ཚེ་ཐག་རིང་བར་འདོད་ན་གཤམ་གྱི་གནད་འདི་དག་ལ་མཉམ་འཇོག་དགོས།

ཨ་མེ་རི་ཁའི་རྒྱལ་ཁབ་དལ་གཤིས་ནད་རིགས་སྔོན་འགོག་དང་བདེ་ཐང་སྐུལ་སྤེལ་ལྟེ་གནས་ཀྱིས་གྲོས་གཞི་དྲུག་བཏོན་ཏེ།ཚེ་ཐག་རིང་པོ་ཡོང་བར་རོགས་རམ་བྱས་ཡོད།

གཅིག ལུགས་མཐུན་གྱིས་བཟའ་བཏུང་སྤྱོད་པ།བཟའ་བཏུང་ལུགས་མཐུན་གྱི་སྒོ་ནས་སྤྱོད་རྒྱུ་དེ་ནི་ངེས་པར་དུ་ཨང་དང་པོར་འཇོག་དགོས། སིལ་ཏོག་དང་སྔོ་ཚོད།འབྲུ་རིགས་སྣ་ལྔ། ཤ་སྣག་སོགས་བཟའ་བ་དང་། འོ་མའི་རིགས་དང་ཆུ་སོགས་མང་པོ་འཐུང་དགོས།

གཉིས། ལུས་སྦྱོང་རྒྱུན་འཁྱོངས་བྱེད་པ། ཉིན་རེར་རྒྱུན་འཁྱོངས་ཀྱིས་ལུས་སྦྱོང་བྱེད་དགོས། ལུས་སྦྱོང་རྒྱུན་འཁྱོངས་བྱས་ན་དལ་གཤིས་ནད་རིགས་སྔོན་འགོག་དང་གསོ་བཅོས་བྱེད་པར་ཕན་ཐོགས་པར་མ་ཟད།དོ་མཉམ་ནུས་པ་དང་བཟོད་ནུས་ཇེ་ལེགས་སུ་བཏང་སྟེ།ཐང་ལ་འགྱེལ་བ་སོགས་ཀྱི་ཉེན་ཁ་ཇེ་ཆུང་དུ་འགྲོ་བ་དང་ཀླད་པ་བདེ་ཐང་ཡོང་བར་ཕན།གཟའ་འཁོར་རེར་ལུས་སྦྱོང(འཆམ་འཆམ་དུ་འགྲོ་བ་དང་ལྕགས་རྟར་ཞོན་པ།ཆུར་རྐྱལ་བ་སོགས)ཐེངས་གཉིས་རེར་བྱེད་དགོས།

གསུམ། སྔ་མོ་ནས་དུ་བ་གཅོད་པ། དུ་བ་དང་འབྲེལ་བའི་ཐོན་རྫས་ཡོངས་རྫོགས་དང་སྔ་མོ་ནས་རིང་དུ་གྱེས་དགོས། གལ་ཏེ་རང་སྟེང་ནས་གཅོད་མི་ཐུབ་ན།སེམས་ཁམས་གསོ་བཅོས་སྨན་པ་བཙལ་ནས་རོགས་རམ་བྱེད་དུ་འཇུག་པ་དང་ཡང་ན་དུ་གཅོད་སྒོ་བསྟེན་ཁང་དུ་སྟོན་དགོས།

བཞི། དུས་བཅད་ལྟར་ལུས་པོར་བརྟག་དཔྱད་བྱེད་པ།སྨན་པར་སྟོན་པ་ནི་སྔོན་འགོག་བདེ་སྲུང་གི་ཞབས་ཞུ་ཐོབ་ཆེད་ཡིན་པ་ལས།ན་ཚ་བྱུང་རྗེས་ད་གཟོད་བཙལ་དགོས་པ་ཞིག་མིན།དུས་བཅད་ལྟར་ལུས་པོར་བརྟག་དཔྱད་བྱེད་པ་ནི་ལུས་པོ་བདེ་ཐང་ཡོང་བར་ཕན་པའི་གྲུབ་ཆ་གལ་ཆེན་ཞིག་ཡིན་ལ།ནད་རིགས་སྔོན་འགོག་བྱེད་པ་དང་ཡང་ན་སྔ་མོ་ནས་ཤེས་ཏེ།དུས་ཐོག་ཏུ་གསོ་བཅོས་བྱེད་པར་ཕན་པ་ཡོད།

ལྔ།རྒྱུད་འདེད་ནད་རིགས་ལ་རྒྱུས་ལོན་བྱེད་པ།ནད་རིགས་མང་པོ་ཞིག་རྒྱུད་འདེད་ཀྱིན་ཡོད་པས།ཁྱིམ་རྒྱུད་ཀྱི་ནད་རིགས་ཡོད་མེད་ལ་དོ་སྣང་ལེགས་པོ་བྱེད་དགོས།སྨན་པར་ཁྱིམ་རྒྱུད་ནད་རིགས་ཀྱི་ལོ་རྒྱུས་གསལ་པོར་བཤད་ན།སྨན་པས་ཁྱིམ་རྒྱུད་ཀྱི་ནད་རིགས་སྔོན་འགོག་དང་དལ་གཤིས་ནད་རིགས་སྔ་མོ་ནས་ངོས་འཛིན་པར་རོགས་རམ་བྱེད་ཐུབ།

དྲུག ཡིད་འཛིན་གྱི་འགྱུར་བར་དོ་སྣང་བྱེད་པ། མི་སུ་དང་གང་ཞིག་ཡིན་རུང་ན་ཚོད་དང་བསྟུན་ནས་ཡིད་འཛིན་ལ་འགྱུར་བ་ཐེབས་མོད།འོན་ཀྱང་ཧོན་ལོག་པ་ནི་རྒྱུན་ལྡན་གྱི་རྒས་རྟགས་ཤིག་གཏན་ནས་མིན། གལ་ཏེ་གློ་བུར་ཡིད་འཛིན་ཇེ་ཞན་དུ་འགྲོ་བ་དང་དབྱེ་འབྱེད་ནུས་པར་གནད་དོན་བྱུང་ན།དུས་ཐོག་ཏུ་སྨན་པར་སྟོན་དགོས། །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།