ཀྲུང་གོ་བོད་ཀྱི་དྲ་བ།

སྟོན་དུས་ཀྱི་ཟུངས་གསོ་ལ་ཡང་དག་པར་འཇུག་ཐབས།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2022-09-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

སྟོན་གྱི་ནམ་ཟླ་དེ་ནངས་དགོང་འཁྱག་ཅིང་ཉིན་གུང་དྲོ་བ་ཞིག་ཡིན་ལ། མི་ལ་ངལ་སྣང་སྐྱེ་སླ། དམངས་ཁྲོད་དུ་དབྱར་དུས་ལུས་ཟུངས་ཕྱི་ལ་ཤོར་བའི་སྐོར་གྱི་བཤད་སྲོལ་སྣ་ཚོགས་མཆིས་པས། སྟོན་ཁར་སླེབས་དུས་ལུས་ཟུངས་གསོ་བར་དང་དོད་ཡོད་ན་བཟང་། ཡིན་ནའང་། དེ་ལའང་གསོ་ཐབས་འཚམ་མིན་ཅི་རིགས་མཆིས་ཏེ། གལ་ཏེ་བཅུད་ལྡན་གྱི་ཟས་རིགས་བསྟེན་དྲགས་ཚེ། ཟུངས་གསོ་བ་ཕར་ཞོག་ལུས་ལ་གནོད་པའི་རྒྱུ་རུ་འགྱུར་བ་ཡིན་པས། སྟོན་དུས་ཀྱི་ཟུངས་གསོ་བའི་མཉམ་འཇོག་ས་འགའ་སྟོན་པར་བྱ།

ཕོ་མཚེར་གྱི་ཁམས་གསོ་བ།

དབྱར་ཚ་གདུག་ཆེ་དུས་མི་རྣམས་ཀྱིས་འཁྱག་པ་བསྟེན་པས། ཕོ་མཚེར་གྱི་མེ་དྲོད་ཉམས་པ་ལྟ་བུའི་གནད་དོན་མང་། དེ་བས་སྟོན་ཁ་སླེབས་མ་ཐག་ཤ་དང་བཅུད་ཆེ་བའི་ཟས་རིགས་མང་པོ་བསྟེན་པ་ནི་མི་རུང་ལ། དེས་ཕོ་མཚེར་གྱི་ཁུར་བོ་གློ་བུར་ཇེ་ལྕིར་བཏང་ནས་འཇུ་བྱེད་ཀྱི་ཁམས་འཁྲུགས་པར་བྱེད་ལ། དེ་བཞིན་དུ་བྲང་ཁ་མི་བདེ་བ་དང་གསུས་པ་སྦོ་བ། ཡི་ག་ཉམས་པ། འཇུ་སྟོབས་ཞན་པ། བཤལ་འཁྲུ་སོགས་ཀྱི་ནད་རྟགས་འབྱུང་བ་རེད། དེ་བས་ཐོག་མར་ཕོ་མཚེར་གསོ་བ་གལ་ཆེ་སྟེ། འཇུ་སླ་ཞིང་ཕོ་མཚེར་ལ་བདེ་བའི་ཟས་རིགས་བསྟེན་དགོས།

ཟུངས་གསོ་ལ་མི་འཚམ་པ་རིགས་གསུམ།

སྟོན་དུས་ཟུངས་གསོ་བ་དེ་མི་ཚང་མར་འཚམ་པའི་ངེས་པ་མེད་པས། ཆེད་ལས་སྨན་པའི་མཛུབ་སྟོན་འོག་སོ་སོའི་གནས་ཚུལ་ལ་གཞིགས་ནས་བསྟེན་དགོས་ལ། དེ་ལ་མི་འཚམ་པ་རིགས་གསུམ་ཡོད།

བརླན་ཚ་དང་ལུད་པ་ཅན་གྱི་མི། (བད་ཀན་གྱི་མི)

བརླན་ཚ་ཆེ་བའི་མི་ནི་ངོ་ལ་སྣུམ་དྲེག་ཆེ་ཞིང་། གཞང་འབྲུམ་ཡོད་པ། ཁ་ཁ་བ་དང་སྐམ་པ། བཤང་བ་འགག་པ་དང་གཅིན་སེར་ལ་ཉུང་བ་སོགས་དང་ལྡན་ལ། ལུད་པ་ཅན་གྱི་མི་ནི་ལུས་པོ་རྒྱགས་ལ་ལྟོ་བ་འབུར་ཞིང་ལུག་པ། ཁ་དང་ལྕེ་ལ་འབྱར་བག་ཆེ་བ་སོགས་ཀྱི་ཁྱད་ཆོས་ལྡན། རིགས་དེ་གཉིས་ཀྱི་མིས་ཟུངས་གསོ་བ་ཡིན་ན་ལུས་ཀྱི་བདེ་ཐང་ལ་ཕན་པ་མེད།

