ཀྲུང་གོ་བོད་ཀྱི་དྲ་བ།

ཁྲུང་ཁྲུང་།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།   རྩོམ་པ་པོ། : སྨྲི་ཏི་མཚན་འབར།   སྤེལ་དུས། : 2022-07-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

“ཁྱོད་བཙའ་དུས་ནམ་མཁའི་མཐོངས་སུ་ཁྲུང་ཁྲུང་དཀར་མོ་ཁྱུ་དང་ཁྱུ་བྱས་ཏེ་འཕུར་བྱུང་།” འདི་ནི་ངའི་རྣ་བར་ལྷགས་པའི་ཨ་མའི་སྐད་ཆ་འབའ་ཞིག་སྟེ། ཨ་མ་འཇིག་རྟེན་ཕྱི་མའི་ཡུལ་དུ་ཆས་སྔ་བས། ང་ལ་སྐད་ཆ་འདི་དག་ལས། ཨ་མའི་བག་ཆགས་ལྷག་མ་ཅི་ཡང་མི་འདུག དེ་བས་ན། ཕ་མ་ཁ་འཛོམས་ཀྱི་ན་ཟླ་ཚོའི་དཀྱིལ་དུ་ཨ་མའི་གཟུགས་བྱད་གླེང་རྒྱུ་མེད་པ་ལྟ་ཅི། རིགས་མཐུན་དྭ་ཕྲུག་ཚོ་དང་མཉམ་དུའང་ཨ་མའི་ཟུར་ངོས་ཤིག་ཀྱང་གླེང་རྒྱུ་མི་རྙེད་པར་ཁ་རོག་གེར་མཆི་མས་བརྣངས་ནས་འདུག་དགོས། འདི་ནི་ང་སྒེར་གྱི་ན་ཟུག་ཅིག་དང་མི་ཡུལ་འདིས་ང་ལ་མནར་གཅོད་བྱེད་སྟངས་ཆེས་ཐབས་རྡུགས་ཤིག་རེད་སྙམ།

ངས་ཆ་སྒམ་ངོས་ཀྱི་ཁྲུང་ཁྲུང་གི་འབུར་བྲིས་མཛེས་པོ་དེ་ལ་མཛུབ་མོ་བཙུགས་ནས།

“ཨ་མྱེས། ང་སྐྱེ་དུས་ཁྲུང་ཁྲུང་མང་པོ་འཕུར་བ་རེད་དམ”ཞེས་དྲིས་མྱོང་།

“རེད། ཁྲུང་ཁྲུང་ནི་ཁྱོད་ཀྱི་ལོ་རྟགས་དང་བླ་བྱ་རེད”ཅེས་བཤད་བྱུང་བས། ང་ནི་ཁྲུང་ཁྲུང་གི་རྫི་བོ་ཡིན་པ་དང་། ཁྲུང་ཁྲུང་ནི་ཨ་མའི་རྣམ་ཤེས་རེད་ཅེས་གྲོང་སྡེ་ཡོངས་ལ་བསྒྲགས་མྱོང་། ཁྲུང་ཁྲུང་ཨ་མའི་རྣམ་ཤེས་ཡིན་མིན་ཁ་ཚོན་མ་ཆོད་གོང་དུ་ཨ་ཕས་ཁྲིད་པའི་མ་ཡར་དེ་ལ་མི་གོམས་བཞིན་དུ་ཨ་མ་འབོད་དགོས་བྱུང་། མི་གཞན་གྱིས་ཨ་ཕ་ལ་ལྐོག་ལབ་ཅི་འདྲ་བྱེད་ཀྱིན་ཡོད་མེད་ངས་ཐིག་དཀའ་མོད། ཨ་ཕ་ཁོ་ནི་སྣང་བ་ལྡབ་འགྱུར་གྱིས་སྤྲོ་བར་གྱུར་འདུག་པས། མ་ཡར་ལ་ཡིད་འགུག་གི་གསང་བ་ཅི་ཞིག་ཡོད་དམ་སྙམ་ནས་ང་ནི་ངོ་མཚར་སྐྱེས།

