ཀྲུང་གོ་བོད་ཀྱི་དྲ་བ།

ཁྱིམ་ཆས་ལས་ཆོན་ཀ་བ་ཇི་ལྟར་ཐོན་པ་ཡིན།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་དོན་གྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2022-10-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཨ་མེ་རི་ཁའི་མ་ས་ཀྲུའུ་སའེ་སློབ་ཆེན་གྱི་ཨ་མོ་སི་ཐེ་ཡན་ལག་སློབ་གྲྭ་དང་ཏེ་ཁེ་ས་སི་བྱང་མའི་སློབ་ཆེན་གཉིས་ཀྱིས་མཉམ་འབྲེལ་མགོ་ཁྲིད་བྱས་པའི་ཞིབ་འཇུག་གསར་བ་ཞིག་ལས། མི་རྣམས་ཀྱི་ཁྱིམ་ཚང་དང་གཞུང་ལས་ཁང་གི་ཤིང་ཆ་ལས་ཆོན་ཀ་པ་ཇི་ལྟར་ཐོན་པར་རྒྱུས་ལོན་ཟབ་མོ་བྱུང་བ་མ་ཟད། མ་རྩ་ཉུང་ཉུང་གིས་ཆོན་ཀ་པ་ཡིས་བཟོས་པའི་གནོད་འཚེ་ཇེ་ཆུང་དུ་གཏོང་བའི་བྱེད་ཐབས་ཤིག་གསར་སྤེལ་བྱས་ཡོད། ཞིབ་འཇུག་ཚོགས་པས་བྱེད་ཐབས་དེར་བདག་དབང་རེ་ཞུ་ཕུལ་པ་དང་། འབྲེལ་ཡོད་ཞིབ་འཇུག་འབྲས་བུ《ལྗང་མདོག་རྫས་འགྱུར་རིག་པའི》ཐོག་བཀོད་ཡོད།

ཆོན་ཀ་པ་ནི་མདོག་མེད་དྲི་མེད་ཀྱི་རླུང་གཟུགས་ཤིག་ཡིན་ལ། སྐྲན་ནད་སློང་བའི་ནུས་པ་དྲག་པོ་ལྡན། དོན་དངོས་ཀྱིས་བདེན་དཔང་བྱས་པ་ལྟར་ན། ཁང་བའི་ནང་གི་ཤིང་བཟོས་ཁྱིམ་ཆས་དང་ཤིང་ཆས་ཁྱིམ་གྱི་དྲོད་ཚད་འོག་ཏུའང་ཆོན་ཀ་པ་ཇེ་ཉུང་དུ་གཏོང་བཞིན་ཡིན། དེའི་གནད་འགག་ནི་རྫས་འགྱུར་སྣང་ཚུལ་ཞིག་ཡིན་ལ་ཞིབ་འཇུག་མི་སྣས་དེ་ལ“ཤིང་རྒྱུ་སྦྱོར་རྟའི་ཧྥེན་ཏུན་འགྱུར་འབྱུང”ཞེས་བྲིས་ཡོད།

ཤིང་ཆ་ལ་མཚོན་ནས་བཤད་ན། རྩ་བའི་རིགས་པ་ནི་འདི་ལྟ་སྟེ། ཤིང་ཆའི“ཤིང་རྒྱུ་རང་བཞིན”(མཁྲེགས་ཚད)ནི་ཤིང་རྒྱུ་ལ་རག་ལས། དེ་ལས་སྲ་ཞིང་བརྟན་པའི་ཕྲ་ཕུང་གི་ལྡེབས་ངོས་གྲུབ་སྲིད། ཤིང་ས་རྒྱུ་ལས་སྐྱེས་བའི་སྐབས་སུ། རྒྱུན་ཆད་མེད་པར་ཕྲ་རབ་ལྕགས་རྡུལ་བསྡུ་ལེན་བྱེད་པ་དང་། ལྕགས་རྡུལ་དེ་དག་ཤིང་ཆའི་ནང་དུ་ལུས་ཡོད། ཤིང་སྡོང་ལྕགས་ཀྱི་ལག་ཆ་སྟེ་སྟ་རེ་དང་སོག་ལེ་སོགས་ཀྱིས་བཅད་དེ་ཤིང་ཆ་རུ་བསྒྱུར་སྐབས། ལྕགས་རྡུལ་མང་པོ་ཤིང་ཆའི་ཕྱི་ངོས་སུ་མངོན་ཡོང་། ཤིང་རྒྱུ་དང་ལྕགས་རྡུལ་འདྲེས་ནས་གྲུང་གཤིས་མཐོ་བའི་ལྕགས་ཤིག་ཏུ་གྱུར་ཡོད། འདི་ལྟ་བུའི་གྲུང་གཤིས་ལྕགས་མཁའ་དབུགས་དང་འཕྲད་སྐབས། དེ་རུལ་བསླད་རང་བཞིན་གྱི་དབྱང་རང་དབང་རྨང་དུ་འགྱུར་ལ། དེ་ཡང་བསྐྱར་ཤིང་རྒྱུ་དང་འདྲེས་ནས་ཆོན་ཀ་པ་གྲུབ། ཆོན་ཀ་པ་ཤིང་ཆ་ལས་ཐོན་ཏེ་མཁའ་རླུང་ཁྲོད་ཁྱབ་རྗེས་མིའི་གློ་ནང་དུ་འཛུལ་བ་ཡིན།   

