ཀྲུང་གོ་བོད་ཀྱི་དྲ་བ།

ད་ནས་བཟུང་དངོས་པོ་འདི་དག་མེ་འཁོར་ནང་འཁྱེར་ཆོག

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2022-07-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཟླ7པའི་ཚེས1ཉིན་ནས་བཟུང་། རྒྱལ་ཁབ་ལྕགས་ལམ་ཅུས་དང་སྤྱི་བདེ་པུའུ་ཡིས་ཁྱབ་བསྒྲགས་བྱས་པའི《ལྕགས་ལམ་འགྲུལ་བཞུད་པས་འཁྱེར་མི་ཆོག་པ་དང་སྐྱེལ་འདྲེན་ཚོད་འཛིན་བྱེད་པའི་དངོས་ཟོག་གི་དཀར་ཆག》ལག་བསྟར་བྱས།

མངག་སྐྱེལ་བྱེད་པ་ལས་འཁྱེར་མི་ཆོག་པའི་དངོས་པོ་ཇེ་མང་དུ་བཏང་བ།

དཀར་ཆག་རྙིང་པའི་ནང་དུ་རྣོ་ཆས་རིགས་ལ་བྱེ་བྲག་གི་གཏན་འབེབས་མེད་མོད། དཀར་ཆག་གསར་པའི་ནང་ལག་ཏུ་འཁྱེར་མི་ཆོག་པའི་དངོས་པོ་དག་མངག་སྐྱེལ་ཆོག་པར་བྱས་ཡོད། དཔེར་ན། ཚལ་གཏུབ་དང་ཁེ་གྲི།སེན་གྲི་སོགས་རྒྱུན་ལྡན་འཚོ་བའི་ཁྲོད་བཀོལ་སྤྱོད་བྱེད་བཞིན་པའི་གྲི་ཆས་རིགས་ཡིན་པ་དང་། གྲིའི་རིང་ཚད་ཧའོ་སྨི60ལས་བརྒལ་ན་མེ་འཁོར་སྟེང་མངག་སྐྱེལ་བྱེད་དགོས། དབྱུག་པ་དང་སྤོ་ལོའི་དབྱུག་པ་སོགས་རྟུལ་ཆས་དང་། འབིགས། ཚ་ལ་མེ་འདའ། ཟོར་བ་སོགས་ཞིང་ལས་ཡོ་བྱད། དེ་ལས་གཞན་ད་རུང་འཕུར་མདའ་དང་ཧའོ་ཧྲིན50མི་བརྒལ་བའི་བདེ་སྲུང་སྨན་གཏོར་སོགས་ཀྱང་མེ་འཁོར་སྟེང་མངག་སྐྱེལ་བྱེད་ཆོག་པ་རེད།

དཀར་ཆག་གསར་པའི་གཏན་འབེབས་ལྟར་ན། རིམས་ནད་ཞིབ་བཤེར་བདེན་དཔང་འཛིན་ཡིག་ཡོད་པའི་སྲོག་ཆགས་ཆུང་གྲས་རིགས་ལག་ཏུ་བཟུང་ནས་འཁྱེར་མི་ཆོག་མོད། འོན་ཀྱང་མེ་འཁོར་སྟེང་མངག་སྐྱེལ་གྱི་འགྲོ་ལུགས་བསྒྲུབས་ནས་ལྕགས་ལམ་མངག་སྐྱེལ་ཁེ་ལས་རིགས་ལ་མངག་སྐྱེལ་བྱེད་པའི་གོ་རིམ་ཁྲོད་རླུང་རྒྱུ་བ་དང་དྲོད་ཚད་ཀྱི་སྐོར་ནས་རེ་བ་བཏོན་ཆོག དེ་ལས་གཞན་བྱ་བའི་དགོས་མཁོ་ལྟར་བདེན་དཔང་ཡོད་པའི་ལོང་ཁྲིད་ཁྱི་དང་ཟས་རིགས་ཐད་སྤྱོད་སྒོ་ཆེ་བའི་ཟས་རིགས་སྟེ་ཆུ་ནང་ནས་ཐོན་སྐྱེད་བྱས་པའི་མཚོ་ཟས་སོགས་ལག་ཏུ་བཟུང་ནས་འཁྱེར་ཆོག་པ་རེད།

ལག་ཏུ་བཟུང་ནས་འཁྱེར་ཆོག་པའི་དངོས་རྫས་ཅུང་ཇེ་མང་དུ་སོང་བ།

དཀར་ཆག་གསར་པའི་ནང་ལག་ཏུ་བཟུང་ནས་འཁྱེར་ཆོག་པའི་དངོས་པོ་ཇེ་མང་དུ་སོང་ཡོད་པ་རེད། སྔོན་ཆད་ཚོད་འཛིན་ཐེབས་པའི་བླུགས་གནོན་སྣོད་ཆས་ཤོངས་ཚད་ཧའོ་ཧྲིན120ནས་དེང་གི་དཀར་ཆག་གསར་པའི་ནང་གི་ཤོངས་ཚད་ཧའོ་ཧྲིན150བར་གསར་སྣོན་བྱས་ཡོད། རིགས་གཅིག་མ་གཏོགས་འཁྱེར་མི་ཆོག་ལ་ཧའོ་ཧྲིན600ལས་བརྒལ་མི་ཆོག་པ་རེད།