ལོ་ངོ་བཅོ་ལྔའི་རྗེས་སུ། ད་གཟོད་མ་ཡར་གྱི་ཡིད་འཕྲོག་གི་ནུས་པ་དེ་ཤ་གསེང་རུས་གསེང་ནས་འཕྱུར་གྱིན་འདུག་སྟེ། ཨ་མར་འབོད་པའི་མ་ཡར་དེའི་མིག་ཟུང་འབྱེད་འཛུམ་ལས་ངའི་ལུས་སེམས་འདར་འཁྱོམ་བྱེད་པའི་ཚོར་བ་རྣོན་པོ་ཞིག་རྙེད་ཐུབ། མ་བུའི་མིག་ཟུང་འཕྲད་པའི་ཚོར་བ་དེ་ང་ལ་ཉམས་མྱོང་མེད་པས། ང་དང་མ་ཡར་གྱི་མིག་ཟུང་འཕྲད་སྟངས་དེ་མ་བུའི་ཚོར་སྣང་ཡིན་མིན་ཁ་ཚོན་གཅོད་དཀའ། མ་མཐའ་མོ་ལའང་གསལ་ཆ་དོད་པོ་ཞིག་ཡོད་མི་སྲིད། གང་མཚམས་ཞིག་ནས་ངའི་མིག་གི་སྲབ་མདའ་འཐེན་སྟངས་དང་། མ་ཡར་གྱི་མིག་གི་རྟ་ཁ་དཀྱོགས་སྟངས་དེ་ནི། འོས་འཚམས་ཤིག་མིན་པ་ནི་ལག་པ་དང་ལག་པ་འཇུས་ཏེ། མཆུ་སྒྲོས་དང་མཆུ་སྒྲོས་སྦྱོར་འགྲོ་བ་ཁོ་ནས་ཀྱང་རྟོགས་ཐུབ།

ང་རང་སློབ་གྲྭར་འགྲོ་མ་ཐུབ་པའི་རྗེས་སུ། ཨ་ཕས་ང་ལ་ཁྲུང་ཁྲུང་འབོད་པའི་བུ་མོ་ཞིག་དང་མཉམ་དུ་ཁྱིམ་ཚང་འཛིན་དགོས་ཟེར། མོ་ནི་ངའི་སྲིང་མོ་ལྟ་བུ་ཡིན་པས་ཨ་ཕའི་བཀོད་འདོམས་དེས་ང་རང་ཧང་སངས་པར་གྱུར་མོད། མ་ཡར་གྱིས་ཀྱང་ཁ་ཡ་གང་ཡང་མི་བྱེད་པས་ན། མོས་ཀྱང་འཐད་ལྡན་ཉིད་དུ་འདོད་ཡོད་པ་འདྲ། ཁྲུང་ཁྲུང་ནི་མ་ཡར་གྱི་གཞུག་ཁྲིད་བུ་མོ་ཞིག་རེད། དང་ཐོག་ཨ་ཕ་དང་མ་ཡར་གཉིས་བཟའ་ཚང་སྒྲིག་དུས། ཨ་ཕའི་གཞུག་ཁྲིད་ང་ཡོད་ཅིང་མ་ཡར་གྱི་གཞུག་ཁྲིད་ཁྲུང་ཁྲུང་ཡོད་པས། ཁོ་གཉིས་ཀྱི་གཉེན་སྒྲིག་ནི་འདྲ་མཉམ་ཡིན་པར་འདོད་ལ། ཨ་ཕ་ཡི་ད་ལྟའི་བཀོད་སྒྲིག་འདིའང་ཐོག་མ་ནས་ཁོ་གཉིས་ཀྱི་བསམ་འདུན་ཡིན་ཤས་ཆེ། མིང་ལ་ཁྲུང་ཁྲུང་ཟེར་དོན་ནི། མ་ཡར་ཚེ་སྒྲོན་ཨ་ཕ་དང་མཉམ་དུ་གཉེན་སྒྲིག་བྱེད་སྐབས། རྫོང་སྐལ་དུ་ཞབས་རིས་ཁྲུང་ཁྲུང་ཡོད་པའི་དཀར་ཡོལ་ཞིག་ལས་མེད་པས་ཡུལ་སྡེ་ཀུན་གྱི་འཕྱ་སྨོད་བྱ་ཡུལ་དུ་གྱུར་ཅིང་། ཚེ་སྒྲོན་གྱི་བུ་མོ་ལྷ་མཚོ་ལ་ན་མཉམ་ཚོས་མ་བུའི་གནས་རྫོང་ཞན་པར་འཕྱ་ཁྲེལ་བྱེད་ཆེད་དུ“ཁྲུང་ཁྲུང་། ཁྲུང་ཁྲུང་།”ཞེས་བོས་རྗེས། ཡུལ་སྡེ་ཀུན་གྱིས་དེ་ལྟར་བོས་ནས་བཏགས་མིང་དུ་ཐོགས་པ་ཞིག་རེད། སྐབས་དེར། དཀར་ཡོལ་ཞིག་ལ་མཚོན་ན་འཕྱ་སྨོད་བྱ་ཡུལ་ལས་ཅི་ཡང་མིན་མོད། ད་སྐབས་དཀར་ཡོལ་རྙིང་པ་དེའི་རིགས་ནི། གོང་ལ་རི་བའི་ནོར་རྫས་ཤིག་ཏུ་བདོག་ཅིང་། མོའི་མིང་ལ་ཁྲུང་ཁྲུང་ཞེས་པའི་འབོད་སྟངས་དེའང་ཇེ་སྙན་དུ་གྱུར་འདུག ང་ལ་མཚོན་ན་ཁྲུང་ཁྲུང་ཞེས་པའི་མིང་དེ་ནི། སྲིང་མོའི་འབྲེལ་ཟམ་ལས་བརྒལ་བའི་བསམ་ཚོད་ཅི་ཡང་བྱས་མྱོང་མེད་པ་བྲོ་བོར་ཆོག་མོད། འོན་ཀྱང་། ཨ་ཕ་དང་མ་ཡར་གྱི་བསམ་འདུན་ལྟར་ངེད་གཉིས་གཉེན་བསྒྲིགས་ཤིང་། ཆ་སྒམ་ངོས་ཀྱི་ཁྲུང་ཁྲུང་འབུར་བྲིས་མཛེས་པོ་དེ་ལ་ཅེར་ནས། “ཨ་ཕ་ཁྱོད་ཀྱི་ལོ་རྟགས་ཁྲུང་ཁྲུང་རེད་དམ”ཞེས་དང་། “འོ་ན། ཨ་མ་ཁྲུང་ཁྲུང་ནི་འདི་དག་རེད་དམ”ཞེས་འདྲི་མཁན་གྱི་བྱིས་པ་རེ་ཟུང་སྐྱེས།