འདིས་མི་རྣམས་ཀྱིས་ཁང་བའི་དྲོད་ཚད་འོག་ཤིང་ཆ་དང་ཤིང་གི་ཕྱི་ངོས་ནས་ཆོན་ཀ་པ་ཇི་ལྟར་བྱུང་བ་ཤེས་རྟོགས་འབྱུང་བར་ཚན་རིག་གི་བདེན་དཔང་རྙེད་པ་མཚོན། ཞིབ་འཇུག་མི་སྣས་བཤད་རྒྱུར། “གལ་ཏེ་མི་རྣམས་ཀྱིས་ཤིང་རྒྱུ་སྦྱོར་རྟའི་ཧྥེན་ཏུན་འགྱུར་འབྱུང་ནི་ཅི་འདྲ་ཡིན་པ་དང་། ནགས་ཚལ་ཁྲོད་དུ་ཇི་ལྟར་ནུས་པ་འདོན་པ་ཤེས་ཚེ། ད་གཟོད་ཇི་ལྟར་འགོག་པའི་སྐོར་གྱི་ཐབས་ལམ་རྙེད་ཐུབ། དབྱང་འགྱུར་འགོག་རྫས་ཀྱིས་དབྱང་རང་དབང་རྨང་འབྱུང་བ་འགོག་སྲིད་ལ། སྟབས་བདེ་བའི‘མཉམ་བསྲེས་རྫས’ཀྱིས་ལྕགས་བསྡོམས་ཐུབ་པ་མ་ཟད། རྒྱུན་དུ་ཟས་རིགས་ཁྲོད་ནས་རྙེད་ཐུབ། འདི་ལྟར་ལྕགས་ཀྱིས་ཉེ་འཁོར་གྱི་ཁོར་ཡུག་ལ་འགྱུར་ལྡོག་སློང་བར་སྔོན་འགོག་བྱེད་ཐུབ།

སྟབས་བདེའི་སྒོ་ནས་དབྱང་འགྱུར་འགོག་རྫས་དང་མཉམ་བསྲེས་རྫས་འདི་དག་ཤིང་ཆ་དང་བསྲེས་པའམ་ཡང་ན། གནས་ཚུལ་ཁ་ཤས་འོག་འདི་དག་ཤིང་གི་ཕྱི་ངོས་སུ་བྱུགས་ན། ཆོན་ཀ་པ་ཕྱིར་གཏོང་ཚད་ཇེ་ཉུང་དུ་བཏང་ནས་བདེ་འཇགས་ཀྱི་ཚད་གཞིར་སླེབས་ཐུབ། གཞུང་ལུགས་ཐོག་ཚོང་ལས་ཀྱི་ཤིང་ཆས་ལ་མཚོན་ན། ཆོན་ཀ་པ་ཕྱིར་འབུད་པ་ཇེ་ཉུང་དུ་གཏོང་ཐུབ།

ཞིབ་འཇུག་མི་སྣས་བཤད་རྒྱུར། གསར་གཏོད་འདི་སྟབས་བདེ་ཤིང་མ་རྩ་ཆུང་། ད་ཡོད་ཀྱི་ཤིང་ཆ་ལས་སྣོན་ཐོན་སྐྱེད་བརྒྱུད་རིམ་ཁྲོད་བསྡུ་སྒྲིལ་བྱེད་སླ་བས། སྤུས་ཚད་མཐོ་བ་དང་ཁོར་ཡུག་སྲུང་སྐྱོབ་བྱེད་ཐུབ་པའི་ཤིང་ཆས་ཐོན་སྐྱེད་བྱེད་ཐུབ་པར་ཆ་རྐྱེན་བསྐྲུན་ཡོད། གསར་སྤེལ་བྱས་པའི་ཆོན་ཀ་པ་ཚོད་འཛིན་བྱེད་ཐབས་དེ་ཀྱང་བདེ་འཇགས་ངང་ཁྱིམ་དུ་བེད་སྤྱོད་བྱས་ཆོག་པས་མཁའ་དབུགས་ཀྱི་སྤུས་ཚད་ཇེ་ལེགས་སུ་གཏོང་ཐུབ། །

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།