མཚེར་བ་མི་བདེ་བའི་མི།

མི་དེ་རིགས་ལ་རྒྱུན་པར་ཡི་ག་ཞན་ལ་གསུས་པ་སྦོ་བ། རྐང་ལག་ལ་ཤུགས་མེད་པ་དང་ངོ་ལ་མདངས་མེད་སེར་ཤ་ཆེ་བ་སོགས་མཐོང་། དེ་རིགས་ཀྱིས་ཟུངས་གསོ་བ་ལ་སྣུམ་ཅན་མི་འཚམ་པར། མཚེར་བ་དང་ཕོ་བ་ལ་ཕན་པའི་ཟས་རིགས་ཏེ། ཧྥུ་ལེན་དང་འཇམ་འབྲས། ཞོག་རྒོད། སྲན་དམར་དང་ཁྲེ་སོགས་ལྟ་བུ། འབྲས་ལྡུར་ནི་ཕོ་བ་དང་མཚེར་བར་ཕན་ལ་ཁ་སྐམ་ལ་བཟང་བས། གོང་གི་ཟས་རིགས་ཀྱིས་འབྲས་ལྡུར་རམ་སྐྱོ་མ་བཟོས་ནས་བསྟེན་ན་ལྷག་ཏུ་བཟང་།

གཞན་རྒན་པ་དང་ལོ་ཆུང་གི་འཇུ་སྟོབས་ཞན་པས། མ་ཞུ་བ་དང་ཡི་ག་ཞན་པ་དང་གསུས་པ་སྦོ་བ་སོགས་བྱུང་ན། ཟུངས་མ་གསོས་སྔོན་ལ་ཕོ་མཚེར་གསོ་བ་གལ་ཆེ་བས། སྐྱུ་རུ་དང་ལ་ཕུག་སོགས་འཇུ་བ་དང་མཚེར་བ་ལ་ཕན་པའི་ཟས་ཀྱི་ཁ་ཚར་བརྒྱབ་ན་ཕན།

ཕོ་བར་དྲོད་ཆེ་བའི་མི།

ཚ་བ་དང་སྣུམ་བཅུད་ཆེ་བའི་ཟས་ལ་དགའ་བའི་མི་རྣམས་ལ་ཚ་དྲོད་ཆེ་ཞིང་། ཚ་དྲོད་དེ་ཡང་ཕོ་བ་དང་རྒྱུ་མའི་གནས་སུ་འདུས་པར་གྱུར་ན། འཁྱག་པར་དགའ་ཞིང་ཁ་ལ་དྲི་ཁ་བ། བཤང་བ་འགག་པ་སོགས་བསྐྱེད་པར་འགྱུར། མི་དེ་རིགས་ཀྱིས་ཕོ་བའི་ཚ་དྲོད་ཞི་ཐབས་ལ་མཉམ་འཇོག་དགོས་ལ། རྒྱུན་པར་ཁུའུ་ཀྭ་དང་ཧོང་ཀྭ་དང་ཏུང་ཀྭ། ཁུའུ་ཚལ་སོགས་བསྟེན་རུང་། ཕོ་བའི་ཚ་དྲོ་ཞི་རྗེས་ཟུངས་གསོ་བའི་མགོ་བརྩམས་ཆོག

ཟུངས་གསོ་བ་ལ་ཚོ་འགོག་དགོས།

སྟོན་གྱི་དུས་སུ་ནམ་ཟླ་ཇེ་འཁྱག་ཏུ་སོང་བ་དང་བསྟུན་ནས་མིའི་རོ་ཚོར་རྒྱས་ཏེ་སྲེད་པ་ཇེ་ཆེར་འགྲོ་བ་ཡིན་ལ། ཟས་ཚད་ཀྱང་དེ་བསྟུན་གྱིས་ཇེ་ཆེར་འགྲོ་བས་དྲོད་བཅུད་ལེན་ཚད་འཕེལ་བ་རེད། གཞན་དུ་ནམ་ཟླ་འཁྱག་པ་དང་བསྟུན་ནས་ལུས་ཕུང་གིས་ཙག་འགོག་ཆེད་ཚིལ་རང་བཞིན་གྱིས་འཕེལ་བ་ཡིན། དེ་དག་ནི་ལུས་ལ་ཚོ་རྒྱས་པའི་མཐུན་རྐྱེན་དུ་གྲུབ་ཡོད་པས། མ་གཞི་ནས་ཚོན་པོ་ཡོད་པའི་མི་ལ་མཚོན་ན་དེ་ནི་མཉམ་འཇོག་དགོས་པ་ཞིག་རེད།

མི་དེ་རིགས་ཀྱིས་མངར་བཅུད་ལྡན་པའི་ཟས་རིགས་མང་པོ་བསྟེན་མི་རུང་བར། དྲོད་ཆུང་བའི་སྤྲི་དཀར་གྱི་རིགས་ཏེ། མཚོ་ནང་ཉ་འབུའི་རིགས་དང་། བྱ་ཡི་བྲང་ཤ། ནོར་ཤ། སྲན་མ་སོགས་བསྟེན་འོས། དེ་དང་མཉམ་དུ་ལུས་ཀྱི་ལྗིད་ཚད་ལ་ཚོད་འཛིན་ཆེད་སྦྱོང་བརྡར་བྱེད་དགོས། དཔེར་ན་རྒྱུག་པ་དང་འགྲོ་བ། སྤོ་ལོ་རྩེ་བ་དང་རི་མགོར་འགོ་བ་སོགས་ལྟ་བུའོ། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།