བཤད་ཡོང་ན། དེ་ནི་ལོ་ངོ་བདུན་བརྒྱད་ཀྱི་ཡར་སྔོན་རེད། ད་ལྟ་གཅེས་ཕྲུག་དག་འཚར་ལོངས་བྱུང་ནས་སློབ་ཆུང་ལ་འགྲིམ་བཞིན་ཡོད། ལྷག་ཏུ་བུ་མོ་གཡུ་སྒྲོན་ནི། གྲི་ཤིར་སོང་བའི་ཨ་མ་ཁྲུང་ཁྲུང་དང་ཨ་ན་མ་ན་ཞིག་ཏུ་གྱུར་འདུག དེ་རེད། ཁྱོད་ཀྱིས་གོ་ནོར་བྱས་མ་སོང་། ཁྲུང་ཁྲུང་གྲི་ཤིར་སོང་བ་རེད། དེ་ནི་ང་དང་མ་ཡར(འདི་ནས་བཟུང་། མོའི་དངོས་མིང་ཚེ་སྒྲོན་ཞེས་པ་འབོད་པ་ལས་མ་ཡར་ཞེས་བོས་ན་ངོ་ཚ་ཞིང་ཁ་སྐྱེངས་པ་ཞིག་རེད།)གཉིས་ལན་པ་ཡིན། ཁྲུང་ཁྲུང་ངེད་གཉིས་བཟའ་ཟླར་གྱུར་ཏེ། གང་མཚམས་ཞིག་ནས་ང་ནི་མོ་ལ་ཡི་ག་ཅི་ཡང་མེད་པར་གྱུར། ཁྲུང་ཁྲུང་ནད་ཀྱིས་བཅོམ་ནས་ཨ་ཕས་སྨན་ཁང་དུ་ཁྲིད་སོང་བའི་མཚན་མོ་ཞིག་ལ། ཚེ་སྒྲོན་གློ་བུར་དུ་ང་ཡི་རུམ་ལ་ཧུར་སྒྲ་དང་བཅས་འཛུལ་བྱུང་། མོས་བཤད་ན་སྦྲ་སྒོ་ནས་མིག་འབུར་ཚུགས་སུ་ལྟ་བའི་སྲོག་ཆགས་ཤིག་མཐོང་བྱུང་ཟེར། ང་སྒོ་ཕྱིར་བུད་ནས་ལྟ་སྐབས་ཅི་ཡང་མ་མཐོང་། སྤྱང་འགོག་ཟོལ་དུ་ཆོ་དང་ཀི་ཡི་འབོད་སྒྲ་གང་མང་བསྒྲགས། སྦྲ་ནང་དུ་ཟླ་འོད་ཀྱི་གསལ་ཆ་ཞིག་ཀྱང་ཚེ་སྒྲོན་གྱི་གདོང་ལ་ཕོག་ཡོད་པར་མཐོང་ནས་སྦྲ་ཡི་མཐོངས་ཀ་བསུམས་ཤིང་། མུན་པ་དང་མུན་པ་ཡུག་གཅིག་ཏུ་བསྲེས། དེ་དུས་ཐབ་ཁུང་ནང་དུ་གཞོབ་ཐུལ་དུ་བསྲེགས་པའི་བུད་ཤིང་གི་ཚག་སྒྲ་དང་ལྷབ་ལྷུབ་ཏུ་མཆེད་པའི་མེ་ལྕེ་ལས་ཚང་མ་ལྷིང་འཇགས་ཡིན།

