ་བཙའི་སྐུལ་རྒྱུའི་དབང་རྩའི་རྒྱུར་བུ་བཙའི་སྐུལ་རྒྱུ་འདྲེས་སྦྱོར་བྱེད་ནུས་ཉམས་དུ་བཅུག་པ་དང་། ཞིབ་འཇུག་བྱི་ལས་ཟས་མང་པོ་ཟས་པ་མ་ཟད། ལུས་པོའི་ལྗིད་ཚད་ཀྱང་ཇེ་མཐོར་ཕྱིན། མཐོང་བྱེད་སྟེང་ཉིང་གི་བུ་བཙའི་སྐུལ་རྒྱུའི་དབང་རྩའི་རྒྱུ་ལའང་གོང་གི་ཚོད་ལྟ་བྱས་རྗེས། བྱི་ལའི་བཟའ་ཚད་དང་ལུས་པོའི་ལྗིད་ཚད་ལ་འགྱུར་ལྡོག་མ་བྱུང་། འདི་ལས་ཤག་འགྲམ་ལྟེ་སྙིང་གི་བུ་བཙའི་སྐུལ་རྒྱུའི་དབང་རྩའི་རྒྱུ་ལས་ཟགས་པའི་བུ་བཙའི་སྐུལ་རྒྱུ་ལ་ད་གཟོད་བཟའ་ཚད་ཚོད་འཛིན་གྱི་ནུས་པ་ལྡན་པ་ར་སྤྲོད་བྱ་ཐུབ།

དེར་མཐུད་དེ། ཞིབ་འཇུག་མི་སྣས་ཤག་འགྲམ་ལྟེ་སྙིང་ནས་ཟགས་པའི་བུ་བཙའི་སྐུལ་རྒྱུས་ཀླད་པའི་གནས་གང་ཞིག་ལ་བྱེད་ནུས་བཏོན་ཏེ། བཟའ་ཚད་ཚོད་འཛིན་གྱི་བྱེད་ནུས་འབྱུང་བཞིན་པར་ཞིབ་འཇུག་བྱས། ཆེས་མཇུག་མཐར། ཀླད་དེའུ་འོག་མའི་གཞུ་དབྱིངས་ལྟེ་སྙིང་གི་བུ་བཙའི་སྐུལ་རྒྱུ་ཆད་སྐྱོན་བྱུང་ན། ཞིབ་འཇུག་བྱི་ལའི་བཟའ་ཚད་དང་ལྗིད་ཚད་ཇེ་མཐོར་འགྲོ་བ་ཤེས་རྟོགས་བྱུང་། 

ཞིབ་འཇུག་ལས་མངོན་པར། ཀླད་དེའུ་འོག་མའི་ཤག་འགྲམ་ལྟེ་སྙིང་ནས་ཟགས་པའི་བུ་བཙའི་སྐུལ་རྒྱུ་དང་གཞུ་དབྱིངས་ལྟེ་སྙིང་གི་བུ་བཙའི་སྐུལ་རྒྱུ་འདྲེས་གྲུབ་བྱུང་སྟེ། མཉམ་དུ་ཟ་མའི་ཡི་ག་དང་གཟུགས་པོའི་ལྗིད་ཚད་ལ་ཤུགས་རྐྱེན་ཐེབས་བཞིན་ཡོད།

ཞིབ་འཇུག་མི་སྣས་རྗེས་ཕྱོགས་སུ་ཞིབ་འཇུག་བྱི་ལ་དང་མིའི་རིགས་བར་གྱི་མཐུན་ཆ་དང་ཁྱད་པར་ལ་རྩད་ཞིབ་བྱས་སྟེ། མིའི་རིགས་འདུས་པའི་འོ་འཐུང་སྲོག་ཆགས་ཀྱི་ཟ་མའི་ཡི་གར་ཤུགས་རྐྱེན་ཐེབས་པའི་དབང་རྩའི་རྨང་གཞི་ཅི་ཡིན་ཤེས་རྟོགས་བྱེད་པའི་འཆར་གཞི་བཟོས་ཡོད།  །

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།