སྔོན་ཆད་ཆང་གི་རིགས་མེ་འཁོར་ནང་འཁྱེར་ཆོག་མིན་ཐད་བྱེ་བྲག་གི་གཏན་འབེབས་མེད་པ་དང་། ས་གནས་ཀྱི་མེ་འཁོར་འབབ་ཚིགས་ཀྱི་གནས་ཚུལ་ལྟར་ཐག་གཅོད་བྱེད་བཞིན་ཡོད། དཀར་ཆག་གསར་པའི་གཏན་འབེབས་ཁྲོད་ཚོང་རྟགས་གསལ་པོ་ཡིན་པ་དང་། ཐུམ་དང་སྒམ་ནང་དུ་བཅུག་ཡོད་པའི་ཆང་བཅུད་འདུས་ཚད24%ལས་ཆེ་བའམ་ཆུང་བའི་རིགས་དང་། ཆང་བཅུད་འདུས་ཚད70%ལས་དམའ་བའམ་འདྲ་མཚུངས་ཡིན་པའི་བཏུང་བྱའི་ཆང་རིགས་གསར་སྣོན་བྱས་ཡོད། གལ་ཏེ་ཆང་དམ་བེ་གང་གི་ཤོངས་ཚད་ལ་ཧའོ་ཧྲིན500ཡིན་ན།མེ་འཁོར་སྟེང་ཆང་དམ་བེ6འཁྱེར་ཆོག་པ་རེད།

དཀར་ཆག་རྙིང་པའི་ནང་གི་གཏན་འབེབས་ཁྲོད་སེན་རྩི་ཧའོ་ཧྲིན20ལས་བརྒལ་མི་ཆོག་པ་ནས་ད་ལྟ་ཧའོ་ཧྲིན50བར་གསར་སྣོན་བྱས་ཡོད། བདེ་འཇགས་ཡོང་ཆེད་གཏན་འབེབས་གསར་པའི་ཁྲོད།ཚོང་རྟགས་གསལ་པོ་ཡིན་པའི་གློག་གསོག་འཕྲུལ་ཆས་ཚད་ལྡན་གློག་གནོན་ཤོངས་ཚད་དུས་ཚོད་རེར་ཝ100ལས་མི་བརྒལ་བ་དག་མེ་འཁོར་ནང་འཁྱེར་ཆོག

དེ་ལས་གཞན་སྤྱིར་བཏང་མེ་ཆ་དང་བདེ་འཇགས་འབར་ཞུན་ཡང་འཁྱེར་ཆོག་ལ། གྲངས་ཀ2ལས་བརྒལ་མི་ཆོག

མངག་སྐྱེལ་བྱེད་མི་ཆོག་ལ་ལག་ཏུ་བཟུང་ནས་ཀྱང་འཁྱེར་མི་ཆོག་པའི་དངོས་པོ་འགའ།

དཀར་ཆག་གསར་པའི་ཁྲོད་གནས་སྐོར་པས་མངག་སྐྱེལ་བྱེད་མི་ཆོག་པའི་དངོས་པོ་རིགས10བཏོན་ཡོད། ལག་ཏུ་འཁྱེར་མི་ཆོག་པའི་དངོས་པོའི་ཁྲོད་གསར་དུ་བསྣན་པ་ནི་གཞུང་ཞབས་མེ་མདའ་དང་། དམག་དང་ཉེན་རྟོག་པའི་ཆེད་སྤྱོད་གློ་གྲི་སོགས་དང་། འབར་གས་དངོས་རྫས། དུག་རྫས། འབར་སླ་བ་དང་གས་སླ་བའི་དངོས་རྫས། འགོ་བའི་རང་བཞིན་གྱི་དངོས་པོ་སོགས་ཡིན། གཞན་མེ་འཁོར་འཁོར་སྐྱོད་དང་བདེ་འཇགས་ལ་གནོད་པ་ཆེ་བའི་དངོས་རྫས་དང་།བཅའ་ཁྲིམས་ཁྲིམས་སྲོལ་ཁྲོད་མངག་སྐྱེལ་བྱེད་མི་ཆོག་པར་གཏན་ཁེལ་བྱས་ཡོད་པའི་དངོས་རྫས་སོགས་མངག་སྐྱེལ་དང་ལག་ཏུ་འཁྱེར་མི་ཆོག

ང་ཚོས་མཉམ་འཇོག་བྱེད་དགོས་པ་ཞིག་ལ། སྤྱི་ཕན་རང་བཞིན་གྱི“དལ་འཁོར”ནང་ཡུལ་སྐོར་པས་ཁྱིམ་བྱ་དང་སྒོ་ཕྱུགས། ཞིང་པ་དང་བཟོ་པའི་རྒྱུན་སྤྱོད་ཡོ་བྱད་དག་ལག་ཏུ་བཟུང་ནས་འཁྱེར་ཆོག་པ་དང་། ལྕགས་ལམ་མངག་སྐྱེལ་ཁེ་ལས་དང་གནས་སྐོར་པར་གན་རྒྱ་ཡོད་ཚེ་གན་རྒྱ་ལྟར་ཐག་བཅད་ཆོག དམག་མི་དང་དྲག་ཆས་ཉེན་རྟོག་པ། སྤྱི་བདེ་མི་དམངས་ཉེན་རྟོག་པ་དང་དམངས་དམག འཕེན་རྒྱུགས་ལུས་རྩལ་པ་སོགས་ཀྱིས་ཁྲིམས་བསྟར་ལག་ཏུ་བཟུང་ནས་འཁྱེར་ཆོག་ལ། མེ་མདའ་དང་འགད་རྫས་སོགས་འཁྱེར་སྐབས་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་འགྲོ་ལུགས་བསྒྲུབ་དགོས། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།