དབྱར་གཞུང་དེ་ནས་བཟུང་། ཚེ་སྒྲོན་དང་ངེད་གཉིས་དབྱར་སར་དཀར་ཆུ་འབྲོག་ལས་ལ་བྲེལ་ཞིང་། ཨ་ཕ་དང་ཁྲུང་ཁྲུང་གཉིས་ལ་དགུན་མཚེར་ནས་ནད་གཞི་དྲག་སྐྱེད་བྱེད་དུ་བཅུག ཐོར་སི་ཏི་ཡིས“བདེ་སྐྱིད་ལྡན་པའི་ཁྱིམ་ཚང་ནི། རྒྱུ་རྐྱེན་གང་མང་གིས་བདེ་སྐྱིད་ལྡན་ལ། རྙོག་འཛིང་ཆེ་བའི་ཁྱིམ་ཚང་དག་ནི། བགེགས་རྐྱེན་མང་པོས་འཁྲུགས་རྩོད་དུ་བསྒྱུར”ཞེས་གསུངས་པ་ཇི་བཞིན། ད་ནི་ང་ཚོའི་ཁྱིམ་ཚང་ཡོངས་སུ་རྙོག་དྲ་དང་འཁྲུགས་རྩོད་ཅན་དུ་གྱུར། ཨ་ཕས་ང་དང་ཚེ་སྒྲོན་བར་གྱི་མི་འོས་པའི་འབྲེལ་བ་དེ་ཤེས་རྟོགས་བྱུང་བ་འདྲ། ཕལ་ཆེར་དབྱར་སའི་ཁྱིམ་མཚེས་དག་གིས་གསང་བ་ཁྱབ་བསྒྲགས་བྱས་པ་ཡིན་སྲིད། དེ་ལྟ་ན། ཡུལ་སྡེ་བས་ང་ལ་སྨོད་ངན་དང་ལྐོག་ལབ་ཅི་ཙམ་བྱེད་ཀྱིན་ཡོད་དམ། ང་ནི་མཚན་གང་འགྱོད་པས་མནར་ནས་ངུས་པ་ཡིན། བསམ་གཞིགས་རེ་བྱས་ཚེ། ངས་དངོས་གནས་ལས་ཀ་ཐབས་རྡུགས་བྱས་འདུག འཇིག་རྟེན་དུ་བུད་མེད་ཟད་པར་གྱུར་ཀྱང་ཕ་རྒན་གྱི་བུད་མེད་འཕྲོག་མཁན་ནི། ང་མ་གཏོགས་ཡོད་སྲིད་དམ། ད་རུང་ཁྲུང་ཁྲུང་གིས་ཅི་ཞིག་བསམ་མམ། རེད་དེ། དགོང་ཟས་ཐུག་པ་འཐུང་ཚར་རྗེས། ཁྲུང་ཁྲུང་གིས“མགོན་པོ། ང་ཚོར་ཉལ་ས་བཟོས། ཕྲུ་གུ་ཚོ་གཉིད་ལ་རན”ཟེར། མགོན་པོ་ནི་ཨ་ཕའི་མིང་རེད། ད་ནི་ངའི་ཆུང་མ་ཁྲུང་ཁྲུང་གིས་ཨ་ཕ་དང་མཉམ་དུ་ཉལ་ས་བཟོ་བ་བཤད་པ་དེས། ངའི་ངོ་ལ་ཆུ་འཁྱག་ཟོ་བ་གང་བཤོས་པ་བཞིན་གཟིར་བྲེང་ངེར་སོང་། ཚེ་སྒྲོན་དང་ཨ་ཕ་ཚང་མ་ཁ་ངོ་དམར་ནག་རེད་འདུག

མཚན་མོ་དེར། ཨ་ཕ་ཁྲུང་ཁྲུང་དང་མཉམ་དུ་ཉལ་པོ་བྱས་ཡོད་མེད་ཅི་ཆ། དེའི་ཞོགས་པར་ཁྲུང་ཁྲུང་གི་སྐེ་ཐག་པས་བསྡམས་ནས་གྲི་ཤིར་སོང་ཡོད་པ་ཤེས་རྟོགས་བྱུང་དུས། ཤར་རིའི་རྩེ་ནས་ཉི་ཟེར་ཞིག་འགྱེད་ཀྱིན་འདུག་མོད། ཨ་ཕའི་ཁ་སྤུའི་ཐོག་ཏུ་ཆགས་པའི་ཟིལ་བ་ལ་བལྟས་ན། དྲོད་ཚད་ཅི་ཡང་མེད་པ་ཤེས་ཐུབ། ཨ་ཕས་གྲི་ཞིག་བཟུང་སྟེ་ང་ལ་གཏད་ནས་མཆོངས་བྱུང་བས། ཁྱིམ་མཚེས་ཉེ་འབྲེལ་ཚོས་བཟུང་ནས་མ་བཏང་། མཚམས་ཤིག་ཨ་ཕས“མི་ཡུལ་དུ་སྡོད་པའི་དགོས་པ་མེད”ཟེར་ནས་གྲི་དེས་ཁོ་རང་ཉིད་ལ་བསྣུན་ཡོང་། དེ་ནས་བཟུང་། ཨ་ཕས་ང་ལ་དགྲ་ལྟར་བཟུང་ནས་མཉམ་དུ་གཤིབ་ཐབས་མི་འདུག་པས། ང་དང་ཚེ་སྒྲོན་གཉིས་ཀྱིས་ཕ་རྒན་བསྐྱུར་ནས་ཁྱིམ་གཞིས་གསར་པ་འཛིན་པའི་རེ་བའི་མིག་ཟུང་དེ་རྒྱ་གྲོང་ཁྲ་མོ་ལ་ཕྱོགས་པ་ཡིན། ཨ་ཕ་གློ་བུར་དུ་རྒས་ཤིང་འཁོགས་ནས་ནད་ཀྱིས་མནར། ཚེ་སྒྲོན་གྱིས་བཤད་ན་ཨ་ཕས་མོ་ལ་མཐེ་བོང་བསྒྲེངས་ནས“ང་གཡུགས་ནས་མ་འགྲོ”ཞེས་ཞུ་བ་ཕུལ་བྱུང་ཟེར། ངས་ཚེ་སྒྲོན་ལ་ཨ་ཕའི་མཐའ་མཇུག་གི་རེ་བ་དེ་བསྐང་དགོས་པའི་བསམ་འདུན་བཤད་རུང་། མོས་ང་ལ་ཁྱོད་ལས་བསམ་རྒྱུ་མེད་ཟེར། སྐད་ཆ་དེས་ང་རང་ཚེ་སྒྲོན་ལ་ཞེ་མེར་བ་ཞིག་བྱུང་། ངའི་ཨ་ཕ་སྙིང་རྗེ་ཨང་། ད་ནི་ཁོ་རང་ཤི་རྒས་གཉིས་ལ་ཐུག་ཀྱང་ད་རུང་ཚེ་སྒྲོན་ལ་བཅངས་པའི་བརྩེ་བ་དང་། ང་ལ་བྱེད་པའི་མིག་སེར་ནི་ཡལ་དུ་མེད་ཨང་སྙམ། མ་གཞི་ད་ལྟ་ཨ་ཕ་ནད་ཀྱིས་ཟིན་ནས་དབང་པོ་ཡོངས་སུ་ཉམས་ཡོད་ཀྱང་། དྲག་ཏུ་ལྡིང་བའི་ཁོའི་སྙིང་གི་འཕག་འཚག་ཇེ་རྒོད་ཡིན་པ་འདྲ། ཨ་ཕས་ང་ལ་མཐུ་དང་དམོད་ངན་བོར་ལ། ལག་པ་སྟ་གྲིའི་ཚུལ་དུ་ངའི་ཐོད་ལ་གཡུགས་ནས་རྣམ་འགྱུར་བསྟན། ཨ་ཕ་འཆི་ཁར་ཡང་ཚེ་སྒྲོན་གྱིས་ཁ་ཡ་མི་བྱེད་པའི་སྤྱོད་པ་དེས་ང་རང་མོ་ལ་ཞེ་ཁ་གཏིང་ནས་ལོག་སོང་མོད། མཚན་མོ་རེ་རེར། ཚེ་སྒྲོན་གྱི་ལྡེམ་འགྱུར་དང་འཇམ་ཤ་དེས། ང་ལ་སྙིང་སྟོབས་གསར་པ་ཞིག་བྱིན་ནས། ཕ་རྒན་ཤི་སོང་ན་རང་ཉིད་ཀྱི་ཁུར་པོ་ལྗིད་མོ་ཕོག་པ་དང་འདྲ། འོན་ཀྱང་། ཉིན་དཀར་ཕ་རྒན་མཐོང་ཐེངས་རེ་ལ་ང་ནི་དུད་འགྲོ་ལས་ཐ་ཤལ་བ་ཞིག་རེད་སྙམ། ངས་ཨ་ཕའི་ནད་གཞི་བཅོ་རྒྱུའི་སེམས་ཐག་བཅད་དེ། ཞབས་རིས་ཁྲུང་ཁྲུང་ཡིན་པའི་དཀར་ཡོལ་རྙིང་པ་དེ་འཚོང་དགོས་བསམས་ནས་ཅོག་ཙེའི་ཐོག་ལ་འཇོག་སྐབས། བུ་མོ་གཡུ་སྒྲོན་གྱིས་གྲི་མདུང་ཞིག་གིས་དཀར་ཡོལ་རྙིང་པ་ས་ལ་བརྡབས་ཏེ་བཅགས་སོང་། ངས་སྡིགས་མོའི་སྐད་འགྲགས་དང་བཅས་བུ་མོ་ལ་ཐལ་ལྕག་ཅིག་གཞུ་དགོས་སྙམ་སྐབས། ཨ་མ་ཁྲུང་ཁྲུང་དང་ཤིན་ཏུ་འདྲ་བའི་བུ་མོ་གཡུ་སྒྲོན་གྱི་ངོ་གདོང་དེས་ང་ལ་ཅེར་འདུག་པས། ངས་གཞུ་མ་བྲ།

སྐད་ཅིག་མ་དེར། ཨ་ཕའི་མིག་ཟུང་ལས་མངོན་ཡོང་བ་ནི། གཏུམ་དྲག་ཆེ་བའི་རྒྱུན་ལྡན་གྱི་སྡང་མིག་དེའི་རིགས་མིན་པར། ཆུ་བུར་གྱི་མེ་ཏོག་མཛེས་པོ་ཞིག་སྟེ། ཆུ་བུར་གྱི་མེ་ཏོག་དེ་ཨ་ཕའི་མཁུར་ཚོས་ནས་མཁྲིག་མགོར་ལྷུང་། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།